Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཞི་བཅུ་པ།


  expand section
   
   
  collapse section
   
   
   
   
   
ལེའུ་ལྔ་པ། ཀུན་དུ་སྤྱོད་པའི་མཆོག་གི་བཤད་སྦྱར།
   
   
   
   
   
   
   
   


 
previousལེའུ་ལྔ་པ། ཀུན་དུ་སྤྱོད་པའི་མཆོག་གི་བཤད་སྦྱར།next

ལེའུ་ལྔ་པ། ཀུན་དུ་སྤྱོད་པའི་མཆོག་གི་བཤད་སྦྱར།


DTG040_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མཆོག་གི་ཐབས་བཞི་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེའི་མཚན་ཉིད་ནི། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །བསྟན་པ་དག་ནི་སྒྲུབ་ཆེན་པོ། །ཞེས་བྱ་བ་སྟེ་དཀྱིལ་འཁོར་གྱི་བདག་པོས་དཀྱིལ་འཁོར་པ་རྣམས་བསྟན་ཅིང་ཕྱུང་བའི་མངོན་པར་རྟོགས་པ་ནི་སྒྲུབ་པ་ཆེན་པོའོ། །དེ་ཡང་ལེའུ་དང་པོ་ལ་སོགས་པ་རྣམས་སུ་གསུངས་སོ། །འདིར་གཉིས་སུ་མེད་པའི་ཡེ་ཤེས་ནི་འདིར་བྱང་ཆུབ་བོ། །དེ་རྙེད་པ་ནི་སངས་རྒྱས་སོ། །དེ་ལ་མོས་པ་བརྟན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་བསྟན་པ་ནི་མཛད་པ་གང་ཡིན་པ་ཤིན་ཏུ་གསང་བའི་སྤྱོད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དམ་ཚིག་གི་སྒྲུབ་པ་ཆེན་པོ་སྟེ་ཐབས་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ཡང་ལྔ་པ་དང་དགུ་པ་མཐའ་དག་དང༌། །བཅུ་བདུན་པ་ལ་སོགས་པའི་ཕྱོགས་ཀྱིས་སྟོན་ཏེ། དེ་ལས་ལེའུ་འདིའི་དོན་ནི་ཀུན་དུ་སྤྱོད་པ་ཡིན་ཏེ། དེ་ཡང་ལེའུ་བཅོ་བརྒྱད་པ་ལས་གསུངས་པ། ཤེས་རབ་ཐབས་ལས་བྱུང་བ་ཡི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལུས། །ཞེས་བྱ་བ་ནས། ཐམས་ཅད་སེམས་ལ་གང་སྤྱོད་པ། །ཀུན་དུ་སྤྱོད་པར་བསྟན་པ་ཡིན། །ཞེས་བྱ་བའི་བར་དུའོ། །དེ་ཉིད་ཀྱི་སྐབས་དབྱེ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་རྐང་པ་དྲུག་པའི་ཚིགས་སུ་བཅད་པ་འདིས་བཅོམ་ལྡན་འདས་ཀྱི་ཁྱད་པར་བསྟན་པའི་སྒོ་ནས་ལྷག་པར་མོས་པའི་སྤྱོད་པ་གང་ཡིན་པ་དེ་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་སངས་རྒྱས་རྣམས་ཀྱི་སྐུ་ནི་རྡོ་རྗེ་འཛིན་པ་སྟེ། དེ་ཡང་ནམ་མཁའ་ཡིན་ནོ། །གསུང་ནི་དེ་ཉིད་རིག་པ་སྟེ་ནམ་མཁའི་ཁམས་སོ། །ཐམས་ཅད་དེ་དག་ལས་སྐྱེས་པ་ཉིད་གང་ཡིན་པ་དེར་ལྷག་པར་མོས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐུགས་ནི་ཐོག་མ་མེད་པའི་སེམས་སོ། །སྐུ་ལ་སོགས་པ་ཐུགས་དེ་ལས་བྱུང་བ་ནི་ཐུགས་ཀྱི་རྡོ་རྗེ་སྟེ། དེ་འཛིན་པ་ནི་དེ་བཞིན་དུ་ལྷག་པར་མོས་པས་ཐུགས་ཀྱི་རྡོ་རྗེ་འཛིན་པའོ། །རྒྱལ་པོ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་གོ་ཞེས་བྱ་བ་ལ། ཕྱི་རོལ་གྱི་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཀྱི་ལྷ་མོ་བཞིའོ། །གཞལ་ཡས་ཁང་དང་ཡུལ་དྲུག་གི །ལྷ་མོ་དྲུག་གི་ཡུལ་དེ་དག་ནི། །


DTG040_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཏེ་དེའི་དབང་ཕྱུག་གོ །དཀྱིལ་འཁོར་བ་གསུངས་པ། ཀུན་མཆོག་ཅེས་བྱ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་འདི་ལ་ཡོད་པ་སྟེ། སངས་རྒྱས་ཐམས་ཅད་ལ་བསྡུས་པའི་སངས་རྒྱས་ལྔ་ནི། འདིའི་ཕྱུང་པོ་ལྔ་རྣམས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསྡུས་པའི་བྱང་ཆུབ་སེམས་དཔའ་དྲུག་ནི་འདིའི་མིག་ལ་སོགས་པ་སྐྱེ་མཆེད་དྲུག་ཡིན་པས་སོ། །སྤྱོད་པ་ཀུན་ནི་ཀུན་དུ་སྤྱོད་པ་སྟེ་དེ་ཉིད་མཆོག་གི་ཆོས་ཏེ་ལམ་གྱི་དམ་པ་ཡིན་པས་སོ། །དེ་ཉིད་ཉམས་སུ་བླང་བར་བྱ་བའི་དོན་ཡིན་པས་དེ་སྐད་ཅེས་བྱའོ། །སྤྱོད་པའི་མཚན་ཉིད་ནི་ཀུན་དུ་སྤྱོད་པའི་རང་བཞིན་ཏེ། བཀའ་སྩལ་པ་ནི་གསུངས་པར་གྱུར་པའོ། །དེ་ཅི་ཞིག་ཅེ་ན། རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷའི་རང་བཞིན་ཡིན་པས་ན་རྣམ་པར་མི་རྟོག་པའོ། །དོན་ནི་དངོས་པོ་ཐམས་ཅད་དོ། །དེ་ལས་བྱུང་བ་ནི་གང་དག་རྫོགས་པའི་ངོ་བོ་ཉིད་དུ་ལྷག་པར་མོས་པ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ནི་རྫོགས་པའི་རིམ་པའོ། །ཇི་སྟེ་དངོས་པོ་གང་ཞིག་གང་དུ་ལྷག་པར་མོས་པར་བྱ་ཞེ་ན། འདི་ལ་ཕ་དང་མ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུའོ། །དེ་དག་གི་ཁུ་བ་ནི་སྤྲོས་པ་མེད་པའི་བྱང་ཆུབ་ཀྱི་སེམས་སུའོ། །བདག་ཉིད་ནི་དེ་ཡོངས་སུ་གྱུར་པའི་དཀྱིལ་འཁོར་གྱི་བདག་པོར་རོ། །རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་རྣམས་ཀྱི་ཆོས་ཉིད་ནི་དེ་རྣམས་ཀྱི་རིག་པ་རྣམས་སུའོ། །གཟུགས་ལ་སོགས་པ་དྲུག་ནི་མཆོད་པའི་ལྷ་མོ་དྲུག་གི་རང་བཞིན་དུའོ། །ཕྱི་རོལ་ལ་སོགས་པ་རྣམས་ནི་ལྷ་མོ་བཞིའི་བདག་ཉིད་ཀྱི་གཞལ་ཡས་ཁང་ཆེན་པོའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །འདོད་ཆགས་ཞེ་སྡང་གཏི་མུག་རིགས། །ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པ་རྣམས་ཀྱིས་ཁྱབ་པར་ཡང་དང་ཡང་དུ་མངོན་དུ་བྱས་ཏེ། དེ་ལ་བདག་ཉིད་ཀྱི་ཕུང་པོ་དང་སྐྱེ་མཆེད་རྣམས་དང་རང་གི་རིག་མ་ལ་ཀུན་དུ་འཁྱུད་པར་མོས་པས་གཟུགས་ལ་སོགས་པ་འཛིན་པ་ནི་གཏི་མུག་གོ །གཉིས་ཀྱི་རྣམ་པར་རྟོག་པ་རྣམས་ནུབ་པ་ནི་ཞེ་སྡང་ངོ༌། །གཉིས་སུ་མེད་


DTG040_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེ་བའི་རོ་མྱོང་བ་ནི་འདོད་ཆགས་སོ། །དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་ནི་རབ་མཆོག་སྒྲུབ་པར་བྱེད་པ་སྟེ། སངས་རྒྱས་ཉིད་དུ་སྒྲུབ་པའོ། །དེ་ཅི་ཞིག་ཅེ་ན། ཐེག་པའི་མཆོག་ནི་བླ་ན་མེད་པ་སྟེ། སངས་རྒྱས་ཉིད་ཀྱི་བྱང་ཆུབ་ཀྱི་ལམ་དམ་པ་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །མཉམ་པར་མ་བཞག་པའི་སེམས་ལ་ཀུན་དུ་སྤྱོད་པ་མ་ཡིན་ནམ། དེ་ཡང་དཀའ་བ་ཡིན་པ་དེ་བས་ན་འདིའི་ཕན་ཡོན་ཅི་ཡིན་ཞེ་ན། རིགས་ངན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྐྱེ་བ་གཅིག་གམ་སྐྱེ་བ་བརྒྱུད་པ་དེ་ནི་རིགས་ངན་ཡིན་ཏེ་གསད་བྱ་གསོད་པར་བྱེད་པའོ། །སྨྱིག་མ་མཁན་ནི་སྨྱིག་མའི་ལས་བྱེད་པས་ན་མདའ་མཁན་དང་མདས་ལས་བྱེད་པ་སྟེ་རྔོན་པའོ། །སོགས་པའི་སྒྲས་ནི་ཉ་བ་ལ་སོགས་པ་འཚེ་བ་བྱེད་པ་གཞན་དག་ཀྱང་གཟུང་ངོ༌། །བུད་མེད་རྣམས་ལ་ཆགས་ཤིང་བརྒྱལ་བ་ནི་བདག་ཉིད་གསོད་པ་ཡིན་ཏེ། དེ་དག་ལ་གསོད་པའི་དོན་གྱི་བྱ་བ་ཡོད་པས་གསོད་པའི་དོན་ཅན་ཏེ། ཤིན་ཏུ་ཡང་ཆགས་པ་ཅན་ཞེས་བྱ་བའི་དོན་ཏོ། །དོན་ནི་ནོར་དང་བུ་ལ་སོགས་པའོ། །གང་ལ་དོན་ཉིད་ལ་སེམས་པ་ཡོད་པ་དེ་ནི་དོན་གཉེར་སེམས་པ་རྣམས་ཏེ། གཏི་མུག་ཆེན་པོ་རྨོངས་པ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲའི་དོན་ནི་རིམ་པ་གཞན་དུ་སྦྱར་བ་ཡིན་ཏེ། རིགས་ངན་སྨྱིག་མ་མཁན་ལ་སོགས་ཀྱང་སྟེ། །ཞེ་སྡང་དྲག་པ་དང་གསོད་དོན་དང་དོན་གཉེར་སེམས་པ་ཡང་སྟེ། འདོད་ཆག་དང་གཏི་མུག་དྲག་པ་ཡང་གྲུབ་པར་འགྱུར་རོ། །ཐེག་ཆེན་བླ་ན་མེད་པ་སྟེ་སྒྲུབ་པ་ཆེན་པོའོ། །ཐེག་མཆོག་འདི་ལ་སྟེ། དཔལ་གསང་བ་འདུས་པ་ལ་ཀུན་དུ་སྤྱོད་པ་ཉིད་ཀྱིས་དེ་རྣམས་ཀྱི་ཉོན་མོངས་པའི་སྒྲུབ་པ་ཟད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །སེམས་ཅན་མཚམས་མེད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ན་འཕགས་པའི་ཆོས་རྣམས་ལ་སྒྲིབ་པ་ནི་གསུམ་སྟེ་དེ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རོ། །དེ་ཡང་ཉོན་མོངས་པའི་དབང་ཤིན་ཏུ་དྲག་པ་ནི་ཉོན་མོངས་པའི་སྒྲིབ་པའོ།། མཚམས་མེད་པ་ལ་སོགས་པའི་ལས་ནི་ལས་ཀྱི་སྒྲིབ་པའོ། །དམྱལ་བ་ལ་སོགས་པར་སྐྱེ་བ་ནི་སྐྱེ་བའི་སྒྲིབ་པའོ། །མཚམས་མེད་པ་ནི་བར་དུ་གཅོད་པར་མི་ནུས་པ་ཡིན་ཏེ། འཆི་མ་ཐག་ཉིད་དུ་འབྱུང་བའི་ཕྱིར་རོ། །མཚམས་མེད་པ་དེ་ཡང་རྣམ་པ་ལྔ་སྟེ། ཕ་གསོད་པ་དང༌། མ་གསོད་


DTG040_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དགྲ་བཅོམ་པ་གསོད་པ་དང༌། དགེ་འདུན་གྱི་དབྱེན་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །སོགས་པའི་སྒྲས་ནི་དམ་པའི་ཆོས་སྤང་བ་ལ་སོགས་པ་དང༌། མཚམས་མེད་པ་དང་ཉེ་བ་རྣམ་པ་ལྔ་གཟུང་སྟེ་ཇི་སྐད་དུ། མ་དགྲ་བཅོམ་མ་སུན་བྱས་དང༌། །བྱང་ཆུབ་སེམས་དཔའ་དེས་གནས་དང༌། །སློབ་མ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །དེ་བྱེད་པའི་ཕྱིར་དེ་སྐད་ཐ་སྙད་འདོགས་སོ། །མཚམས་མེད་པ་ལ་སོགས་པ་སྡིག་པ་ཆེན་པོ་བྱེད་པ་སྟེ། སྡིག་པ་ཆེན་པོ་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གསང་བ་འདུས་པའི་སྒྲུབ་པ་ཆེན་པོ་འདི་ལ་འགྲུབ་པར་འགྱུར་ཏེ། ཀུན་དུ་སྤྱོད་པ་ཉིད་ཀྱིས་དེ་རྣམས་ཀྱི་ལས་ཀྱི་སྒྲིབ་པ་ཟད་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གང་ཡང༌། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བ་འང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གང་གསུངས་པ་དེ་ནི་འདི་ལྟ་བུའི་གཉེན་པོའི་ཕྱོགས་བསྒོམ་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །འདིས་ཀྱང་ཟད་པར་མི་འགྱུར་བའི་ལས་ཀྱི་སྒྲིབ་པ་ཤིན་ཏུ་ལྕི་བ་གཅིག་ཉིད་ཡོད་པ་གང་ཡིན་པ་དེ་ནི། སྙིང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འོངས་ནས་སྤྱོད་པའི་ཕྱིར་སློབ་དཔོན་ཏེ། གསང་སྔགས་ཀྱི་ཐེག་པ་འདི་ལ་ཡང་དག་པར་དབང་བསྐུར་བ་དང༌། རྗེས་སུ་གནང་བ་དང་ཡང་དག་པ་གང་ཡིན་པ་དེ་ནི་སློབ་དཔོན་ནོ། །འདིར་གང་ལ་སྔགས་སམ་ཏིང་ངེ་འཛིན་ཡང་དག་པ་གཅིག་སྟོན་པ་གང་ཡིན་པ་དེ་ཡང་དེའི་སློབ་དཔོན་ཡིན་ནོ། །སློབ་དཔོན་དེ་ལ་ཡང་དང་ཡང་དུ་སྨོད་པར་བྱེད་པ་དང་དེས་ཀྱང་དགའ་བར་བྱེད་ཀྱི་འགྱོད་པར་ནི་མི་བྱེད་པ་དང༌། ཆོས་བཞིན་དུ་ཕྱིར་འཆོས་པར་མི་བྱེད་པ་གང་ཡིན་པ་དེ་ནི་སྙིང་ནས་སློབ་དཔོན་སྨོད་པ་སྟེ། དེ་ནི་སྒྲུབ་པ་གསུམ་ཆར་ལ་ཡང་འགྲུབ་པར་མི་འགྱུར་རོ། །འཕགས་པའི་ཆོས་འདི་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཟད་པ་རྣམས་ལ་འཕགས་པའི་ཆོས་སྐྱེ་བར་འགྱུར་གྱི་མ་ཟད་པ་ལ་ནི་མ་ཡིན་ནམ།


DTG040_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཡང་སྒྲུབ་པ་དང༌། ཉེ་བར་སྒྲུབ་པའི་འབྲས་བུ་ཡིན་ལ་དེ་དག་ཀྱང་རྟོགས་ནས་ཕྱིས་སྒྲུབ་པ་པོ་སྒྲུབ་པ་ཆེན་པོ་ལ་འཇུག་པར་བྱེད་པ་ཡིན་པ་དེའི་ཕྱིར་དེའི་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་ཅིའི་ཕྱིར་ཀུན་དུ་སྤྱོད་པས་དེ་དག་ཟད་པ་ཡིན་ཞེས་སྨྲ་སྟེ་དེ་ལྟར་ཡིན་མོད་ཀྱི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་པ་དེ་དག་ཉིད་ནི་སོ་སོའི་སྐྱེ་བོས་ཀྱང་ཚོགས་ཉེ་བར་བསགས་པར་བྱ་བའི་ཕྱིར་ནུས་པ་ཇི་ལྟ་བ་བཞིན་དུ་ཀུན་དུ་སྤྱོད་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི་ཐབས་ཀྱི་ཕན་ཡོན་གསལ་བར་བྱེད་པ་ཡིན་པར་བལྟ་བར་བྱའོ། །འོ་ན་ཇི་ལྟར་ན་ཀུན་དུ་སྤྱོད་པ་སྒྲུབ་པ་ཆེན་པོ་ཡིན་ཞེ་ན། ཐབས་ཆེན་པོ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཤིན་ཏུ་གསང་བ་ཡིན་ཞེ་ན། བདག་ཉིད་ཀྱི་ནུས་པ་མི་ཤེས་པར་སྒྲ་ཇི་བཞིན་པར་འཛིན་པ་རྣམས་དོན་མེད་པར་བྱེད་པས་སོ། །དེ་ལྟར་ཡིད་ཀྱིས་ཀུན་དུ་སྤྱོད་པའི་ཉོན་མོངས་པ་རྣམས་མིང་གིས་བསྟན་ནས་ད་ནི་ལུས་དང་ངག་གི་ཉེས་པ་ཀུན་དུ་སྤྱོད་པའི་མིང་གིས་བསྟན་པའི་ཕྱིར་སྲོག་གཅོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །འདི་ནི་དམ་ཚིག་རྣམ་པ་བཞི་སྟོན་པ་ཡིན་ནོ། །དེ་ཡང་ཚིགས་སུ་བཅད་པ་གསུངས་པ། སྟོང་ཉིད་སྟོན་པ་བརྫུན་ཡིན་ཏེ། །གཞན་དག་ཀྱང་ནི་འདི་བརྗོད་པ། །རིག་པ་རྟེན་དང་སེམས་ཞུ་དང༌། །ཞུ་བ་དེ་ནས་ལེན་པའོ། །ཤིང་དང་བོང་བ་ལ་སོགས་པ་ལྷའི་བདག་པོ་ཉིད་དུ་རྣམ་པར་རྟོག་པས་མོས་པར་བྱས་ཏེ་སྣང་བ་མེད་པར་བྱས་པའི་ཕྱིར་སྲོག་གཅོད་པའོ། །རྣམ་པར་རྟོག་པའི་ངོ་བོ་ཉིད་ཀྱིས་བདེན་པ་མ་ཡིན་པའི་རྣམ་པར་རྟོག་པའི་དོན་ཡང་དག་གི་དོན་ཡིན་ནོ་ཞེས་ཡང་དག་པར་ཤེས་པ་ལ་སྨྲ་བ་ཐམས་ཅད་ནི་བརྫུན་དུ་སྨྲ་བའོ། །དེ་ལ་དགའ་བ་ནི་མངོན་པར་བརྩོན་པའོ། །བདག་ཉིད་ཀྱི་ཕུང་པོ་དང་སྐྱེ་མཆེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔར་མོས་པར་བྱས་ཏེ་དེ་དག་ལ་ཕུལ་ནས་ལོངས་སྤྱོད་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་ཕྱིར་གཞན་གྱི་ནོར་ལ་ཆགས་པའོ། །རིག་པ་ལ་ཉེ་བར་ལོངས་སྤྱོད་པ་ནི་འདོད་པར་སྤྱོད་པའོ། །བཤང་གཅི་ནི་བཤང་བ་ལ་སོགས་པ་ལྔའོ། །དེ་དག་ལ་དེ་དག་ཉིད་ཟ་བར་བྱེད་པའི་དོན་ཡོད་པས་ན་དེ་སྐད་ཅེས་བྱ་བ་སྟེ། བཟའ་པར་བྱ་བ་ཐམས་ཅད་ལ་ལྔ་པོར་མོས་ལ་ཡེ་ཤེས་ལྔའི་བདུད་རྩི་ཉིད་དུ་མོས་པར་བྱས་ནས་ནང་གི་དཀྱིལ་འཁོར་


DTG040_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་དག་སྦྱིན་སྲེག་བྱེད་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ལ། དེ་དག་ཉིད་སྣོད་དུ་འགྱུར་བའི་སྒྲུབ་པའི་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་གྲུབ་པ་ལ་སྐལ་པ་དང་ལྡན་པ་སྟེ། སྐད་ཅིག་མ་རེ་རེ་ལ་བསོད་ནམས་དང་ཡེ་ཤེས་མཐའ་ཡས་པ་ཉེ་བར་བསགས་པའི་ཕྱིར་དང་དམ་ཚིག་ལས་མ་འདས་པའི་ཕྱིར་རོ། །དེ་ནས་འདོད་བྱ་དེ་གང་ཡིན་ཞེ་ན། མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་མཆོག་དང་པོའི་རིག་མ་ནི་མའོ། །ལྷན་ཅིག་སྐྱེས་པའི་རིག་མ་ནི་སྲིང་མོའོ། །དཀྱིལ་འཁོར་དུ་སྤྲོས་པ་ནི་བུ་མོ་སྟེ། དེ་དག་ལ་མཉེས་པར་བྱ་སྟེ། དེའི་དེ་དག་གི་ཐབས་ཀྱི་ལྷ་ཉིད་དུ་ང་རྒྱལ་བྱེད་ཅིང་རང་གི་རིག་མ་ལ་དེ་རྣམས་བཅུག་པའི་ཕྱིར་རོ། །ཐེག་ཆེན་མཆོག་གི་ཆོས་ཉིད་དེ། །ལམ་གྱི་མཆོག་སྒྲུབ་པ་པོ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། གསང་བ་འདུས་པའི་སྒྲུབ་པ་ཆེན་པོར་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་རྒྱ་ཆེན་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའོ། །ཐོབ་པ་ནི་རྙེད་པར་གྱུར་པའོ། །དེས་དེ་རྣམས་ཀྱི་ནང་དུ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །ངང་གི་སྒྲས་ནི་བྱང་ཆུབ་སེམས་དཔའ་རྣམས་གཟུང་ངོ༌། །གཙོ་བོ་ཞེས་བྱ་བ་ནི་མཆོག་གི་བླ་མ་རྣམས་ཏེ་རིག་པའི་བརྟུལ་ཞུགས་དང་ལྡན་པའི་རིགས་ཀྱི་རིག་པ་ཞེས་བྱ་བའི་དོན་ཏོ། །ཡུམ་དག་ལ་ཞེས་བྱ་བ་ནི་སྐྱེད་པར་མཛད་པ་ལའོ། །རྣམ་པར་མི་རྟོག་བློ་ཅན་གྱིས། །ཞེས་བྱ་བ་ནི་དེ་ཉིད་ཀྱི་རྣམ་པར་རྟོག་པ་ཟད་པའི་ཕྱིར་དང་ཡང་དག་པའི་ཡེ་ཤེས་ཉེ་བར་བསྔགས་པའི་ཕྱིར་རོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་ལ་མཉེས་པར་བྱས་པ་ནི་བསྒོམ་པ་ཉིད་ཡིན་པ་དེ་བས་ན་མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་དང་ཡང་དག་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྡིག་པ་རྣམས་ཀྱིས་ཀྱང་མི་གོས་ཏེ་དེ་ཉིད་ཀྱི་སྡིག་པ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་འདི་བསྟན་པའི་རྗེས་ཐོགས་ལའོ། །སྒྲིབ་པ་ནི་འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། གཉིད་དང༌། རྨུགས་པ་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་སྟེ་ལྔའོ། །དེ་དག་ཐམས་ཅད་རྣམ་པར་སེལ་བར་མཛད་པས་ན། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །རྨད་དུ་གྱུར་པ་ནི་ཤིན་ཏུ་ངོ་མཚར་དུ་གྱུར་པའོ། །འདིར་


DTG040_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་དང་རྨད་དུ་སྟོན་པའི་ཚིག་ཉིད་དུ་དེ་སྐད་ཅེས་བྱའོ། །དེར་གྱུར་པ་ནི་དེ་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱི་ཚིག་དེ་ཉིད་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་སླད་དུ་སྒྲ་ནི་ཐེ་ཚོམ་མོ། །ཚིག་ངན་པ་ནི་ཆོས་མ་ཡིན་པ་དང་ལྡན་པའོ། །གསུང་ནི་བཀའོ། གང་ལ་དེ་གསུངས་ཤིང་བརྗོད་པ་མངའ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ་ཆོས་མ་ཡིན་པ་དེ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཅིའི་སླད་དུ་ཆོས་མ་ཡིན་པ་གསུངས་ཞེས་བྱ་བ་ནི་ངོ་མཚར་ཏེ། དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །དེ་ཡང་ཅིའི་སླད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་དུ་གསུངས་ཞེས་བྱ་བ་ནི་རྨད་དུ་གྱུར་པ་སྟེ། དེ་ལྟ་བུ་ཤིན་ཏུ་མི་སྲིད་པའི་ཕྱིར་རོ། །དེ་ལ་སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་མང་པོ་ཐེ་ཚོམ་གྱི་རང་བཞིན་ཅན་གྱི་ངོ་མཚར་དང་རྨད་དུ་གྱུར་པ་སྟེ་ཐེ་ཚོམ་སྐྱེ་བར་འགྱུར་རོ། །དེ་རྣམས་ཀྱི་ཐེ་ཚོམ་བསལ་བར་བྱ་བའི་ཕྱིར་དེའི་བསམ་པ་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པས་དེ་སྐད་དུ་གསོལ་བ་ཡིན་གྱི་རང་ཉིད་དེ་དག་ལ་ཐེ་ཚོམ་ཡོད་པ་ཡང་མ་ཡིན་ལ། དག་གི་ཉེས་པར་སྤྱོད་པ་ཡང་མ་ཡིན་ཏེ། འཕགས་པ་ཉིད་ཡིན་པའི་ཕྱིར་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་དགོངས་པ་ཅན་གྱི་ཆོས་ཀྱི་དོན་མཁྱེན་པའི་ཕྱིར་རོ། །ཅིའི་ཕྱིར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པས་དེ་སྐད་ཅེས་གསོལ་ཞེ་ན། ཐེ་ཚོམ་རྣམ་པར་སེལ་བ་ལ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཉིད་གཙོ་བོ་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ་རྣམས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེའི་རབ་ཏུ་དབྱེ་བ་ནི་གཏི་མུག་ལ་སོགས་པའོ། །དེ་ལས་སྐྱེས་པ་ནི་རིགས་ཀྱི་བུའོ། །ཐོང་ཞེས་བྱ་བ་ནི་བཟློག་པའོ། །འདི་ཉིད་ཀྱི་བཤད་པ་ནི་དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་སྟེ། འདི་ནི་ཆོས་མ་ཡིན་ནོ་ཞེས་མ་སྨྲ་ཤིག་ཅེས་བྱ་བའི་དོན་ཏོ། །འོ་ན་འདི་ཅི་ཡིན་ཞེ་ན། སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་ལམ་ཡིན་ལ་ཆོས་ཁོ་ན་ཉིད་དེ་ཏིང་ངེ་འཛིན་གྱི་རང་བཞིན་ཅན་གྱི་སྒྲུབ་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་དེ་ཁོ་ན་ཉིད་བསྡུས་པ་ལས། རྡོ་རྗེ་སེམས་དཔའ་ཏིང་འཛིན་ནི། །སངས་རྒྱས་ཆོས་ཉིད་དག་ཏུ་བཤད། །འདི་ལས་སངས་རྒྱས་


DTG040_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཉིད། །གཞན་ལས་སངས་རྒྱས་འགྱུར་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །མི་ཟད་པ་ཉིད་ཀྱི་ཕྱིར་སྙིང་པོ་ཡེ་ཤེས་ཅན་རྣམས་ཏེ་སངས་རྒྱས་ཀྱི་ཆོས་རྣམས་སོ། །དེ་དང་ལྡན་པ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དག་པ་སྟེ་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཟད་པར་བྱེད་པ་འདི་ཉིད་གང་ཡིན་པ་དེ་ནི་འདི་ལྟ་སྟེ་ཀུན་དུ་སྤྱོད་པའོ། །ཆོས་ནི་ལེའུ་ལྔ་པའོ། །དེའི་སྙིང་པོའི་དོན་ནི་ལྐོག་ཏུ་གྱུར་པ་སྟེ་དགོངས་པ་ཅན་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྔར་བཤད་པ་ཉིད་ཡིན་ནོ། །དེ་ལས་བྱུང་བ་ནི་གནས་པའོ། །དེ་བས་ན་ཆོས་ནི་བྱང་ཆུབ་སྤྱོད་པའི་གནས་འདི་ཡིན་ཏེ། བྱང་ཆུབ་ཀྱི་སྤྱོད་པའི་གནས་ན་གནས་ཀྱི་གཙོ་བོ་ཡིན་ཏེ། སྒྲུབ་པ་ཆེན་པོ་ཉིད་ཡིན་པའི་ཕྱིར་ཀུན་དུ་སྤྱོད་པའོ་ཞེས་བྱ་བར་དགོངས་སོ། །ལེའུ་འདིའི་སྒྲ་ཇི་བཞིན་པའི་དོན་ཡང་ཅི་ཡིན་ན། གང་ཆོས་མ་ཡིན་པ་ཞེས་བརྗོད་ཅེ་ན། སྔགས་པ་བསོད་ནམས་དང་སྡིག་པ་ཐ་མི་དད་པར་ཞེན་པས་རྣམ་པར་མི་རྟོག་པ་ཉོན་མོངས་པས་དཀྲུགས་པའི་མཚམས་མེད་པ་བྱེད་པ་དང༌། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འཁྲིག་པ་དང༌། བརྫུན་དུ་སྨྲ་བ་ལ་དགའ་བ་དང༌། བཟའ་བར་བྱ་བ་མ་ཡིན་པ་ཟ་བ་དང༌། བགྲོད་པར་བྱ་བ་མ་ཡིན་པ་ལ་འགྲོ་བ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་འདི་ལ་བྱང་ཆུབ་སེམས་དཔའ་གང་གི་ས་འདི་ཆོས་མ་ཡིན་ནོ་ཞེས་ཐེ་ཚོམ་དུ་གྱུར་པ་འདིའི་སྒྲ་ཇི་བཞིན་པའི་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཚིག་འདི་དང་སངས་རྒྱས་ཀྱི་བཀའ་འདི་དག་གིས་ཐོས་ནས་ཇི་ལྟར་གྱུར་པ་ན་དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་བྱ་བ་ནི་རང་གི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྨོན་པར་བྱེད་པའི་ཕྱིར་རོ། །འཇིགས་པ་ནི་ཁ་ན་མ་ཐོ་བས་སོ། །སྐག་པ་ནི་ངན་འགྲོའི་དོགས་པས་སོ། །བརྒྱལ་བ་ནི་ཀུན་ནས་བརྒྱལ་བར་གྱུར་པ་སྟེ་ཀུན་ནས་སྐྲག་པའི་ཕྱིར་རོ། །བརྒྱལ་བ་ནི་སེམས་སྟོར་བའོ། །སྐུ་ལ་སོགས་པའི་བདག་པོ་ནི་དེ་དག་དེ་ལ་རག་ལས་པ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ལ་སྨོན་ལམ་བཏབ་པ་ཅན་ནོ། །ནམ་མཁའ་ནི་རིག་པའི་པདྨའོ། །དེ་དང་མཉམ་པ་ནི་གཅིག་ཏུ་གྱུར་པའོ། །དེའི་གཉིས་སུ་


DTG040_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་རྡོ་རྗེ་ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་དུ་ཞུ་བ་ནི་རྡོ་རྗེའོ། །གཉིས་སུ་མེད་པ་ནི་རྟེན་དང་བརྟེན་པའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཆེན་པོ་གཉིས་དེ་ཉིད་དུ་ཞུ་བའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །འོད་ཀྱིས་རེག་པ་ཙམ་གྱིས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་དེ་ཉིད་དེའི་རང་བཞིན་ཅན་གྱི་འོད་ཟེར་རྡུལ་ཕྲ་རབ་སོ་སོ་ལ་ཞུགས་ཏེ་ཡང་དག་པར་གསོས་ནས་ལུས་དང་སེམས་ཚིམ་པར་བྱས་པ་ནི་རེག་པ་འབའ་ཞིག་ཡིན་གྱི་བསྒོམ་པ་དང་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཙམ་གྱི་སྒྲའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རིག་པ་ཙམ་གྱི་རྗེས་ཐོགས་ལའོ། །འཇིག་རྟེན་ལས་འདས་པའི་བྱང་ཆུབ་ཀྱི་སེམས་ཐོབ་པས་ན་བྱང་ཆུབ་ཆེན་པོར་གྱུར་ཏེ། འཇིགས་པ་རྣམ་པ་ལྔ་ལས་འདས་པས་ན་རང་རང་གི་སྟན་ལ་ཇི་ལྟ་བ་བཞིན་དུ་གནས་པར་གྱུར་ཏོ། །ཚིགས་སུ་བཅད་པ་གསུངས་པའི་ཀུན་དུ་སྤྱོད་པའི་ཆེ་བའི་བདག་ཉིད་གང་ཐོས་པས་དེ་དག་བརྒྱལ་བ་ནི་ངོ་མཚར་དུ་གྱུར་པའོ། །རྨད་དུ་གྱུར་པ་ནི་གང་ལ་འོད་ཀྱིས་རེག་པ་ཙམ་གྱིས་དེ་རྣམས་ཡང་དག་པར་གསོས་པ་དང༌། འཕགས་པའི་ས་ལ་འཇུག་པའི་ཏིང་ངེ་འཛིན་ལའོ། །དགྱེས་པ་ནི་ཡིད་བདེ་བའོ། །ཁྱབ་པ་ནི་ལུས་ཀྱི་བདེ་བ་སྟེ་ལུས་ཡོངས་སུ་གང་བས་བ་སྤུ་ལངས་པའོ། །དེར་གྱུར་པ་ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཐབས་ཆེན་པོ་མཐོང་བའི་ཕྱིར་རོ། །འདི་སྐད་ཅེས་བྱ་བ་ནི་འཆད་པར་འགྱུར་བའོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཆོས་འདི་ཉིད་བསྟོད་པའི་དབྱིངས་ཏེ་རྡོ་རྗེ་འཆང་བ་ཉིད་དུ་རྣལ་འབྱོར་པའི་ལུས་དང་ངག་དང་སེམས་དེ་བཞིན་དུ་ལྷག་པར་མོས་པས་ཀུན་དུ་སྤྱོད་པའི་ཕྱིར་རོ། །དེ་ཡང་དོན་དམ་པར་དེ་ལས་ཐ་དད་པ་མ་ཡིན་ཏེ། བྱ་བ་དང་བྱེད་པ་པོ་ཐ་དད་པ་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ནི་ཐ་དད་པ་ཡིན་པས་དེ་བས་ན་འདིར་ཚིགས་སུ་བཅད་པ་གསུམ་གྱིས་སྐུ་ལ་སོགས་པའི་རང་བཞིན་དང་བཞི་པས་ནི་སྐུ་ལ་སོགས་པའི་ཕྲིན་ལས་ཀྱི་རང་བཞིན་དུ་བསྟོད་པར་བྱའོ། །དེ་ལ་དང་པོར་གསུང་གི་རང་བཞིན་དུ་བསྟོད་པ་ནི། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་ཆོས་ཀྱི་སྒྲས་ནི་གསུང་གི་རང་བཞིན་གྱི་ཆོས་བཤད་པ་ཡིན་ནོ། །གཉིས་པས་ནི་བརྗོད་པར་བྱ་བའི་རང་བཞིན་ཡིན་ལ། གསུམ་པས་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ། །ཆོས་ཀྱི་ལམ་ཇི་ལྟར་བསྟན་པའི་དོན་ཡང་དག་པར་གྱུར་པ་ནི་ཆོས་ཀྱི་དོན་བྱུང་བ་སྟེ།


DTG040_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་འདི་ཡང་ངོ་མཚར་ཡིན་ནོ། །དེ་བས་ན་ཆོས་ཀྱི་རྒྱལ་པོ་ཞེས་གསུངས་ཏེ་གསུང་གི་རྒྱལ་པོའོ། །ཕྱག་འཚལ་འདུད་ཅེས་བྱ་བ་ལ་ཁྱེད་ལ་ཞེས་བྱ་བ་ནི་ལྷག་མའོ། །ཆོས་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །འདི་ལས་དག་པས་ན་ཆོས་དག་པས་སོ། །འདི་ལ་དོན་ཏེ་ཡུལ་བདག་མེད་པ་ཡོད་པས་ན་དོན་བདག་མེད་པའོ། །འདིར་ཆོས་ཀྱི་རྒྱལ་པོའི་སྒྲས་ནི་ཐེག་པ་ཆེན་པོ་མ་ལུས་པ་འམ་རྡོ་རྗེ་ཐེག་པ་དང་གསང་བ་འདུས་པ་བརྗོད་པར་འདོད་དོ། །སྐུའི་རང་བཞིན་དུ་བསྟོད་པ་ནི་སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རབ་ཏུ་དག་པ་ནི་བརྗོད་བྱའི་རང་བཞིན་གཟུང་བ་དང་འཛིན་པ་སྟོང་པ་ཉིད་ཀྱི་ཕྱིར་སྐུ་དང་གསུང་དང་ཐུགས་རབ་ཏུ་དག་པའོ། །ནམ་མཁའ་དང་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡང་དག་པར་སྦྱོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། ནམ་མཁའ་དང་ནི་མཉམ་ཉིད་གནས་སོ། །དེ་ཉིད་ཀྱིས་ན་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར། རྣམ་པར་མི་འགྱུར་སྣང་བ་མེད། །ཅེས་བྱའོ། །རྡོ་རྗེའི་སྐུ་ནི་སྐུ་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །ཐུགས་ཀྱི་རང་བཞིན་དུ་བསྟོད་པ་ཐུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དེ་བཞིན་གཤེགས་པ་ཡིན་པས་ན་དེ་བཞིན་གཤེགས་པའོ། །གཙོ་བོ་ནི་མཆོག་ཏུ་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཅི་ཙམ་པ་ཡིན་ཞེ་ན། དུས་གསུམ་དག་གི་ལམ་དུ་བྱུང་བ་སྟེ་དུས་གསུམ་ནི་དུས་ཉིད་དོ། །དེ་ཉིད་ནི་ལམ་ཡིན་ཏེ་དེར་བྱུང་བའོ། །དེ་ཉིད་ཀྱིས་ནི་གོ་རིམས་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དབྱིངས་སུ་གྱུར་པའོ། །ཐུགས་རྗེ་ཆེན་པོ་ནི་མཆོག་ཏུ་རྒྱས་པ་ཉིད་ཀྱི་ཕྱིར་རོ། །འདི་ནམ་མཁའ་དང་འདྲ་བའི་ལམ་མངའ་བས་ནམ་མཁའི་ལམ་སྟེ། རྟག་པ་ཞེས་བྱ་བའི་དོན་ཏོ། །སྐུ་ལ་སོགས་པ་ལས་ཐ་དད་པར་བྱས་ནས་དེའི་ཕྲིན་ལས་ཀྱི་ཚུལ་དུ་བསྟོད་པ་ནི་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་སྐུ་ནི་དེ་བཞིན་ཉིད་དུ་རོ་གཅིག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་སྐུའོ། །དེ་ལས་ཡང་དག་པར་བྱུང་བ་ནི་ཡང་དག་པར་སྐྱེས་པའོ། །བདག་མེད་པར་སྟོན་པའི་གསུང་ནི་ནམ་མཁའི་གསུང་ངོ༌། །དེ་


DTG040_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འཇུག་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཐུགས་ནི་ནམ་མཁའི་ཐུགས་སོ། །དེར་ཆོས་ནི་ཡོངས་སུ་སྤྱོད་པའོ། །དེ་རྣམས་ཀྱི་མཆོག་སྟེ་དམ་པའོ། །སྤྱོད་པ་ནི་ཀུན་དུ་སྤྱོད་པའོ། །དེ་ཉིད་ནི་གཞི་དང་གནས་ཏེ་དེ་ཉིད་ལ་གནས་ནས་སངས་རྒྱས་ཉིད་དང་སྒྲུབ་པ་ཡིན་པའི་ཕྱིར་རོ། །སེམས་ཀུན་ལ་སྤྱོད་པས་ན་ཀུན་དུ་སྤྱོད་པ་སྟེ། ལེའུ་བཅོ་བརྒྱད་པ་ལས། སེམས་ཀུན་ལ་ནི་སྤྱོད་པ་སྟེ། །ཀུན་དུ་སྤྱོད་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་དུ་དེ་གཙོ་བོར་གྱུར་པ་ནི་ཀུན་དུ་སྤྱོད་པ་མཆོག་གི་ལེའུའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་ལྔ་པའོ།། །།


previousལེའུ་ལྔ་པ། ཀུན་དུ་སྤྱོད་པའི་མཆོག་གི་བཤད་སྦྱར།next