Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཞི་བཅུ་པ།


  collapse section
   
   
   
   
   
   
   
   
   
   
   
ལེའུ་བཅུ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་བཤད་པ།
   
   
   
   
   
   
   
   
  expand section


 
previousལེའུ་བཅུ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་བཤད་པ།next

ལེའུ་བཅུ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་བཤད་པ།


DTG040_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་ཏེ། མི་བསྐྱོད་ཕྱག་རྒྱར་རབ་མཆོག་བསྒོམ། །ཞེས་པ་དེ་གང་སྔོན་དུ་སོང་བས་བསྒོམ་པར་བྱ་ཞེས་པ་ལ་སོགས་པའི་གདུལ་བྱའི་སྤྱོད་པ་ངེས་པའི་རྗེས་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཉིད་སྐྱེས་བུ་མཆོག་རྣམས་སྐུ་རྡོ་རྗེ་ལ་སོགས་པའོ། །དེའི་ངོ་བོ་ཨོཾ་ཡིག་ལ་སོགས་པ་དེའི་ཡུལ་ཡིན་པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྔགས་ནི་ཨོཾ་ཡིག་ལ་སོགས་པ་རྣམས་ཡིན་ཏེ་དེ་སྔོན་དུ་སོང་བ་ནི་རིག་པའི་སྐྱེས་བུ་ཡིན་ལ་བཤད་ཟིན་ཏེ་དེ་ཉིད་མཆོག་གོ །རྡོ་རྗེ་གསུམ་རྣམས་ནི་ཡི་གེ་ཨོཾ་ལ་སོགས་པའི་ཡི་གེ་ཉིད་དེ་སྔགས་ཀྱི་མཆོག་གོ །དེས་ཕྱག་རྒྱ་ཆེན་པོ་རིག་པའི་སྐྱེས་བུའི་བདག་ཉིད་རྣམ་པ་སྣ་ཚོགས་པའི་རྣམ་པས་བསྒོམ་པར་བྱའོ། །ཡེ་ཤེས་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་རྡོ་རྗེ་སྟེ་རི་བོང་ཅན་ཞུ་བར་གྱུར་པའོ། །གང་ལས་དེས་ནི་དེ་ཐམས་ཅད་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་ཐོབ་པར་བྱེད་པའོ། །ཡི་གེ་ཨོཾ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ཉིད་སྙིང་པོ་སྟེ་ས་བོན་ཡིན་ལ་གང་ལས་དེའི་སྐུ་རྡོ་རྗེ་ཐོབ་པའོ། །ཡི་གི་ཨཱཿ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྙིང་པོའོ། །བྱང་ཆུབ་བདག་མེད་པ་ནི་ཆོས་ཀྱི་དབྱིངས་སོ། །འདི་ནི་སྔ་མ་དང་ཕྱི་མ་ལ་ཡང་ཡིན་ཏེ་ལྷག་མ་ནི་སྔ་མ་བཞིན་ནོ། །ཡི་གེ་ཧཱུཾ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་སྙིང་པོའོ། །སོ་སོར་རྡོ་རྗེ་གསུམ་དབྱེར་མེད་པ་ཐོབ་པས་ཡི་གེ་ཨོཾ་ལ་སོགས་པ་ཡང་སྐུ་དང་གསུང་དང་ཐུགས་སོ། །ནམ་མཁའ་རྡོ་རྗེ་ནི་ནམ་མཁའ་རྡོ་རྗེ་ཡིན་ཏེ་དེ་ཡང་ཆོས་ཀྱི་འབྱུང་གནས་སོ་ཞེས་བཤད་ཟིན་ཏོ། །


DTG040_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབུས་སུ་གནས་པའི་དཀྱིལ་འཁོར་ཞེས་པ་ནི་སྤྱིར་བརྗོད་ཀྱང་ཟླ་བའི་དཀྱིལ་འཁོར་རོ། །ཀུན་དུ་ཕྱོགས་པའི་རྡོ་རྗེ་ནི་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའོ། །སྣ་ཚོགས་རྡོ་རྗེ་དཀྱིལ་གནས་པདྨ་ནི་ཞེས་བརྗོད་པའི་ཕྱིར་རྡོ་རྗེ་ཐམས་ཅད་དེ་ལས་སྐྱེས་པ་ནི་དེ་ལ་གནས་པའོ། །དེ་རུ་ནི་དེ་ལས་སྐྱེས་པའི་དཀྱིལ་འཁོར་ལའོ། །ཡེ་ཤེས་ཉིད་རྡོ་རྗེ་སྟེ་སྙིང་པོ་ནི་བྷྲཱུཾ་མོ། །རྡོ་རྗེ་དཀྱིལ་འཁོར་ནི། །རྒྱལ་མཚན་གྱིས་མཚན་གཞུ་འདྲ་སྔོ། །ཡཾ་ལས་བྱུང་བ་གཡོ་བའི་རླུང༌། །རཾ་བྱུང་གསལ་བའི་དཀྱིལ་འཁོར་ནི། །བཾ་བྱུང་ཆུ་ཡི་དཀྱིལ་འཁོར་དཀར།། བྷཱུཾ་ལས་མཚན་མའི་ཟླུམ་པོའོ། །ཆོས་ཀྱི་དཀྱིལ་འཁོར་ནི། །ཟུར་གསུམ་རཾ་ལས་བྱུང་བ་སྟེ། །དམར་པོ་མེ་ཡི་དཀྱིལ་འཁོར་རོ། །དེ་སྐད་དུ་བརྗོད་པ། རྡོ་རྗེ་གསལ་ཆོས་འཁོར་ལོ་དེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གཏོགས། །གནས་སུ་དེ་ཡིས་བསྟན་བྱ་སྟེ། །ཡེ་ཤེས་སྐུ་ནི་སྤྲོ་ཞིང་བཟླ། །ཞེས་སོ། །ཡི་གེ་བྷྲཱུཾ་ནི་འཆད་པར་འགྱུར་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམ་པར་དག་པ་སྟོན་པར་བྱེད་པའི་འཁོར་ལོ་རྩིབས་བཅུ་གཉིས་པ་གནས་གྱུར་པའི་རྣམ་པར་སྣང་མཛད་རིག་མ་དང་བཅས་པའི་རྣམ་པར་སྣང་མཛད་ཀྱི་ཡན་ལག་ལས་བྱུང་བའི་གནས་ཀྱི་གཞལ་ཡས་ཁང་པ་རྡོ་རྗེ་གསུམ་ལས་བྱུང་བ་བསྒོམ་པར་བྱའོ་ཞེས་ངེས་པར་གསུངས་སོ། །དེ་གསུངས་པ། བྷྲཱུཾ་གྱི་འཁོར་ལོ་ལས་བྱུང་རིག་བཅས་པའི། །རྣམ་པར་སྣང་མཛད་ཡན་ལག་ཡང་དག་བྱུང༌། །ཞེས་སོ། །སྙིང་པོ་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་རྗེས་སུ་ཆགས་པས་ཆགས་པ་སྟེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཡི་གེ་ཧོ་གཉིས་སོ། །དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་མཉེས་པར་བྱེད་པའོ། །གང་གི་ཚེ་ཡང་དེ་རྣམས་ལམ་ལ་གནས་པ་ན་ཁམས་གསུམ་དང་ཡང་དག་པར་ལྡན་པའི་སྐུ་དང་གསུང་དང་ཐུགས་ལ་འདོད་པ་སྐྱེད་པར་བྱེད་དོ། །དེའི་ཚེ་ཤེས་རབ་ཀྱིས་འཁོར་བའི་ཉེས་པ་མཐོང་བས་འཁོར་བ་ལས་ལྡོག་ཅིང་མྱ་ངན་ལས་འདས་པའི་ཡོན་ཏན་བསྔགས་པས་དེ་དང་ཡང་དག་པ་ཉིད་སྐྱེ་པར་འགྱུར་རོ། །གང་གི་ཚེ་ཡང་བར་སྐབས་སུ་སེམས་ཅན་གྱི་གནོད་པ་ལ་སོགས་པས་བསེ་རུ་དང་ཉན་ཐོས་ཀྱི་མྱ་ངན་ལས་


DTG040_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དང་ཡང་དག་པར་ལྡན་པ་དག་སྐྱེ་བར་འགྱུར་རོ། །དེའི་ཚེ་སྙིང་རྗེས་མྱ་ངན་ལས་འདས་པ་ལ་བཟློག་སྟེ་སེམས་ཅན་འདི་རྣམས་བུམ་པ་བཟང་པོ་ཞེས་བྱ་བ་སོགས་པའི་ཡོན་ཏན་བསྔགས་པས་མི་གནས་པའི་མྱ་ངན་ལས་འདས་པ་ཡང་དག་པར་ལྡན་པ་ཉིད་སྐྱེ་བར་འགྱུར་རོ། །རིམ་པ་འདིས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཡི་གེ་གསུམ་གྱི་ངོ་བོ་རྣམས་ཏེ་དེས་ན་མི་གནས་པའི་མྱ་ངན་ལས་འདས་པ་ལ་རྗེས་སུ་ཆགས་པས་མཉེས་པར་བྱེད་དོ། །ཨོཾ་ཨཱཿ་ཧཱུཾ་ཞེས་པའི་སེམས་ཉིད་ནི། འོད་ལྡན་ཧོ་དང་སྤེལ་བའི་ཆོ་ག་བཞིན། །ཞེས་བརྗོད་པས་སོ། །གང་འཕགས་པ་བྱམས་པས། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །དེས་ན་ཉེས་པ་མཐོང་ཕྱིར་སྲིད་པར་མིན། །སྙིང་རྗེར་ལྡན་ཕྱིར་མྱང་འདས་མིན། །གཞན་དོན་སྐྱེ་བར་མཐོང་བའི་ཕྱིར། །སྲིད་པ་བརྟན་པར་གནས་པའང་ཡིན། །གང་དག་གིས་ཡང་ཤེས་རབ་དང་ཐབས་ལ་ཞུ་བར་གྱུར་པ་སྐུ་གསུང་ཐུགས་མཉེས་པར་འཆད་དེ། །དེ་རྣམས་ནི། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བྱ། །ཞེས་པ་འདིས་འདིའི་དོན་བརྗོད་པའི་ཕྱིར་ཟློས་པའོ། །རྡོ་རྗེ་གསུམ་ཞེས་པ་ལ་སོགས་པ་ནི་རང་གི་ངོ་བོའོ། །ཨོཾ་ཞེས་པ་ལ་སོགས་པས་ནི་སོ་སོར་གསུམ་གྱི་གཟུགས་སོ། །རྡོ་རྗེ་དཀྱིལ་འཁོར་ཞེས་པ་ལ་སོགས་པས་ནི་བཟླས་པའི་དུས་ཀྱི་རྟེན་ཡིན་ནོ། །ཨོཾ་ནི་སངས་རྒྱས་སྐུ་ཡི་མཆོག །ཅེས་པ་ལ་སོགས་པས་ནི་སྤྲོས་པ་སྔོན་དུ་སོང་བའི་སྡུད་པའོ་ཞེས་ཁ་བསྐང་བ་དང་ལྡན་པས་དངོས་སུ་ཞུགས་པའི་སྡུད་པ་ལ་སོགས་པའོ་ཞེས་བརྗོད་དོ། །འདི་ནི་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཧོ་གཉིས་ཀྱི་དབུས་སུ་ཆུད་པ་ཡི་གེ་གསུམ་པོ་བརྗོད་མ་ཐག་མའི་རིགས་པས་མི་གནས་པའི་མྱ་ངན་ལས་འདས་པའི་བདག་ཉིད་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་པའོ། །ཡེ་ཤེས་རྡོ་རྗེ་སྟེ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྡོ་རྗེ་འཛིན་པ་ཆེན་པོས་སོ། །སངས་རྒྱས་ཀྱི་རྒྱུ་ནི་གང་འདི་ལ་སངས་རྒྱས་ཉིད་ཀྱིས་འབྲས་བུ་འབྱུང་བའོ། །འདི་རྣམས་ནི་ཨོཾ་ཡིག་ལ་སོགས་པ་སངས་རྒྱས་ཀྱི་སྐྱེས་བུ་རྣམས་ཏེ་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། རྫོགས་པ་ལ་སོགས་པ་གང་རྣམས་ཀྱིས་བྱིན་གྱིས་


DTG040_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རློབ་པ་ལ་སོགས་པ་མཐའ་ཡས་པ་ཉིད་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་གང་རྣམས་ཀྱི་དམ་ཚིག་དེ་རྣམས་ཀྱིས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་དམ་ཚིག་བསྒོམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་དམ་ཚིག་སྟེ། དེའི་དེ་ཁོ་ན་ཉིད་ནི་ཡེ་ཤེས་ཏེ་དགའ་བ་ཡིན་ལ་དེ་ཉིད་ཀུན་དུ་བཟང་པོར་ངེས་པ་སྟེ་དེ་ཉིད་རྡོ་རྗེ་ཡིན་ཞིང་དེ་ཉིད་བྱིན་གྱིས་རློབ་པ་ཡིན་ཏེ། སྐུ་དང་གསུང་དང་ཐུགས་བསྒྲུབ་པར་ནུས་པའི་རྒྱུ་ཡིན་ནོ། །དབེན་པ་རྣམས་སུ་ཞེས་པ་ནི་རིགས་མི་མཐུན་པ་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་སྤངས་པ་རྣམས་སུའོ། །ཉམས་དགའ་བ་རྣམས་སུ་ཞེས་པ་ནི་ཡིད་དུ་འོང་བ་རྣམས་སུའོ། །ཡང་ཞེས་པ་ནི་འཆད་པར་འགྱུར་བའི་གནས་ཀྱི་ཁྱད་པར་སྡུད་པའོ། །འདི་ནི་འཆད་པར་འགྱུར་བའི་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའོ། །ཟླ་བ་ཕྱེད་ཀྱིས་ཞེས་པ་ནི་རིག་པའི་བརྟུལ་ཞུགས་སྤྱད་པ་དང་མཚན་མ་ཐོབ་པ་དང་ལྷ་རྣམས་ཀྱིས་རྗེས་སུ་གནང་བས་སྣོད་དང་ལྡན་པ་བབས་པས་ལྷ་རྣམས་བྲིས་པའི་སྐུའི་དཀྱིལ་འཁོར་དུ་གནས་ཏེ་ཡོ་བྱད་ཐམས་ཅད་དང་ལྡན་པས་སྒྲུབ་པར་རྩོམ་པ་ལ་ཞུགས་པས་སོ། །སྒྲུབ་ཐབས་གསུངས་པ་ནམ་མཁའ་རྡོ་རྗེ་ནི་ཆོས་ཀྱི་འབྱུང་གནས་ཏེ་ཐམས་ཅད་དུ་ཤེས་པར་བྱའོ། །གསལ་བའི་དཀྱིལ་འཁོར་ནི་འདིར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །རང་གི་སྔགས་དང་དམ་ཚིག་ནི་རྣམ་པར་སྣང་མཛད་ཡིན་ལ་དེའི་སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་སྟེ། འཁོར་ལོའི་ལྟེ་བ་ལ་གནས་ནས་ཡི་གེ་ཨོཾ་ལས་དེ་བཞིན་གཤེགས་པ་ལྔའི་རྣམ་པའི་འོད་ཟེར་གྱི་ཚོགས་ཆེན་པོ་རྣམས་ཕྱོགས་བཅུར་སྤྲོས་ཏེ་སྣོད་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་མཆོག་བསྒོམ་པས་དེའི་རྣམ་པ་རུ་བསྒྲུབས་ཏེ་བསྡུས་ཞུགས་ཏེ་བརྟན་པར་གྱུར་པས་རྗེས་སུ་མཉེས་པར་བྱེད་པ་རྣམས་ནི་ཡང་དག་ཡང་དུ་བསྒོམ་པར་བྱའོ། །སངས་རྒྱས་ཀྱི་སྐུ་རྣམ་པར་སྣང་མཛད་དང་འོད་མཉམ་པར་འགྱུར་ཏེ་འདྲ་བའོ། །བསྐལ་པ་གསུམ་ནི་བསྐལ་པ་ཆེན་པོ་གསུམ་མོ། །བསྐལ་པ་གྲངས་མེད་པ་གསུམ་པོ་མངོན་པ་ལས་བརྗོད་པ་ཡིན་ནོ་ཞེས་ཁ་ཅིག་གོ །ཡེ་ཤེས་ལྔ་ལྡན་ནི་


DTG040_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་རྣམས་སམ་དེ་རྣམས་ཉིད་ཡིན་ན་ཡང་བསྟེན་པས་གནས་པར་འགྱུར་རོ། །སྐུ་རྡོ་རྗེའི་གསང་བ་སྟོན་པས་སྐུ་རྡོ་རྗེའི་གསང་བ་རྡོ་རྗེ་འཛིན་པ་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་བྱང་ཆུབ་སེམས་དཔའ་རྫོགས་པར་བྱེད་པ་འོད་ཟེར་གང་ལ་ཡིན་པ་དེ་ནི་དེ་བཞིན་ནོ། །ཆོས་ནི་འདིར་འོད་དཔག་མེད་ཀྱི་དཀྱིལ་འཁོར་རོ། །རང་གི་ཡི་གེ་ཨཱཿའི་སྔགས་ཀྱི་སྐྱེས་བུ་ནི་འོད་དཔག་ཏུ་མེད་པའོ། །ངག་གི་ལམ་སྟེ་འདྲེན་པར་རོ། །ཁ་དོག་ལྔའི་འོད་ཟེར་རྣམས་ནི་དབྱེར་མི་ཕྱེད་པའི་ཕྱིར་གང་དུ་རྡོ་རྗེ་ཆེན་པོ་ཡིན་པ་དེའོ། །དེའི་རྣམ་པའི་འོད་ཟེར་རྣམས་ཀྱིས་འཇིག་རྟེན་དབང་ཕྱུག་འོད་དཔག་ཏུ་མེད་པའི་མཆོག་བསྒོམ་པས་སེམས་ཅན་གྱི་ཁམས་དེའི་རྣམ་པའི་བྱང་ཆུབ་སེམས་དཔའི་ངོ་བོ་དམ་ཚིག་གི་ཡེ་ཤེས་ཡིན་ཏེ་ཚིག་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་རྣམས་ཀྱི་དམ་ཚིག་སྟེ་དེ་ཁོ་ན་ཉིད་ཡིན་ལ། དེའི་སྤྲོས་པ་ནི་གསལ་བར་བྱེད་པ་ཡིན་ཏེ་རྫོགས་པར་བྱས་ནས་སྡུད་པ་ལ་སོགས་པར་བྱེད་པའོ། །བསྟན་པ་ནི་ཆོས་སྔར་བརྗོད་མ་ཐག་པ་ནི་ངག་ཡིན་ཏེ་དེའི་ལམ་ནི་འོད་དཔག་ཏུ་མེད་པ་ཡིན་ལ་དེ་ལ་གནས་པ་ནི་བསྒོམས་པས་སོ། །རྡོ་རྗེ་ཆོས་དང་མཚུངས་པ་ནི་འོད་དཔག་ཏུ་མེད་པ་དང་ངོ༌། །དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་དམ་ཚིག་ཡིན་ཏེ། དེ་ལས་གང་དུ་འབྱུང་བ་དེ་དེ་བཞིན་ནོ། །རྡོ་རྗེ་ནི་འདིར་མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེ་ལས་ཡུལ་ཐ་དད་པས་སྔ་མ་དང་འགལ་བ་མེད་དོ། །རང་སྔགས་སྐྱེས་བུ་ནི་མི་བསྐྱོད་པའོ། །དེའི་སེམས་ལ་སྟེ་སྙིང་གར་ཉི་མ་ལ་རྡོ་རྗེའི་ལྟེ་བའི་ནང་ན་གནས་པ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་རྡོ་རྗེའི་ལྟེ་བ་ལའོ། །དམ་ཚིག་ཆེན་པོ་མི་བསྐྱོད་པའི་དེ་ཁོ་ན་ཉིད་ཧཱུཾ་གི་ཡི་གེ་འོད་ཟེར་ཁ་དོག་ལྔ་དང་ལྡན་ནོ། །ཡེ་ཤེས་རྡོ་རྗེ་འདིར་སྒྲུབ་པ་པོ་དེས་བྱའོ། །དེ་རྣམས་འདིར་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་ཏེ། རྒྱལ་བ་ཡང་ཡིན་པས་དེ་རྣམས་ཕྱོགས་བཅུར་སེམས་ཅན་གྱི་དོན་བྱས་ཤིང་སྡུད་པ་སྔོན་དུ་སོང་བས་ཐིམ་པ་གང་ཡིན་པའི་ཧཱུཾ་ཡིག་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེའི་ཐུགས་མི་བསྐྱོད་པ་དང་འདྲ་བ་ཚད་མེད་པའི་ཡེ་ཤེས་ཀྱི་ཡོན་ཏན་གྱི་རྒྱ་མཚོ་ཡིན་ནོ། །དམ་ཚིག་རྡོ་རྗེ་མི་བསྐྱོད་པ་ཡིན་ལ་


DTG040_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡུལ་ཅན་གྱི་ཏིང་ངེ་འཛིན་ནོ། །རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་ཏེ་རང་གི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །ལུས་ཆ་ཤས་ཐམས་ཅད་ལ་ཁཾ་གི་འོད་ཟེར་འཁྲུགས་ཤིང་ནམ་མཁའ་དང་མཉམ་པར་བདག་ཉིད་བསྒོམས་ན་དངོས་གྲུབ་ཡིན་ཏེ་རང་གི་འདོད་པས་མི་མཐོང་བར་འགྱུར་རོ། །ནམ་མཁའ་རྡོ་རྗེའི་དམ་ཚིག་ནི་དཔལ་རྡོ་རྗེ་སེམས་དཔའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་མི་སྣང་བར་འགྱུར་བའི་ཕྱིར་འོད་ཟེར་གྱི་ཚོགས་ཀྱི་ཕྲེང་བ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །གསང་སྔགས་སྐྱེས་བུ་ནི་ཡི་གེ་མ་གིས་འཇམ་པའི་དབྱངས་གསེར་གྱི་ཁ་དོག་ཅན་གྲུ་བཞི་པའི་རྡོ་རྗེ་དཀྱིལ་འཁོར་གྱི་དབུས་སུ་བསྒོམས་ལ་སྙིང་གར་ཡང་ཡི་གེ་ཧཾ་ཡང་ངོ༌། །དེའི་འོད་ཟེར་དཀར་པོ་རྣམས་དང་ཟླ་བའི་དཀྱིལ་འཁོར་གྱི་བར་དུ་བདག་ཉིད་གནས་པར་བྱ་སྟེ་ཆོས་ཐམས་ཅད་ནི་རྒྱུ་དང་བྲལ་བའོ་ཞེས་བསྒོམ་མོ། །ནམ་མཁའི་དབྱིངས་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་སོན་པ་རྣམ་པར་སྣང་མཛད་བདག་ཉིད་ལ་ཐླྷིཾ་གི་ཡི་གེའི་རང་བཞིན་རྡུལ་ཕྲ་རབ་ཐམས་ཅད་མཚོན་ཆའི་མཆོག་མ་ཉམས་པ་ལས་བྱུང་བ་ཡིད་ལས་བྱུང་བའི་སྙིང་པོ་འབར་ཞིང་རབ་ཏུ་གསལ་བར་བསྒོམས་པ་ན་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དང་མཉམ་པ་འགྲུབ་པོ། །བསེ་རུ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པའི་སངས་རྒྱས་ཀྱི་མངོན་པར་ཤེས་པ་མཆོག་གི་དམ་ཚིག་དང་ལྡན་པ་གཞན་གྱིས་མངོན་པར་ཤེས་པ་ལྔ་དང་འདྲ་བར་འགྱུར་རོ། །སངས་རྒྱས་སྔོན་དུ་སོང་བའི་དཀྱིལ་འཁོར་ནི་ཐམས་ཅད་དུ་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་ནི་འདིར་མི་བསྐྱོད་པ་ཡིན་ཏེ་དེའི་སྙིང་གར་རྡོ་རྗེ་ལྟེ་བ་ལ་ཡེ་ཤེས་ཐོབ་པར་བྱེད་པའི་འོད་ཟེར་དང་བཅས་པའི་ཨོཾ་ཡིག་བསྒོམ་པར་བྱའོ། །ནམ་མཁའ་རྡོ་རྗེ་ནི་འདིར་རིན་ཆེན་ཏོག་སྟེ་དེའི་ཐུགས་ཀར་རིན་པོ་ཆེ་ལ་གནས་པའི་ཡི་གེ་ཨོཾ་མོ། །འཇིག་རྟེན་དབང་ཕྱུག་ནི་འདིར་འོད་དཔག་ཏུ་མེད་པའོ། །དེའི་ཐུགས་ཀར་ཆོས་པདྨ་ལ་གནས་པའི་ཡི་གེ་ཨོཾ་མོ། །རྡོ་རྗེ་ནི་དབྱེར་མི་ཕྱེད་པའི་ཨུཏྤལའི་འདབ་མའི་ཆ་བྱད་ཅན་གྱི་རལ་གྲི་གང་ཡིན་པ་དེ་ལ་དེ་སྐད་དུ་བརྗོད་དེ་དོན་ཡོད་རྡོ་རྗེའོ། །དེའི་སྙིང་གར་དམ་ཚིག་གི་རལ་གྲི་དེ་ལ་ཡི་གེ་ཨོཾ་མོ། །རྣམ་པར་སྣང་མཛད་ཀྱི་སྙིང་གའི་ཟླ་བའི་འཁོར་ལོའི་ལྟེ་བ་ལ་རྡོ་རྗེ་གསུམ་གསལ་བར་བྱེད་པ་ནང་དུ་ཞུགས་


DTG040_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་གསུམ་འོད་ཟེར་དང་བཅས་པའི་ཡི་གེ་ཨོཾ་འཁོར་ལོའི་དབུས་སུ་བལྟའོ། །སྔ་མ་ལ་ཡང་ཟླ་བ་ལ་གནས་པ་ཉིད་བསྒོམ་པར་བྱའོ་ཞེས་ཁ་ཅིག་གོ །དེའི་ཐུགས་ཀར་རྡོ་རྗེ་ལ་སོགས་པའི་ལྟེ་བ་ལ་གནས་པའི་མི་བསྐྱོད་པ་ལ་སོགས་པའི་ཐུགས་ཀར་ཟླ་བ་ལ་གནས་པའོ་ཞེས་གཞན་དག་གོ ། རང་གི་དཀྱིལ་འཁོར་ལ་གནས་པའི་མི་བསྐྱོད་ཡེ་ཤེས་རྡོ་རྗེ་ལ་སོགས་པ་བསྒོམས་ཏེ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་སྐྱེ་མཆེད་ཀྱི་ཁམས་རྣམས་སུ་སངས་རྒྱས་མཆོག་རྣམ་པར་སྣང་མཛད་ལ་སོགས་པའོ་ཞེས་ཁ་ཅིག་གོ །སའི་སྙིང་པོ་ལ་སོགས་པའོ་ཞེས་གཞན་དག་གོ །སའི་སྙིང་པོ་ལ་སོགས་པའོ་ཞེས་གཞན་དག་གོ །དེ་རྣམས་མངོན་པར་ཤེས་པ་ལྔའི་སྦྱོར་བས་བསྒོམ་པར་བྱ་སྟེ་དེས་མངོན་པར་ཤེས་པ་ལྔར་འགྱུར་རོ། །རང་གི་སྔགས་ལས་བྱུང་བ་རྡོ་རྗེ་འམ་འཁོར་ལོ་འམ་རིན་པོ་ཆེ་ལ་སོགས་པ་དེ་ཉིད་དུ་རང་གི་བདག་པོའི་སྦྱོར་བས་བསྒོམ་པར་བྱའོ་ཞེས་བརྗོད་པ་ནི་རྡོ་རྗེ་རྩེ་ལྔ་ཞེས་པ་ལ་སོགས་པའོ། །འཁོར་ལོ་ཞེས་པ་ནི་སྣ་ཚོགས་རྡོ་རྗེ་ལས་བྱུང་བའི་དཀྱིལ་འཁོར་ལ་གནས་པ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་དཀར་པོ་སྟེ། དེའི་ལྟེ་བའི་ཟླ་བ་ལ་བྷྲཱུཾ་ཡིག་ལས་སངས་རྒྱས་རྣམས་སྤྲོས་ཏེ་དེ་ཉིད་དུ་བཅུག་པས་དེ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ཀྱི་ཡན་ལག་ལས་བྱུང་བས་སངས་རྒྱས་ཀྱི་རྟེན་གཞལ་ཡས་ཁང་སྟེ་དེ་ཡང་གྲུ་བཞི་མཉམ་པ་ཡིན་ཏེ་མི་མཉམ་པ་མེད་པར་འགྱུར་རོ། །སངས་རྒྱས་ཞེས་པ་ལ་སོགས་པ་ནི་ཐིག་ལེའི་རྣལ་འབྱོར་གསུངས་སོ། །ཕྲ་མོའི་རྣལ་འབྱོར་ལ་ཐིག་ལེའི་རྣལ་འབྱོར་རོ་ཞེས་གཞན་དག་གོ །ཐུགས་ཀ་རུ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བའི་འཁོར་ལོ་ལ་ཨོཾ་ཡིག་གི་སྔགས་ཤེས་པར་བྱ་སྟེ། རྣམ་པར་ཤེས་པ་དེས་གཉིས་སུ་མེད་པར་བསྒོམ་པར་བྱའོ། །དེ་ལས་འགོག་པ་སྟེ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མི་རྒྱུ་བ་ཉིད་རྡོ་རྗེ་སྟེ་དེ་ལ་སོན་པའི་སེམས་སོ། །གང་ཚེ་དེ་ལ་སྐྱེ་འགྱུར་ན། །དེའི་ཚེ་རྣལ་འབྱོར་པ་དེ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཐིག་ལེའི་རྣལ་འབྱོར་ཞེས་པ་ནི་སྔགས་ཀྱི་ཐིག་ལེར་སོན་པ་ཡིན་ཏེ་ལྷག་མ་ནི་སྔར་བཞིན་ནོ། །ཀུན་གྱི་ཡང་ནི་དེ་རྣམས་སུ། །རྒྱུ་མཐུན་ལ་སོགས་མོས་པས་ཀྱང༌། །ཐིག་ལེ་ཕྲ་མོ་གསང་


DTG040_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྐྱེས། །བསྒོམ་བྱ་ཆུང་དུ་སོགས་ཀྱིས་མཚོན། །རྣལ་འབྱོར་བསྙེན་སོགས་དེ་བཞིན་ནོ། །དེ་ཉིད་མཚོན་པར་བྱེད་པ་ཡིན་པའི་ཕྱིར་འདི་ལྟར་བལྟ་བར་བྱའོ། །ལུས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རང་རང་གི་འཁོར་ལོ་ལ་གནས་པའི་རྟག་པ་སྤྱི་བོ་དང་མགྲིན་པ་དང་སྙིང་ག་ལ་གནས་པའི་འཁོར་ལོ་དཀར་པོའི་ལྟེ་བའི་ཟླ་བ་ལ་གནས་པའི་ཨོཾ་ཡིག་དཀར་པོ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་འོད་ཀྱིས་རྡུལ་ཕྲ་རབ་སོ་སོ་ལ་ཁྱབ་པར་བསྒོམས་པས་རྣམ་པར་སྣང་མཛད་དང་འདྲ་བར་འགྲུབ་སྟེ་བསྐལ་པར་གནས་པར་འགྱུར་རོ། །རང་གི་འཁོར་ལོ་ལ་གནས་པའི་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པ་ལ་སོགས་པ་ཐམས་ཅད་ཀྱི་རང་གི་ཕྱག་མཚན་ལ་གནས་པའི་སྔགས་སྒོམ་པ་སྔོན་དུ་འགྲོ་བ་ཡང་དེ་བཞིན་དུ་བལྟ་བར་བྱས་ཏེ་ཉེ་བར་མཚོན་པ་ཡིན་པའི་ཕྱིར་གཙོ་བོ་ཡིན་པར་བཤད་པར་བྱ་བའི་ཆེད་དུ་རིགས་གསུམ་པོ་བཀོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་དམ་ཚིག་གི་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུའོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བཅུ་གཅིག་པའོ།། །།


previousལེའུ་བཅུ་གཅིག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་དེ་ཁོ་ན་ཉིད་རིག་པའི་སྐྱེས་བུ་མཆོག་གི་བཤད་པ།next