Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཞི་བཅུ་པ།


  collapse section
   
   
   
   
ལེའུ་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousལེའུ་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་བཤད་པ།next

ལེའུ་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་བཤད་པ།


DTG040_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་དབང་བསྐུར་བ་དང་རྗེས་སུ་གནང་བ་སྡོམ་པ་ལ་སོགས་པའི་ཡོངས་སུ་བཟུང་བ་མེད་པར་གྲུབ་ལ་དེ་ཡང་དཀྱིལ་འཁོར་མེད་པར་མ་ཡིན་ཏེ། དཀྱིལ་འཁོར་དམན་པར་གྱུར་པ་དང༌། །དམ་ཚིག་སྤངས་པར་འགྱུར་པ་ནི། །སྒྲུབ་ཐབས་ཅུང་ཞིག་མི་འགྲུབ་སྟེ། །གསང་བའི་དེ་ཉིད་མེ་ཤེས་ཕྱིར། །ཞེས་དཔལ་སངས་རྒྱས་ཐམས་ཅད་ལས་གསུངས་པ་དང༌། རི་མོའི་དཀྱིལ་འཁོར་ཡང་མ་བསྟན་ནོ་ཞེས་གདུལ་བྱའི་རྣམ་པར་རྟོག་པ་ཡོངས་སུ་ཆོད་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །ཡང་ཞེས་པ་ནི་ལེའུ་དང་པོའི་འདུས་པ་ལ་ལྟོས་ནས་སོ། །ལས་དང་པོ་པའི་སློབ་དཔོན་ཡང་སྔར་བསྙེན་པ་བྱས་པ་དང་ཕྲ་མོའི་རྣལ་འབྱོར་ལ་སོགས་པས་མཚན་མ་ཐོབ་པས་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་ངེ་འཛིན་གསུམ་དང་ལྡན་པའི་བདག་པོའི་རྣལ་འབྱོར་པ་རྡོ་རྗེ་དྲིལ་བུ་འཛིན་པ་ལ་དེ་འཛིན་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་སློབ་མ་རྣམས་ཤར་ལ་སོགས་པའི་ཕྱོགས་བཞིར་གནས་པ་རྣམས་ཀྱིས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་པ་གསུངས་པ། ཀུན་ཞེས་ཏེ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པའི་ཕྱིར་ཞི་བའོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་ཀྱི་མཆོག་བདག་མེད་པ་དང་སྟོང་པ་ཉིད་ཀྱི་བདག་ཉིད་དེ་ཡིན་པའི་ཕྱིར་ཞི་བ་ཡིན་ནོ། །བཤད་པ་ནི་སྟོན་ཅིག་པའོ། །བྱ་བའི་རྒྱུད་ལ་སོགས་པའི་དཀྱིལ་འཁོར་རྣམས་ལས་མཆོག་ཏུ་གྱུར་པའི་འབྲས་བུ་ཐོབ་པའི་ཕྱིར་དམ་པ་ཡིན་ཏེ་ཐུན་མོང་བའི་གསོལ་བ་གདབ་པའོ། །གྲུ་བཞི་ལ་སོགས་པའི་མཚན་མ་དང་ལྡན་པའི་ཕྱིར། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའོ། །སྦོམ་པ་དང་ཕྲ་བ་དང་ཡོན་པོའི་རི་མོའི་སྐྱོན་དང་བྲལ་བའི་ཕྱིར་མཚན་མིན་ཐམས་ཅད་སྤངས་པའོ། །ཀྱེ་ཀུན་དུ་བཟང་


DTG040_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་ཏེ་སྐུ་ནི་སྐུ་རྡོ་རྗེ་སྟེ་མཆོག་གོ །འདིར་དེ་བཤད་དུ་གསོལ་ཞེས་ཏེ་སྐུའི་དཀྱིལ་འཁོར་རོ། །ཞི་བའི་ཆོས་ནི་སྟོབས་བཅུ་ལ་སོགས་པ་སྟེ་མཆོག་དེ་འདིར་ཡིན་པས་དེ་སྐད་ཅེས་བྱའོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དེ་ལས་བྱུང་བའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་སྤྱོད་པ་ནི་ཡེ་ཤེས་སྤྱོད་པའོ། །དེའི་ཐབས་སྣ་ཚོགས་པའི་ངོ་བོས་ཡོངས་སུ་སྦྱོང་བར་བྱེད་པའོ། །གང་དུ་ཞུགས་པ་ཙམ་གྱིས་ནི། །ཟིལ་གྱིས་མི་ནོན་བཟློག་པ་མེད། །དཔའ་བོ་རྣམས་ནི་འགྱུར་སྲིད་དེ། །བདེ་བ་ཆེན་པོ་རབ་འཕེལ་ཕྱིར། །ཞེས་གསུངས་པས་སོ། །གསུང་ནི་གསུང་རྡོ་རྗེའོ། །འདིར་མཆོག་བཤད་དུ་གསོལ་ཞེས་ཏེ་གསུང་གི་དཀྱིལ་འཁོར་རོ། །སེམས་ཅན་ཐམས་ཅད་ཀྱི་ཆེན་པོ་ཡང་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོས་དངོས་པོ་མ་ལུས་པ་ལ་ཁྱབ་པའི་ཕྱིར་རོ། །སེམས་ཀྱང་ཡིན་ཏེ་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པའོ། །དག་པ་ནི་བག་ཆགས་དང་བཅས་པར་གཉི་ག་ཡང་སྤངས་པའོ། །ཅིའི་ཕྱིར་ཞེ་ན། གང་ལས་རང་བཞིན་གྱིས་དྲི་མ་མེད་པའོ། །ཐུགས་ནི་ཐུགས་ཀྱི་རྡོ་རྗེ་སྟེ་མཆོག་གོ །གང་དུ་དེ་བཤད་དུ་གསོལ་ཞེས་སོ། །ཁ་ལོ་སྒྱུར་བ་ནི་ལམ་གྱི་བདེན་པའི་ཤིང་རྟ་ཡིས་རྡོ་རྗེ་འཛིན་པའི་ས་ཐོབ་པར་བྱེད་པའི་ཐུགས་ཀྱི་དཀྱིལ་འཁོར་ལ་གསོལ་བ་གདབ་པའོ། །ཉོན་མོངས་པའི་དགྲ་སེལ་བར་བྱེད་པས་ན་སྟོན་པའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ས་འོག་དང་ས་སྟེངས་དང་ས་བླའི་རང་བཞིན་ཡིན་པའི་ཕྱིར་འཇིག་རྟེན་གསུམ་མོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་རང་བཞིན་ཡིན་པས་ཁམས་གསུམ་པའོ། །འཇིག་རྟེན་གསུམ་ན་མཆོག་ཡིན་པ་ནི་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་དེ་རྣམས་ལས་སོ། །རྡོ་རྗེ་ནི་སྟོང་པ་ཉིད་ཡིན་ཏེ་ཡེ་ཤེས་ལྔ་ལ་སོགས་པའི་ངོ་བོས་གཙོ་བོའོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་འཇིག་རྟེན་གསུམ་གྱི་མཆོག་སྟོན་པའོ། །མཐོང་བ་ཙམ་གྱིས་ཡང་གདུལ་བྱའི་ཡིད་འཕྲོག་པར་བྱེད་པའི་ཕྱིར་ཉམས་དགའ་བའོ། །བྱང་ཆུབ་ཆེན་པོའི་ཐུགས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སོ། །བསམ་གཏན་གྱི་དཀྱིལ་འཁོར་དང་འདྲ་བ་ཡང་འདིར་ཟུར་བཞི་ལ་སོགས་པའི་རྣམ་པ་ཡིན་པས་དེ་བཞིན་དུའོ། །དེ་ནས་ཞེས་པ་ནི་བསྙེན་པ་


DTG040_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་མཚན་མ་ཐོབ་པའི་རྗེས་ལའོ། །གང་གི་ཕྱིར་དཀྱིལ་འཁོར་དུ་ཞུགས་པ་མེད་ན་གྲུབ་པ་མེད་པའི་རྒྱུས་སོ། །རབ་ཏུ་ཕྱེ་ནས་བཤད་པར་བྱའོ། །ཐུགས་གཙོ་བོར་གྱུར་པའི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་འདྲ་བ་སྟེ། རྣམ་པར་སྨིན་པ་ལ་སོགས་པའི་ཡོན་ཏན་མཚུངས་པའི་ཕྱིར་ལ་དཔལ་རྡོ་རྗེ་སེམས་དཔའི་ལྷ་རྣམས་ཀྱི། འཁོར་ལོ་མངོན་སུམ་མཐོང་བ་ལས། །བརྟག་པའི་བསོད་ནམས་ཅི་འདྲ་བར། །བྲིས་བ་ལ་ཡང་དེ་བཞིན་ནོ། །ཞེས་བརྗོད་པའི་ཕྱིར་རོ། །ཐུགས་གཙོ་བོ་ཡིན་ན་ཡང་སྐུ་དང་གསུང་མེད་ན་མི་འབྱུང་བའི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་རོ། །སར་པ་ནི་དཀྱིལ་འཁོར་གཞན་ལ་མ་སྤྱད་པས་སོ། །ལེགས་བཀལ་བ་ནི་ཉི་ཤུ་རྩ་ལྔར་ཕྱེ་བས་སོ། །ལེགས་པའི་ཚད་འཁོར་ལོ་ལས་ཉིས་འགྱུར་གྱི་རིང་བ་དང་སྒོའི་ཉི་ཤུ་ཆའི་སྦོམ་པའོ། །མཛེས་པ་ནི་མདུད་པ་མེད་པ་དང་མི་ལྷོད་པས་སོ། །ཤེས་རབ་ཅན་ནི་མཁས་པ་སྟེ་བདེ་བར་གཤེགས་པའི་ཚིག་དེས་རྟོགས་པའི་ཕྱིར་རོ། །ཁྲུ་བཅུ་གཉིས་ཞེས་པ་ནི་གྲངས་ཀྱི་ཚད་ཀྱིས་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར་གསུངས་པའོ། །དེ་ངེས་པ་ནི་མ་ཡིན་ཏེ། ཁྲུ་གང་ལས་ནི་བརྩམས་ནས་ནི། །དེ་སྲིད་ཁྲུ་ནི་སྟོང་གི་བར། །ཞེས་གསུངས་པའི་ཕྱིར་རོ། །གྲུ་བཞི་ནི་ཤར་ལ་སོགས་པའི་ཕྱོགས་ཀྱི་རི་མོ་དང་ལྡན་པའོ། །གྲྭ་ནི་མཚམས་ཀྱི་རི་མོ་གཉིས་དང་ལྡན་པའི་ཕྱིར་རོ། །སྒོ་བཞི་ནི་དཀྱིལ་འཁོར་གྱི་བརྒྱད་ཀྱི་ཆ་གང་དུ་ཡིན་པ་དེ་དེ་སྐད་ཅེས་བྱའོ། །ཟུར་བཞི་པ་དེའི་ཕྱེད་ཀྱི་ཚད་ཀྱིས་ཡོངས་སུ་བསྐོར་བ་ཀ་བ་བརྒྱད་ཀྱིས་མཛོད་པའི་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །ཐིག་ལ་སོགས་པའི་ཆོ་ག་འདི་ཡང་རྒྱུད་གཞན་ལས་གསུངས་པ་དང་བཟང་པོ་ཞབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ལས་ཤེས་པར་བྱ་སྟེ། འདིར་ནི་བཏགས་པ་ལ་འཐག་པས་ཅི་ཞིག་བྱ་སྟེ་གཞུང་མངས་པས་འཇིགས་པས་མ་བྲིས་སོ། །དེ་ཉིད་ཀྱི་ཕྱིར་ལས་ཀྱི་ཆོ་ག་མཐོང་བ་ཞེས་གསུངས་ཏེ། རྒྱུད་གཞན་ལས་གསུངས་པའི་ཆོ་གས་སོ། །ཕྱག་རྒྱ་ནི་ཕྱག་མཚན་རྣམས་དགོད་པར་བྱ་བ་ཡིན་གྱི་ཕྱག་རྒྱ་ཆེན་པོ་རྣམས་ནི་མ་ཡིན་ཏེ། མུ་སྟེགས་ཅན་ལ་ཕན་གདགས་ཕྱིར། །སངས་རྒྱས་བཙུན་


DTG040_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྦས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེ་བསྟན་པས་ཐོས་པ་དང་མི་ལྡན་པ་རྣམས་མ་དད་པས་བཅོམ་ལྡན་འདས་ལ་སྐུར་བ་འདེབས་པར་མི་འགྱུར་བའི་ཆེད་དུ་ལས་ཀྱི་ཆོ་ག་མཐོང་བ་ཡིས་ཞེས་གཞན་ནོ། །ལས་ཀྱི་ཆོ་ག་མཐོང་བ་ལས་བསྟན་པའི། །སོ་སོའི་འབྱིན་པའི་སྔགས་ཀྱིས་དགོད་པར་བྱ། །ཞེས་གཞན་དག་གོ །དེའི་དབུས་ནི་དཀྱིལ་འཁོར་གྱི་དབུས་སུ་སྟེ་དབུས་ཀྱི་རེའུ་མིག་ལའོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །ཤར་ཕྱོགས་སུ་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །འཁོར་ལོ་ནི་རྩིབས་བརྒྱད་པ་དཀར་པོ་སྟེ་རྣམ་པར་སྣང་མཛད་ཀྱིའོ། །རྡོ་རྗེ་འབར་བས་རྣམ་པར་བརྒྱན་པ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་རྡོ་རྗེ་འབར་བས་སོ། །འདི་ཡང་ཐམས་ཅད་ཀྱི་ཕྱག་མཚན་རྣམས་ཀྱི་ཁྱད་པར་རོ། །རིན་ཆེན་ཆེན་པོ་ལྷོ་ཕྱོགས་སུ་ཞེས་པ་ནི་ལྗང་གུ་ཆ་དགུ་པ་སྟེ་རིན་ཆེན་འབྱུང་ལྡན་གྱིའོ། །ནུབ་ཕྱོགས་སུ་སྣང་བ་མཐའ་ཡས་ཀྱི་པདྨའོ། །བྱང་གི་ལེ་ཚེ་ལ་དོན་ཡོད་གྲུབ་པའི་རལ་གྲི་ལྗང་གུའོ། །མེ་རུ་སྤྱན་གྱི་དབུས་ན་སྤྲིན་དང་འདྲ་བ་ནི་སྤྱན་མའོ། །བདེན་བྲལ་དུ་མཱ་མ་ཀཱིའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །རིགས་ནི་མི་བསྐྱོད་པ་ཡིན་ལ་དེ་ལས་བྱུང་བའོ། །རླུང་དུ་གོས་དཀར་མོའི་པདྨ་དམར་པོའོ། །དབང་ལྡན་གྱི་རེའུ་མིག་ལ་སྒྲོལ་མའི་ཨུཏྤལ་སེར་པོའོ། །ཕྱིའི་དཀྱིལ་འཁོར་གྱི་ཟུར་དང་ཤར་གྱི་སྒོའི་ངོས་གཉིས་སུ་གོ་རིམས་ཅི་ལྟ་བར། མེ་ལོང་པི་ཝང་དུང་དང་ནི། །དེ་བཞིན་སྣོད་དང་སྣ་ཚོགས་གོས། །ཆོས་འབྱུང་བ་ཡི་ཕྱག་རྒྱ་དྲུག །འཁོར་ལོའི་བདག་པོ་རྡོ་རྗེ་ཅན། །ཞེས་རྒྱུད་ཕྱི་མ་ལས་མཚན་མ་དྲུག་པོ་རྣམས་གསུངས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ཐོ་བ་སྔོན་པོ་དང༌། སྦྱིག་པ་དཀར་པོ་དང༌། པདྨ་དམར་པོ་དང༌། ཁ་གྱེས་པའི་རྡོ་རྗེ་སྔོན་པོ་རྣམས་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ཀྱིས་སོ། །གཤིན་རྗེ་མཐར་བྱེད་ལ་སོགས་པ་དང་རྟག་པ་བོར་བའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ཉི་མའི་དཀྱིལ་འཁོར་རྣམས་ལའོ། །ལྷག་མ་རྣམས་ཀྱི་ཕྱག་མཚན་ནི་ཟླ་བའི་དཀྱིལ་འཁོར་རྣམས་ལ་བྲི་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཁ་གྱེས་པའི་རྡོ་རྗེ་བཤད་པའི་དོན་དུ་རྡོ་རྗེ་འདི་ཡིན་ཏེ། སྙིང་པོ་བརྟན་ཞིང་ཁོང་སྟོང་མེད། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་ཏེ་སྟོང་པ་


DTG040_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་དང༌། འཁྱིལ་པ་ཡང་བདུད་རྩི་འཁྱིལ་པ་ཡིན་ཏེ། རྡོ་རྗེ་ཅན་གྱི་ཡང་མཚན་མ་དེ་ཡིན་པས་གང་དེའི་ཁྲོ་བོ་རྡོ་རྗེ་ཞེས་ཁྱད་པར་དུ་གསུངས་སོ། །དེས་ན་སྣ་ཚོགས་རྡོ་རྗེ་དང་གཉིས་དགོད་དོ་ཞེས་པ་ནི་མི་རིགས་སོ། །ཡོངས་སུ་གསལ་བ་ནི་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་ཐུགས་ཀྱི་བདག་པོའི་དཀྱིལ་འཁོར་རོ། །མཆོད་པ་ཞེས་པ་ལ་སོགས་པའི་བསྡུས་པའི་ཚིག་རྣམ་པར་སྤྲོས་ནས་གསུངས་པ་ཡིན་ཏེ། ལོ་བཅུ་དྲུག་ལོན་པ་ནི་མཚོན་པར་བྱེད་པ་ཡིན་པས་ཉུང་བ་དང་ལྷག་པ་ཡང་གཟུང་བར་བྱ་སྟེ། དུད་འགྲོ་ལས་ཀྱང་རབ་ཏུ་བརྟག། ཅེས་གསུངས་པའི་ཕྱིར་རོ། །བཅོ་ལྔ་པར་བཤད་པའི་བཙུན་མོ་ཞེ་སྡང་གི་རིགས་ཀྱི་བུ་མོ་ཡིན་ཏེ། དེའི་དབུས་སུ་ཞེས་པ་ནི་དེ་དང་ཉེ་བའི་ཡུལ་དུའོ། །བྱིན་གྱིས་བརླབས་པ་ནི་ཡན་ལག་བཞི་པའི་རིམ་པས་མིག་ལས་སོགས་པ་བྱིན་གྱིས་བརླབ་པས་བྱིན་གྱིས་བརླབ་བོ། །དེ་ཞེས་པ་ནི། མཆོག་ཏུ་དད་ཅིང་ཤེས་རབ་ཆེ། །གཟུགས་བཟང་སྒྲུབ་པ་པོ་ལ་དགའ། །སྦྱོར་བ་གཅིག་གི་བྱ་བ་གོམས། །དམ་ཚིག་དག་གི་དམ་ཚིག་ཅན། །ཞེས་རྒྱུད་ཕྱི་མ་ལས་གསུངས་སོ། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །སྔགས་དང་རྒྱུད་ནི་ལེགས་པར་བསླབས། །ཞེས་བཅུ་དྲུག་པ་ལས་ཀྱང་གསུངས་སོ། །མཱ་མ་ཀཱི་ཞེས་ཏེ་དེ་དང་འདྲ་བའི་མི་བསྐྱོད་པའི་རང་འོད་ཀྱི་ཤེས་རབ་པོ། །ཡོན་ཏན་ནི་སྟོབས་བཅུ་ལ་སོགས་པའི་གང་གི་སྐ་རགས་ཡིན་པ་དེ་ནི་དེ་བཞིན་ནོ། །སྤྲོ་བར་བྱ་ཞེས་པ་ནི་རང་འོད་ཀྱི་ཤེས་རབ་ཀྱི་པདྨའི་ལྟེ་བ་ལ་གནས་པའོ། །སངས་རྒྱས་ནི་མི་བསྐྱོད་པ་ཡིན་ཏེ་གནས་ནི་དཀྱིལ་འཁོར་རོ། །བག་ཆགས་དང་བཅས་པའི་གཉིས་ཀྱི་སྒྲིབ་པ་སྤངས་པའི་ཕྱིར་ཞི་བའོ། །ནམ་མཁའི་དབྱིངས་དེ་ནི་གནས་པའི་སེམས་ཅན་གང་གི་བརྒྱན་པ་དེ་དག་གང་གིས་རྫོགས་པའི་སངས་རྒྱས་སུ་བྱས་པ་སྟེ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་རང་ཇི་ལྟ་བ་སྤྲོས་ཏེ་བསྟིམ་པར་བྱའོ། །བཤང་བ་ཞེས་པ་ལ་སོགས་པས། །བཤང་གཅི་ཤ་ཁྲག་སེམས་བྱུང་གཞན། །བ་ལང་ཁྱི་གླང་རྟ་མི་ལྔ། །ཞེས་ཏེ་ཅི་ལྟར་སྲིད་པར་ཏེ། །ཐ་མལ་ལུས་ཀྱི་ཆོས་རྣམས་ལས། །དྲི་མ་ལྔ་རྣམས་སྣང་བ་ནི། །ཡེ་ཤེས་ལྔ་ཡིས་བྱིན་བརླབ་ཕྱིར། །བདུད་རྩི་ལྔ་ཞེས་བྱ་བར་དྲན། །སྦར་དང་བསྲེག་པ་ཉིད་དང་ནི། །རྣམ་པར་བྱེད་དང་


DTG040_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་གསལ་བ། །སྔགས་ཀྱི་ལུས་ཀྱི་སྦྱོར་བ་ཡིས། །བདུད་རྩི་ལྔ་ཡི་བདུད་རྩི་བཟང༌། །རྡོ་རྗེ་ཧཱུཾ་ལས་བྱུང་བ་ནི། །བར་སྣང་ལ་གནས་བསམ་པར་བྱ། །ཨཱཿ་ལས་བྱུང་བའི་པདྨ་ནི། །དེ་ཡི་འོག་ཏུ་བསྒོམ་པར་བྱ། །ཨོཾ་གྱིས་མཚན་པའི་བདུད་རྩི་ལྔ། །དེ་ཡི་དབུས་སུ་གཞུག་པར་བྱ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །འབར་བས་ཚིམ་བྱ་རྣལ་འབྱོར་པས། །བསལ་བྱ་ཤེལ་གྱི་རྣམ་པར་རོ། །ཡེ་ཤེས་ཉི་མ་གཞན་དུ་འགྱུར། །ཕྱོགས་བཅུ་འཇིག་རྟེན་ཁམས་རྣམས་ལས། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །བདུད་རྩི་དེ་རུ་ཕབ་བྱས་ནས། །བཟའ་བའི་སྦྱོར་བས་བཟའ་བར་བྱ། །བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །དེ་བཞིན་དཔའ་བོ་ལྔ་རྣམས་བཟའ། །ཡིག་གསུམ་ས་བོན་ལས་བསྐྱེད་བྱ། །གཞན་དུ་དེ་ཉིད་འགྲུབ་མི་འགྱུར། །ཞེས་རྒྱུད་ཕྱི་མའི་ཆོ་གས་གྲུབ་པའི་དངུལ་ཆུས་ཟངས་གསེར་དུ་བྱེད་པའི་ཚུལ་དུ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཉེ་བར་སྤྱོད་པ་གསུངས་སོ། །མོས་པ་སྤྱད་པའི་ས་ལ་གནས་པའི་ལས་དང་པོ་པས་ཀྱང་ཤེས་རབ་ཀྱི་རྗེས་སུ་དག་པའི་དད་པ་དང་ཡང་དག་པར་ལྡན་པའི་ཕྱིན་ཅི་མ་ལོག་པའི་རྣལ་འབྱོར་པ་མོས་པ་ཡིད་ལ་བྱེད་པས་ཀྱང་དཔལ་ལྡན་གསང་བ་འདུས་པའི་མངོན་པར་བྱང་ཆུབ་པའི་ལྷན་ཅིག་བྱེད་པའི་རྒྱུར་གྱུར་པ་བཟའ་བར་བྱ་བའི་དམ་ཚིག་ཕྱུང་ནས་སྔགས་ཀྱི་བྱེད་པ་ལ་སོགས་པའི་ནུས་པའི་རྒྱུ་ཉིད་དོ། །གང་ཡང་རྒྱུད་རིག་འགའ་ཞིག་གིས། །གསང་སྔགས་ཅུང་ཟད་བྱེད་གྱུར་པ། །དེ་དག་གི་ནི་གཙོ་བོའི་མཐུ། །དེ་བཤད་རིགས་པ་འཇུག་ཕྱིར་རོ། །ཞེས་རྣམ་འགྲེལ་ལས་སོ། །ཅི་སྟེ་དབྱེ་བར་མི་འགྱུར་བར། །ཐམས་ཅད་ཡང་དག་བསྡུས་ནས་བྱ། །གལ་ཏེ་དེ་ནི་བྱེད་གྱུར་ན། །སངས་རྒྱས་ཀྱིས་ཀྱང་མི་འགྲུབ་པོ། །སྔགས་པ་ཆེན་པོས་ལེགས་སྦས་པས། །འབད་པ་ཉིད་ཀྱིས་བསྒོམ་པར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཡེ་ཤེས་བློ་ལྡན་གྱིས། །ཞེས་གཉིས་སུ་མེད་པའི་རྣམ་པར་རྒྱལ་བའི་རྗེས་སུ་འབྲངས་ནས་སོ། །རྒྱུད་ཕྱི་མའི་རིམ་པས་ཀྱང་བྱིན་གྱིས་བརླབས་ཏེ། ཐུན་མོང་ཅིག་ཤོས་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་མཐོང་བ་ཡིན། །མཉེས་པ་ནི་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གཞན་གྱི་དོན་གཟིགས་པས་ཕས་བུའི་དོན་མཐོང་བ་བཞིན་ནོ། །ཕྱོགས་བཅུའི་འཇིག་རྟེན་གྱི་


DTG040_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ན་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ནི་སྙན་པ་ཆེན་པོའོ། །དེ་སྐད་དུ་ཡང་གསུངས་པ། དེ་ནས་རྣལ་འབྱོར་དམ་ཚིག་མཆོག །གཟུགས་དང་ལང་ཚོ་ཡོན་ཏན་ལྡན། །སྦྱོར་བྱས་སློབ་དཔོན་དེར་འཇུག་ནས། །ཡེ་ཤེས་དབབ་པས་རབ་ཏུ་བརྟག། རྡོ་རྗེས་པདྨ་ཁ་ཕྱེ་ལ། །སངས་རྒྱས་རབ་སྣང་གཞུག་པར་བྱ། །པདྨ་ལ་གནས་བསྟན་བྱ་སྟེ། །རིགས་བདག་ལས་གནང་ཐོབ་པ་དང༌། །རྡོ་རྗེའི་བདག་ཉིད་རང་མིང་བརྗོད། །འཁོར་ལོའི་སྦྱོར་བས་སྤྲོ་བར་བྱ། །རྡོ་རྗེ་ཆུ་སྐྱེས་སྒྲས་སངས་རྒྱས། །འཁོར་ལོའི་ནང་དུ་སྤྱན་དྲངས་ཏེ། །བགེགས་རྣམས་བསལ་ལ་ཡང་དག་བསྲུང༌། །མཆོད་ཡོན་ཕུལ་ནས་ཡང་མཆོད་བྱ། །ཡང་དག་བསྟོད་དེ་སྒོ་བས་སྒོར། །ལས་རྣམས་བྱས་ནས་བསྒྲུབ་པར་བྱ། །མིག་དང་སྐུ་སོགས་བྱིན་བརླབས་ལ། །དབང་བསྐུར་མཆོད་པ་ལ་སོགས་བརྟག །དངོས་གྲུབ་བྱིན་ཕྱིར་སེམས་ཅན་དོན། །མཛོད་ཚིག་པར་ནི་གསོལ་བ་གདབ། །དཔལ་གསང་བ་འདུས་པའི་རྒྱན་གྱི་ལེའུ་བཞི་པའོ།། །།


previousལེའུ་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་བཤད་པ།next