Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཞི་བཅུ་པ།


  collapse section
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་བཤད་པ།
   
   
   
   
   
   
   
  expand section


 
previousལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་བཤད་པ།next

ལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་བཤད་པ།


DTG040_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་པ་ནི་བརྩོན་འགྲུས་དང་བདུད་རྩི་ལྔ་ཇི་ལྟར་བསྒྲུབ་པར་བྱ། གང་དག་གང་གི་དངོས་ཀྱི་འབྲས་བུའི་གཙོ་བོ་ཡིན་ཞེས་པ་ལ་སོགས་པའི་གདུལ་བྱའི་འདོད་པ་ངེས་པའི་རྗེས་ལའོ། །ངན་སོང་དང་འཁོར་བའི་ལམ་ལས་སེམས་ཅན་གྱི་ཁམས་བཟློག་སྟེ་མཐོ་རིས་དང་ཐར་པའི་ལམ་སྟོན་པར་བྱེད་པ་ནི་སྟོན་པའོ། །སེམས་ཅན་མ་ལུས་པའི་དོན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་འདོད་པ་ནི་སྐྱེད་བྱེད་དོ། །ཡེ་ཤེས་ཀྱི་མཆོག་ནི་དེ་བཞིན་གཤེགས་པ་དེ་སེམས་ཅན་གྱི་རྒྱུད་ལ་སྒྲུབ་པར་བྱེད་པས་དེ་སྒྲུབ་བྱེད་དོ། །དམ་ཚིག་དེ་ཉིད་རྡོ་རྗེ་གསུམ་གསལ་བར་བྱེད་པ་ནི་ངག་ཉིད་དེ་ཚད་མ་དང་ལུང་གི་ཡུལ་ལ་དེ་རྣམས་ཀྱིས་མི་གནོད་པས་རྡོ་རྗེ་ཡིན་ཏེ་བཀའ་སྩལ་པའོ། །མཁའ་དང་མཚུངས་པས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་ཏུ་གྱུར་པ་དེའི་རང་བཞིན་ཡིན་པའི་ཕྱིར་རྟོག་པ་མེད་པའི་རང་བཞིན་ཉིད་དོ། །རང་བཞིན་གྱིས་རྣམ་པར་དག་པ་ཡང་ཆོས་རྣམས་ཉིད་དེ་དེ་རྣམས་ལ་ཡང་དེ་ལྟར་གྱུར་པ་ཡང་ཡིན་ཏེ་དེ་ཁོ་ན་ཉིད་ཀྱིས་སོ། །ཀུན་རྫོབ་ཏུ་མོས་པ་སྣ་


DTG040_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་གདུལ་བྱའི་སེམས་ཅན་གྱི་དོན་དུ་རོལ་མོ་འདི་ཡིན་ཏེ་འདི་འཆད་པར་འགྱུར་བའི་སྔགས་ལ་སོགས་པའི་ངོ་བོའོ། །རྣལ་འབྱོར་པ་རྣམས་ཀྱིས་སྐྱེས་བུ་མཆོག་གི་དོན་ཐོབ་པར་བྱེད་པས་ཕུལ་དུ་བྱུང་བས་བསྒོམ་པར་བྱའོ། །དེ་ལ་གཉིས་གར་དཔག་ཚད་བཅོ་ལྔའི་ཚད་མ་དང་ལྡན་པ་གྲོང་ལ་སོགས་པ་སྤངས་པ་ནི་དགོན་པ་ཆེན་པོའོ་ཞེས་ཁ་ཅིག་གོ །མཾ་ཞེས་པ་ནི་འཇམ་པའི་རྡོ་རྗེ་བསྐྱེད་པའི་ས་བོན་གསུངས་པའོ། །མི་སྣང་བའི་དངོས་གྲུབ་ཀྱི་ཕྱིར་ཡང་རང་གི་དཀྱིལ་འཁོར་ལ་འཇམ་པའི་རྡོ་རྗེ་དེ་ཉིད་རབ་ཏུ་བསྒོམས་ཏེ། ཉི་མ་སོ་སོར་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པར། །གྱུར་པས་ཡང་དག་དངོས་གྲུབ་སྒྲུབ། །ཐུན་མོང་ཅིག་ཤོས་དངོས་གྲུབ་ནི། །ཞེས་པའི་ཆོ་གས་ཐུན་མཚམས་པར་མར་དེ་སྐུ་དང་གསུང་དང་ཐུགས་རྣམས་ལ་ཟླ་བ་ལ་གནས་པའི་ས་བོན་མ་འོད་ཟེར་དང་བཅས་པ་མཚན་མ་ཐོབ་པས་ཡང་དང་ཡང་དུ་བསྒོམ་པར་བྱའོ། །ཨའི་སྒོ་ནི་ཆོས་ཐམས་ཅད་ཡིན་ཏེ་དང་པོ་ནས་སྐྱེ་བ་དང་བྲལ་བའི་ཕྱིར་དང་ཆོས་ཐམས་ཅད་འཆི་བ་དང་བྲལ་བ་ཡིན་ནོ་ཞེས་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་བྱ་སྟེ་དེ་ཉིད་དུ་སྤྲོ་བ་ལ་སོགས་པ་ཡང་དང་ཡང་དུ་བྱས་ན་འཇམ་པའི་རྡོ་རྗེ་དང་མཉམ་པར་འགྱུར་རོ། །འཇམ་པའི་རྡོ་རྗེའི་མཆོག་གི་དམ་ཚིག་དེ་སྒྲུབ་པར་བྱེད་པ་དེ་ནི་རང་གི་འདོད་པས་མི་མངོན་པར་བྱེད་དོ། །ཕུལ་དུ་བྱུང་བ་ཐོབ་པ་དང་ལྷས་རྗེས་སུ་གནང་བ་ཐོབ་པས་འཇམ་པའི་རྡོ་རྗེ་ལ་སོགས་པ་དང་གཞན་གང་ཡང་རུང་བའི་རྣལ་འབྱོར་པས་བདུད་རྩི་ལྔ་ཆ་ཇི་ལྟ་བ་བཞིན་དུ་འཆད་པར་འགྱུར་བའི་ཚད་ཙམ་པའི་རི་ལུ་ལ་ཟངས་མ་ཆ་གཅིག་དང་དངུལ་གཉིས་དང་གསེར་བཞིས་གོ་རིམས་ཇི་ལྟ་བར་དཀྲིས་ཏེ་རང་གི་ཁ་འམ་རིག་མའི་ཁ་ག་མུ་ཁར་བཅུག་སྟེ་དེའི་ནང་དུ་ཆུད་པའི་སངས་རྒྱས་རྣམས་སྤྲོ་བ་ལ་སོགས་པའི་ངོ་བོ་ཇི་སྲིད་དུ་འབར་བ་དེ་སྲིད་དུའོ། །དེ་ནས་འཕར་ན་དེའི་སྟེང་དུ་གསེར་གྱི་དཀྱིལ་འཁོར་བསྒོམས་པས་ལྡོག་པར་འགྱུར་རོ། །དེ་གཟིང་བ་ཉིད་ཀྱིས་དེ་དང་མཉམ་པར་འགྱུར་རོ། །དེ་བཞིན་ཉིད་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པས་གཉུག་མའི་ས་བོན་ལས་བྱུང་བའི་རང་གི་ཕྱག་མཚན་དེ་དང་དེའི་རིགས་ཀྱི་གནས་སྔར་བཞིན་དུ་


DTG040_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱས་ན་དེ་དང་མཉམ་པར་འགྱུར་རོ། །སངས་རྒྱས་ཀུན་དང་རྡོ་རྗེ་དང་ཆོས་རྣམས་ནི་གཏི་མུག་དང་ཞེ་སྡང་དང་འདོད་ཆགས་ཀྱི་རིགས་རྣམས་སོ། །སྔར་བརྗོད་པའི་རི་ལུའི་སྒྲུབ་ཐབས་ཀྱི་ལྷག་མ་གསུངས་པ་ཡི་གེ་ཨོཾ་ལ་སོགས་པ་ལས་གྲུབ་པ་སྔར་བརྗོད་པའི་ནང་དུ་སོན་པའི་རང་གི་ལྷའི་འཁོར་ལོའི་རི་ལུ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་སྔར་བཞིན་དུ་བསྒོམས་ན་དེ་དང་མཉམ་པར་འགྱུར་རོ། །སྔར་བརྗོད་པའི་འཁོར་ལོ་ལ་སོགས་པའི་སྒྲུབ་པའི་ཐབས་ཀྱི་ལྷག་མ་གསུངས་པ། མཁའ་དབྱིངས་གསལ་བའི་དཀྱིལ་གནས་པའི། །རྟག་པའི་རྣལ་འབྱོར་པས་ལག་པ་གཡས་པར་འཁོར་ལོའི་ནང་དུ་ཆུད་པའི་རང་གི་དཀྱིལ་འཁོར་རང་གི་ས་བོན་ལས་བྱུང་བ་འོད་ཟེར་དང་བཅས་པ་མདུན་དུ་བཟུང་སྟེ་སྔར་བཞིན་དུ་བསྒོམས་ན་འཁོར་ལོའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་རང་གི་འཁོར་ལོ་ལ་གནས་པའི་མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པས་རང་གི་ས་བོན་ལས་བྱུང་བའི་རང་གི་མཚན་མའི་ནང་དུ་ཆུད་པ་རང་གི་འཁོར་ལོ་ལག་པ་གཡས་པར་བསྒོམས་པས་སྔར་བཞིན་དུ་མཚན་མ་ཐོབ་པས་རྡོ་རྗེ་ལ་སོགས་པའི་རིག་པ་འཛིན་པར་འགྱུར་རོ། །རྩེ་གསུམ་ལ་སོགས་པའི་རང་གི་ཕྱག་མཚན་ལ་ཡང་འདི་ལྟར་བསྒྲུབ་པར་བྱའོ་ཞེས་གསུངས་པ། རྩེ་གསུམ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་རྣམས་སམ་རྡོ་རྗེ་དང་འདྲ་བ་དགུག་པ་སྟེ་སྦྱོར་བ་གསུམ་ནི་ཏིང་ངེ་འཛིན་གསུམ་པོ་དེ་ཡང་ཡིན་ལ་སྔགས་ཀྱི་སྐྱེས་བུ་ཡང་ཡིན་ཏེ་རང་གི་འཁོར་ལོ་ལ་གནས་པའི་རྡོ་རྗེ་འཛིན་པའི་བདག་ཉིད་དོ། །ཨོཾ་ཨཱཿཧཱུཾ། ཞེས་པ་འདི་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྡུལ་ཕྲ་རབ་ལས་བྱུང་བ་རྡོ་རྗེ་ལྕགས་ཀྱུ་ཡང་ལག་པ་གཡས་སུ་བསྒོམས་ཏེ་མཚན་མ་ཐོབ་པས་རླུང་གི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་སེམས་དཔའ་དེས་བཀུག་སྟེ་རང་གི་བཀས་བསྐུལ་བར་བྱའོ། །གནོད་སྦྱིན་མོ་ལ་སོགས་པ་ཡང་འདི་བཞིན་དུ་ཉེ་བར་བཀུག་སྟེ་ཉེ་བར་ལོངས་སྤྱོད་དོ་ཞེས་གསུངས་པ། བཅུ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་རྟག་པ་ལ་སོགས་པའི་རྣལ་འབྱོར་པས་རང་གི་འཁོར་ལོ་ལ་གནས་པའི་འཁོར་ལོའི་ལྕགས་ཀྱུ་ལ་སོགས་པ་བསྒོམས་


DTG040_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སངས་རྒྱས་ལ་སོགས་པ་དགུག་པར་བྱའོ་ཞེས་གསུངས་པ་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པའོ། །གང་གི་རྣལ་འབྱོར་པས་འགུགས་པ་དེ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་ལྡན་པ་བསྒོམ་པར་བྱའོ་ཞེས་གསུངས་པ་རྣམ་པ་ཀུན་ཞེས་པ་ལ་སོགས་པའོ། །རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་གནོད་སྦྱིན་མོ་ལ་སོགས་པའི་རིག་མ་ལ་རྗེས་སུ་ཆགས་པར་བྱའོ་ཞེས་གསུངས་པ། རྡོ་རྗེའི་སྐུ་ནི་ཡེ་ཤེས་ལྔ་རྣམ་པར་བྱང་བའི་ཕུང་པོ་གང་གི་ཡིན་པ་དེ་ནི་འདིར་རང་གི་བདག་པོའི་ལྷའི་གཟུགས་དེ་དེ་བཞིན་དུ་ཡིན་ཏེ་དེ་ནི་རང་དང་དེ་རྣམས་ཀྱང་རིག་མ་རང་འོད་ཀྱི་ཤེས་རབ་ཀྱི་རྣམ་པར་བསྒོམ་པར་བྱའོ། །དེའི་གསང་བའི་པདྨར་ཡི་གེ་ཧཱུཾ་བཀོད་པ་ཁ་དོག་དམར་པོ་འོད་ཟེར་ལྔ་འབར་བ་ལ་རྩེ་མོ་ན་ཧོ་ཡོད་པ་རྡོ་རྗེ་རྩེ་ལྔ་པའི་ལྕེ་སྟེ་སྦྱོར་བ་ནི་གཞུག་པ་དང་དབྱུང་བའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འབབ་པ་ལ་ཐུག་པའི་དེ་དབྱུང་བའི་རྩ་དེས་བསྐུལ་བའོ། །རིག་མ་ཐམས་ཅད་ལ་རྗེས་སུ་ཆགས་པའི་མཐུ་དེ་རྣམས་ཀྱིས་གསུང་རྡོ་རྗེ་དང་འདྲ་བར་འགྱུར་རོ། །དེའི་རྗེས་ལ་གསང་བ་གསུམ་ནི་སྐུ་ལ་སོགས་པ་གང་གི་ཡིན་པ་དེ་ཡིན་ལ་དམ་ཚིག་ཀྱང་ཡིན་ཏེ་དེ་ནི་སྡོམ་པ་ལ་གནས་པའོ། །ཤིན་ཏུ་དད་པ་ཞེས་པ་ལ་སོགས་པ་བརྒྱུད་ཕྱི་མ་ལས་བརྗོད་པའོ། །མཆོད་པའི་མཆོག་ཀྱང་ཐམས་ཅད་ལས་གཙོ་བོ་ཡིན་པའི་ཕྱིར་ཏེ་མཆོད་པ་དེ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོའི་མཆོད་པའི་རྒྱུར་གྱུར་པ་རྣམས་སོ། །ཡང་དག་པར་མཆོད་པ་ནི་རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྦྱོར་བ་ལས་བྱུང་བའི་དགའ་བ་ཆེན་པོ་ལ་སོགས་པའི་མཆོད་པའོ། །མཆོག་ཏུ་ཟག་པ་མེད་པ་བསྒོམས་པས་ཐུན་མོང་དང་ཅིག་ཤོས་ཀྱི་དངོས་གྲུབ་བསྒྲུབ་པར་བྱའོ། །གང་གི་ཕྱིར་འདི་ནི་དེ་མཆོག་ཏུ་ཟག་པ་མེད་པ་བདེ་བ་ཆེན་པོ་དངོས་གྲུབ་ཐམས་ཅད་ཀྱི་ནང་ན་སྙིང་པོར་གྱུར་པ་གསང་བ་བསྡུས་པའོ། །བརྩོན་འགྲུས་ལྔ་དང་བདུད་རྩི་རྣམས་གང་གིས་གང་གཙོ་བོར་གྱུར་པའི་འབྲས་བུ་དེ་གསུངས་པ། ཤ་ཆེན་ཞེས་པ་ལ་སོགས་པ་སྟེ་གསུམ་ནི་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཏེ་གང་མི་བསྐྱོད་པ་ལ་སོགས་པ་དེ་མཆོག་སྟེ་རྫོགས་པའི་སངས་རྒྱས་བསྒྲུབ་པར་བྱ་བའོ། །བཟའ་བའི་


DTG040_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གྱི་ལྷན་ཅིག་བྱེད་པ་ཉིད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་ཉིད་བསྒྲུབ་པའི་ཕྱིར་གསུངས་པ། རྣམ་པ་ཐམས་ཅད་མེད་ན་ཡང༌། །ཐམས་ཅད་བསམ་པས་རྣམ་པར་བརྟག་སྟེ། རང་གི་སེམས་སོ་སོར་སྣང་བ་ཙམ་ལས་གཞན་པ་བཟའ་བར་བྱ་བ་མ་ཡིན་པ་ལ་སོགས་པ་ཚད་མ་དང་ལུང་གིས་དེ་དང་དེར་སུན་ཕྱུང་བའི་ཕྱིར་རོ། །དམ་ཚིག་དང་སྡོམ་པ་ལ་གནས་པ་རྣམས་ཀྱིས་ཀྱང་མ་རྙེད་ན་འགྱོད་པ་མེད་དོ་ཞེས་འདི་གསུངས་སོ། །གང་འཕགས་པ་གནས་བརྟན་པའི་ལུང་ལས། བཤང་དང་གཅི་བས་དང་ནི། །ཐལ་བ་དང་བཞི་འདི་རྣམས་ནི། །རང་གི་བླངས་ཏེ་བསྟེན་པར་བྱ། །དྲང་སྲོང་ཆེན་པོས་གནང་བ་ཡིན། །ཞེས་སོ། །ལྷན་ཅིག་བྱེད་པ་ཉིད་ཤིན་ཏུ་གསལ་བར་གསུངས་པ་འདིས་ཞེས་པ་ལ་སོགས་པས་སོ། །དཔལ་སངས་རྒྱས་ཐམས་ཅད་ལས། དཀྱིལ་འཁོར་དམན་པར་གྱུར་པ་དང༌། །དམ་ཚིག་སྤངས་པར་གྱུར་པ་ལ་འང༌། །དངོས་གྲུབ་ཅུང་ཟད་གྲུབ་པ་མེད། །གསང་བའི་དེ་ཉིད་མི་ཤེས་པས། །དེ་རྣམས་རྗེས་སུ་སྒྲུབ་པར་བྱེད་པ་ནི་ཇི་ལྟར་ལྷན་ཅིག་བྱེད་པར་འགྱུར་བ་དེ་བཞིན་དུ་བསྟན་པ་གསུངས་པ། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཅན་ཏེ་རང་གི་བདག་པོའི་ལྷའོ། །འཁོར་ལོ་དང་བཅས་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའོ། །དབུ་རྒྱན་ཉིད་རྡོ་རྗེའི་མཆོག་འཛིན་པ་ཡིན་ཏེ། རིགས་ཀྱི་བདག་པོ་ཡང་བསྒོམ་པར་བྱའོ། །སངས་རྒྱས་ཐམས་ཅད་མཉེས་གྱུར་པ་ནི་ཐུགས་ཀའི་ཟླ་བའི་ནང་དུ་ཆུད་པ་དང་དཀྱིལ་འཁོར་པ་རྣམས་སོ་སོ་ལ་དེ་རྣམས་ཀྱིས་སོ། །དམ་ཚིག་མཆོག་གི་སྒྲུབ་པ་པོས་བྱའོ། །གང་གི་ཕྱིར་འདིའི་དམ་ཚིག་ཀྱང་འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ཚུལ་ཡང་ཡིན་ལ། ལམ་གྱི་ལྷན་ཅིག་བྱེད་པ་ཡིན་པས་མཆོག་ཀྱང་ཡིན་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དངོས་གྲུབ་ཐམས་ཅད་གྲུབ་པའི་མཆོག །ལྕེའི་རྩེ་མོར་དམ་ཚིག་བསྒྲུབ་པའི་དོན་དུ་ཟླ་བ་ལ་གནས་པའི་ནས་ཀྱི་ཚད་ཙམ་པའི་རྡོ་རྗེ་དཀར་པོ་སྟེ་དེའི་ལྟེ་བ་ལ་ཡི་གེ་ཧཱུཾ་ཉིད་རྡོ་རྗེ་ཅན་བསྒོམ་པར་བྱའོ། །ཐ་མལ་ལུས་ཀྱི་ཆོས་རྣམས་


DTG040_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དྲི་མ་ལྔ་རྣམས་མཛེས་པ་ནི། །ཡེ་ཤེས་ལྔ་ཡིས་བྱིན་བརླབས་པས། །བདུད་རྩི་ལྔ་ཞེས་བྱ་བར་བཤད། །སྦར་དང་དེ་བཞིན་སྲོད་པ་དང༌། །སྦར་བར་བྱ་དང་གཟུགས་སྣང་བ། །སྔགས་ཀྱི་ལུས་སུ་རབ་སྦྱོར་བས། །བདུད་རྩི་ལྔ་ནི་བཟའ་བར་བྱ། །རྡོ་རྗེ་ཧཱུཾ་ལས་བྱུང་བ་ནི། །བར་སྣང་ལ་གནས་བསམ་པར་བྱ། །ཨཱཿ་ལས་བྱུང་བའི་པདྨ་ནི། །དེ་ཡི་འོག་ཏུ་བསྒོམ་པར་བྱ། །ཡི་གེ་ཨོཾ་མཚན་བདུད་རྩི་ནི། །དེ་ཡི་དབུས་སུ་གཞུག་པར་བྱ། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །སྦར་ནས་ཚིམ་བྱས་རྣལ་འབྱོར་པས། །ཤེལ་དང་མཚུངས་པའི་སྣང་བ་ནི། །ཡེ་ཤེས་ཉི་མ་བཞིན་དུ་མཆོག །ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི། །མཚོན་ཆ་མཆོག་གིས་དྲངས་ནས་ནི། །བདུད་རྩི་དེ་རུ་ཕབ་ནས་ཀྱང༌། །བཟའ་བའི་རྣལ་འབྱོར་གྱིས་བཟའ་བྱ། །བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས། །དེ་བཞིན་དཔའ་བོ་ལྔ་རྣམས་བཟའ། །ཡིག་གསུམ་ས་བོན་ལས་བསྐྱེད་བྱ། །གཞན་དུ་དེ་ནི་འགྲུབ་མི་འགྱུར། །ཞེས་རྒྱུད་ཕྱི་མ་ལས་བརྗོད་པ། །བདུད་རྩི་ལྔའི་སྦྱོར་བ་ཟོས་ན་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་གང་མི་བསྐྱོད་པ་ལ་སོགས་པའི་དེ་ཁོ་ན་ཉིད་ཐོབ་པར་འགྱུར་ཞེས་པ་འདིར་ཤིན་ཏུ་གསལ་བར་ལྷན་ཅིག་བྱེད་པ་ཉིད་དུ་འདི་གསུངས་སོ། །ཨཱཿ་ཡིག་དང་ཨོཾ་ཡིག་གི་དམ་ཚིག་ནི་དེ་དག་པར་བྱ་བའི་ཕྱིར་རོ། །མཚོན་པར་བྱེད་པ་ཡིན་པའི་ཕྱིར་ཡི་གེ་ཧཱུཾ་ཡང་འཕངས་པ་ཡིན་ནོ་ཞེས་ཁ་ཅིག་གོ །ཨཱཿ་ནི་པདྨའི་སྣོད་ཀྱི་ས་བོན་ཡིན་ལ་ཨོཾ་ནི་དེ་བཞིན་གཤེགས་པའི་བདུད་རྩི་འགུགས་པར་བྱེད་པའི་རྒྱུ་ཡིན་ནོ་ཞེས་གཞན་དག་གོ །དེ་གསུངས་པ། །འབར་བའི་ཨོཾ་གྱིས་བྱིན་བརླབས་རླུང་དང་མེའི། །དཀྱིལ་འཁོར་ལ་གནས་རབ་ཏུ་བདུད་རྩི་ལྔ། །དེ་ནས་ཡི་གེ་གསུམ་བཟླས་དཔག་མེད་པའི། །ཐུབ་པའི་དབང་པོ་ནང་དུ་ཆུད་པར་བྱ། །ཡེ་ཤེས་བདུད་རྩིའི་ངོ་བོར་བསམས་ནས་ནི། །ཧཱུཾ་དགོད་རྡོ་རྗེ་ལྕེ་ནི་བཟང་པོ་དང༌། །སྙིང་གའི་ཟླ་བའི་དབུས་སུ་མ་ལུས་པའི། །རྒྱལ་བའི་འཁོར་ལོ་དེས་ནི་ཚིམ་པར་བྱ། །དམ་ཚིག་ཉིད་ནི་རྡོ་རྗེ་ཡིན་ལ་དེ་ཉིད་བདུད་རྩི་ཡིན་ཏེ་དེ་ནི་ཕྲེང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྔ་མ་ནི་གཙོ་བོ་ཡིན་ལ་འདི་ཡང་ཐུན་མོང་གི་འབྲས་བུ་གསུངས་པ་སྟེ། འདི་ནི་སྲོག་ཆགས་ཐམས་


DTG040_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གསད་པ་ལ་སོགས་པ་མི་དགེ་བ་སྤངས་པ་ཉིད་གཟུང་བར་བྱ་སྟེ་གཞན་དུ་ན་ངན་སོང་གི་ལམ་ཉིད་དེ། གང་གསུངས་པ། ནོར་གྱི་དོན་དུ་སྲོག་ཆགས་གསོད། །ཤ་ཡི་དོན་དུ་ནོར་སྦྱིན་པ། །གཉིས་ཀ་སྡིག་པའི་ལས་ཅན་ཕྱིར། །སྔགས་ཀྱི་དངོས་གྲུབ་མི་འགྱུར་རོ། །དེ་གསུངས་པ། སྲོག་ཆགས་གསད་པར་མི་བྱ་སྟེ། །དཀོན་མཆོག་གསུམ་པོ་སྤང་མི་བྱ། །ལྷ་གཞན་ལ་ནི་ཕྱག་མི་བཙལ། །ཡི་གེ་བརྒྱ་པ་བསྒྲུབ་པར་བྱ། །རྡོ་རྗེ་གསུམ་པོ་ཐོབ་འགྱུར་ཕྱིར། །ཞེས་གསུངས་པས་དེ་ཤིན་ཏུ་གཙོ་བོ་ཉིད་དུ་གསུངས་པ། །རྡོ་རྗེ་གསུམ་ཡང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་དེའི་དངོས་གྲུབ་ཉིད་ནི་མཆོག་གོ །དེས་ནི་ཡིད་བཞིན་གྱི་ནོར་བུ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པ་དང་རྒྱ་མཚོ་ཆེན་པོ་བཞིན་དུ་ཡོན་ཏན་རིན་པོ་ཆེ་མ་ལུས་པའི་རྟེན་དུ་ཡང་འགྱུར་བས་རང་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་རྣམ་པ་ལྔ་བྱིན་གྱིས་བརླབ་པའི་འབྲས་བུ་གསུངས་པ། འཇིག་རྟེན་ཞེས་པ་ལ་སོགས་པའོ། །མཆོག་གི་དངོས་གྲུབ་ཀྱི་མཐུ་བོར་ཏེ་ཐུན་མོང་གི་དངོས་གྲུབ་གསུངས་པ་འཁོར་ལོའི་དམ་ཚིག་ནི་འཁོར་ལོའི་རིག་པ་འཛིན་པའོ། །དམ་ཚིག་མཆོག་ཐམས་ཅད་ལ་རྡོ་རྗེའི་རིག་པ་འཛིན་པ་ལ་སོགས་པ་རྣམས་ལས་གང་ཡང་རུང་བའི་གཞན་ཐམས་ཅད་ཀྱི་གཙོ་བོར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་དམ་ཚིག་མཆོག་ཏུ་གྲུབ་པ་ཡིན་ན་རྡོ་རྗེ་སྐུའི་མཐུ་ལས་སོ། །མི་སྣང་བར་གྱུར་པ་ཐམས་ཅད་ལ་གང་ཡང་རུང་བ་ཅིག་གྲུབ་ན་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་ཡིན་པ་དང་གྲུབ་པ་གཞན་རྣམས་ཀྱི་ལྷའི་བུ་མོ་མཆོག་རྣམས་ཕྲོགས་ཏེ་ཕྲོགས་ནས་ཀྱང་ལོངས་སྤྱོད་དོ། །སངས་རྒྱས་ཀྱི་མངོན་པར་ཤེས་པའི་མཐུ་གསུངས་པ་གང་གཱའི་བྱེ་མ་མཉམ་ཞེས་པ་ལ་སོགས་པའོ། །འདི་རྣམས་ཀྱི་དོན་སྐུ་རྡོ་རྗེ་ལ་སོགས་པ་ཡོངས་སུ་རྫོགས་པ་དེ་གྲུབ་པ་ན་སྐུ་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཡིན་པ་གཞན་གྱི་དོན་མ་ལུས་པ་བསྒྲུབ་པ་ལ་སྤྲུལ་པ་སྣ་ཚོགས་པའི་ཐབས་ཀྱིས་འཇིག་རྟེན་གྱི་ཁམས་ཀུན་དུ་སྤྱོད་དོ། །འདི་ཐམས་ཅད་ཀྱིས་ཀྱང་གསུངས་པ། མཐོ་རིས་དང་ཐར་པ་ལ་སོགས་པ་མ་ལུས་པ་རྣམས་ཀྱིས་རང་དང་གཞན་གྱི་


DTG040_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྒྲུབ་པའི་ཕྱིར་འདིར་མཁས་པ་རྣམས་ཀྱིས་ཐོས་པ་ལ་སོགས་པ་ལ་མངོན་པར་བརྩོན་པར་བྱའོ། །འདི་དག་ཐམས་ཅད་ནི་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་གསུངས་པ་བསྙེན་པ་ཞེས་པ་ལ་སོགས་པའོ། །བསྙེན་པར་བྱ་བས་ན་བསྙེན་པ་སྟེ་ཤེས་རབ་ཡིན་ལ་ཡང་དག་པར་རྟོགས་པར་བྱ་བས་ན་དམ་ཚིག་སྟེ་ཐབས་ཡིན་ཞིང་དེ་དག་གི་སྙོམས་པར་འཇུག་པ་ནི་སྦྱོར་བ་སྟེ་དེ་ཡིན་ནོ། །སྒྲུབ་པ་དང་ཉེ་བས་ན་ཉེ་བའི་སྒྲུབ་པའི་སྟེ་དེ་ཉིད་གང་ལས་འབྱུང་བ་ཐམས་ཅད་མཁྱེན་པའི་མཚན་ཉིད་རྣམ་པར་སྨིན་པའི་འབྲས་བུ་འབྱུང་བ་ནི་དེ་ཡིན་ནོ། །འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ་ཧཱུཾ་ཡིག་ལ་སོགས་པ་ཡིན་ལ་དེ་རྣམས་ཀྱི་དོན་དེ་གྲུབ་པ་ནི་ཐུགས་རྡོ་རྗེ་ལ་སོགས་པའི་ངོ་བོ་ཆོས་དང་ལོངས་སྤྱོད་དང༌། །སྤྲུལ་པ་རྣམས་ཀྱིས་སེམས་ཅན་མ་ལུས་པའི་དོན་གྱི་སྒྲུབ་པའི་ངོ་བོ་སྐྱེས་བུ་བྱེད་པའི་ངོ་བོ་ཡིན་ཏེ། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངེས་པར་བྱ་བ་ཉིད་ཀྱིས་འདའ་བར་མི་བྱ་བ་ཡིན་པའི་ཕྱིར་དམ་ཚིག་ཀྱང་ཡིན་ནོ། །ཆེན་པོ་ཡང་ཡིན་ལ་བསྒྲུབ་པ་ཡང་ཡིན་ཏེ་བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་བཀྲུས་པས་དྲི་མ་མེད་པའི་འབྲས་བུ་ཐོབ་པར་བྱེད་པས་ན་དེ་ཉིད་བཞི་པ་ཡིན་ནོ། །བྱེ་བྲག་ནི་ཆུང་དུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་སོ། །སྐུ་རྡོ་རྗེ་ལ་སོགས་པའི་རིགས་ལྔའི་དབྱེ་བས་སོ་ཞེས་གཞན་དག་གོ །ཐུན་མོང་བ་དང་བར་མ་དང་མཆོག་གི་དབྱེ་བས་སོ་ཞེས་གཞན་ནོ། །ཤེས་པར་བྱ་བ་ནི་ཐུན་བཞིར་བསྒོམ་པར་བྱའོ། །དེ་ནས་ཐུན་མཚམས་སུ་ཐུན་མོང་དང་གཞན་གྱི་ལས་རྣམས་ཀྱི་དངོས་གྲུབ་ཀྱི་ངོ་བོ་རྣམས་བསྒྲུབ་པར་བྱའོ། །འདི་དག་ཉིད་གསལ་པོར་གསུངས་པ་བསྙེན་པ་ཡང་གཟུང་བ་དང་འཛིན་པ་སྤངས་པས་དངོས་པོ་མ་ལུས་པའི་རང་བཞིན་མེད་པ་ཉིད་རྟོགས་པའི་ངོ་བོ་ཡིན་ནོ། །ཏིང་ངེ་འཛིན་དུ་བྱེད་པས་ཏིང་ངེ་འཛིན་ཏེ་རང་སངས་རྒྱས་ལ་སོགས་པའི་མྱ་ངན་ལས་འདས་པ་ལ་སོགས་པ་ལ་མངོན་པར་ཞེན་པ་དེའི་གཉེན་པོར་གྱུར་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱི་ཐབས་ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་ལ་དམིགས་པའོ། །དེ་དག་གི་སྦྱོར་བ་ནི་དེ་ཡིན་ནོ། །མཆོག་


DTG040_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཙོ་བོ་ཡིན་པས་སོ། །བསྒོམ་པར་བྱ་སྟེ་བྱང་ཆུབ་མཆོག་ཐོབ་པར་འགྱུར་རོ། །ཉེ་བའི་སྒྲུབ་པ་ཉིད་ནི་དེའི་རྒྱུ་ཉིད་ཡིན་པའི་ཕྱིར་སྒྲུབ་པ་མཆོག་སྟེ་དེར་བྱ་བ་ལ་སྟོང་པ་ཉིད་འདིར་རྡོ་རྗེའོ། །དེའི་རང་བཞིན་རྣམས་ནི་འཕེལ་བར་བྱེད་པས་སྐྱེ་མཆེད་རྣམས་ཡིན་ཏེ་དེ་རྣམས་ཀྱིས་སའི་སྙིང་པོ་ལ་སོགས་པ་ཡང་མཚོན་པར་བྱེད་པ་ཡིན་པས་བཅུ་གཉིས་རྣམས་ཡིན་ཏེ་དྲུག་མོས་པ་ལ་ངེས་པ་མེད་པའི་ཕྱིར་རོ། །རྡོ་རྗེ་སྐྱེ་མཆེད་ཉིད་ཅེས་པ་ལ་སོགས་པ་ནི་གནས་ངེས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྙིང་པོ་ཞབས་ལ་སོགས་པ་རྒྱ་ཆེར་འགྲེལ་པ་བྱེད་པ་ཐམས་ཅད་ཀྱིས་འདི་ལྟར་བཤད་པས་སོ། །སྔར་ཕྱུང་བའི་སའི་སྙིང་པོ་ལ་སོགས་པ་རྣམས་ཇི་ལྟར་རང་གཞུག་པར་འདོད་པའི་ཕྱིར་དང་ཡོངས་སུ་མ་རྫོགས་པར་དགོས་པ་ངེས་པར་སྲིད་པའི་ཕྱིར། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་པས་གང་རྣམས་ཐམས་ཅད་དཔྱད་པ་ཡིན་ནོ། །མིག་ལ་སོགས་པ་རྣམས་ལ་ཡི་གེ་ཀྵི་ལ་སོགས་པ་རྣམས་ཀྱིས་སའི་སྙིང་པོ་ལ་སོགས་པ་རྣམས་སོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ལ་ཡི་གེ་ཛཿ་ལ་སོགས་པ་རྣམས་ཀྱིས་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཡིན་ནོ། །སའི་ཁམས་ལ་སོགས་པ་རྣམས་ལ་ཡི་གེ་ལཾ་ལ་སོགས་པ་རྣམས་ཀྱིས་སྤྱན་མ་སོགས་པ་རྣམས་སོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྣམས་ལ་ཡི་གེ་བྷྲཱུཾ་ལ་སོགས་པ་རྣམས་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱང་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་རྣམས་ཡིན་ནོ། །རྣམ་པ་སྣ་ཚོགས་པས་སྤྲོས་པ་ལ་སོགས་པ་སྔོན་དུ་འགྲོ་བས་རྫོགས་པར་བྱའོ། །སྒྲུབ་པ་ཡང་ཨོཾ་ཡིག་ལ་སོགས་པའི་སྔགས་ལས་བྱུང་བ་སྐུ་རྡོ་རྗེ་ལ་སོགས་པའི་བདག་པོ་རྣམས་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་བསྒོམ་པར་བྱའོ། །སངས་རྒྱས་ཞེས་པ་ལ་སོགས་པས་བསྐུལ་བ་ཡང་གསུངས་སོ། །བསྒྲུབ་པ་ཆེན་པོའི་དུས་སུ་རང་གི་སྔགས་རྡོ་རྗེ་ཅན་གྱི་རང་གི་བདག་པོའི་ལྷ་དེའི་གཟུགས་དེའི་ཡང་དབུ་རྒྱན་དུ་རིགས་ཀྱི་བདག་པོ་བསྒོམས་པས་ཡེ་ཤེས་རྡོ་རྗེ་ཅན་སྒྲུབ་པ་པོས་འགྲུབ་སྟེ་དྲི་མ་མེད་པའི་འབྲས་བུའོ། །སྙིང་གར་མཾ་ནི་ཞེས་པ་


DTG040_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ནས་བརྩམས་ཏེ་ཇི་སྲིད་དུ། སྲིད་པར་ཆགས་པས་སྲིད་མཐའ་ཡས། ཞི་བར་ཆགས་ན་འབྱོར་ཉམས་འགྱུར། །སྒྱུ་མས་བསྙེན་པ་ཡང་དག་བྱས། །ཆོས་དབྱིངས་བདག་ཉིད་ཅན་དུ་འགྱུར། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། བཤེས་གཉེན་དམ་པ་རྒྱུ་མཐུན་བྱས།། སྨིན་ལས་ཐམས་ཅད་མཁྱེན་ཉིད་འགྱུར། །དེས་ནི་མིག་སོགས་བྱིན་བརླབས་པ། །ཉེ་བར་སྒྲུབ་པ་ཡིན་པར་འདོད། །ས་སྙིང་རྡོ་རྗེ་ནམ་མཁའི་སྙིང༌། །འཇིག་དབང་སྒྲིབ་སེལ་གུན་དུ་བཟང༌། །མིག་ལ་སོགས་པ་ཡང་དག་དགང༌། །ས་བོན་དེ་ཡི་སྐྱེས་བུ་བྱེད། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང༌། །འགྲོ་བའི་དོན་ནི་བསྐྱེད་པ་པོ། །ཐུགས་ཀྱི་གསང་སོགས་བྱིན་གྱིས་བརླབ། །དེ་ལས་སྒྲུབ་པའི་དོན་དུ་འགྱུར། །རང་སྙིང་ལྐོག་མའི་སྤྱི་བོའི་ཟླར། །ཧཱུཾ་ཨཱཿཨོཾ་བྱུང་ཡང་དག་གཙོར། །རྡོ་རྗེ་ཆུ་སྐྱེས་འཁོར་ལོ་ཡིས། །དབུས་གནས་ཐུགས་སོགས་གསང་བ་བསྒོམ། །དེ་ཐུགས་ཤེས་རབ་ཡན་ལག་འདུས། །འོད་ཀྱི་གཟུགས་སོགས་རྡོ་རྗེ་ཡི། །འོད་ཀྱིས་ཕྱོགས་དུས་ཀུན་མཆོད་ཅིང༌། །མ་ལུས་གཙོ་ལ་ཁྱབ་པ་ཡིས། །དེ་ནི་མཛད་པ་དོན་རྫོགས་ཏེ། །གང་རྣམས་སྙིང་ལྐོག་སྤྱི་བོར་ཞུགས། །དེ་ནི་ཐུགས་ཀྱི་རྡོ་རྗེ་སོགས། །བྱིན་བརླབས་དེ་ནི་རབ་ཏུ་བསྒྲུབ། །གསང་བ་གསུམ་གྱི་མཚན་ཉིད་ལྟ། །སྒྱུ་མའི་ཤེས་རབ་ཡན་ལག་འདུས། །དབང་འབྲས་ཆུང་དུ་རྣམ་དག་ཕྱིར། །སྒྲུབ་པ་ཆེན་པོ་ཡིན་པར་འདོད། །ཡེ་ཤེས་སེམས་ཐུགས་སྙིང་འོད་ཀྱིས། །ཕྱོགས་བཅུའི་མགོན་པོ་ཡང་དག་བསྐུལ། །དེ་འོད་ལས་བྱུང་རིག་མ་རྣམས། །བདུད་རྩིས་ཆུས་གང་བུམ་བསྣམས་པས། །གཙོ་བོ་དཔལ་ལྡན་རང་དབང་བསྐུར། །རིགས་བདག་ཅོད་པན་དམ་པ་ཡིན། །འདི་རྣམས་དེ་སྲིད་དུ་ཆུང་ངུའི་ཡན་ལག་བཞི་རྣམས་ཐབས་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ཐབས་ཀྱི་ཆ་ལ་བརྟེན་པ་རྣམས་སོ། །བར་མ་ཤེས་རབ་ཀྱི་ཆར་གཏོགས་པ་རྣམས་གང་གསུངས་པ། དེ་བཞིན་རྒྱུ་མཐུན་སོགས་པར་མོས། །རང་འོད་ཤེས་རབ་རྣམ་པར་སྦྱང༌། །ཆེན་པོའི་དཀྱིལ་འཁོར་པར་གཏོགས་པ་རྣམས་གང་གསུངས་པ། འཁོར་ལོ་མིག་དང་སྐུ་སོགས་ཀྱིས། །དབང་བསྐུར་སྔོན་བཞིན་བྱིན་བརླབས་པ། །རྒྱུན་མཐུན་ལ་སོགས་བྱིན་བརླབས་པ། །ཆེན་པོས་དེ་


DTG040_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྒོམ་པར་བྱ། །ཞེས་སོ། །འདི་ཉིད་ནི་དབྱེར་མེད་པའི་རྡོ་རྗེ་ཏིང་ངེ་འཛིན་གསུམ་ལ་ཁྱབ་པར་བྱེད་པའོ། །གང་གསུངས་པ། རྒྱུ་མཐུན་སོགས་ལ་ལྷག་མོས་པས། །ཐིག་ལེ་ཕྲ་མོ་གསང་གསུམ་མོ། །ཆུང་སོགས་དབྱེ་བས་བསྒོམ་པར་བྱ། །དེ་བཞིན་སྦྱོར་བ་བསྙེན་པ་བཞིན། །ཐུན་མོང་པ་དང་མཆོག་གི་དབྱེ་བས་བསྙེན་པ་ནི་རྣམ་པ་གཉིས་སོ། །དེ་ལ་མཆོག་གི་བསྙེན་པ་ནི་ཡེ་ཤེས་ཀྱི་བདུད་རྩི་ཟླ་བ་ཞུ་བ་ཉེ་བར་ལེན་པར་གྱུར་པས་བྱའོ། །རྟག་ཏུ་ནི་ཐམས་ཅད་དུའོ། །ཉིད་ཀྱི་ཚིག་གིས་ནི་སྡུད་པའི་དོན་ཡིན་པས་སྦྱོར་བའི་ཡན་ལག་དྲུག་པོ་རྒྱུད་ཕྱི་མར་བཤད་པས་ཀྱང་ངོ༌། །ཅིའི་ཕྱིར་ཞེ་ན། འདི་ནི་སྔགས་རྣམས་ཐམས་ཅད་ཀྱིས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡི་གེ་ཧཱུཾ་ལ་སོགས་པའི་སྔགས་དང་ཤེས་རབ་དང་ཐབས་ཀྱི་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་དང་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་དོན་ཡང་ཡིན་ནོ།། དེའི་ཕྱིར་སྒྲུབ་པ་པོ་དམ་པ་ཡིན་ནོ། །ཡང་ན་ཞེས་པ་ནི་སྡུད་པ་སྟེ་རྡོ་རྗེ་བཞི་དག་གིས་ཀྱང་ཞེས་རྒྱུད་ཕྱི་མ་ལས་བཤད་པའི་ཐུན་མོང་བའི་བསྙེན་པ་བྱ་སྟེ་བརྟན་པའི་རིག་པ་ལ་སོགས་པའི་བརྟུལ་ཞུགས་ཀྱིས་སོ། །ཡན་ལག་བཞི་པོ་དེ་རྣམས་ཀྱིས་རྡོ་རྗེ་གསུམ་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཤེས་རབ་དང་ཐབས་བདེ་བ་ཆེན་པོ་སྟེ་དེ་དང་ལྡན་པ་རྣམས་ནི་ཐུན་མཚམས་བཞི་རུ་རབ་ཏུ་སྦྱོར་བ་ནི་ཐུན་མོང་བ་དང་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཏེ། གང་གསུངས་པ། ཉི་མ་སོ་སོར་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པ། །གྱུར་ནས་དངོས་གྲུབ་བསྒྲུབ་པར་བྱ། །ཐུན་མོང་མཆོག་གི་དངོས་པོ་ནི། །ཞེས་སོ། །དེ་ལ་ནུབ་མོའི་ཞི་བ་དང་ཉིན་པར་གྱི་དང་པོའི་ཐུན་གྱི་མཐའ་དང་པོའི་ཕྱེད་དག་ནི་དང་པོའོ། །ཉིན་པར་གྱི་ཐུན་གཉིས་པ་དང་གསུམ་པ་དག་གི་མཐའ་དག་གི་མཐའ་མ་དང་པོའི་ཕྱེད་དག་ནི་གཉིས་པའོ། །ཉིན་པར་གྱི་བཞི་པ་དང་མཚན་མོའི་ཐུན་གྱི་མཐའ་དང་དང་པོའི་ཕྱེད་དག་ནི་གསུམ་པའོ། །ནུབ་མོའི་གཉིས་པ་དང་ཐུན་གསུམ་པའི་མཐའ་དང་དང་པོའི་ཕྱེད་དག་ནི་བཞི་པའི་ཐུན་ནོ། །དེ་རྣམས་ལ་མཆོག་ཏུ་སྦྱོར་ནས་རབ་ཏུ་སྦྱོར་བ་སྟེ་ཤེས་རབ་དང་ཐབས་ཀྱི་སྙོམས་པར་འཇུག་པ་དེས་སོ། །རང་འོད་ཀྱི་རིག་མའི་


DTG040_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམ་པ་ལྔ་རྣམས་ནི་མགོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་བརླ་དང་རྐང་པ་ལ་ཐུག་པ་རྣམས་སུ་སོ་སོའི་རྡུལ་ཕྲ་རབ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །ཡེ་ཤེས་རྡོ་རྗེའི་ཡི་གེ་ཨོཾ་ཞེས་པ་ནི་ཉེ་བར་མཚོན་པར་བྱེད་པའི་ཕྱིར། ཡི་གེ་ཧཱུཾ་ལ་སོགས་པའི་ཡེ་ཤེས་རྡོ་རྗེ་ཡང་བསྒོམ་པར་བྱའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་གཅོད་པ་རྣམས་ལ་སྒྲིབ་པར་བྱེད་པའི་ཕྱིར་སྡོམ་པ་ཡིན་ཏེ་རིག་པའི་བརྟུལ་ཞུགས་ཀྱི་མཚན་ཉིད་ཡིན་ནོ། །བློ་དང་ལྡན་པས་དངོས་པོ་མཐའ་དག་གི་དེ་ཁོ་ན་ཉིད་དམིགས་པས་འཇུག་པ་ནི་རྗེས་སུ་བསྒྲུབ་པའོ། །བརྟུལ་ཞུགས་ཆེན་པོས་ཐུན་བཞི་རུ། །གསང་བའི་མཆོད་པ་རབ་ཏུ་བྱ། །ཞེས་བཅུ་དྲུག་པ་ལས་སོ། །དེ་ནས་མཚན་མ་ཐོབ་པས་མྱུར་ཞིང་མགྱོགས་པར་དངོས་གྲུབ་ཐོབ་པར་འགྱུར་རོ། །རྒྱས་པ་ནི་ཟླ་བ་ལ་སོགས་པས་དགེ་བའི་ཚོགས་མ་རྫོགས་པའི་བསོད་ནམས་འཕེལ་བར་བྱེད་པའི་དོན་དུ་ཉིན་པར་དབྱེ་བས་བསྐུལ་བར་ངས་བརྗོད་དོ། །སེམས་བརྟན་པ་ལས་བྱུང་བའི་བསོད་ནམས་ཀྱི་ཚོགས་བསགས་པས་ནི་ཟླ་བ་ཕྱེད་ཀྱི་ནང་དུ་གྲུབ་པར་བཤད་དོ། །གང་དུ་ཞེ་ན། གསང་བ་ཡང་ཡིན་པས་གང་ལས་དཔལ་རྡོ་རྗེ་སེམས་དཔའ་འབྱུང་བ་དེ་དཔལ་གསང་བ་འདུས་པ་དེར་རོ།། ཉེ་བའི་བསྒྲུབ་པ་ཉིད་ནི་སྡོམ་པའོ། །བདེ་བ་སྐྱེད་པར་བྱེད་པ་དང་རང་གི་རྣམ་པར་གཏོད་པ་དག་ལས་ཡུལ་གང་ཡིན་པ་བསྒྲུབ་པ་ཡན་ལག་སྟེ་དེ་དེ་བཞིན་ནོ། །སངས་རྒྱས་ཀྱི་སྤྲུལ་པའི་སྐུ་དེའི་བདག་ཉིད་དུ་འཛིན་པར་བྱེད་པས་དེ་འཛིན་པའོ། །སྐུ་རྡོ་རྗེ་ལ་སོགས་པ་གསུམ་རྣམས་ཀྱི་སྟོང་པ་ཉིད་ཀྱིས་དབྱེར་མེད་པར་བསྒོམས་པས་བྱིན་གྱིས་བརླབ་པར་བྱེད་པ་ནི་སྐུ་རྡོ་རྗེ་སྟེ་དེའི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་འཁོར་ལོའི་ཟླ་བའི་ཨོཾ་ཡིག་ལས་ཕྱུང་སྟེ་སེམས་ཅན་གྱི་དོན་མ་ལུས་པ་བྱས་པ་ལ་དེ་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པས་མཆོད་པ་དེའི་བྱིན་གྱིས་རློབ་པས་བྱོན་ཏེ་དེ་ཉིད་དུ་ཐིམ་པ་ནི་བརྟན་པའི་དངོས་པོ་སྟེ་དེ་ཉིད་ཕུན་སུམ་ཚོགས་པ་མ་ལུས་པའི་རྟེན་ཡིན་པའི་ཕྱིར་གནས་སོ། །དེ་ལ་དེང་ནི་དེ་ལྟ་སྟེ་བདག་ནི་ཁོ་བོའི་སྐུ་རྡོ་རྗེར་མཛོད་ཅིག །གསོལ་བ་གདབ་པ་གཉིས་པའི་རྗེས་ལ་ཕྱོགས་བཅུ་རྣམས་སུ་སེམས་ཅན་གྱི་དོན་མ་ལུས་པ་


DTG040_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་ཆེད་དུ་ཞུགས་པ་གང་རྣམས་ཐོག་མ་དང་ཐ་མ་མེད་པའི་སངས་རྒྱས་དེ་རྣམས་དང༌། དེ་ཡང་གསོལ་བ་གདབ་པ་དང་པོའི་རྗེས་ལ་རྣལ་འབྱོར་པ་དེས་སྐུ་རྡོ་རྗེ་མཚོན་པར་བྱས་པ་དེ་ཉིད་དུ་བྱོན་ནས་བྱིན་གྱིས་བརླབས་པའི་གནས་མཛད་པ་རྣམས་དང་དེའི་འབྲས་བུ་གསུངས་པའོ། །སྒྲུབ་པ་ཡང་ཡིན་ལ་སྡོམ་པ་ཡང་ཡིན་ཞིང་ཡུལ་ཡང་ཡིན་ནོ། །ཆོས་ནི་གསུང་རྡོ་རྗེ་ཡིན་ལ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པའི་ཕྱིར་གསུང་གཙོ་བོ་ཡིན་ལ་འབྲས་བུ་དང་བཅས་པའི་ཐེག་པ་ཆེན་པོའི་མཚན་ཉིད་རྣམས་ཀྱི་ལམ་སྟོན་པ་པོའོ། །གང་གི་ལམ་ལས་བྱུང་བའི་ངག་གིས་བྱིན་གྱིས་བརླབས་པའི་གནས་དེ་ལ་དེ་སྐད་ཅེས་བྱའོ། །སྒྲུབ་པ་ཆེན་པོའི་སྡོམ་པ་བསྒོམ་པའི་ཡུལ་སྔར་བཞིན་དུ་བསྒྲུབ་པ་ཡིན་ནོ། །ཐུགས་རྡོ་རྗེ་ནི་ཆོས་ཀྱི་ཡིན་ཏེ་ལྷག་མ་ནི་སྔར་བཞིན་ནོ། །དེ་ལྟར་བྱིན་གྱིས་རློབ་པར་གསོལ་བ་བཏབ་པའི་ངེས་པ་ཉིད་ཀྱིས་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབ་པར་མཛད་ཅེས་པ་ནི་རྣལ་འབྱོར་པ་རྣམས་བརྟན་པ་བསྐྱེད་པ་ཡིན་པར་སངས་རྒྱས་ཞེས་པ་ལ་སོགས་པས་གསུངས་སོ། །གཏི་མུག་གི་བདག་ཉིད་ནི་རྟོག་པ་མེད་པར་ཡང་ཡོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྦྱོར་བའི་དམ་ཚིག་ཉིད་བསྒྲུབ་པ་སྟེ་མཆོག་ཡིན་ལ་དེ་སྟོན་པར་བྱེད་པའང་དེ་བཞིན་ནོ། །དཔལ་གསང་བ་འདུས་པའི་རྒྱན་ལས་ལེའུ་བཅུ་གཉིས་པའོ།། །།


previousལེའུ་བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྦྱོར་བ་དམ་ཚིག་སྒྲུབ་པ་མཆོག་ངེས་པར་བསྟན་པའི་བཤད་པ།next