Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཞི་བཅུ་པ།


  expand section
   
   
  collapse section
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་གསུམ་པ། རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་བཤད་སྦྱར།


 
previousལེའུ་བཅུ་གསུམ་པ། རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་བཤད་སྦྱར།no next

ལེའུ་བཅུ་གསུམ་པ། རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་བཤད་སྦྱར།


DTG040_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་འདིའི་དོན་ནི་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ལ་མངོན་པར་རྟོགས་པ་ཆ་གཉིས་ཏེ་རྡོ་རྗེ་བཟླས་པ་དང་རིག་པའི་སྐྱེས་བུ་བསྒོམ་པའོ། །ལྷག་མ་རྣམས་ནི་ཞར་ལས་འོངས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་གདོན་པར་མི་བྱ་སྟེ། ཚིགས་བཅད་ལས་ལྷག་པ་ཡིན་པས་སོ། །ཡེ་ཤེས་ནི་སྣ་ཚོགས་པའོ། །རྡོ་རྗེ་ནི་སྐུ་ལ་སོགས་པའི་རྡོ་རྗེའོ། །དེ་རྣམས་ཀྱི་མཆོག་ནི་ཚོགས་ཏེ་ཡང་དང་ཡང་དུ་སྤྲོས་པའོ། །དེ་འཛིན་པ་ནི་ཡང་དང་ཡང་དུ་སྡུད་པའི་ཕྱིར་ཏེ། དེ་ལྟར་ན་ཡེ་ཤེས་རྡོ་རྗེ་མཆོག་འཛིན་པའོ། །བློ་ལྡན་ནི་ཡེ་ཤེས་ཕུལ་དུ་བྱུང་བ་དེ་ཉིད་རྡོ་རྗེ་བཟླས་པ་དང་ལྡན་པའོ། །སེམས་ཅན་ཀུན་དོན་ཕན་པའོ། །དེའི་ཆེད་དུ་ཡང་དག་པར་བྱུང་བ་ནི་ཚོགས་པ་སྟེ། འདུས་པ་མཛད་པ་ཞེས་བྱ་བའི་དོན་ཏོ། །སྟོན་པ་ནི་སྟོན་པ་པོ་སྟེ། ཡང་དག་པ་ཐམས་ཅད་སྟོན་པའི་མཐུ་དང་ལྡན་པས་ནི་སྟོན་ཆེན་ནོ། །ཐམས་ཅད་ཡང་དག་པར་ནན་ཏན་དུ་བྱེད་པའི་རྟེན་ཉིད་ཡིན་པའི་ཕྱིར་དང་འབྲས་བུ་ཉིད་ཡིན་པའི་ཕྱིར་ན་ཐུབ་པ་དང་ཀུན་དོན་ནོ། །རྡོ་རྗེ་འཆང་ནི་རྡོ་རྗེ་འཆང་ངོ༌། །དམ་ཚིག་ནི་ཡེ་ཤེས་ཀྱི་རྡོ་རྗེའོ། །དེའི་དེ་ཉིད་ནི་རྡོ་རྗེ་གསུམ་མི་ཕྱེད་པ་ཉིད་དོ། །དེ་མཁྱེན་པར་མཛད་པ་དེ་ལྟར་ན་དམ་ཚིག་དེ་ཉིད་མཁྱེན་པའོ། །དེ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི་བཏུད་པས་སོ། །མཆོད་དེ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པའི་སྤྲིན་གྱིས་སོ། །སྒྲ་གཅིག་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ཡང་དེ་ཡིན་ལ་ཞལ་གྱི་སྒོ་རེ་རེ་ནས་གསུངས་པའི་ཕྱིར་གསུང་ཡང་ཡིན་པ་དེ་ལྟར་ན་རྡོ་རྗེ་དབྱིངས་


DTG040_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ཡང་འཆད་པར་འགྱུར་བའི་ཚིགས་སུ་བཅད་པ་དྲུག་གོ །དེ་གསུངས་པ་ནི་བཀའ་སྩལ་པའོ། །དེ་ལ་དང་པོས་བཟླས་པ་ཉིད་ཀྱི་བསྟོད་པ་ནི་ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མ་ཞེས་བྱ་བ་ནི་ངོ་མཚར་རོ། །ཚུལ་དང་རིགས་པ་དང་ཡོངས་སུ་ཤེས་པ་ནི་རྣམ་གྲངས་ཡིན་ནོ།། སངས་རྒྱས་ཚུལ་རེ་བཟང་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེ་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་གྱི་ཆོས་ཀྱི་སྐུའོ། །དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཡིན་ལ། དེ་ཉིད་ནི་བཟང་བ་ཡིན་ཏེ་ནམ་མཁའ་དང་མཉམ་པའི་ཕྱིར་རོ། །ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ལ་དེ་ཉིད་ནི་སངས་རྒྱས་ཡིན་ཞིང་དེ་ནི་སྔགས་ཡིན་ཏེ། དེ་རྣམས་བཟང་བ་ཉིད་དེ་ཆོས་ཀྱི་སྐུ་ལས་བྱུང་བ་ཉིད་དུ་ཡོངས་སུ་ཤེས་ན་ནི་སངས་རྒྱས་ཚུལ་རེ་བཟང་སྟེ། དེ་ཡང་ཡེ་ཤེས་རྡོ་རྗེ་ལས་རྩ་བའི་སྔགས་ཀྱིས་དེ་རྣམས་སྤྲོས་པའི་ཕྱིར་རོ། །བྱང་ཆུབ་ཚུལ་གྱི་མཆོག་ཅེས་བྱ་བ་ནི་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་བྱང་ཆུབ་དེ་ཉིད་ནི་མཆོག་སྟེ་སངས་རྒྱས་ཀྱི་ཆོས་ཀྱི་མཆོག་རང་བཞིན་ཉིད་དུ་ཡོངས་སུ་ཤེས་པ་ནི་བྱང་ཆུབ་ཀྱི་ཚུལ་གྱི་མཆོག་སྟེ། དེ་ཡང་རྩ་བའི་སྔགས་ཀྱིས་ཡེ་ཤེས་རྡོ་རྗེ་ཉིད་ལས་སྤྲོས་པའི་ཡེ་ཤེས་རྡོ་རྗེ་རྣམས་དང་དེ་རྣམས་རོ་གཅིག་པར་བྱེད་པའི་ཕྱིར་རོ། །ཆོས་ཀྱི་ཚུལ་རེ་ཞི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་དེ་རྣམས་ཉིད་ཞི་བ་ཉིད་དེ་གཟུང་བར་བྱ་བའི་ངོ་བོ་ཉིད་རང་གི་ཤེས་པ་ཙམ་ཉིད་དུ་ཡོངས་སུ་ཤེས་པ་ནི་ཞི་བའི་ཆོས་ཀྱི་ཚུལ་ཏེ་དེ་ཡང་ཡེ་ཤེས་ཀྱི་སྙིང་པོས་དེ་རྣམས་དབྱེ་བ་གསུམ་པོ་སྡུད་པའི་ཕྱིར་རོ། །སྔགས་ཀྱི་ཚུལ་རེ་བརྟན་ཞེས་བྱ་བ་ནི་སྔགས་དེ་རྣམས་ཉིད་དེ། བརྟན་པ་ནི་སྙིང་པོ་ཉིད་དེ་དེ་དག་གི་ཤེས་པ་ཡང་ཡོད་པ་མ་ཡིན་ཏེ། གཟུང་བ་མེད་ན་འཛིན་པ་ཡང་མེད་པའི་ཕྱིར་གཉིས་ཀྱིས་སྟོང་པའི་མཚན་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་སྔགས་ཀྱི་ཚུལ་དུ་བརྟན་པ་སྟེ། དེ་ཡང་བྱང་ཆུབ་བདག་མེད་པའི་སྔགས་ཀྱིས་དེ་རྣམས་དེ་བཞིན་དུ་ངེས་པའི་ཕྱིར་རོ། །རྡོ་རྗེ་བཟླས་པ་ནི་རྣམ་པ་གཉིས་ཏེ་གཅིག་ལས་སྤྲོས་པ་དང་ཀུན་ལས་སྤྲོས་པའོ། །དེ་ལྟར་དང་པོ་ལ་ཚིགས་སུ་བཅད་པས་བསྟོད་ནས་གཉིས་པ་ལ་བསྟོད་པའི་ཕྱིར། མ་སྐྱེས་པའི་ཆོས་རྣམས་ནི་ཞེས་བྱ་བ་ལ་


DTG040_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུངས་ཏེ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་མཛད་པའི་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་དེ་དག་ཉིད་ནི་སངས་རྒྱས་རྣམས་ཀྱི་ཆོས་ཁོ་ན་ཡིན་པས་ན་ཆོས་རྣམས་ནིའོ། །དེ་རྣམས་ལས་ཡེ་ཤེས་འབྱུང་བ་ནི་ངེས་པ་བསྐྱེད་པའོ། །རབ་ཏུ་བཤད་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པའོ། །ཇི་ལྟ་བུ་ལས་ཤེ་ན། མ་སྐྱེས་པ་ལས་ཏེ་ཆོས་ཀྱི་སྐུའི་དཀྱིལ་འཁོར་ལ་བཞུགས་པའི་སྐུ་གསུམ་པོ་ཉིད་འདི་ལྟར་ཁྱབ་པར་བྱེད་པར་སྣང་གི་སྔ་ན་མེད་པ་འབྱུང་བ་ནི་མ་ཡིན་ནོ། །དེ་ཡང་རྩ་བའི་སྔགས་ཀྱིས་དབྱེ་བ་གསུམ་ལས་རང་རང་གི་རིགས་སྤྲོ་བ་ཉིད་དོ། །ཇི་ལྟ་བུ་ལས་ཤེ་ན། ངོ་བོ་ཉིད་ཀྱི་ཁྱད་པར་ཅན་ལས་ཏེ་ཁྱད་པར་ནི་མཆོག་གི་ཚུལ་བདག་མེད་པའོ། །དེ་ཉིད་ཀྱི་དངོས་པོ་ནི་ངོ་བོ་ཉིད་དེ་རང་བཞིན་འདི་དག་ལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །དེ་རྣམས་ལས་ཡེ་ཤེས་འབྱུང་བ་དེ་ཡང་ཞེ་སྡང་གི་སྔགས་ཀྱིས་ཡེ་ཤེས་རྡོ་རྗེ་ཉིད་ལས་སྤྲོས་པའི་ཡེ་ཤེས་རྡོ་རྗེ་རྣམས་དང་དེ་རྣམས་རོ་གཅིག་ཏུ་བྱེད་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ལས་ཤེ་ན། རྣམ་པར་མི་རྟོག་པ་ལས་དེ་རྣམ་པར་བརྟག་པར་བྱ་བ་ཡིན་པས་ན་རྣམ་པར་རྟོག་པ་སྟེ། གཟུང་བའི་ངོ་བོ་ཉིད་དོ། །དེ་མེད་པས་ན་རྣམ་པར་མི་རྟོག་པ་ལས་ཏེ་འདི་ནི་ངའི་སེམས་ཙམ་ཡིན་ནོ་ཞེས་བྱའོ། །དེ་ཡང་གཏི་མུག་གི་སྔགས་ཀྱིས་ཡེ་ཤེས་རྡོ་རྗེ་དེ་རྣམས་བསྡུས་པའི་ཕྱིར་རོ། །ཡང་ཇི་ལྟ་བུ་ལས་ཤེ་ན། ཡང་དག་ལས་ཞེས་བྱ་བ་གཉིས་ཀྱིས་སྟོང་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་རང་བཞིན་ལས་ཏེ་དེ་དག་ནི་ཤེས་པ་ཡང་མ་ཡིན་ཏེ་གཟུང་བ་མེད་ན་འཛིན་པ་ཡང་མེད་པའི་ཕྱིར་རོ། །དེ་ཡང་དེ་བཞིན་དུ་བསྡུས་པ་དེ་རྣམས་འདོད་ཆགས་ཀྱི་སྔགས་ཀྱིས་དེ་བཞིན་དུ་ངེས་པའི་ཕྱིར་རོ། །དེ་ལྟར་རྡོ་རྗེ་བཟླས་པ་ལ་བསྟོད་ནས་དེ་ཉན་པར་འདོད་པའི་གདུལ་བྱ་རྣམས་ལ་དེ་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་བཞི་ནི་ཡིད་འོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིས་དགའ་ཞིང་དོན་དམ་པ་ཡང་དག་པར་ཤེས་པས་ན་ཡིད་འོང་ངོ༌། །གཏི་མུག་དང་འདོད་ཆགས་དང་རྩ་བ་དང་ཞེ་སྡང་གི་སྔགས་ནི་སྔགས་རྣམས་ཀུན་ནོ། །དེ་རྣམས་བསྡུས་པ་ནི་གང་ལས་བར་མ་ཆད་པར་བརྗོད་པ་ཡོད་པའོ། །གང་ལ་ཡེ་ཤེས་ཆེ་སྟེ་ཡོངས་སུ་ཤེས་པ་བཞི་ཡོད་པའོ། །སྐུ་གསུམ་ནི་དབྱེ་


DTG040_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ་སྟེ། ཡེ་ཤེས་རྡོ་རྗེ་མི་ཕྱེད་པའི་དཀྱིལ་འཁོར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་རྣམས་ཀྱིས་སམ་རྡོ་རྗེ་རྣམས་ཀྱི་སྤྲོ་བ་དང་བསྡུ་བ་ནི་རྡོ་རྗེ་བཟླས་པའོ། །རྡོ་རྗེ་བཟླས་པའི་བསྐལ་པའི་འབྲས་བུ་ནི་སངས་རྒྱས་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསུམ་པོ་མི་ཕྱེད་པའི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་ནི་རང་གི་ཡེ་ཤེས་རྡོ་རྗེའོ། །དེ་བསྒོམ་པ་ནི་ཡང་དག་པར་ཤེས་པ་སྟེ། རྡོ་རྗེ་བཟླས་པ་ཞེས་བྱ་བའི་དོན་ཏོ། །ཉེ་བའི་འབྲས་བུ་ནི་རྡོ་རྗེ་བཟླས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །རྡོ་རྗེ་རྣམས་གཅིག་ཏུ་སྦྱོར་བ་ནི་རྡོ་རྗེའི་སྦྱོར་བའོ། །གལ་ཏེ་གཅིག་ལས་སྤྲོས་པ་ནི་གསུམ་ལ་སྡུད་པའི་ཕྱིར་ཇི་ལྟར་རྡོ་རྗེ་གཅིག་ལ་སྦྱོར་བ་ཡིན་ཞེ་ན། དེ་ཉིད་ལས་སྤྲོས་པའི་ཕྱིར་དང་དེ་ཉིད་ཀྱིས་རོ་གཅིག་པར་བྱེད་པའི་ཕྱིར་དང་དེ་ཉིད་ཀྱི་རབ་ཏུ་དབྱེ་བ་ལས་སྡུད་པའི་ཕྱིར་རོ། །འདི་ནི་རེ་ཞིག་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་སྔགས་བཞིའི་དོན་གྱི་བཟླས་པ་བསྟན་པའི་ཕྱིར་གསོལ་བ་འདེབས་པ་ཡིན་ནོ། །ཐུན་མོང་མ་ཡིན་པའི་སྔགས་ཀྱིས་དོན་གྱི་བཟླས་པ་ནི་གསང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ནི་དེ་ཁོ་ན་ཉིད་ལྔ་སྟེ་སངས་རྒྱས་རྣམས་སོ། །གསང་སྔགས་ནི་ཁྲོ་བོའི་ཉམས་ལ་སོགས་པའོ།། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ཅན་ནི་སྐུ་ལ་སོགས་པའི་དེ་ཁོ་ན་ཉིད་ཡང་དག་པར་ཤེས་པའོ། །གསུངས་ཞེས་བྱ་བ་ནི་སྟོན་ཅིག་པའོ། །ཡེ་ཤེས་རྒྱ་མཚོ་ནི་ཡེ་ཤེས་ཀྱི་ཕུང་པོ་སྟེ་འདིས་ནི་འཁོར་སྣོད་དུ་རུང་བ་གསུངས་པ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་བཟླས་པའི་བགྲོད་པ་གཅིག་པ་ཉིད་གསུངས་པ་ཡིན་ནོ། །རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་སྔགས་དང་སྔགས་རྣམས་ཀྱིས་སོ། །རབ་བསྒོམས་པས་ནི་ཡང་དག་པར་ཤེས་པ་སྟེ་ཐུན་མོང་མ་ཡིན་པའི་བཟླས་པ་དེ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ནི་བླ་ན་མེད་པའི་བྱང་ཆུབ་སྟེ་མཉམ་པ་མེད་པ་དེ་ཐོབ་པར་གྱུར་པའོ། །དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ། །ཅིའི་ཕྱིར་སྟོན་པ་ཡིན་ཞེ་ན། འདི་ལྟར། ནམ་མཁའི་རྡོ་རྗེའི་ཡེ་ཤེས་འབྱུང༌། །ནམ་མཁའ་དང་རྡོ་རྗེ་ནི་ནམ་མཁའ་རྡོ་རྗེ་སྟེ་ཡེ་ཤེས་ཀྱི་འཁོར་ལོའོ།།


DTG040_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཡེ་ཤེས་ནི་སྔགས་བཞིའི་ཚུལ་དུའོ། །དེ་འབྱུང་བ་ནི་རྩ་བའི་རྒྱུའོ། །དེ་ཉིད་ནི་བྱེད་པ་པོ་ཡིན་ཞིང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐྱེད་པ་པོ་ཡིན་ཏེ། དེ་ལས་རིགས་ཀྱི་ཚོགས་སྤྲོས་པའི་ཕྱིར་རོ། །དམ་པའི་མཆོག་གི་གཙོ་བོ་མཛད་པའི་ཕྱིར་དམ་པའི་མཆོག་གི་གཙོ་བོའོ། །དམ་པ་མཆོག་ནི་རིགས་ཀྱི་ཚོགས་ཡིན་ལ་དེ་རྣམས་ཀྱི་གཙོ་བོ་ནི་མཆོག་ཏུ་ཕྱེད་པ་སྟེ། ཡེ་ཤེས་མཆོག་གི་དཀྱིལ་འཁོར་ལ་སྡུད་པར་མཛད་པའི་ཕྱིར་རོ། །དེ་ལ་དང་པོར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསུངས་པ་སྔགས་ཀྱི་དོན་ཀུན་ཞེས་བྱ་སྟེ། ཡེ་ཤེས་བཞི་ཡོངས་སུ་ཤེས་པའི་དེ་ཁོ་ན་ཉིད་ཀྱི་བཟླས་པ་སྟེ། ཡང་དང་ཡང་བཟླས་པར་བྱ་བ་ལ་བཀོད་པ་ཞེས་བྱ་བར་སྦྱར་རོ། །ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་རྣམ་པར་བཀོད་པ་ནི་བཀོད་པའོ། །ཇི་ལྟར་བཀོད་ཅེ་ན། །རྡོ་རྗེ་དབྱེ་བ་གསུམ་ནི་མཐར་ཇི་ལྟར་འགྱུར་བ་སྟེ། དབྱེ་བ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ་ཡེ་ཤེས་རྡོ་རྗེའི་མཐར་ཐུག་པའི་ལོགས་གསུམ་གང་ཡིན་པའི་བཀོད་པ་ལ་དེ་སྐད་ཅེས་བྱའོ། །བཀོད་པ་འདི་ཉིད་ལ་བརྗོད་གསུམ། །ཞེས་བྱ་བ་སྟེ། གསུམ་དང་རྡོ་རྗེ་ཞེས་བྱ་བའི་དབང་དུ་བྱས་ནས་སོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་གསུམ་མི་ཕྱེད་མཚན་ཉིད་དེ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ལ་སོ་སོར་རྟོག་པའོ། །ཁ་ཅིག་ན་རེ་སྐུ་རྡོ་རྗེ་ལ་སོགས་པས་སྤྱི་བོ་དང་ལྐོག་མ་ལ་སོགས་པར་བྱིན་གྱིས་རློབ་པ་གང་ཡིན་པ་དེ་ཉིད་རྡོ་རྗེ་གསུམ་འདི་ཡིན་མོད་ཅེས་ཟེར་མོད་ཀྱི་དེ་ནི་བདེན་པ་མ་ཡིན་ཏེ། ཤེས་ཟིན་པ་དེ་ཚིག་འདི་ལ་རྩོལ་བ་མི་རུང་བའི་ཕྱིར་དང༌། རྡོ་རྗེའི་དབྱེ་བ་གསུམ་གྱི་མཐར་གྱི་སྒྲ་ནི་དེའི་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཐུགས་ཀ་ལས་གཞན་མི་རུང་བའི་ཕྱིར་རང༌། མཉམ་པར་གཞག་པ་རྣམས་ལ་སྤྲོ་བ་དང་བསྡུ་བ་ཅིག་ཅར་མི་ནུས་པའི་ཕྱིར་དང༌། དཀྱིལ་འཁོར་ཀུན་གྱི་ལོགས་རྣམས་ལ། ཞེས་ལོགས་སྨོས་པའི་ཕྱིར་དང༌། ལོངས་སྤྱོད་ཀྱི་དཀྱིལ་འཁོར་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དག་ཀྱང་བཅོ་བརྒྱད་པ་ལས་རྡོ་རྗེ་འཆང་བ་གང་ཡིན་པའི་རིག་པ་ཡོད་པའི་སྦྱོར་བ་དང༌། བདག་བྱིན་རླབས་སོགས་དེ་བཞིན་ཏེ། །དེ་ཡི་ལོངས་སྤྱོད་བཞིར་ཞེས་བྱ། །ཞེས་ཐ་དད་པར་གསུངས་པའི་ཕྱིར་རོ། །ཤིན་ཏུ་སྤྲོས་པས་ཆོག་གོ་ཞེས་བྱ་བ་ནི་དེ་སྐད་


DTG040_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དགོས་པའོ། །ཀྱང་གསུངས་སོ་ཞེས་བྱ་བ་ནི་རྡོ་རྗེའི་བཟླས་པ་རྒྱས་པར་རོ། །རྣམ་པ་གསུམ་དག་ཅེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཐ་དད་པའི་ཕྱིར་རོ། །སྤྲོ་བ་ནི་ཁྱབ་པར་བྱེད་པའི་སྤྲུལ་པའོ། །ངོས་རྣམས་སུ་ཞེས་བྱ་བ་ནི་ཕྱོགས་ཆར་ཏེ་རིགས་མཐུན་པ་ཉིད་ཡིན་པའི་ཕྱིར་དང་དེ་རྣམས་ཉིད་ལ་མཐར་བསྡུ་བའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ཐུགས་དང་མཚུངས་པ་འདི་ལ་ཡོད་པས་ན་རྡོ་རྗེ་གསུམ་གྱི་ཐུགས་འདྲ་སྟེ་དེ་རྣམས་སེམས་ཙམ་ཉིད་དུ་ཡང་དག་པར་མཐོང་བའི་ཕྱིར་རོ། །རྣམ་པ་གསུམ་པོ་ནི་ཇི་ལྟ་བུ་བྱ་བ་གཞན་ཡང་གང་ཡིན་ཞེ་ན། སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམས་ནས་ཞེས་བྱ་བ་ནི་ཡང་དག་པར་སྤྲོས་ནས་སོ། །མཆོད་པའི་མཆོག་བརྟག་པ་ན་མཆོད་པའི་མཆོག་བསྐྱེད་པའོ། །དེ་རྣམས་བྱེད་པ་པོ་གང་གིས་སྤྲོ་བ་རྣམ་པ་གསུམ་དང༌། མཆོད་པར་བྱ་བ་ཡིན་ཞེ་ན། ཡ་ཤེས་རྡོ་རྗེ་ཞེས་བྱས་ན་ནིའོ། །མཆོད་པའི་རྫས་གང་གིས་མཆོད་ཅེ་ན། སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་ཡེ་ཤེས་རྡོ་རྗེ་ལས་སྤྲོ་བ་རྣམ་པ་གསུམ་གྱིས་སོ། །བྱང་ཆུབ་མཆོག་ཐོབ་པའི་ཞེས་བྱ་བ་ནི་བདག་མེད་པར་ཡོངས་སུ་ཤེས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཁོང་དུ་ཆུད་པ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་གཅིག་ལས་སྤྲོས་པའི་རྡོ་རྗེའི་བཟླས་པ་གསུངས་ནས་ཀུན་ནས་སྤྲོས་པའི་རྡོ་རྗེའི་བཟླས་པ་གསུངས་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱེ་བ་རྣམ་པ་གསུམ་གྱིས་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བ་རྣམ་པ་གསུམ་གྱི་བྱེད་པ་པོས་སོ། །དེ་དག་ལས་ཇི་ལྟར་སྤྲོ་ཞེ་ན། སོ་སོ་དག་ཏུ་སྟེ་རེ་རེ་ལས་རིགས་མཐུན་པ་སྤྲོ་བའི་ཕྱིར་རོ། །མཆོད་པའི་མཆོག་བརྟག་པ་ནི་ཡེ་ཤེས་རྡོ་རྗེ་ཉིད་ཀྱིས་དེ་བཞིན་དུ་བྱས་ཏེ་གནོད་པ་ཅན་མེད་པའི་ཕྱིར་རོ། །འོ་ན་སྔགས་གང་གིས་ཅི་ཞིག་སྤྲོ་ཞེ་ན། སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ནི་རྩ་བའི་སྔགས་ཀྱིས་སོ། །དེ་རྣམས་ཀྱི་བདག་མེད་པ་ནི་ཞེ་སྡང་གི་སྔགས་ཀྱིས་ཞེས་བྱ་བའི་དོན་ཏོ། །དང་པོའི་སྔགས་གཉིས་ཀྱིས་བསྡུའོ་ཞེས་བྱ་བ་ནི་ལུས་པ་ལས་


DTG040_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱ་སྟེ། བཅོ་བརྒྱད་པ་ལས། སངས་རྒྱས་སྣ་ཚོགས་རྡོ་རྗེའི་བདག །ཡེ་ཤེས་ས་བོན་བདག་གིས་བསྡུ། །བྱང་ཆུབ་བདག་མེད་ས་བོན་གྱི། །བརྟུལ་ཞུགས་ཅན་གྱིས་བདག་མེད་བཟུང༌། །ཞེས་གསུངས་པའི་ཕྱིར་རོ། །བརྗོད་ནས་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་བདེན་པ་རྣམས་དང་པོར་མཐོང་བ་ནི་མཐོང་བའི་ལམ་ཡིན་པ་དེ་བཞིན་དུ་འདིར་བརྗོད་ནས་ཞེས་བྱ་བ་སྟེ་སྔགས་བཞི་པོ་དང་པོར་བརྗོད་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའོ། །སྤྲོ་བ་ནི་ཞེས་བྱ་བ་ནི་སྤྲོ་བ་ཉིད་ཡིན་གྱི་བསྡུ་བ་མ་ཡིན་ཏེ། སྤྲོ་བ་མ་བྱས་པ་ལ་བསྡུ་བ་མི་རུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །རྫོགས་ནས་ཞེས་བྱ་བ་ནི་སྔགས་བཞི་པོ་རྫོགས་པར་བརྗོད་པ་སྟེ། ཐ་མ་བརྗོད་པ་ན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བསྡུ་བར་བྱ་ཞེས་བྱ་བ་ནི་བསྡུ་བ་ཉིད་བྱའི་སྤྲོ་བ་ནི་མ་ཡིན་ནོ། །གཞན་དུ་ན་ཐ་མ་ཉིད་དུ་མི་འགྱུར་ཏེ་སྤྲོ་བ་རྣམས་ངེས་པར་བསྡུ་བར་བྱ་བ་ཉིད་ཡིན་པའི་ཕྱིར་དང་དེ་བསྡུ་བའི་ཆེད་དུ་བརྗོད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །བརྗོད་པ་ལྷག་མ་རྣམས་ལ་ནི་བསྡུས་ནས་ཀྱང་སྤྲོ་བར་བྱའོ་ཞེས་དོན་གྱིས་རྙེད་པར་འགྱུར་རོ། །འོན་ཏེ་དང་པོར་བརྗོད་པའི་སྔགས་དང་པོ་དག་གི་དོན་གང་ཡིན་ཞེ་ན། དབྱེ་བ་རྣམས་དང་སྣ་ཚོགས་པའི་ཡེ་ཤེས་ཙམ་དང་བདག་མེད་པས་སོ། །ཕྱིས་བརྗོད་པའི་སྔགས་ཕྱི་མ་དག་དོན་གང་ཡིན་ཞེ་ན། དབྱེ་བ་ཉིད་ཀྱིས་རྡོ་རྗེ་དབྱེ་བ་ཉིད་དང་རྡོ་རྗེ་མཉམ་པ་ཉིད་དོ། །འདི་དེ་ཞེས་བྱ་བ་ནི་ཁྱེད་གསན་པར་དགྱེས་པ་རྡོ་རྗེ་བཟླས་པའི་ཡེ་ཤེས་ཆེ་འདི་གང་ཡིན་པ་དེའོ། །ཡེ་ཤེས་ཉིད་ཀྱི་སྤྱན་ཕྱེ་བ་སྟེ་སྒྲིབ་པ་མེད་པ་དེ་རྣམས་ལ་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ་ལྟར་ཐུན་མོང་གི་རྡོ་རྗེ་བཟླས་པའི་གཞུང་རྒྱས་པས་ཕྱིས་བྱ་བ་གསུངས་ནས་ལན་ཅིག་བྱ་བའི་ཐུན་མོང་མ་ཡིན་པའི་རྡོ་རྗེ་བཟླས་པ་བསྟན་པའི་ཕྱིར་སྐུའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྐད་དུ་ཡང་བཅོ་བརྒྱད་པ་ལས། རང་རང་གི་ནི་ངོ་བོ་ཉིད། །སྙིང་གར་ཡིད་ཀྱིས་རྣམ་བསམས་ཏེ། །གསང་སྔགས་བཟླས་པའི་དབྱེ་བ་ཡིས། །ཟློས་པར་བྱེད་ཅིང་སྤྲོ་ཞིང་བསྡུ། །ཞེས་གསུངས་པ་ལ། རང་རང་གི་ནི་ངོ་བོ་ཉིད། །ཅེས་བྱ་བ་ནི་རང་གི་སྐུ་ལ་


DTG040_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཇི་ལྟ་བ་བཞིན་གྱི་དེ་ཁོ་ན་ཉིད་དོ། །རྣམ་བསམས་ཏེ་ཞེས་བྱ་བ་ནི་ངེས་པར་དཔྱད་པའོ། །སྙིང་ལ་ཡིད་ཀྱིས་ཞེས་བྱ་བ་ནི་སྙིང་གར་ཆུད་པའི་ཡིད་ཀྱིས་ཏེ་མཉམ་པར་གཞག་པས་ཞེས་བྱ་བའི་དོན་ཏོ། །དེ་ལ་རིགས་ཀྱི་སྔགས་ལས་སྐྱེས་པའི་ལུས་ནི་སྐུའོ། །ཡེ་ཤེས་སེམས་དཔའི་ཐུགས་ཀར་སོན་པའི་མཚན་མ་ནི་ཐུགས་སོ། །མཚན་མའི་ནང་དུ་སོན་པའི་ས་བོན་ནི་གསུང་ངོ༌། །ཁྲོ་བོ་ལ་སོགས་པ་རྣམས་ཀྱི་ནི་ཁྲོ་བོ་ལ་སོགས་པའི་མཉམ་པ་ཉིད་ནི་ཐུགས་སོ། །དེ་ལས་བྱུང་བའི་སྔགས་དང་ལུས་ཀྱི་འགྱུར་བ་ནི་རིམ་བཞིན་དུ་གསུང་དང་སྐུའོ། །སངས་རྒྱས་རྣམས་ཀྱི་སྐུ་མཉམ་པ་ཉིད་དུ་བསྡུས་པ་ནི་སྐུ་རྡོ་རྗེའོ། །དེའི་མངོན་པར་བྱང་ཆུབ་པ་ནི་མངོན་དུ་བྱས་པ་སྟེ་སྐུའོ། །དངོས་དང་དངོས་མེད་རྣམ་པར་དཔྱད་པས་མི་དམིགས་པ་ནི་ཐུགས་སོ། །དེ་ཡང་ཅི་ཞིག་ཡིན་ཞེ་ན། སངས་རྒྱས་སྐུ་སྟེ་ནང་དུ་གྱུར་པ་དང་འཁོར་ལོའི་རྣམ་པ་ཡིན་པའི་ཕྱིར་ཞེས་པའི་ཚོགས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ན་དངོས་དང་དངོས་མེད་དཔྱད་ཅེ་ན། ལུས་འདི་རྣམས་ཀྱིས་མ་སྐྱེས་པས་ལུས་ཀྱི་ངོ་པོ་ཉིད་མེད་པ་ཡིན་ལ། ཡེ་ཤེས་ལུས་སུ་སྣང་བར་སྐྱེས་པས་དངོས་པོ་མེད་པ་ཡང་མ་ཡིན་ཏེ། འདི་དག་ཡེ་ཤེས་ཀྱི་འཁོར་ལོའི་ཞེས་བྱ་བ་ནི་འཁོར་ལོའི་ནང་དུ་ཞུགས་པའི་རང་གི་ངག་ཨོཾ་ཞེས་བྱ་བས་འཁོར་ལོའི་དོན་ལུས་ཏེ་སྟོན་པར་བྱེད་པ་ཡིན་ཏེ། གདོད་ནས་མ་སྐྱེས་པས་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཡིད་ཉིད་དོ་ཞེས་བྱ་བ་ནི་འདིའི་དོན་ཡིན་ནོ། །དེ་ལྟར་གང་སྐུ་དང་ཐུགས་དང་གསུང་རྣམས་ཡང་དག་པར་མཚོན་པ་ནི་སྐུའི་བཟླས་པར་བཤད་པ་སྟེ། རྣམ་པར་སྣང་མཛད་ཀྱི་བཟླས་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་གསུང་སྡུད་པ་ནི་གསུང་གི་དམ་ཚིག་གོ །དེའི་མངོན་པར་བྱང་ཆུབ་པ་ནི་སྐུའོ། །སྒྲ་དང་སྒྲ་མིན་རྣམ་དཔྱད་པ་ནི་ཐུགས་ཏེ། སངས་རྒྱས་རྣམས་ཀྱི་གསུང་ནི་ཆོས་རྣམས་བརྗོད་དུ་མེད་པས་སྒྲ་མ་ཡིན་ནོ། །ཆོས་ཉིད་གསལ་བར་མཛད་པས་སྒྲ་མ་ཡིན་པ་ཡང་མ་ཡིན་ནོ། །ཅི་ཞིག་ཅེ་ན། གསུང་གི་རྡོ་རྗེ་ཞེས་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་མཚན་མ་པདྨ་དམར་པོའོ། །དམར་པོ་ནི་མཚོན་པའི་དོན་ཡིན་ཏེ། པདྨ་ནི་དག་པའི་དོན་ཏེ་དེ་བས་ན་པདྨའི་དོན་གྱིས་


DTG040_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་མ་ཡིན་ལ་དམར་པོའི་དོན་གྱིས་ནི་སྒྲ་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་ཞེས་བྱ་བ་ནི་མཚན་མའི་དོན་འདིའི་ལུས་ཏེ། ཨ་ཞེས་བྱ་བའི་རང་གི་ངག་གིས་རབ་ཏུ་སྟོན་ཏོ། །ཐ་སྙད་ནམ་མཁའ་ལྟ་བུ་སྟེ། །དོན་དང་མིང་དང་བློ་རྣམས་སུ། །རྣམ་པར་མི་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གང་སྐུ་དང་གསུང་དང་ཐུགས་རྣམས་ཡང་དག་པར་མཚོན་པ་དེ་ནི་གསུང་གི་བཟླས་པར་བཤད་དེ། སྣང་བ་མཐའ་ཡས་ཀྱི་བཟླས་པ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་ཐུགས་ནི་མཉམ་པ་ཉིད་ནི་ཐུགས་ཀྱི་དམ་ཚིག་སྟེ། དེའི་མངོན་པར་བྱང་ཆུབ་པ་ནི་སྐུའོ།། གནས་པའི་རྡོ་རྗེ་རྣམ་དཔྱད་པ་ནི་ཐུགས་ཏེ། གནས་པ་ནི་དགའ་མ་རྣམས་སོ། །རྡོ་རྗེ་རེག་བྱ་རྣམས་སོ། །དེ་དག་གཉིས་སུ་མེད་པ་ནི་རྣམ་པར་དཔྱད་པ་སྟེ། འདི་ལ་གནས་པ་ཡང་མེད་ལ་རྡོ་རྗེ་ཡང་མེད་པའོ། །འོ་ན་ཅི་ཞིག་ཅེ་ན། ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་སྨོས་ཏེ། ཐུགས་ནི་མི་བསྐྱོད་པའོ། །དེའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་སྟེ། དེ་ཡང་ཐུགས་འདྲེན་པས་ན་ནག་པོ་ཡིན་ལ་རེག་བྱ་དང་རིག་པ་རྣམས་བསྡུས་པས་ན་རྩེ་ལྔ་པའོ། །ཤེས་ཞེས་བྱ་བ་ནི་ལུས་ཏེ་རྡོ་རྗེའི་དོན་གཟུང་བ་གནས་པ་དང་འཛིན་པ་རྡོ་རྗེ་གཉིས་སུ་མེད་པར་གྱུར་པ་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་ཙམ་ནི་ཧཱུཾ་ཞེས་བྱའོ། །དེ་ལྟར་གང་སྐུ་ལ་སོགས་པ་ཡང་དག་པར་མཚོན་པ་ནི་སེམས་ཀྱི་བཟླས་པར་བཤད་དེ་མི་བསྐྱོད་པའི་བཟླས་པ་ཞེས་བྱ་བའི་དོན་ཏོ། །དགའ་མ་རྣམས་ནི་དོན་ཡིན་ལ། དེའི་རྗེས་སུ་འགྲོ་བ་ནི་བདེ་བའི་རང་བཞིན་དུ་རོ་གཅིག་ཏུ་གྱུར་པའོ། །དེ་ཉིད་ནི་རང་གི་ངག་སྭཱ་ཞེས་བྱ་བ་ནི་དེས་བརྗོད་པར་བྱ་བ་ཡིན་པས་བཟླས་པའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། ངོ་པོ་ཉིད་མེད་པ་སྟེ། ངོ་བོ་ནི་སྐུ་བསྡུས་པའོ། །མེད་པ་ནི་ཐུགས་བསྡུས་པའོ། །དེ་དག་གཉིས་སུ་མེད་པར་གྱུར་པ་ནི་ངོ་བོ་ཉིད་མེད་པ་རིན་པོ་ཆེའི་རྣམ་པ་ཡིན་པས་ན་བཟང་པོའོ། །དུས་གསུམ་སངས་རྒྱས་རྣམ་དཔྱད་པ། །ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་རིན་ཆེན་བཟླས་པ་སྟེ་རིན་ཆེན་འབྱུང་ལྡན་གྱི་བཟླས་པའོ། །དེ་ལས་སངས་རྒྱས་རྣམས་ཀྱི་གསང་བ་གསུམ་པ་མཉམ་པའི་བདེ་བ་མངོན་པར་བྱང་ཆུབ་པ་ནི་སྐུའོ། །སྙིར་གར་ཆུད་པའི་ཡིད་བཞིན་གྱི་ནོར་བུ་ནི་ཐུགས་སོ། །དེའི་ནང་ན་གནས་པའི་ཡི་གེ་སྭཱ་ནི་


DTG040_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྟེ། ཡི་གེ་གསུམ་གྱིས་ནི་ཐམས་ཅད་རྡོ་རྗེའི་དོན་གྱིས་རྗེས་སུ་འགྲོ་བར་བསྟན་ཏོ། །སྐུའི་སྤྲིན་རྣམས་སྤྲོ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་རྣམས་ཐམས་ཅད་དུ་ཁྱབ་པར་འཁོར་ལོ་ལྟ་བུའི་རྣམ་པར་སྤྲོ་བ་སྟེ་སྐུའོ། །འགྲོ་དང་འགྲོ་མིན་རྡོ་རྗེ་ཞེས་བྱ་བ་ལ་འགྲོ་བ་ཡང་དེ་ཡིན་ལ་འགྲོ་མིན་ཡང་དེ་ཡིན་ཏེ། དེའི་རྡོ་རྗེ་ནི་མཚན་མ་སྟེ། དེས་མཚོན་པའི་ཕྱིར་རོ། །དེ་ཉིད་རང་གི་སྔགས་ཀྱིས་བརྗོད་པར་བྱ་བའི་སྒྲ་དོན་ཡིན་པས་རྡོ་རྗེ་དོན་ཏོ། །དེ་བས་ན་འགྲོ་བ་དང་འོང་བ་མ་ཡིན་པའི་སྟོན་པའི་མཚན་མ་ནི་ཐུགས་སོ། །འགྲོ་བ་དང་འོང་བ་མ་ཡིན་པའི་དོན་ནི་སྔགས་ཀྱི་གསུང་ངོ་། །འདི་ལྟར་འདིའི་མཚན་མ་ནི་རལ་གྲི་སྟེ་དེ་ཡང་འདེབས་ན་ཐམས་ཅད་འགྲོ་བ་ཡིན་ལ་ལག་པར་གནས་པས་ན་མའི་གྲོ་བ་ཡང་ཡིན་ནོ། །དེ་བཞིན་དུ་ཐོགས་མེད་སྤྲོས་པས་ནི་ཀུན་དུ་འགྲོ་བ་ཡིན་ལ་གནས་པས་མི་འགྲོ་བ་ཡིན་པའི་དོན་ཏེ། ཡི་གེ་ཧས་སྟོན་ཏེ་ཀུན་དུ་འགྲོ་བར་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གང་སྐུ་དང་ཐུགས་དང་གསུང་རྣམས་ཡང་དག་པར་མཚོན་པ་འདི་ནི་ཐོགས་མེད་ཀྱི་བཟླས་པ་སྟེ། རིགས་རྣམས་ཀྱི་བཟླས་པའོ། །ཡི་གེ་རྣམས་འདུས་པའི་ཚིག་ནི་ཡི་གེའི་ཚིག་སྟེ། དེ་སྒྲུབ་པ་པོ་རང་གིས་གང་ཐོས་པའོ། །རང་ཞེས་བྱ་བ་ནི་བདག་ཉིད་དེ་དམ་ཚིག་སེམས་དཔའོ། རྡོ་རྗེ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྣམས་དང་ཡེ་ཤེས་ཀྱི་རྡོ་རྗེ་རྣམས་སོ། །དྲག་པོ་ནི་ལྔ་པོ་དེ་ཉིད་ཀྱིས་ལྷན་ཅིག་ཏུ་གསང་མཐོན་པོར་སྒྲོགས་པའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་སྔགས་རྣམས་ཀྱི་སྙིང་པོ་བསྡུས་པ་སྟེ། ཧཱུཾ་ཞེས་བྱ་བ་ལ་སོགས་པ་འབྲུག་གི་སྒྲ་ལྟ་བུ་སྒྲོགས་པ་གང་ལ་ཡོད་པའོ། །ཇི་ལྟར་སྒྲོགས་ཤེ་ན། ཁྲོ་བོའི་དམ་ཚིག་ཡེ་ཤེས་དག་གིས་ཏེ། དམ་ཚིག་ནི་སྨིན་མ་བཅུམ་པ་ལ་སོགས་པའོ། །ཡེ་ཤེས་ནི་ཉམས་སུ་མྱོང་བའོ། །དེ་གང་སེམས་དཔའ་རྣམས་ཀྱིས་སྐུ་དང་གསུང་དང་ཐུགས་རྣམས་ཡང་དག་པར་མཚོན་པ་དེ་ནི་ཁྲོ་བོའི་བཟླས་པའོ། །ཐབས་དང་བཅས་པས་འདོད་པ་རྣམས་དང་གཉིས་སུ་མེད་པར་བསྟན་པ་ནི་འདོད་པའི་དོན་ཏོ། །མྱོས་པར་གྱུར་པ་ནི་ཤིན་ཏུ་ཆགས་པའོ། །ཀུན་དུ་སྐྱོབ་ཅིང་ཕན་པར་དགའ། །ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་སྐྱོབ་པ་དང་


DTG040_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་དོན་དུ་གཉེར་བའོ། །སེམས་ཅན་ཞེས་བྱ་བ་ནི་དམ་ཚིག་སེམས་དཔའ་ལ་སོགས་པ་ལྔའོ། །གཏི་མུག་གནས་ཞེས་བྱ་བ་ནི་རབ་བསྔགས་ཡིན་ལ་གཞག་པ་ནི་དེ་དག་གིས་དེ་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་གང་ཡིན་པ་དེ་ནི་གཏི་མུག་གི་བཟླས་པ་སྟེ་དེས་སྐུ་དང་ཐུགས་དང་གསུང་རྣམས་ཡང་དག་པར་མཚོན་པའོ། །ནང་དུ་རེག་པའི་རོ་ནི་འདོད་ཆགས་སོ། །དེ་ལས་བྱུང་བའི་ཚིག་ནི་ཡི་གེ་ཨཱའོ། །ལུས་དང་ངག་དང་སེམས་ནི་ལུས་དང་ངག་དང་སེམས་རྣམས་དང་ལུས་ངག་སེམས་ཏེ་དམ་ཚིག་སེམས་དཔའ་ལ་སོགས་པའོ། །དེ་རྣམས་ཀྱི་མཛད་པ་ནི་དེ་རྣམས་ཀྱི་མཛད་པའོ། །སེམས་དེ་རྣམས་འདོད་གནས་ཏེ་འདོད་ཆགས་ཀྱིས་བསླང་བའི་ལུས་ཀྱི་ལས་ལ་གཞག་པ་སྟེ། བཟླས་པ་གང་ཡིན་པ་དེ་ནི་འདོད་ཆགས་པའོ། །ཞེ་སྡང་རྡོ་རྗེ་ནི་གཉིས་སུ་མེད་པ་སོ་སོར་རྟོགས་པར་གྱུར་པའི་ལུས་ཀྱི་ལས་སོ། །དེ་ལས་བྱུང་བའི་སེམས་ནི་དགའ་བའོ། །དེའི་ལུས་ལ་སོགས་པ་ལ་གནས་པ་ཞེ་སྡང་གི་གནས་ནི་ཧཱུཾ་སྟེ། དེ་ལ་ཞེན་པས་སེམས་པ་ལྔ་པོ་ཟློས་པར་བྱེད་པ་གཞག་པའི་བཟླས་པ་གང་ཡིན་པ་དེ་ནི་ཞེ་སྡང་གི་བཟླས་པའོ། །གཏི་མུག་ལ་སོགས་པ་གསུམ་པོ་དམ་ཚིག་གང་དུ་བསྡུས་པའི་དེ་ཁོ་ན་ཉིད་ནི་དམ་ཚིག་དེ་ཉིད་རྡོ་རྗེ་གསུམ་མོ། །དབུ་མ་ཞེས་བྱ་བ་ནི་གཏི་མུག་ལ་སོགས་པ་རྣམས་བྲི་བ་མེད་པས་འཕེལ་བ་ཡང་མེད་པའོ། །དེ་ཉིད་ཅེས་བྱ་བ་ནི་དེ་བཞིན་ཉིད་དོ། །རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ནི་དམ་ཚིག་སེམས་དཔའ་ལ་སོགས་པ་ལྔ་པོ་གང་དུ་ཟློས་པ་དེ་མ་ནིང་གི་བཟླས་པ་སྟེ། མ་ནིང་ནི་བུད་མེད་ཀྱང་མ་ཡིན་ལ་སྐྱེས་པ་ཡང་མ་ཡིན་པ་བཞིན་འདིར་ཡང་གཏི་མུག་ལ་སོགས་པ་རྣམས་འཕེལ་བ་དང་འབྲི་བའི་མཚན་ཉིད་ཀྱིས་སྐྱེས་པ་དང་བུད་མེད་མ་ཡིན་པས་མ་ནིང་ངོ༌། །ཁྲོ་བོ་ལ་སོགས་པའི་བཟླས་པ་དག་ནི་ལས་ཀྱི་དབྱེ་བ་དང་ལྷའི་དབྱེ་བས་རིག་པར་བྱའོ། །རྡོ་རྗེ་བདག་པོ་རྣམས་ནི་འདོད་པ་དྲུག་གོ །དེ་ཐམས་ཅད་ནི་འདོད་ཆགས་དེ་ཉིད་དོན་བསྒོམ་པ་སྟེ། འདོད་ཆགས་ཀྱང་ཡིན་ལ་དོན་ཡང་ཡིན་ཏེ། དེ་ལ་སེམས་པ་ནི་འདོད་ཆགས་ཀྱི་དོན་ལ་སེམས་པའོ། །སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདིས་ནི་དེའི་རྣལ་འབྱོར་པ་འདོད་པ་ལྔའི་ལུས་


DTG040_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རང་གི་ལུས་གཉིས་ལ་བཅུག་སྟེ། འདོད་ཆགས་ཀྱི་བཟླས་པ་བྱའོ་ཞེས་བྱ་བར་འགྱུར་རོ། །འདོད་པ་རྣམས་ཀྱི་དོན་དེར་བརྩོན་ཞིང་བསྡུས་པའི་རྣལ་འབྱོར་པས་འདོད་པ་ལྔ་གཉིས་སུ་མེད་པའི་སྦྱོར་བས་འདོད་ཆགས་ཀྱི་བཟླས་པ་བྱའོ། །འདོད་པའི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པས་ནི་སྤྱན་ལ་སོགས་པའི་བཟླས་པའི་དམ་ཚིག་བསྟན་ཏོ། །རིག་པའི་རྒྱལ་པོ་ནི་དམ་ཚིག་རྡོ་རྗེ་ལ་སོགས་པ་དྲུག་སྟེ། གཏི་མུག་གི་དམ་ཚིག་གི་ཡུལ་ལས་སྐྱེས་པས་སོ། །དེ་ཉིད་ཀྱིས་ན་འཁོར་ལོ་ཅན་ནོ། །མ་ནིང་གི་གནས་ནི་གཏི་མུག་གི་བཟླས་པ་སྟེ། སྐྱེས་པ་དང་བུད་མེད་གཉིས་སུ་མེད་པའི་དོན་གྱིས་ཤིན་ཏུ་འཁྱུད་པའི་ཕྱིར་དངོས་གྲུབ་ནི་དེར་གནས་པའི་གྲུབ་པའོ། །ཞེ་སྡང་གི་གནས་ནི་ཞེ་སྡང་གི་རིགས་སོ། །གསད་པ་ནི་སྣང་བ་མེད་པར་བྱེད་པའོ། །དེ་བས་ན་དེ་ཉིད་ནི་ཞེ་སྡང་འདས་པའོ། །སྒྲུབ་པ་ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་གསུངས་ཏེ། གསད་པར་བྱ་བ་གདུག་པ་རྣམས་ཀྱིས་ནམ་མཁའ་ཁྱབ་པར་བསམས་ན། ཧཱུཾ་ཞེས་བྱ་བས་སྣང་བ་མེད་པར་བྱས་པས་གསད་པར་བྱའོ། །མཆོག་གི་ཆོས་ནི་དད་པ་དང་ཤེས་རབ་ལ་སོགས་པའོ། །སྐྱེས་བུ་ཆེན་པོ་ཞེས་བྱ་བ་ནི་ཤིན་ཏུ་ཁྲོ་བོའི་སྐྱེས་བུའི་ལས་དང་ལྡན་པ་སྟེ། དེ་རྣམས་ཀྱི་དམ་ཚིག་གོ །དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལྟར་བཟླས་པ་རྒྱས་པར་བཤད་ནས་བྱེ་བྲག་བསྟན་པར་བྱ་བའི་ཕྱིར་སླར་ཡང་གསུངས་པ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་གསུམ་པ་བཀོད་པའི་ཚིགས་སུ་བཅད་པ་ལྔར་བསྟན་པ་དེ་འདིར་ཚིགས་སུ་བཅད་པ་ཕྱེད་དང་དྲུག་གིས་གསུངས་ལ། དེ་ནས་ཚིག་རྐང་གཉིས་ཀྱིས་ནི་འོད་ཟེར་སྤྲོས་པ་སྔར་མ་བསྟན་པ་སྟོན་ཏོ། །ཚིགས་སུ་བཅད་པ་ལྔའི་ཚིག་གསུམ་གྱིས་ནི་གཅིག་བརྗོད་ལ་བཞི་པས་ནི་གཉིས་པའོ། །ཡེ་ཤེས་ཀྱང་ཡིན་ལ་འཁོར་ལོ་ཡང་ཡིན་པས་ཡེ་ཤེས་འཁོར་ལོ་སྟེ། །དེ་དང་ལྡན་པའི་རྣལ་འབྱོར་པའི་སྙིང་གར་བསྒོམ་པར་བྱའོ། །གསང་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་ཏེ་དེའི་དབུས་སུ་གནས་པར་རོ། །དེ་བཞིན་དུ་ཡེ་ཤེས་རྡོ་རྗེ་ཅན་ལ་སོགས་པའི་སྙིང་གར་རྡོ་རྗེ་ལ་སོགས་པ་ཉི་མའི་དཀྱིལ་འཁོར་ལ་གནས་པའོ།།


DTG040_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་འཁོར་ལོའི་དོན་བསྒོམ་མོ་ཞེས་བྱ་བ་ནི་འཁོར་ལོ་དེའི་དབུས་སུ་འཁོར་ལོའི་དོན་གྱི་སྔགས་ཨོཾ་ཞེས་བྱ་བ་ལ་སོགས་པ་བསྒོམ་པའོ། །རྡོ་རྗེའི་དོན་བསྒོམ་ཞེས་བྱ་བ་ལ་རྡོ་རྗེ་ནི་རྡོ་རྗེའི་དབུས་སོ། །དེའི་དོན་གྱི་སྔགས་ནི་ཧཱུཾ་ཞེས་བྱ་སྟེ་དེ་བསྒོམ་པའོ། །རིན་ཆེན་ཡེ་ཤེས་ཅན་ཞེས་བྱ་བ་རིན་ཆེན་ཡང་ཡིན་ལ་ཡེ་ཤེས་ཀྱང་དེ་ཡིན་ནོ། །ཀུན་ནི་སྣ་ཚོགས་པ་སྟེ་ཡེ་ཤེས་སེམས་དཔའི་ཐུགས་ཀར་གནས་པའི་ས་བོན་ནོ། །དེའི་དཀྱིལ་འཁོར་ནི་གདན་ནོ། །དེའི་ངོས་རྣམས་ནི་ཤར་དང་ལྷོ་དང་བྱང་དུའམ། དབང་ལྡན་དང༌། མེ་མཚམས་དང༌། ནུབ་ཕྱོགས་སོ། །སངས་རྒྱས་ཀུན་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་ཡང་རང་གི་སྟེང་ལ་དགོད་པར་བྱའོ། །འོད་ཟེར་ལྔ་ཞེས་བྱ་བ་ནི་ཁ་དོག་ལྔའོ། །སྤྲོ་བ་ནི་སྤྲོ་བར་བྱའོ། །བྱེ་བྲག་གིས་ཞེས་བྱ་བ་ནི་སྣ་ཚོགས་པ་ལས་ཁ་དོག་རྣམ་པ་ལྔ་དང་སྐུ་ལ་སོགས་པའི་རྡོ་རྗེ་དག་ལས་རང་གི་ཁ་དོག་གོ །འོད་ཟེར་སྤྲོས་པའི་མཐར་སེམས་དཔའ་སྤྲོ་བའོ། །དེ་དག་ཀྱང་གཅིག་དང་ཐམས་ཅད་ལས་ཞེས་རྣམ་པ་གཉིས་སུ་སྔར་བཤད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྔགས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །གང་དུ་བསྡུ་བ་མ་བསྟན་པ་དེ་བསྟན་པར་བྱ་བའི་ཕྱིར་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུམ་ནི་སྐུ་གསུམ་པོ་དག་གོ །རྡོ་རྗེ་ནི་སྣ་ཚོགས་པ་སྟེ། དེའི་བྱེ་བྲག་གིས་སྤྲོས་པ་རྣམས་བསྡུས་ཏེ། གང་གི་ཚེ་བྱེ་བྲག་རྣམས་ལ་སྤྲོས་པ་དེའི་ཚེ་རྡོ་རྗེར་བསྡུའོ། །གང་གི་རྡོ་རྗེ་ལས་སྤྲོས་པ་དེའི་ཚེ་བྱེ་བྲག་རྣམས་སུའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྡོ་རྗེ་གསུམ་པོ་དབྱེར་མེད་པའི་མཚན་ཉིད་ནི་ཤིན་ཏུ་ཁྱད་པར་དུ་འཕགས་པའོ། །བདག་མེད་པ་ལས་སྤྲོས་པ་དེ་གང་དུ་སྤྱོ་བར་བྱ་ཞེ་ན། ལུས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་བོ་ཉིད་ནི་བདག་མེད་པའི་སྟེ་སྣ་ཚོགས་པའོ། །དེ་ཇི་ལྟར་སྐུ་ལ་སོགས་པ་ཡིན་ཞེ་ན། དེ་དག་གང་གི་ཕྱོགས་སུ་སྤྲོས་པས་སོ།། དེས་ནི་མཆོད་པར་འགྱུར་ཏེ། གཉིས་སུ་མེད་པའི་མཆོད་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའོ། །དེས་སྐུ་ལ་སོགས་པའི་དབྱེ་བ་སྣ་ཚོགས་པ་དང༌། གཉིས་སུ་མེད་པར་བྱས་པ་འམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཟླས་པ་རྒྱ་ཆེར་གསུངས་ནས། ད་ནི་ལས་ཀྱི་ཚོགས་སྟོན་ལ། དེ་ལ་རྣལ་


DTG040_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཇི་ལྟ་བུ་ལ་གནས་ནས་ལས་བྱས་པ་ནི། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་ཉི་ཤུ་ལྔ་འམ་འཁོར་ལོས་ཏེ་དོན་གྱི་ཤུགས་ཀྱིས་ལྷ་དྲུག་གིས་སོ། །ནང་གི་རྣམ་པར་རྡོ་རྗེ་ལྔ་རྣམས་ཏེ་སངས་རྒྱས་རྣམས་བསྒོམ་པར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། དབུས་སུ་བདག་པོ་བསམས་ནས་ནིའོ། །གཟུགས་ཞེས་བྱ་བ་ནི་སྐུའི་རྣམ་པའོ། །གསུམ་ནི་སྐུ་གསུམ་པོ་དག་གོ །སྐུ་ནི་ཡེ་ཤེས་སེམས་དཔའོ། །རྡོ་རྗེ་ནི་ཅོད་པན་ནོ། །ལྔ་པོ་དེ་དག་དང་ལྡན་པའི་ཕྱིར་རོ། །གསུམ་སྐུ་རྡོ་རྗེ་ཅན་གྱི་གཟུགས། །རང་སྔགས་རྡོ་རྗེ་ཞེས་བྱ་བ་ནི་རང་གི་ལྷག་པའི་ལྷའིའོ། །གཟུགས་ནི་དེ་ཉིད་དོ། །དཀྱིལ་འཁོར་རྣམ་པ་བཞི་དག་ནི། །ཞེས་བྱ་བ་ནི་ཆུ་དང་དབང་ཆེན་དང་མེ་དང་རླུང་གི་ལའོ། །ཁ་དོག་རྣམ་བཞིར་ཀུན་བརྟགས་ལ། །ཞེས་བྱ་བ་ནི་གོ་རིམས་བཞིན་དུ་དཀར་པོ་དང་སེར་པོ་དང་ནག་པོར་རྣམ་པར་བསྒོམ་པའོ། །སྙིང་གར་སྔགས་ཀྱི་དོན་བསྒོམས་ན། །ཞེས་བྱ་བ་ནི་རང་གི་ལྷའི་གཟུགས་དེ་ཉིད་ཀྱི་ཐུགས་ཀར་སྔགས་ཀྱི་དོན་ཞི་བ་ལ་སོགས་པའི་ལས་ཇི་སྐད་འཆད་པར་འགྱུར་བའོ། །ཆུ་ལ་སོགས་པའི་དཀྱིལ་འཁོར་ཇི་ལྟ་བུ་ཡིན་ཞེ་ན། ཇི་སྐད་དུ་རྡོ་རྗེ་བདུད་རྩིའི་རྒྱུད་ལས། ཞི་ལ་ཆུ་ཡི་དཀྱིལ་འཁོར་ནི། །ཟླུམ་ཞིང་ཁ་དོག་དཀར་པོ་ཡིན། །རྒྱས་པའི་ལས་ལ་དབང་ཆེན་གྱི། །དཀྱིལ་འཁོར་གྲུ་བཞི་སེར་པོ་ཡིན། །གདུག་པའི་ལས་དེར་མེ་ཡི་ནི། །དཀྱིལ་འཁོར་གྲུ་གསུམ་ནག་པོར་བསམ། དབང་ལ་ཤིན་ཏུ་དམར་བར་བསམ། །རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས། །ཞེས་གསུངས་པ་ལྟ་བུའོ། །དེ་ལས་ཆུ་ནི་བཾ་ལས་བྱུང་བ་སྟེ། ལོགས་ལ་བུམ་པས་མཚན་པའོ། །དབང་ཆེན་ལ་ནི་ལཾ་ལས་བྱུང་བ་སྟེ། མཚམས་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །མེ་ནི་རཾ་ལས་བྱུང་བ་སྟེ། ཟུར་རྣམས་སུ་ནི་རཾ་གྱིས་མཚན་པའོ། །རླུང་ནི་ཡཾ་ལས་བྱུང་བ་སྟེ། །ཟུར་དག་ཏུ་རྡོ་རྗེ་རྒྱལ་མཚན་གྱིས་མཚན་པ་ཡིན་ནོ། །རྡོ་རྗེ་རྣམ་པ་བཞི་ཞེས་བྱ་བ་ནི་ཁ་དོག་དང་སྟན་ལ་སོགས་པས་ཕྱེ་བ་འདི་ཉིད་རྣལ་འབྱོར་བཞིའོ། །ལས་ནི་ཞི་བ་ལ་སོགས་པའོ། །བསམ་གཏན་རྡོ་རྗེ་ནི་ཏིང་ངེ་འཛིན་བརྟན་པའོ། །འདི་ནི་ཞེས་བྱ་བ་ནི་ལས་འདི་


DTG040_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ནིའོ། །སྔགས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བཟང་པོ་ཡིན་ཞེས་བྱ་བ་ནི་ཤིན་ཏུ་རྨད་དུ་བྱུང་བ་སྟེ། ཡིད་ཀྱི་ལས་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་གྱི་ལྷ་བཞི་པོ་ནི་ཞི་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱན་གྱི་ཚུལ་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་པདྨོ་ཅན་ནི་གོས་དཀར་མོ་སྟེ་དེ་དང་ལྡན་པའི་རིན་ཆེན་དཔལ་དང་འོད་དཔག་ཏུ་མེད་པ་ཞེས་བྱ་བའི་དོན་ཏོ། །སྐུའི་སྤྲིན་གྱི་ཚོགས་ཀྱིས་གསལ་བར་མཛད་པའི་ཕྱིར་རྣམ་པར་སྣང་མཛད་དེ། དོན་ཡོད་པར་གྲུབ་པའོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །ཁྲོ་པོ་ནི་དྲག་པོ་ཉིད་ཀྱི་ཕྱིར་རོ། །འདི་ཞེས་བྱ་བ་ནི་ལྷ་བཞི་པོ་འདི་དག་གང་ཡིན་པའོ། །དེ་ཞེས་བྱ་བ་ནི་ཁྱད་པར་ཅན་ནོ། །ལྷ་ཐམས་ཅད་ཀྱི་སྐུ་གསུམ་ནི་ལྷ་བཞི་པོ་དེ་ཉིད་དོ། །བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་སོ། །དེ་ཉིད་ནི་རོལ་མོ་སྟེ། འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡིན་ཡང་འཇིག་རྟེན་པའི་དོན་དང་འདྲ་བར་སྣང་བའི་ཕྱིར་རོ། །དེའི་མཚན་ཉིད་ནི་རང་གི་ངོ་བོའོ། །གསང་བ་ནི་སྦ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་རྡོ་རྗེ་ནི་བྱང་ཆུབ་རྡོ་རྗེའོ། །མངོན་སྤྱོད་ནི་ཐམས་ཅད་ལ་བྱ་བ་མ་ཡིན་པས་གང་དག་ལ་བྱ་བ་དེ་དག་ནི་མ་དད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀོན་མཆོག་གསུམ་དང་སྔགས་ཀྱི་ཚུལ་ལ་སོགས་པ་ལ་མ་དད་པ་ནི་ལེགས་པ་མ་ཡིན་ནོ་ཞེས་སེམས་ཅན་རྣམས་འཛིན་པར་བྱེད་པ་གང་ཡིན་པ་དེ་དག་ནི་མ་དད་པར་སྨྲ་བའོ། །སྔགས་ཀྱི་ཚུལ་ལ་སློབ་དཔོན་གྱིས་དབང་བསྐུར་བ་ཐོབ་པ་ཅན་དང་ཡང་དག་པར་སྟོན་པར་བྱེད་པ་གང་ཡིན་པ་དེ་ནི་རྡོ་རྗེ་སློབ་དཔོན་ནོ། །ཁྱད་པར་དུ་ནི་གང་གི་རྡོ་རྗེ་སློབ་དཔོན་ཏེ་དེ་ལ་སྨོད་པ་གཞན་དག་གུས་པ་མ་ཡིན་པ་བསྐྱེད་ཅིང་སྨོད་པ་གང་ཡིན་པ་དེ་དག་ནི་རྡོ་རྗེ་སློབ་དཔོན་སྨོད་པའོ། །གཞན་རྣམས་ལ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ལ་སོགས་པའོ། །འང་གི་སྒྲས་ནི་སྐབས་ལ་ལྟོས་པ་ཡིན་ཏེ་མ་དད་པར་སྨྲ་བ་རྣམས་ལ་ཡང་ཞེས་བྱ་བའི་དོན་ཏོ། །གདུག་པའི་སེམས་ཅན་ཞེས་བྱ་བ་ནི་གཉི་ག་ཡང་ཁྱད་པར་ཡིན་ཏེ། འཇིག་རྟེན་གྱི་དོན་ཆེན་པོ་ལས་ཉམས་པར་བྱེད་པ་དང་གནོད་པ་ཆེན་པོ་བསྐྱེད་པ་འམ་བདག་ཉིད་ཀྱང་ངན་སོང་བརྒྱུད་མར་གཞོལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རབ་


DTG040_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྐུལ་བ་འདི་བྱའོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་བྱ་བའོ། །ཡེ་ཤེས་ཆེན་པོའི་འཁོར་ནི་འཆད་པར་འགྱུར་བའི་བཀའི་འཁོར་ཆེན་པོའོ། །དེ་ཉིད་ནི་རྡོ་རྗེ་ཡིན་ཏེ་དོན་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་འཆད་པར་རྩོམ་པ་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །ཁམས་གསུམ་གནས་པའི་ཞེས་བྱ་བ་ནི་ཁམས་གསུམ་ཁྱབ་པར་བྱེད་པའིའོ། །སངས་རྒྱས་སྐུར་ནི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཚོགས་ཀྱི་ངོ་གོ་ཉིད་དུའོ། །ཅིའི་ཕྱིར་ཞེ་ན། དེ་རྣམས་གནོད་པ་ཆེན་པོ་བྱེད་པའི་བསྒྲུབ་བྱ་ལ་བལྟ་བར་བྱ་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། སངས་རྒྱས་ཀུན་ལ་གནོད་བྱེད་པར། །བསམས་ནས་རྣལ་འབྱོར་རབ་ཏུ་སྦྱོར། །ཞེས་འཆད་པར་འགྱུར་རོ། །ཁ་སྦྱོར་དབྱེ་བར་བསམས་ནས་སུ། །ཞེས་བྱ་བ་ནི་བསྲུང་བ་གསལ་བ་སྟེ། འདི་ཡང་གསལ་བར་མ་བཤད་དོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ། །ལས་རྣམས་བརྩམ་པར་བྱ་བ་ནི་མངོན་སྤྱོད་ཀྱི་ཆོ་གའོ། །ཇི་ལྟར་བྱ་ཞེ་ན། ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་དབྱིངས་ནི་མེའི་དཀྱིལ་འཁོར་ཏེ་གྲུ་གསུམ་ཉིད་ཡིན་པའི་ཕྱིར་རོ། །ཁ་བཞི་པ་ཞེས་བྱ་བ་ནི་ཁ་གྱེན་དུ་བལྟས་པའི་ཕྱོགས་བཞིའི་རྩེ་མོ་བཞིའོ། །རྡོ་རྗེ་དེ་ཉིད་རྡོ་རྗེ་སེམས་དཔའ་རྣམ་པར་བསྒོམ་པ་ནི་མི་བསྐྱོད་པ་ཞེས་བྱ་བའི་དོན་ཏོ། །སྐབས་ཀྱིས་ཁྲོ་ཞིང་སྔོ་བའི་འཁོར་དང་ལྡན་པའོ། །དུས་གསུམ་ཞེས་བྱ་བ་ལ་སོགས་པ་ལ་དུས་གསུམ་གྱི་དམ་ཚིག་ནི་ཚོགས་པའོ། །སངས་རྒྱས་རྣམས་ཀྱི་འཁོར་ལོ་ནི་ཚོགས་ཏེ། ནམ་མཁའི་ངོས་ལ་རྣམ་བསྒོམ་པའོ། །ལག་པ་ཞེས་བྱ་བ་ནི་ལག་པར་གནས་པའི་འབར་བའི་རྡོ་རྗེ་ལའོ། །བྱ་ཞེས་བྱ་བ་ནི་གཞུག་པར་བྱ་བའོ། །སངས་རྒྱས་སྐུའི་བྱེ་བྲག་གིས་ཞེས་བྱ་བ་ནི་རྡོ་རྗེའི་འོད་ཟེར་ལས་བྱུང་བའི་དེ་བཞིན་གཤེགས་པའི་ཁྲོས་པ་རྣམས་ཀྱིས་གཅིག་ཏུ་བྱས་ནས་སོ། །བསྡུས་ཏེ་གོང་བུའི་ཚུལ་གྱིས་སུ། །ཞེས་བྱ་བ་ནི་གཅིག་ཏུ་བྱས་པའོ། །རང་གི་ལུས་ལ་ཞེས་བྱ་བ་ནི་རང་གི་སྙིང་གའི་ཉི་མ་དང་མཚན་མ་ལ་གནས་པའི་སྔགས་ཀྱི་ཐིག་ལེར་རོ། །སངས་རྒྱས་ཞེས་བྱ་བ་ནི་དེ་རྣམས་ཉིད་ཀྱིའོ། །ཡེ་ཤེས་འཁོར་ལོ་ཅན་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་བྱུང་བའོ། །ཁྲོ་བས་ཞེས་བྱ་བ་ནི་སངས་


DTG040_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དེ་ཉིད་སྤྲོས་པའོ། །གསད་པའི་དོན་སེམས་པ་ཞེས་བྱ་བ་ལ་གསད་པ་ཉིད་ཀྱི་དོན་ཏེ་ཐབས་ཡིན་ནོ། །དེས་བསྒྲུབ་པར་བྱ་བའི་དོན་སེམས་པ་སྟེ། དོན་ཕན་པ་བྱང་ཆུབ་ལ་མངོན་པར་ཕྱོགས་པར་བྱེད་པ་ལ་གཞོལ་བར་བྱེད་ཅེས་བྱ་བའི་དོན་ཏོ། །བར་འདི་ཡང་བསྒྲུབ་པར་བྱ་བ་མདུན་གྱི་མེའི་དཀྱིལ་འཁོར་ལ་གནས་པ་གཅེར་བུ་སྐྲ་གྲོལ་བ་ཡུངས་མར་གྱིས་བྱུགས་པ་སྐབས་མེད་པར་བསམ་པར་བྱའོ། །དེ་ནས། སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཅན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ཁྲོ་བོ་རྣམས་ལ་བསྒོ་བ་སྦྱིན་པར་བྱའོ། །གདུག་པ་ཆེན་པོ་གསོད་པར་བྱེད། །ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་གདུག་པ་གསོད་པར་བྱེད་པའི་ཁྲོ་བོ་དེ་རྣམས་བསྒོམ་པར་བྱ་ཞིང་རང་གིས་ཀྱང་རྡོ་རྗེ་བསྣུན་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །རང་ཉིད་དམ་ཞེས་བྱ་བ་ནི་དངོས་སུ་སྟེ། གལ་ཏེ་འདིར་བསྒྲུབ་པར་བྱ་བ་འདི་གང་ཡིན་པ་དེ་རྡོ་རྗེ་སེམས་དཔའ་ཡིན་ན་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་གསུངས་པ་འདི་ནི་སྦྱོར་བའི་མཐུ་བསྟན་པའི་ཕྱིར་རོ། །སངས་རྒྱས་ཞེས་བྱ་བ་ནི་རྡོ་རྗེ་འཆང་བའོ། །རྡོ་རྗེ་གསུམ་གྱིས་དཀྱིལ་འཁོར་གནས་ནི་མི་བསྐྱོད་པའི་རིགས་སོ། །དངོས་གྲུབ་ནི་སྒྲུབ་པ་པོ་ལའོ། །རྨོངས་པ་ནི་བསྒྲུབ་པར་བྱ་བའོ། །འགྲུབ་མི་འགྱུར་ནི་བསྒྲུབ་པར་བྱ་བ་ཉིད་དེ་གསོལ་བར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནི་མི་བསྐྱོད་པའོ། །དེའི་དམ་ཚིག་ནི་ཡེ་ཤེས་ཀྱི་ས་བོན་ནོ། །དེའི་བཀའ་འཁོར་ལོ་ནི་དེ་ལས་བྱུང་བའི་ཁྲོ་བོ་རྣམས་ཏེ་དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རྡོ་རྗེ་འབར་བ་ནི་རྡོ་རྗེའི་རྣམ་པ་ལྟ་བུའི་འོད་དོ། །རྡོ་རྗེ་སེམས་དཔའི་རྡོ་རྗེ་བསྒོམ། ཞེས་བྱ་བར་སྦྱོར་རོ། །རྡོ་རྗེ་སེམས་དཔའ་ནི་སངས་རྒྱས་རྣམས་སོ། །རྡོ་རྗེ་ནི་འཁོར་ལོ་འབར་བ་སྟེ། དེ་ལ་དེ་རྣམས་ནང་དུ་འདུས་པའི་ཕྱིར་གཞི་མཐུན་པ་ཡིན་ནོ། །རྡོ་རྗེའི་སྐུ་ཡི་ཁྱད་པར་གྱིས། །ཞེས་བྱ་བ་ནི་འཁོར་ལོའི་འོད་ཟེར་ལས་བྱུང་བའི་དེ་བཞིན་གཤེགས་པ་ཁྲོས་པ་རྣམས་ཀྱིས་གཅིག་ཏུ་བྱས་ནས་སོ། །རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སངས་རྒྱས་ཁྲོ་བོ་དེ་རྣམས་ཉིད་ཀྱིའོ། །ཡེ་ཤེས་མཆོག་གི་གཉེན་གྱིས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་ཉིད་མཆོག་གི་གཉེན་ཏེ། སྤྲོ་བར་མཛད་པ་པོས་སོ། །དེ་ལ་བསྒྲུབ་པར་བྱ་བ་


DTG040_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མ་བཞིན་དུ་བསམས་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་ཁྲོ་བོ་རྣམས་ལ་བསྒོ་བ་སྦྱིན་པར་བྱའོ། །སྐུ་གསུང་ཐུགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་པ་འདི་ཉིད་ཀྱིས་ཇི་སྐད་གསུངས་པ་བཞིན་དུ་སྦྱོར་བ་སྔ་མ་ལ་བལྟ་བར་བྱའོ། །སྦྱོར་བ་འདི་ལ་ནི་འཁོར་ལོ་འཛིན་པ་དང་འཁོར་ལོ་རབ་ཏུ་འབར་བ་ཡིས་ཞེས་བརྗོད་པར་བྱའོ། །ལྷག་མ་ནི་མཚུངས་པ་ཡིན་ནོ། །དེ་བཞིན་དུ་ལྷ་གཞན་དག་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །སྦྱོར་བ་ནི་ཡེ་ཤེས་སེམས་དཔའོ། །སྐུ་གསུམ་ལས་བྱུང་ནི། ཡེ་ཤེས་སེམས་དཔས་བསྐྱེད་པ་སྟེ། །གང་གི་ཚེ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ཅེས་བྱ་བ་ནི་བཀའ་བསྒོ་བ་སྟེ། དེ་ལས་འདས་ནའོ། །དགས་པར་བགྱིས་ན་ཅིར་འགྱུར་ཞེ་ན། ཞིག་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁོར་ལོ་ནི་རྣམ་པར་སྣང་མཛད་དོ། །དེའི་དམ་ཚིག་ནི་ཡེ་ཤེས་ཀྱི་ས་བོན་ནོ། །དེ་བས་ན་བཀའི་འཁོར་ལོ་སྟེ། བཀའ་བསྒོ་བ་ལྟར་བྱེད་པའི་ཁྲོ་བོའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་ལ་གཉིས་གསུངས་ནས་ཁྲོ་བོ་རྣམས་ལ་གཅིག་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་དཀྱིལ་འཁོར་ནི་ཅོད་པན་ལ་རྣམ་པར་སྣང་མཛད་ཀྱི་གཟུགས་སོ། །རྡོ་རྗེ་ནི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་སེམས་དཔའ་སྟེ་གནས་ཇི་ལྟ་བ་བཞིན་དུ་དེ་དང་ལྡན་པའོ། །གཤིན་རྗེ་གཤེད་ཀྱང་དེ་ཡིན་ལ། དཀྱིལ་འཁོར་ཆེན་པོ་དང་ལྡན་པའི་ཕྱིར་འཁོར་ལོ་ཆེན་པོ་ཡང་ཡིན་པས་ན་དེ་བརྟག་པར་བྱའོ། །དེ་ཡང་རང་གི་རྡོ་རྗེ་ཡང་ཡིན་བརྟག་པར་བྱ་སྟེ། རང་གི་རྡོ་རྗེ་ནི་རང་གི་མཚན་མ་སྟེ་རྡོ་རྗེ་ཐོ་བའོ། །དེའི་ཕྱག་ན་མངའ་བར་གྲགས་ཤིང་སྟོན་པ་འདི་ལ་མངའ་བས་ན་རང་གི་རྡོ་རྗེ་ཡིན་པར་རོ། །སངས་རྒྱས་ཞེས་བྱ་བ་ནི་མཚན་མའི་ནང་དུ་ཆུད་པ་ལ་སོགས་པའི་རིམ་གྱིས་སྔ་མ་བཞིན་ནོ། །སྐུ་གསུམ་དཀྱིལ་འཁོར་ནི་ཡེ་ཤེས་སེམས་དཔའི་ས་བོན་གྱི་ཐིག་ལེའོ། །སེམས་ཅན་དང་ཞེས་བྱ་བ་ནི་ཡང་གི་དོན་དུ་རྟོགས་པར་བྱ་བ་སྟེ། སེམས་ཅན་ཡང་དེ་དང་འདྲ་བར་སྤྲོ་བར་བྱའོ་ཞེས་སྔ་མ་དང་སྦྱར་བར་བྱའོ། །དགྲ་རྣམས་ཞེས་བྱ་


DTG040_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་གསད་པར་བྱ་ཞེས་བྱ་བ་འོག་མ་དང་སྦྱར་བར་བྱའོ། །རྡོ་རྗེ་བཀའི་འཁོར་ལོ་ནི་ཁྲོ་བོའི་བཀའི་འཁོར་ལོའོ། །དམ་ཚིག་ཐམས་ཅད་ནི་སངས་རྒྱས་དང་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་འབྱུང་བ་ནི་འཇུག་པ་སྟེ། གཤིན་རྗེ་གཤེད་ཀྱི་སྐུ་གསུམ་གྱི་ཡེ་ཤེས་ཀྱི་ས་བོན་གང་ཡིན་པ་ལའོ། །དེ་བས་ན་བཀའི་འཁོར་ལོ་ནི་བཀའི་ཁྲོ་བོ་སྟེ། དེ་ལ་དམིགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །བཀའི་འཁོར་ལོ་གསུངས་ནས་སྲུང་བའི་འཁོར་ནི་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་སྔགས་ནི་རང་གི་ལྷ་ཉིད་དོ། །དོན་ནི་རྡོ་རྗེ་འཆང་སྟེ་འབྲས་བུའི་མཆོག་ཉིད་ཡིན་པའི་ཕྱིར་རོ། །ཡོན་ཏན་ནི་དེ་ཉིད་ཀྱི་སྙིང་པོ་སྟེ། རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བའི་དོན་ཏེ་ཟླས་དབྱེ་བའི་བསྡུ་བ་བྱའོ། །གཙུག་ནི་རྒྱལ་བའི་གཙུག་ཏོར་ལ་སོགས་པ་བརྒྱད་དོ། །དེ་ཉིད་ནི་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་དམ་ཚིག་གོ །བཅུ་གཅིག་པོ་དེ་ལས་གང་ཡང་རུང་བའི་སྦྱོར་བ་དང་ལྡན་པས་འཁོར་ལོ་ལྟེ་བར་གནས་ནས་བཀའི་དཀྱིལ་འཁོར་སྦྱར་བར་བྱ་སྟེ། བཀའ་ལྟར་བྱེད་པའི་འཁོར་ལོ་ནི་བཀའི་འཁོར་ལོའོ། །རྩིབས་བཅུར་གནས་པའི་ཁྲོ་བོ་བཅུ་པོ་དེ་རབ་ཏུ་སྦྱར་བར་བྱ་བ་དེའི་དགོས་པ་ནི་ཕྱོགས་བཅུར་འོད་ཟེར་གྱི་སྤྲིན་རབ་ཏུ་འགྱེད་པར་བྱེད་པའོ། །སྔགས་ཀུན་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་སྦྱོར་བའོ། །ཡེ་ཤེས་མཆོག་ནི་ནང་གི་བདག་ཉིད་ཅན་གྱི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་ཕྱིའི་དཀྱིལ་འཁོར་པ་སྟེ་རྟེན་དང་བཅས་པ་དེ་དག་ལྡན་པས་ནའོ། །སྲུང་བའི་དོན་ནི་སྲུང་བའི་ཐབས་ཏེ་སྲུང་བའི་འཁོར་ལོས་བགེགས་རྣམས་བསལ་ལ་ཆོ་ག་བཞིན་དུ་རྡོ་རྗེ་འཆང་བ་རྣམ་པར་བསྒོམས་ཏེ། འདོད་ཆགས་ཆེན་པོའི་ཚུལ་ལ་སོགས་པའི་རིམ་གྱིས་དང་པོར་སྦྱོར་བ་བསྒོམ་པར་བྱའོ། །དེ་ཉིད་ཀྱི་ཆོ་ག་བསྟན་པར་བྱ་བའི་ཕྱིར་ནམ་མཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བའི་ཕྱག་རྒྱ་ཆེན་པོ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་ནམ་མཁའ་སྟེ། ནམ་མཁའ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ནི་ནམ་མཁའ་རྡོ་རྗེའོ། །དེའི་དབུས་གནས་པ་ནི་དབུས་ན་འདུག་པའོ། །ཆོས་ཞེས་བྱ་བ་ནི་ཡི་གེ་བྷྲཱུཾ་མོ། །ཇི་ལྟ་བུ་ཞེ་ན། རྣམ་པར་སྣང་མཛད་སྐུ་མཆོག་ལས་བྱུང་བ་སྟེ་སྣ་ཚོགས་འདི་ལ་སྣང་བར་མཛད་པའི་ཕྱིར་རྣམ་པར་སྣང་


DTG040_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཡེ་ཤེས་ཀྱི་མཚན་མའོ། །དེ་རྣམས་ཀྱི་སྐུའི་མཆོག་ནི་ཚོགས་ཆེན་པོ་སྟེ། ཡེ་ཤེས་རྒྱ་མཚོ་ཞེས་བྱ་བའི་དོན་ཏོ། །དེ་འབྱུང་བའི་དེ་ལས་སྐྱེས་པ་ཡིན་པས་ནི་དེ་སྐྱེས་ཞེས་བྱའོ། །སྐུ་དང་གསུང་དང་ཐུགས་ཀྱི་རོ་ཚོགས་པ་དང་རོ་གཅིག་པའི་ཕུང་པོ་ནི་སྐུ་གསུམ་སྟེ་དེ་ཉིད་ནི་ཡེ་ཤེས་ཀྱི་རྒྱ་མཚོའོ། །དེ་ཉིད་ནི་གཞིའི་རྒྱ་མཚོ་ཚུལ་དུ་ཡོངས་སུ་གྱུར་པ་དེའི་དམ་ཚིག་བསྡུས་པ་འདི་ལ་ཡོད་པས་ནི་སྐུ་གསུམ་དམ་ཚིག་གོ །དེ་ལྟ་བུའི་ཡི་གེ་བྷྲཱུཾ་བསམས་ནས་གདན་དུ་དེ་རབ་ཏུ་བརྟགས་ཏེ། ཡི་གེ་བྷྲཱུཾ་དེ་ཉིད་གཞལ་ཡས་ཁང་རིམ་པ་གཉིས་པ་རང་གི་གདན་གྱི་མགོན་དང་བཅས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་དབུས་སུ་ཆུད་པའི་མཁའ་དབྱིངས་རྣམ་པར་བསྒོམ་པ་ནི་དོན་གྱིས་ན་དབུས་མའི་གདན་ལ་གནས་པའོ། །ནམ་མཁའ་ནི་ནམ་མཁའ་ཡིན་ལ། དབྱིངས་ནི་འཇིག་རྟེན་གྱི་ཡིན་པས་ན་ནམ་མཁའི་དབྱིངས་ཏེ་ཟླ་བའི་དཀྱིལ་འཁོར་རོ། །ཡོངས་སུ་གང་བ་ནི་ཆ་མེད་པའོ། །སངས་རྒྱས་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་ས་བོན་གྱི་རང་བཞིན་ཅན་དབྱངས་ཀྱི་ཡི་གེ་ཤིན་ཏུ་དཀར་བ་བཅུ་དྲུག་ལ་སྟེ། འདི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་དབུས་ན་གནས་པའི་རང་སྔགས་ཡི་གེའི་གནས་བསྒོམ་པར་བྱ་ཞེས་བྱ་བ་སྦྱོར་རོ། །རང་སྔགས་ནི་མཆོག་དང་པོའི་སྙིང་པོའོ། །དེ་ཡང་གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་ཤིན་ཏུ་དཀར་བ་ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་ཅན་ནོ། །དེ་ལས་བྱུང་བ་ནི་གནས་ཏེ། མཚན་མ་དང་པོའི་རྡོ་རྗེའོ། །འདི་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་དབུས་སུ་ཆུད་པའི་ཡེ་ཤེས་ཐུགས་ཀྱི་རྣམ་པར་ཏེ། དང་པོའི་སྙིང་པོའི་རྣམ་པར་བསྒོམ་པར་བྱ་སྟེ། འདི་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཡང་ཞེས་བྱ་བ་ནི་ཕྱིས་སོ། །ཐུགས་ཀྱི་རྡོ་རྗེ་དེས་བསྒོམས་ནས་ཏེ་ཀུན་ནས་བསྐྱེད་ནས་སངས་རྒྱས་ཐམས་ཅད་དེ་ཉིད་དུ་རབ་ཏུ་བསྡུ་བར་བྱ་སྟེ། འདི་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །ཐུགས་ཀྱི་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དེ་ཉིད་དོ། །རྡོ་རྗེར་བྱས་པའི་ཕྱིར་ཞེས་བྱ་བ་ནི་རིག་མ་དང་བཅས་པའི་མཆོག་དང་


DTG040_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྱིར་རོ། །འདི་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །སྐུ་གསུམ་ཞེས་བྱ་བ་ནི་གསུམ་ཆར་གྱི་གནས་ཏེ་རྡོ་རྗེ་འཆང་བའི་ཐུགས་ཀར་ཞེས་བྱ་བའི་དོན་ཏོ། །དེ་དག་ཅེས་བྱ་བ་ནི་ཟླ་བ་དང་རྡོ་རྗེ་དང་སྔགས་ཏེ་གསུམ་མོ། །མཛད་ཅེས་བྱ་བ་ནི་དགོད་པའོ། །ནམ་མཁའ་ཞེས་བྱ་བ་ནི་ཆོས་འབྱུང་བར་རོ། །རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་འཛིན་པ་རྣམ་པ་ལྔས་མཚོན་པར་བྱང་ཆུབ་བོ། །དེ་སྟོན་པར་མཛད་པ་ལ་ཡང་དེ་སྐད་ཅེས་བྱའོ། །འདི་ནི་ཡེ་ཤེས་ལྔའི་གོ་རིམས་སོ། །རྡོ་རྗེ་ཉིད་ནི་རྡོ་རྗེ་འཆང་བའོ། །དེའི་སྔགས་རིན་པོ་ཆེ་ནི་རབ་སྔགས་ཀྱི་མཆོག་གོ །དེའི་རབ་ཏུ་སྣང་བར་བྱེད་པ་ནི་གསལ་བར་བྱེད་པ་སྟེ། སངས་རྒྱས་ཐམས་ཅད་སྤྲོ་བ་དང༌། རྡོ་རྗེ་འཆང་བ་བསྐྱེད་པ་དང༌། དེའི་ཐུགས་ཀར་མར་མེ་ལྟར་འབར་བའོ། །དེ་བྱེད་པ་ཡིན་པས་ན་དེ་བྱེད་པའོ། །ཆུ་ལ་འཆག་པའི་ཆོ་ག་ནི་རྣམ་པའི་མཆོག་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སངས་རྒྱས་རིམ་པར་བཀོད་ནས་ནི། །ཞེས་བྱ་བ་ནི་སྙིང་གའི་ས་བོན་ལས་སངས་རྒྱས་ཕྲ་མོའི་སྤྲོ་བའི་སྦྱོར་བས་རང་གི་ལུས་ཀྱི་རྡུལ་ཕྲ་རབ་སངས་རྒྱས་ཀྱི་རང་བཞིན་དུ་བྱ་བ་དང༌། ཆུའི་ཕྲ་རབ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ཏེ། རི་རབ་ལྟར་སྲ་ཞིང་མཁྲེགས་པར་བསྒོམ་པའི་སྦྱོར་བས་བརྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཀྱི་རང་བཞིན་དུ་བྱས་པ་ཉིད་ཀྱི་ཕྱིར་ཆུ་ལ་རྐང་པ་མཉམ་པར་གཞག་པ་ཡིན་པས་ན། རྐང་པ་མཉམ་གཞག་སྦྱོར་བས་སོ། །གཞུང་ལ་ལ་ལས་ནི། རྐང་པ་མཉམ་ཉིད་སྦྱོར་བ་ཡིས། །ཞེས་འབྱུང་སྟེ། དེང་ནི་སྤྱི་བོ་དང་རྐང་པ་ནི་སངས་རྒྱས་ཀྱི་རང་བཞིན་དུ་མཉམ་པས་ན་རྐང་པ་དེའི་སྟེ། དེ་ལ་དམིགས་པའི་སྦྱོར་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་རྣམས་ལ་སངས་རྒྱས་ཀྱི་དགོད་པ་རང་བཞིན་དག་པར་བསྟན་པས་ན་ངོ་བོ་ཉིད་དག་པའོ། །རྡོ་རྗེའི་བདག་ཉིད་ཅན་གྱི་རྒྱ་མཚོ་དང་རྐང་པས་གནོན་པ་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །ཚིག་གནོན་པ་ནི་དབང་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩོད་པ་སྨྲ་བའི་དུས་སུ་རང་གི་ལྷ་ཉིད་ཀྱི་སྦྱོར་བ་སེར་པོར་བྱས་ནས་སོ། །དབུས་སུ་ཞེས་བྱ་བ་རྒོལ་བའི་ཁའི་དབུས་སུ་དབང་ཆེན་གྱི་དཀྱིལ་འཁོར་ལཾ་


DTG040_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་ཟུར་བཞི་པ་སེར་པོ་གྲྭ་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ་ཅན་གྲྭའི་རྡོ་རྗེ་དེ་དག་ཉིད་ཀྱིས་བསྒྲུབ་པར་བྱ་བའི་རྣ་བ་དང་ལྕེ་རྩ་དང་རྐན་དང་སྤྱི་བོ་ཕུག་སྟེ་བྱུང་ནས་ལེགས་པར་གནས་པར་བསྒོམས་ནས་ནིའོ། །ཁྲོ་བོའི་རིགས་བཞག་ལ་ཞེས་བྱ་བ་ནི་རི་བོ་སེར་པོ་ལྟ་བུའི་ཁྲོ་བོ་ནམ་མཁའ་བསམས་ནས་ཁྲོ་བོ་གཅིག་གི་རྣམ་པར་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སྦྱར་བར་བྱ་ཞེ་ན། དེའི་སྤྱི་བོར་བསྒོམ་ཞེས་བྱ་བ་གསུངས་ཏེ། བསྒྲུབ་པར་བྱ་བ་ཁ་སྦུབ་ཏུ་འགྱེལ་བ་སྤོབས་པ་མེད་པ་དེའི་མགོ་བོར་ལྷག་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་འདྲ་བ་ཞིག་ཅེ་ན། ལས་ཀྱི་རྡོ་རྗེའི་རྐང་པས་གནོན་པར་ཏེ། བསྒྲུབ་པར་བྱ་བའི་མགོ་བོའི་ལྟག་པར་དབྱངས་ཀྱི་ཡི་གེ་ཐ་མ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གང་ཡིན་པ་དེ་དེའི་རྐང་པ་གཡོན་པ་བརྐྱང་པ་གནོན་པ་དེ་ལྟར་ན་དེ་སྐད་ཅེས་བྱའོ། །དཔུང་གནོན་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་རྡོ་རྗེ་གསུམ་མཆོག་ཅེས་བྱ་བ་ནི་དཀྱིལ་འཁོར་པའི་ཚོགས་སྤྲོས་ཏེ། རང་གི་དཀྱིལ་འཁོར་པའི་ཚོགས་རྣམ་པར་སྣང་མཛད་ལ་སོགས་པ་སྤྲོས་པའོ། །སྐུ་མཆོག་ནི་སེར་པོ་ཡིན་ཏེ། གེ་སར་མདོག་འདྲ་བ་ནི་འབར་བ་རྣམས་ཀྱིས་སོ། །སྤྱི་བོར་ཞེས་བྱ་བ་ནི་དཔུང་གི་ཚོགས་རྣམས་སོ་སོའི་སྤྱི་བོར་རོ། །ཁྱད་པར་དུ་ནི་དཔའ་བོ་རྣམས་ལ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པའི་ལས་ཀྱི་རྡོ་རྗེ་སྟེང་རྐང་པས་གནོན་པ་ཞེས་བྱ་བ་འདིར་ཡང་སྦྱར་བར་བྱའོ། །འདིར་མན་ངག་ནི། གང་ཚེ་དཔུང་ཚོགས་ཕར་ཁ་བལྟས། །མགོ་ལ་གནས་པའི་ཁྲོ་བོ་གནག །ཁ་སྦྱར་ཕྱོགས་བལྟས་ཅན་བསྒོམས་ན། དེ་ཚེ་ངེས་པར་འབྲོས་པར་འགྱུར། །སེར་པོ་ཁ་ནི་ཕར་བལྟས་ལ། །མངོན་དུ་ཁ་བལྟས་ངེས་དབང་འགྱུར། །དཀར་པོ་ཕན་ཚུན་བལྟས་པ་རུ། །བསྒོམས་པ་ཡིས་ནི་བརྒྱལ་བར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་གྱི་བདག་པོའོ། །དེའི་སྐུ་དང་གསུང་དང་ཐུགས་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་རྣམས་འབྱུང་བ་ནི་དཔུང་ཐམས་ཅད་ཀྱི་སྤྱི་བོར་འབྱུང་བའོ། །དེ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །དགྲ་བོ་རྣམས་སྐྲག་པ་དེའི་དམ་ཚིག་


DTG040_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དུས་ཏེ། བདུན་པའི་དོན་ནི་དྲུག་པའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །སངས་རྒྱས་དག་གིས་ཞེས་བྱ་བ་ནི་སངས་རྒྱས་དག་གིས་ཀྱང་ངོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གསུམ་ནི་ཞེ་སྡང་ངོ༌། །དེའི་དམ་ཚིག་ནི་བསམ་གཏན་གྱི་ཕུར་བུས་བསྣུན་པའོ། །དེ་སྟོན་པར་མཛད་པ་ཉིད་ཀྱིས་དེ་སྐད་ཅེས་བྱའོ། །རྩེ་ལྔ་པ་ཞེས་བྱ་བ་ནི་སྟེང་གི་སྟེང་འོག་གི་རྩེ་གཅིག་པའོ། །ཚད་དུ་སྟེ་ཞེས་བྱ་བ་ནི་སོར་བརྒྱད་པའི་ཚད་དུའོ། །རྡོ་རྗེ་ཕུར་བུའི་བྱ་བ་ནི་ལས་ཏེ་ཕུར་བུས་འདེབས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡིས་བྱ་བ་ནི་ཕུར་བུ་ཡིས་སོ། །སྙིང་གར་ཞེས་བྱ་བ་ནི་རང་གི་མིང་གི་ཡི་གེ་དང་པོ་ལས་བསྐྱེད་པའི་བསྒྲུབ་པར་བྱ་བའི་སྙིང་གར་རོ། །འདི་ནི་ཞེས་བྱ་བ་ནི་ཆེ་གེ་མོ་རྨོངས་པར་གྱིས་ཤིག །སོད་ཅིག་ཅེས་གསོལ་བ་བཏབ་ནས་བརྒྱལ་བ་ཉིད་དམ་འཆི་བ་ཉིད་དུ་གང་བསྒོམ་པའོ། །རབ་བསྒོམས་ན་ཞེས་བྱ་བ་ནི་ཁྲོས་པས་ཞེས་སྣྲེལ་ཞིར་སྦྱར་ཏེ་ཁྲོས་པའི་ལྷའི་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །རྨོངས་པ་དང་གནོད་པ་ནི་འཇིགས་པར་འགྱུར་བ་སྟེ། བརྒྱལ་བ་དང་གསད་པ་ཞེས་བྱ་བའི་དོན་ཏོ། །གྲོང་ཁྱེར་ལ་སོགས་པར་ནད་ལ་སོགས་པ་ཉེ་བར་ཞི་བའི་གྲོང་ངམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྗོངས་དག་ཏུ་ཞེས་བྱ་བ་ནི་ཡུལ་འཁོར་དག་ཏུའོ། །རབ་སྦྱར་བྱ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཆོ་ག་གསུམ་གྱིས་སོ། འདིས་ནི་ཞེས་བྱ་བ་ནི་བསྐལ་པ་བསྲེག་པའི་སྦྱོར་བས་སོ། །རབ་ཏུ་བསྒོམ་ཞེས་བྱ་བ་ནི་བདག་ཉིད་དཀར་ཞིང་ཞི་བའི་ལྷ་ཉིད་ཀྱི་རྣལ་འབྱོར་པའོ། །རྡོ་རྗེ་རྩེ་ལྔ་པ་ནི་བར་སྣང་དག་ལ་ཞེས་བྱ་བ་ནི་གྲོང་ཁྱེར་ལ་སོགས་པའི་སྟེང་དུ་གྲོང་ཁྱེར་ལ་སོགས་པ་ཁེབས་པར་བྱེད་པའི་ཚད་དང་ལྡན་པ་རྩེ་མོ་གྱེན་དུ་བལྟས་པའི་རྡོ་རྗེ་དཀར་པོ་ཡི་གེ་ཧཱུཾ་གིས་མཚན་པའོ། །བསྐལ་པ་བསྲེགས་པ་ལྟར་བསམས་ནས། །ཞེས་བྱ་བ་ནི་རྡོ་རྗེ་ཉིད་ལས་འོད་ཟེར་འབར་བའི་སྤྲིན་སྤྲོས་པས་གྲོང་ཁྱེར་ལ་སོགས་པ་ན་ཡོད་པའི་ནད་ལ་སོགས་པ་ཙམ་ཤིན་ཏུ་སྲེག་པར་བྱེད་པ་ངག་གིས་ཡེ་ཤེས་དག་པའི་གོས་ཀྱི་ཚུལ་དུ་གྲོང་དང་གྲོང་ཁྱེར་པ་ལ་སོགས་པ་ལ་གནོད་པ་མེད་པར་འབར་བར་བསྒོམས་ནས་ཞེས་བྱ་བའི་དོན་ཏོ། །སླར་ཡང་རབ་ཏུ་བསྡུས་པར་བྱ། །ཞེས་བྱ་བ་ནི་ཕྱིས་རྡོ་རྗེ་དེ་ཉིད་དུ་འོད་ཟེར་འབར་བ་དེ་རྣམས་བསྡུ་བར་བྱའོ། །སྤྲོ་བ་དག་ཅེས་བྱ་བ་ནི་རྡོ་རྗེ་དེ་ཉིད་


DTG040_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་སྟེ་གྲོང་ལ་སོགས་པ་ཁྱབ་པར་བྱེད་པ་དག་གོ །རིན་ཆེན་ཡིད་བཞིན་ནོར་བུའི་འོད། །ཅེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཉིད་ཡིད་བཞིན་གྱི་ནོར་བུ་སྟེ། འདི་ནི་རྣམ་པ་ཅན་གྱི་འོད་དོ། །ཆོས་ཀྱི་སྤྲིན་ནི་བསྒོམས་ནས་ཀྱང༌། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་ཅན་ནོ། །འོད་ཟེར་སེར་པོ་འབར་བའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དབང་བསྐུར་བ་ནི་ཞེས་བྱ་བ་ནི་འོད་ཟེར་གྱི་སྤྲིན་དེ་དག་ཉིད་གྲོང་དང་གྲོང་ཁྱེར་ལ་སོགས་པ་དེ་རྣམས་ལ་ཞུགས་པའི་ཕྱིར་རོ། །དབང་བསྐུར་བའི་འབྲས་བུ་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དགང་དཀའ་བ་ཡང་ཞེས་བྱ་བ་ནི་ནད་ལ་སོགས་པ་སྔར་ཤིན་ཏུ་རིང་བ་ཡང་ངོ༌། །རབ་ཏུ་འགེངས་ཞེས་བྱ་བ་ནི་ལུས་རྒྱས་ཤིང་ཡང་དག་པར་འགེངས་པའོ། །སྦྱིན་པའི་རྡོ་རྗེ་སྒོམ་པར་བྱེད་པ་ནི་བྱེད་པ་པོའོ། །ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི་ནོར་རྒྱས་པའོ། །ཆོས་རྒྱས་པ་ནི་སངས་རྒྱས་སྤྲིན་དང་ཞེས་བྱ་བ་ལ་སོགས་པས་ཏེ་ཕྱིས་རྡོ་རྗེ་དེ་ཉིད་ལས་བྱུང་བའི་རྣམ་པར་སྣང་མཛད་དང༌། འོད་དཔག་ཏུ་མེད་པ་དང༌། མི་བསྐྱོད་པའི་སྤྲིན་གསུམ་གྱིས་གྲོང་ཁྱེར་ལ་སོགས་པ་ཁྱབ་པར་བྱ་ཞེས་བྱ་བའི་དོན་ཏོ། །སྦྱོར་བའི་འབྲས་བུ་ནི་བསྐལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་བྱིན་གྱིས་རློབ་ཅེས་བྱ་བ་ནི་བྱིན་གྱི་རླབས་གང་གི་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་ནད་ལ་སོགས་པ་འཚེ་བ་དེར་མེད་པར་འགྱུར་རོ། །འདི་དེ་ཞེས་བྱ་བ་ནི་གང་འདི་ལྟར་བསྒོམས་པའི་བར་སྣང་ལ་གནས་པའི་རྡོ་རྗེའོ། །གསང་བའི་སྐུ་ནི་ཆོས་ཀྱི་སྐུའོ། །སྐྱོན་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །ནད་སེལ་བ་ཡང་དེ་ཡིན་ལ་རྡོ་རྗེ་ཡང་ཡིན་པས་སོ། །དེ་ལས་བྱུང་བ་ནི་སྦྱོར་བ་གསུམ་མོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །བགེགས་ཐམས་ཅད་བཟློག་པ་ནི་བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ཡིས་ནི་ཞེས་བྱ་བ་ནི་གང་བློ་ལ་གནས་པའི་རྡོ་རྗེ་ཕུར་བུ་བསམ་གཏན་གྱི་རྡོ་རྗེ་ཡིན་གྱི་ཤིང་ལ་སོགས་པ་ལས་བྱུང་བས་ནི་མ་ཡིན་ནོ། །དམ་བཅས་ལས་ཞེས་བྱ་བ་ནི་རྟག་པར་རབ་ཏུ་སྦྱོར་བ་སྟེ་ཉིན་རེ་འམ་ཐུན་རེའོ། །བསམ་གཏན་སྦྱོར་བ་ཞེས་བྱ་བ་ནི་སྲུང་བའི་


DTG040_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་ཏིང་ངེ་འཛིན་ཏོ། །གནས་ན་ཞེས་བྱ་བ་ནི་གནས་དེ་ལ་གནས་པའི་སྒྲུབ་པ་པོའོ། །སངས་རྒྱས་བྱིན་གྱིས་རློབ་ཅེས་བྱ་བ་ནི་བྱིན་གྱིས་བརླབས་པ་གང་གིས་བགེགས་མེད་པར་འདོད་པའི་དོན་གྱི་དངོས་གྲུབ་ཐོབ་པར་འགྱུར་བའོ། །རྡོ་རྗེ་བདུད་རྩི་ནི་བདུད་རྩི་ཐབ་སྦྱོར་རོ། །རྡོ་རྗེ་ཕུར་བུ་ཞེས་བྱ་བ་ནི་ལྟེ་བ་ཡན་ཆད་དེའི་སྐུའི་རྣམ་པ་ཅན་དང་འོག་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་ནོ། །ཕྱོགས་བཅུའི་འཁོར་ལོའི་བགེགས་འཁོར་དང་བཅས་པ་ལའོ། །ཀྱང་གསུངས་སོ་ཞེས་བྱ་བ་ནི་བློ་ལ་གནས་པའི་ཕུར་བུ་གང་ཡིན་པ་དེ་ཡང་གསུངས་པའོ། །ཕྱོགས་བཅུའི་བགེགས་གང་ཡིན་པ་དེ་ནི་འགྲོ་བ་ཡིན་ལ། དེ་འདུལ་བ་ནི་འདུལ་བར་མཛད་པའོ། །དེ་བས་ན་ཞི་བའི་རྡོ་རྗེ་སྟེ་འཚེ་བ་ཐམས་ཅད་ཞི་བ་དབྱེར་མི་ཕྱེད་པའོ། །དེའི་དོན་ཉིད་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཞི་བ་ལ་ནི་སྤྱན་གྱི་ཚུལ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟན་པའི་སྦྱོར་བ་བཞི་པོ་གོ་རིམས་བཞིན་དུ་ཚིགས་སུ་བཅད་པ་ཕྱེད་དང་བཞི་དང་ཕྱེད་དང་ལྔ་དང་བཞི་དང་བཞི་དག་གིས་བཤད་པའི་ཕྱིར་ཞི་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བའི་དཀྱིལ་འཁོར་ནི་ཇི་སྐད་དུ་གསུངས་པའི་ཆུའི་དཀྱིལ་འཁོར་རོ། །རྣམ་པར་སྣང་མཛད་ཅེས་བྱ་བ་དེ་ཡང་ཐམས་ཅད་དཀར་ཞིང་ཐུགས་ཞི་བའོ། །གཟུགས་ནི་རང་གི་སྐུའོ། །བསམས་ནས་ཞེས་བྱ་བ་ནི་ཞི་བའི་དཀྱིལ་འཁོར་དེ་ཉིད་ཀྱི་ཟླ་བ་ལ་གནས་པའོ། །རང་གི་ཐུགས་ཀར་ཞེས་བྱ་བ་ནི་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལའོ། །འདོད་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་སྟེ། གང་ལ་ཞི་བ་ལས་བྱའོ། །གཞག་ཅེས་བྱ་བ་ནི། ཨོཾ་ཛི་ན་ཛིཀ་ཆེ་གེ་མོ་ཤཱ་ནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བརྗོད་ལ། རང་གི་མིང་གི་ཡི་གེ་དང་པོ་ལས་བསྐྱེད་པར་བྱའོ། །སྤྱན་ལ་སོགས་པའི་མཆོག་རྣམས་ཀྱིས། །ཞེས་བྱ་བ་ནི་དེ་ལྟར་བསྐྱེད་པའི་བསྒྲུབ་པར་བྱ་བའི་སྙིང་གའི་ཟླ་བ་ལ་གཞག་པའོ། །ཨོཾ་རུ་རུ་སྤུ་རུ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཡི་གེའི་ཕྲེང་བ་ལས་སྤྲོས་པའི་སྤྱན་གྱི་ཚོགས་རྣམས་ཀྱིས་སོ། །བསྡུས་ནས་ཞེས་བྱ་བ་ནི་དེ་དག་ཉིད་དོ། །འོད་ཀྱི་གོང་བུ་ཡིས་ཞེས་བྱ་བ་ནི་དཀར་ཞིང་བསིལ་བའི་འོད་ཀྱིས་གོང་བུའི་གཟུགས་ཀྱིས་སོ། །ནད་པ་ལ་ནི་དབབ་པར་བྱ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་ལ་དབང་


DTG040_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བའི་ཚུལ་དུ་གཞུག་པར་བྱའོ། །སངས་རྒྱས་སྤྲིན་རྣམས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཚོགས་སོ། །སྤྲོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་དེ་ཉིད་ལས་སོ། །དབང་བསྐུར་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་འོད་ཟེར་གྱི་གོང་བུར་གྱུར་པ་ཞུགས་པའི་ཕྱིར་རོ། །ནད་པ་ནི་བསྒྲུབ་པར་བྱ་བ་དེ་ཉིད་དོ། །ལུས་དབྱེར་མི་ཕྱེད་པ་རྡོ་རྗེ་ལྟ་བུ་དང་དཔལ་ལྡན་པར་འགྱུར་རོ། །སྐད་ཅིག་གིས་ཞེས་བྱ་བ་ནི་རིང་པོར་མི་ཐོགས་པའོ། །སངས་རྒྱས་ནི་རྣམ་པར་སྣད་མཛད་ཡིན་ལ་དེའི་དམ་ཚིག་གི་སྤྲིན་ནི་ཐབས་དང་ཤེས་རབ་ཀྱི་སྐུ་སྤྲོས་པའི་སྤྲིན་ནོ། །དེ་རྣམས་ཀྱི་བཀོད་པ་ནི་ནད་པ་ལ་བསྡུ་བའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། འདིར་རིན་ཆེན་འབྱུང་ལྡན་ནམ། འོད་དཔག་ཏུ་མེད་པ་ཆོས་འཛིན་པ་དང༌། རིན་པོ་ཆེ་དང༌། ཆོས་ཀྱི་སྒྲས་གསུངས་ཏེ། ཀུན་ཏུ་འགྲོ་བའི་ཆོས་ཀྱི་དབྱིངས་འཛིན་པའི་ཕྱིར་རོ། །དེ་ཡང་ཐམས་ཅད་སེར་ཞིང་སྐུ་རྒྱས་པ་ཡིད་དགྱེས་པ་དང་ལྡན་པའོ། །དཀར་མོ་ཞེས་བྱ་བ་ལ་ཚོགས་ཞེས་བྱ་བ་ནི་ལྷག་མ་སྟེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཉི་མ་སེར་པོ་ལ་གནས་པའི་བསྒྲུབ་པར་བྱ་བའི་སྙིང་གར་ཟླ་བ་སེར་པོ་ལ། ཨོཾ་ཀ་ཊེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཡི་གེའི་ཕྲེང་བ་བཀོད་པ་ལས་སྤྲོས་པའི་གོས་དཀར་མོ་སེར་པོ་རྒྱས་པའི་ཚོགས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །ཞེས་བྱ་བ་ནི་གོས་དཀར་མོ་ཞེས་བྱ་བ་དེ་ཉིད་དོ། །དེ་ཞེས་བྱ་བ་ནི་འོད་ཀྱི་གོང་བུའོ། །རིན་ཆེན་སྤྲིན་ནི་ཆོས་འཛིན་པའི་སྤྲིན་རྣམས་སོ། །ཆོས་ཀྱི་སྤྲིན་ནི་ཞེས་བྱ་བ་ནི་ཆོས་འཛིན་པའི་སྤྲིན་ཏེ། འོད་ཟེར་སེར་པོ་བསྒོམ་པ་ཁས་བླངས་པའི་ཕྱིར་རོ། །དབང་བསྐུར་བ་ནི་ཞེས་བྱ་བ་ནི་འོད་ཟེར་གྱི་གོང་བུ་དེ་ཉིད་ཀྱིས་སྔ་མ་ཡིན་ནོ། །སྦྱིན་པ་ཉིད་རྡོ་རྗེ་ཡིན་ཏེ་མི་ཟད་པ་ཉིད་ཀྱི་ཕྱིར་རོ། །དེས་དོན་བསྒྲུབ་པ་ནི་སེམས་ཅན་རྣམས་ལ་ཕན་པ་བྱེད་པའོ། །ཆོས་ནི་ཆོས་འཛིན་པའོ། །དེའི་སྤྲིན་གྱི་དམ་ཚིག་ནི་ཐབས་དང་ཤེས་རབ་ཀྱི་སྐུའི་སྤྲིན་སྤྲོས་པ་རྣམས་སོ། །དེ་དག་གི་བཀོད་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་རྒྱལ་མཚན་གྱིས་མཚོན་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡང་དེ་ཡིན་ལ། གཞུའི་དབྱིབས་ཅན་ཉིད་ཡིན་པའི་ཕྱིར་ཟླ་བ་ཕྱེད་པ་ཡང་ཡིན་པས་ན་རྡོ་རྗེ་


DTG040_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གམ་མོ། །དེ་བཞིན་དུ་དེའི་དཀྱིལ་འཁོར་ཡང་ཡིན་པས་ན་རྡོ་རྗེ་གམ་དཀྱིལ་འཁོར་ཏེ། རླུང་གི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནམ་མཁའ་ཆོས་མཆོག་ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པའོ། །དེ་ལྟར་ནམ་མཁའ་ཁྱབ་པའི་ཡེ་ཤེས་ཅན་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ནམ་མཁའ་ཡང་དེ་ཡིན་ལ་ཡེ་ཤེས་མཆོག་ཉིད་ཡིན་པའི་ཕྱིར་ཆོས་ཀྱི་མཆོག་ཉིད་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་ཡང་ཐམས་ཅད་དམར་ཞིང་ཆགས་པའི་ཐུགས་ཅན་ནོ། །འདོད་པ་ཞེས་བྱ་བ་ནི་འགྲོ་བ་དབང་དུ་བྱེད་པར་འདོད་པ་སྟེ་བསྒྲུབ་པར་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །ཞེས་བྱ་བ་ནི་སྔོན་དུ་བྱང་ཆུབ་སེམས་དཔའོ། །བསྒྲུབ་པར་བྱ་བ་སྙིང་གར་ཟླ་བ་དམར་པོ་ལ་བཞག་སྟེ། སྒྲོལ་མིའི་རིག་པའི་ཡི་གེའི་ཕྲེང་བ་བཞག་པ་ལས་སྤྲོས་པས་ཀུན་དུ་ཆགས་ཤིང་དམར་བའི་སྤྱན་ལ་སོགས་པའི་ལྷ་མོ་བཞི་པོའམ་སྒྲོལ་མའི་སྤྲིན་གྱིས་ཞེས་བྱ་བའི་དོན་ཏོ། །འོད་ཟེར་ལྔ་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་ལྷ་མོ་དེ་རྣམས་འོད་ཟེར་ལྔ་པོ་ཉིད་དུ་གྱུར་པའི་ཕྱིར་རོ། །གཟི་བརྗིད་ཅེས་བྱ་བ་ནི་འོད་ཟེར་དེ་ཉིད་དོ། །དེར་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་ལའོ། །ཕྱིས་ནི་སངས་རྒྱས་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ལུས་དེ་ཉིད་ལས་སྤྲོས་པའི་དེ་བཞིན་གཤེགས་པ་ལྔའི་སྤྲིན་ནམ་དོན་ཡོད་པའི་སྤྲིན་གྱིས་ཞེས་བྱ་བའི་དོན་ཏོ། །དེ་ནས་དེ་རྣམས་ཀྱི་ཡང༌། འོད་ཟེར་ལྔ་ཡི་སྦྱོར་བ་ཡིས། །དེ་ནི་གཟི་བརྗིད་དབབ་པར་བྱ། །ཞེས་བྱ་བར་སྦྱར་རོ། །དེ་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའིའོ། །སངས་རྒྱས་ཀུན་དགེས་ཤིང་འཇམ་དཔལ་འདྲ་བར་འགྱུར་རོ། །སངས་རྒྱས་དེ་རྣམས་ཀྱིས་ཀྱང་དེ་ལ་དབང་བསྐུར་བ་སྩོལ་བར་འགྱུར་རོ། །གོ་འཕང་ལས་བྱེད་པར་འགྱུར་ཞེས་བྱ་བ་ནི་མིང་གི་ལས་བྱེད་པ་སྟེ། དབང་དུ་བྱ་བའི་ཕྱིར་གང་གི་མིང་ནས་སྨོས་པ་དེ་དབང་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བལྟས་ཞེས་བྱ་བ་ནི་དབང་དུ་བྱ་བའི་ཕྱིར་གང་ལ་བལྟས་པ་སྟེ་དེ་རྣམས་ཀྱང་དབང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རིན་པོ་ཆེའི་སྤྲིན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲིན་ནོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །བཀའི་འཁོར་ལོའི་སྦྱོར་བས་སྔར་གསུངས་པ་ཉིད་ཀྱི་མངོན་སྤྱོད་དེ་ཉིད་ཀྱང་ཁ་བསྐང་བའི་ཕྱིར་རོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ནམ་མཁའ་རྡོ་རྗེ་ནི་ནམ་མཁའ་ཐམས་ཅད་དོ། །སྲིན་པོ་ལ་


DTG040_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི་རང་གི་ཁྲོ་བོའི་ལྷའི་བ་སྤུའི་བུ་ག་ལས་སྤྲོས་པ་རྣམས་ཀྱིས་ཏེ། ཁྱབ་པ་ཞེས་བྱ་བ་ནི་ལྷག་མའོ། །དགྲ་བོ་རྣམས་ནི་ཞེས་བྱ་བ་ནི་དགྲ་སྟེ་མ་དད་པར་སྨྲ་བ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །གནོད་བྱེད་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དེས་ནམ་མཁའ་ངོས་ཁྱབ་པའི་སངས་རྒྱས་རྣམས་ལ་གནོད་པར་བྱེད་པ་སྟེ། དབུ་སྟ་རེ་ལ་སོགས་པས་གཅོད་པར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་ཞེས་བྱ་བ་ནི་མངོན་སྤྱོད་ཀྱི་བསམ་གཏན་འདི་ཉིད་དོ། །མཚོན་ཆ་སྣ་ཚོགས་ཐོགས་པ་ནི་ཁྲོ་བོའི་སྤྲོས་པའོ། །དེ་རྣམས་ཀྱིས་མནན་པའི་དུམ་བུར་བྱས་པའོ། །ཐམས་ཅད་ནི་སྲིན་པོ་ལ་སོགས་པས་སོ། །དྲངས་པར་བྱ་ཞེས་བྱ་བ་ནི་ཀུན་ནས་དྲངས་པར་རོ། །བསྒོམས་ན་ཞེས་བྱ་བ་ནི་སྒྲུབ་པ་པོས་བསྒོམས་ནའོ། །རྡོ་རྗེ་དམ་ཚིག་གི་སྤྲིན་ནི་ཁྲོ་བོ་ལ་སོགས་པའི་སྤྲིན་སྤྲོས་པའོ། །དེ་རྣམས་ཀྱིས་བཀོད་པ་ནི་དུམ་བུར་གཏུབས་པའོ། །ལེའུ་འདིར་མངོན་སྤྱོད་མ་གསུངས་པ་གང་ཡིན་པ་དེ་ལེའུ་བཅོ་བརྒྱད་པ་ལས་བལྟ་བར་བྱ་ཞིང་ཁ་སྦྱར་དབྱེ་བ་ལ་སོགས་པ་ནི་བླ་མའི་མན་ངག་ཉིད་ལས་ཤེས་པར་བྱའོ། །ཡིད་ཀྱི་ལས་རྣམས་གསུངས་ནས་ད་ནི་ཏིང་ངེ་འཛིན་རྣམས་བཤད་པར་བྱ་བ་ཡིན་ལ། དེ་ཡང་ཆོག་ཇི་ལྟ་བ་བཞིན་དུ་སྔགས་ལས་བྱུང་བའི་ལྷའི་སྐུ་འཁོར་དང་བཅས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལ་དེ་བཞིན་གཤེགས་པ་ལྔའི་སྐུ་མདོག་དང༌། ཞལ་དང་ཅོད་པན་དང༌། རྩ་བའི་ཕྱག་མཚན་རྣམས་ནི་ལེའུ་དང་པོ་དང་གསུམ་པ་དག་ལས་གསུངས་པ་ཡིན་ལ། དེ་རྣམས་ཀྱི་བདག་ཉིད་ཚིགས་སུ་བཅད་པ་ཕྱེད་དང་བཞིས་ཉེ་བར་མཚོན་པར་གྱུར་པས་དྲན་པར་བྱེད་པ་དང་ལྷག་མ་རྣམས་ཀྱིས་དེ་དག་ཉིད་ཚིགས་སུ་བཅད་པ་ལྔ་པོ་ལ་སོགས་པས་སྟོན་པར་བྱེད་པ་དང་ཚིགས་སུ་བཅད་པ་བཞི་པའི་ཕྱེད་ཀྱིས་ཐམས་ཅད་ཀྱི་ཕྱག་གི་ངེས་པ་དང་མཚན་མ་གཞན་རྣམས་སྟོན་པར་བྱེད་པ་ལ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ནི་ཏིང་ངེ་འཛིན་རྣམས་ཀྱིས་བསྟན་པའོ། །སྟོན་ཀའི་འདམ་བུ་ནི་ཡོངས་སུ་སྨིན་པའི་འདམ་བུའོ། །གཞན་དག་ནི་སྟོན་ཀའི་སྤྲིན་ལྟ་བུའོ་ཞེས་ཟེར་རོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་མི་བསྐྱོད་པ་སྟེ་གང་གི་འཇིག་རྟེན་གྱི་ཁམས་ཀུན་དུ་འཁྲུག་པར་བྱེད་པ་སྟེ་དྲག་པོ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཅན་ནི་འོད་དཔག་མེད་པའོ། །ལོངས་སྤྱོད་ནི་འཁོར་ལོའོ། །དེ་ནས་ཅིར་འགྱུར་ཞེ་ན། བསྒོམས་


DTG040_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེས་པར་འགྲུབ་པར་འགྱུར་ཏེ། དེ་ཞེས་བྱ་བའམ་དེ་རྣམས་ཞེས་བྱ་བ་ནི་ལྷག་མའོ། །གཡས་པའི་ཕྱག་ཏུ་ཞེས་བྱ་བ་ནི་གཡས་པའི་ཕྱག་གཉིས་པ་ལའོ། །རྡོ་རྗེ་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱིའོ། །མཚོན་ཆ་ནི་བཟང་པོ་སྣ་ཚོགས་བསྣམས་ཞེས་བྱ་བ་ནི་ཕྱག་མཚན་སྣ་ཚོགས་ཙམ་ཉིད་གསུངས་པ་ཡིན་གྱི་རང་གི་ངོ་བོ་ཉིད་ནི་མ་ཡིན་ཏེ། སྔར་གསུངས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་བས་ན་དེ་བཞིན་གཤེགས་པའི་ཕྱག་མཚན་རྣམས་གཙོ་བོ་ཉིད་ཡིན་པའི་ཕྱིར་དང་སྔར་གསུངས་པ་ཉིད་ཀྱི་ཕྱིར་དེ་དག་ཉིད་ལྷག་ཐམས་ཅད་ཀྱི་ཕྱག་དྲུག་པོ་དག་ལ་སྤྱིའི་ཚུལ་དུ་མཛད་པའོ། །བཅོམ་ལྡན་འདས་མི་བསྐྱོད་པ་ནི་ཐབས་དང་ཤེས་རབ་ཀྱི་ཚོགས་ཀྱིས་བསྡུས་པ་ཉིད་ཀྱི་ཕྱིར་གཉི་ག་མཚན་མ་ཡིན་ཏེ། ལེའུ་གསུམ་པ་ལས། ཚོགས་གཉིས་དང་ནི་ལྡན་པ་ཡིས། །མི་བསྐྱོད་པ་ཡི་རྒྱལ་མཆོག་དང༌། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཕྱག་གཉིས་ཀྱིས་གཟུང་བར་བྱ་བ་མི་བསྐྱོད་པའི་མཚན་མ་ཐབས་དང་ཤེས་རབ་ནི་ཅི་རིགས་པར་ལྷ་ཐམས་ཅད་ཀྱི་རྩ་བའི་ཕྱག་དག་ལ་ཡིན་ཞིང༌། རང་གི་མཚན་མ་ནི་གཡས་པའི་གཉིས་པ་ལ་འགྱུར་རོ། །འཁོར་ལོ་དང་ནོར་བུ་དང་པདྨ་དང་རལ་གྲི་རྣམས་ལྷག་མ་ལུས་པར་འགྱུར་བ་དེ་རྣམས་དང་པོའི་བཞིན་གཤེགས་པའི་གནས་དང་འབྲེལ་པར་གྲུབ་པ་ཡིན་ནོ། །དང་པོ་དེ་ཡང་རྣམ་པར་སྣང་མཛད་དེ། དེའི་གཡས་པའི་གཉིས་པ་ལ་འཁོར་ལོའོ། །གཡས་པའི་གསུམ་པ་ལ་རལ་གྲི་སྟེ། རལ་གྲི་ནི་གཡས་པ་ལ་ངེས་པའི་ཕྱིར་རོ། །ཅིག་ཤོས་དག་ལ་ནི་ཅི་རིགས་པར་ནོར་བུ་དང་པདྨའོ། །དེ་ནས་མི་བསྐྱོད་པ་སྟེ། དེ་ནས་མི་བསྐྱོད་པའི་གཉིས་པ་ལ་རྡོ་རྗེ་སྟེ། ཐུན་མོང་མ་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཤེས་རབ་དང་ཐབས་ནི་ཐུན་མོང་དུ་གྱུར་པ་ཡིན་ཏེ། དེ་དག་ནི་ཤེས་རབ་ཀྱི་ཡེ་ཤེས་སྒྲུབ་པ་ཉིད་ཀྱིས་ཐམས་ཅད་ཀྱི་ངེས་པར་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནས་རིན་ཆེན་འབྱུང་ལྡན་ཏེ་དེའི་འཁོར་ལོའི་གནས་སུ་ནི་ནོར་བུ་ཡིན་ནོ། །དེ་བས་ན་ནོར་བུའི་གནས་སུ་ནི་འཁོར་ལོའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནས་འདོད་དཔག་ཏུ་མེད་པ་སྟེ། དེའི་འཁོར་ལོའི་གནས་སུ་ནི་པདྨའོ། །པདྨའི་གནས་སུ་ནི་འཁོར་ལོའོ། །དེ་ནས་དོན་ཡོད་པར་གྲུབ་པ་སྟེ། དེའི་འཁོར་ལོའི་གནས་སུ་ནི་རལ་གྲིའོ། །རལ་གྲིའི་གནས་སུ་འཁོར་ལོའོ། །དེ་བཞིན་དུ་ལྷ་གཞན་དག་ལ་ཡང་ཤེས་པར་བྱའོ། །བཟང་པོ་ནི་སྔགས་པའི་གཟུགས་ཏེ་ཐུན་


DTG040_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པའི་མཚན་དང་དཔེ་བྱད་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་སྐུ་ནི་སེམས་ཙམ་ཉིད་དུ་ཡང་དག་པར་མཐོང་བ་དེའི་ཕྱིར་རིག་པ་དེ་ཉིད་ནི་སྤྱན་ནོ། །སངས་རྒྱས་རྣམས་ཀྱི་ཐུགས་རྡོ་རྗེ་ནི་ནམ་མཁའ་རྡོ་རྗེའོ། །དེའི་སྤྱན་ནི་ལྟ་བ་སྟེ། །མཱ་མ་ཀཱི་ཞེས་བྱ་བའི་དོན་ཏོ།། རྒྱལ་མོ་ཆེ་ནི་རིག་པའི་རྒྱལ་མོ་ཆེན་མོའོ། །སངས་རྒྱས་རྣམས་ཀྱི་གསུང་རྡོ་རྗེའི་སྤྱན་ནི་ལྟ་བ་སྟེ། གོས་དཀར་མོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་པོ་རོ་གཅིག་པ་ནི་ཡེ་ཤེས་སོ། །དེའི་རང་གི་ཨུཏྤལ་ནི་རྡོ་རྗེ་ཨུཏྤལའོ། །དེ་འཛིན་པ་ནི་རིག་མའི་སྒྲོལ་མ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་གསལ་བའི་མདངས་ཏེ་འདིའོ། །འོད་གསལ་བ་དང་མདངས་མཛེས་པས་སོ། །དྲག་པོའི་འོད་བཟང་ནི་འབར་བའི་འོད་ཟེར་གྱི་ཕྲེང་བ་ཅན་ནོ། །འཇིགས་པའི་རྒྱུ་ཉིད་ཀྱི་ཕྱིར་འཇིགས་པའོ། །རྣོན་པོ་ནི་རབ་ཏུ་གཏུམ་པོའོ། །རབ་ཏུ་འཕྲོ་བ་ནི་གཟི་བརྗིད་དང་ལྡན་པའོ། །གང་གིས་གདུག་པ་ཞབས་ཀྱིས་གནོན་པར་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྦྱོར་བ་ཅན་གྱིས་རྟག་ཏུ་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་རབ་ཏུ་སྦྱོར་བས་སོ། །རྡོ་རྗེ་མི་འཆི་ནི་བདུད་རྩི་ཐབ་སྦྱོར་རོ། །གང་ལ་འོད་ཟེར་འཕྲོ་བར་རབ་ཏུ་འཁྲུག་པའི་མཚན་མ་ཐུགས་མངའ་བ་སྟེ། དྲག་པོའི་ཐུགས་དེ་ཉིད་ལས་དེ་རྣམས་འབྱུང་བའི་ཕྱིར་རོ། །ཊཀྐི་ནི་ཊཀྐཱི་སྒྲས་འདོད་པའི་དོན་མིན་པ་དེ་བས་ན་འདོད་པ་རྣམས་འགུགས་པའི་ཕྱིར་འདོད་པའི་རྒྱལ་པོའོ། །དེའི་དེ་ཁོ་ན་ཉིད་ནི་འདོད་པའི་ཡེ་ཤེས་ཏེ། འདོད་པ་རྣམས་ལ་ཡེ་ཤེས་ཅན་ཉིད་འབྲེལ་པ་སྟེ། ཡིད་ཀྱིས་འཛིན་པའི་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཕྱག་བཞི་པ་སྟེ། ལོངས་སྤྱོད་བཞི་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །འཇིགས་པར་བྱེད་པའི་མཆོག་ནི་རྒྱུའོ། །སྟོབས་པོ་ཆེ་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་གསོ་བར་བྱེད་པའི་ཕྱིར་རོ། །རྡོ་རྗེ་ནི་ཁྲོ་བོ་ཆེན་པོ་ཉིད་ཡིན་པའི་ཕྱིར་རོ། །མུན་པ་ནི་མི་ཤེས་པའོ། །གདུག་པ་ཐམས་ཅད་འཇོམས་པ་ནི་འདུས་པའོ། །སེམས་འདྲེན་པར་བྱེད་འདུལ་པར་བྱེད་པའི་དབྱུག་པ་སྔོན་པོའི་མཚན་མ་འདི་ལ་ཡོད་པས་ན་དབྱུག་སྔོན་ཅན་ཡིན་ནོ། །རྡོ་རྗེ་རྣམས་བསྡུས་པ་ཡིན་པས་ན་རྡོ་རྗེ་གསུམ་ཡང་ཡིན་ལ། འབྱུང་བ་ཡང་དག་པར་བསྡུས་པ་ཡིན་པས་ན་འབྱུང་བ་ཡང་ཡིན་ཏེ། བསམ་གཏན་ལྔས་སོ། །ཁྲོ་བོའི་ཡིན་པས་ན་རྡོ་རྗེའོ། །ཐུགས་རིན་པོ་ཆེ་མི་གཡོ་བར་འཛིན་པའི་རྣལ་འབྱོར་གྱིས་


DTG040_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་བྱེད་པའི་ཕྱིར་མི་གཡོ་བའོ། །རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་བབས་པའི་ཕྱིར་རོ། །ཟུར་གྱིས་བལྟ་ཞེས་བྱ་བ་ནི་ཤིན་ཏུ་ཆགས་པས་ཡོན་པོར་ལྟ་བའི་ཕྱིར་རོ། །ཞི་བཞེས་བྱ་བ་ནི་ཤིན་ཏུ་སྦྱངས་པའི་བདེ་བས་ཤིན་དུ་གཞོན་ཤ་ཆགས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བྱིས་པའི་གཟུགས་ཅན་ཡིན་ནོ། །རལ་གྲི་ཞགས་པ་རྣམས་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཡེང་བ་གཅོད་པའི་ཕྱིར་དང་བཅིངས་ནས་འདྲེན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདིའི་རྡོ་རྗེའི་གནས་སུ་རལ་གྲི་བསྣམས་ལ་རལ་གྲིའི་གནས་སུ་ནི་འཁོར་ལོའོ། །རིན་པོ་ཆེའི་གནས་སུ་ཞགས་པ་ལྗང་གུ་བསྣམས་པ་ཡིན་ནོ། །ཡི་གེ་གཅིག་ཅེས་བྱ་བ་ནི་ཡི་གེ་བྷྲཱུཾ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འཁོར་ལོ་ཅན་ཞེས་བྱ་བ་ནི་ཕྱག་ན་འཁོར་ལོ་བསྣམས་པའོ། །བསམ་གཏན་དཀྱིལ་འཁོར་ཞེས་བྱ་བ་ནི་འབྲས་བུར་གྱུར་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཉིད་ཡིན་པའི་ཕྱིར། བསམ་གཏན་དེ་ཡང་ཡིན་ལ། ཕྲ་མོའི་དཀྱིལ་འཁོར་གྱི་རང་བཞིན་ཉིད་ཡིན་པའི་ཕྱིར་དཀྱིལ་འཁོར་ཡང་ཡིན་ལ་དེ་ལྟར་ན་བསམ་གཏན་དཀྱིལ་འཁོར་རོ། །གཞུང་ལ་ལས་ནི་བསམ་གཏན་དང་དཀྱིལ་འཁོར་དག་ཅེས་འབྱུང་སྟེ། དེ་ལ་མཚན་ཉིད་ཐ་དད་པའི་ཕྱིར་ཚིག་གཉིས་པར་བྱས་ནས་གཞི་མཐུན་པར་བྱའོ། །སྒྲིབ་པ་ཐམས་ཅད་འཇོམས་པའི་ཡེ་ཤེས་འཛིན་པའི་ཕྱིར། གནོད་པའི་ཡེ་ཤེས་མཆོག་འཛིན་པ་སྟེ། གནོད་མཛེས་རྒྱལ་པོའོ། །འཇིག་པའི་རྒྱ་མཚོ་སྐྱེད་པར་བྱེད་པའི་ཕྱིར་དེ་དང་འདྲ་བའི་འོད་དོ། །བསམ་གཏན་འོད་བཟང་ཞེས་བྱ་བ་ནི་བསམ་གཏན་འབྲས་བུར་གྱུར་པའི་ཏིང་ངེ་འཛིན་དེའི་དོན་དུ་འོད་བཟང་བ་སྟེ། མཚན་མའི་རྣམ་པ་ཅན་གྱི་འོད་ཟེར་ཐམས་ཅད་དུ་སྤྲོ་བའི་ཕྱིར་རོ། །རྒྱུད་གཞན་དག་ལས་ལྷ་གསུངས་པ་གང་ཡིན་པ་དེ་དག་ཀྱང་འདིར་བསྒོམས་ནས་འགྲུབ་པར་འགྱུར་བ་དེ་ལྟར་ན། དེའི་ཏིང་ངེ་འཛིན་བསྟན་པའི་ཕྱིར་གཟི་བརྗིད་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ལ། གང་གཞན་ཞེས་བྱ་བ་ནི་འདི་དག་དང་གསུངས་པ་ལས་གཞན་པའོ། །སྔགས་ཀྱི་འཁོར་ལོ་ཅན་ཞེས་བྱ་བ་ནི་སྔགས་ནི་དཔའ་བོ་གཅིག་པའོ། །འཁོར་ལོ་ཅན་ནི་དཀྱིལ་འཁོར་གྱི་བདག་པོ་རྣམས་ཏེ། དེ་ཡང་གཙུག་ཏོར་གྱེན་དུ་འབྱུང་བ་དང༌། ཆེར་འབྱུང་བ་ལ་སོགས་པ་ཁྲོ་བོ་རྣམས་དང་བློ་གྲོས་མི་ཟད་པ་དང་སྤོབས་པ་བརྩེགས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་འོད་ཟེར་ཅན་དང་རི་ཁྲོད་ལོ་མ་ཅན་ལ་སོགས་པ་ལྷ་མོ་རྣམས་སོ། །དེ་དག་ཐམས་ཅད་ཀྱང་ལོངས་སྤྱོད་འདི་


DTG040_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཏེ། ཇི་སྐད་དུ་བཤད་པའི་ཞལ་གསུམ་དང་ཕྱག་དྲུག་ལ་སོགས་པ་འཆད་པར་འགྱུར་བའི་ཆོས་འབྱུང་བའི་གཞལ་ཡས་ཁང་དུ་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལ་སོགས་པའི་ཏིང་ངེ་འཛིན་འཁོར་དང་བཅས་པ་རྣམས་ཀྱིས་སོ། །སོ་སོ་དག་ཏུ་ཞེས་བྱ་བ་ནི་གང་ཇི་ལྟར་རིགས་པ་དང་གང་ཞིག་གང་གི་སྔགས་དང་མཚན་མ་ལ་སོགས་པ་རང་རང་གི་རྒྱུད་དང་འགལ་བ་མེད་པ་བླང་བར་བྱ་སྟེ། རྒྱུད་སྣ་ཚོགས་ལས་གསུངས་པ་རྣམས་དང་ཉེ་བའི་རྒྱུད་ལས་གསུངས་པ་འདིར་མ་གསུངས་པ་འགལ་བ་མེད་པ་གསུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འོ་ན་དེ་རྣམས་ཀྱི་སྔགས་དེ་ཉིད་འདིར་ཡང་ཡིན་ལ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ལ་ཁྱད་པར་དུ་བྱར་ཅི་ཡོད་ཅེ་ན། ཏིང་ངེ་འཛིན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྲོ་བོ་ཞེས་བྱ་བ་ནི་ཉེ་བར་མཚོན་པའོ། །ནམ་མཁའི་ཞེས་བྱ་བ་ནི་ནམ་མཁའ་ཁྱབ་པའིའོ། །སྟེང་དུ་ཞེས་བྱ་བ་ནི་དེ་ལས་ཀྱང་ལྷག་པའོ། །ཤིན་དུ་འཕགས་པ་ནི་ཁྱད་པར་དུ་རྟོགས་པའོ། །གང་ཞིག་ཅེ་ན་ཏིང་ངེ་འཛིན་ཞེས་བྱ་བ་ནི་སྐབས་ཀྱིས་ཤེས་པར་བྱའོ། །ཏིང་ངེ་འཛིན་རྣམས་ནི་བརྟན་པའོ། །དེ་ཉིད་ཀྱི་བཤད་པ་ནི་ནམ་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བའི་ནང་དུ་ཆུད་པའི་གཞལ་ཡས་ནི་ནམ་མཁའི་དབྱིངས་སོ། །དེའི་དབུས་ན་གནས་པ་ནི་དབུས་མའི་སྣ་ཚོགས་པདྨ་ལ་གནས་པའོ། །གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །སངས་རྒྱས་གསུངས་ནི་རབ་བསྒོམས་ལ། །ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་དེ་ཉིད་ཀྱི་སྟེང་དུ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་གྱིས་ཟླ་བའི་གདན་དང་ཟླ་བའི་འོད་ཅན་གྱི་རྡོ་རྗེ་འཆང་བསྒོམས་པ་ལའོ། །རྣམ་པར་སྣང་མཛད་རྣམ་པར་བསམ། །ཞེས་བྱ་བ་ནི། འདོད་ཆགས་ཆེན་པོའི་ཚུལ་ལ་སོགས་པའི་རིམ་གྱིས་ཐམས་ཅད་ཞུ་བར་བྱས་ལ། དེ་བསྡུས་པ་ལས་བྱུང་བའི་ས་བོན་ཡོངས་སུ་གྱུར་པར་བསམ་པར་བྱའོ། །ཇི་ལྟ་བུ་ཞེ་ན། གསལ་བ་སྟེ་དྲི་མ་མེད་པའི་ཕྱིར་རོ། །ཞི་བ་ནི་ཞི་བའི་ཉམས་དང་ལྡན་པ་སྟེ། གནས་ངན་ལེན་གྱི་གནས་གྱུར་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །ཟླ་བ་བཞིན་ནི་ཤིན་ཏུ་དཀར་བ་ཉིད་ཀྱི་ཕྱིར་རོ། །འདི་ལས་སྤྲོས་པའི་འོད་ཟེར་ཁ་དོག་ལྔ་པོ་རྣམས་ཀྱིས་ཐམས་ཅད་དུ་སྣང་བ་མཛད་པའི་ཕྱིར་འོད་ཟེར་སྣ་ཚོགས་འདྲ་བའི་དོན་ཏོ། །མེ་ལོང་ལྟ་བུར་ཡང་དག་བྱུང༌། །ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཁམས་གསུམ་དག་ནི་བརྒྱན་པ་རུ། །ཞེས་བྱ་བ་ནི་དཔེར་ན་གླིང་མ་ལུས་པའི་སྟོན་ཀའི་ཟླ་བ་རྒྱས་


DTG040_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུའོ། །གང་ལ་རྒྱན་རྣམས་ཀུན་ཏེ། དོ་ཤལ་དང་དཔུང་རྒྱན་ལ་སོགས་པ་ངག་གིས་བརྒྱན་ཅིང་བཀོད་པ་ཡིན་པའོ། །བྱང་ཆུབ་མཐོང་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་མངོན་སུམ་དུ་བྱེད་པའོ། །བསམ་གཏན་རྡོ་རྗེ་སྤྲིན་ཉིད་ནི་རྡོ་རྗེའི་ཏིང་ངེ་འཛིན་ཏེ། དེ་རབ་བསྒོམ་ནི་རབ་ཀྱི་མཐར་ཐུག་པར་བསྒོམ་པའོ། །རྣམ་པར་སྣང་མཛད་ཀྱི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོའོ། །དེ་འབྱུང་བ་ནི་བསྐྱེད་པའོ། །དེ་ཉིད་ཀྱི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉིད་ཀྱི་ཕྱིར་མཛེས་པའོ། །མི་ཟད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རྡོ་རྗེ་དཀྱིལ་འཁོར་ནི་ཉི་མའོ། །སངས་རྒྱས་ནི་རྡོ་རྗེ་འཛིན་པའོ། །རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ།། གསལ་པའི་ལུས་དང་འདྲ་ཞེས་བྱ་བ་ནི་སྐུའི་གཟི་མདངས་དྲི་མ་མེད་པའོ། །དེ་ལྟར་བསྒོམས་པས་ཅིར་འགྱུར་ཞེ་ན། མྱུར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། མྱུར་དུ་ནི་མགྱོགས་པར་རོ། །རྡོ་རྗེ་དེ་ཉིད་མི་བསྐྱོད་པ་ཉིད་ཐོབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། ཞི་བའི་ཡེ་ཤེས་གནས་ནི་མཚན་མའི་དྲི་མ་རྣམས་ཞི་བས་ན་ཞི་བའོ། །ཡེ་ཤེས་གནས་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །བསམ་གཏན་འདི་ཡིས་རབ་ཏུ་བསྐུལ་བ་ནི་ཉེ་བར་བསྟན་པའོ། །དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ནི་མི་བསྐྱོད་པ་སྟེ་རྡོ་རྗེ་གསུམ་གྱི་དམ་ཚིག་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དཀྱིལ་འཁོར་ནི་ཉི་མའོ། །ཆོས་ཀྱི་སེམས་དཔའ་ནི་འོད་དཔག་ཏུ་མེད་པའོ། །ཡེ་ཤེས་རྒྱ་མཚོ་ནི་བདེ་བར་གཤེགས་པའི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྤྱན་ཉིད་ནི་མཆོག་སྟེ་རིག་པའི་རྒྱལ་མོའོ། །བུད་མེད་སྒྱུ་མ་ནི་དམ་དུ་འཁྱུད་པས་དགའ་བ་སྟོན་ཅིང་རྣམ་པར་རོལ་པའོ། །དེ་རྣམས་ཀྱི་མཆོག་ནི་ཚོགས་སོ། །ཇི་ལྟ་བུ་ཞེ་ན། ཡེ་ཤེས་ཐམས་ཅད་འགྱུར་པར་བྱེད་པའོ། །འཁོར་ལོ་ཞེས་བྱ་བ་ནི་དོན་ཐམས་ཅད་སེམས་ཙམ་ཉིད་དུ་སྣང་བ་ནི་དངོས་གྲུབ་པ་ཐམས་ཅད་ཡིན་ལ། དེ་བྱེད་པའི་ཡེ་ཤེས་ནི་དེ་ཐོབ་པར་བྱེད་པའི་ལམ་མོ། །འཁོར་ལོ་ཡིད་བཞིན་ནོར་བུ་སྟེར། །ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་སངས་རྒྱས་ཀྱི་འཁོར་ལོ་སྤྲུལ་པའི་ཕྱིར་འཁོར་ལོའོ། །ཡིད་བཞིན་གྱི་ནོར་བུ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སྒྲུབ་པ་པོ་ལ་དེ་རབ་ཀྱི་མཐར་ཕྱིན་པ་ལ་མཆོག་སྟེར་བར་བྱེད་ཅེས་བྱ་བའི་དོན་ཏོ། །སྤྱན་གྱི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོའོ། །དེའི་ཕྱག་མཚན་ནི་ཕྱག་གི་གཙོ་བོར་འཁོར་ལོ་དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་དང་ལྡན་པའོ། །རྡོ་རྗེ་ནི་མཱ་མ་ཀཱིའོ། །ཆོས་ནི་གོས་དཀར་མོའོ། །དངོས་གྲུབ་ནི་སྒྲོལ་མའོ། །དེ་རྣམས་ཀྱི་དཀྱིལ་འཁོར་ནི་གདན་ཏེ་ཟླ་བའི་དཀྱིལ་འཁོར་


DTG040_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཉིད་དེ་བྱང་ཆུབ་སེམས་དཔའི་ཚོགས་སུ་བགྲངས་པའི་ཕྱིར་རོ། །ནམ་མཁའི་རྡོ་རྗེ་མཆོག་ནི་ནམ་མཁའི་རྡོ་རྗེའི་ཚུལ་ཏེ། མཱ་མ་ཀཱི་ཞེས་བྱ་བའི་དོན་ཏོ། །ནང་གི་རེག་བྱ་འདོད་པ་སྟོན་པ་ཉིད་ཀྱི་ཕྱིར་རོ། །ནམ་མཁའི་ཕྱོགས་སུ་སྒྱུ་མའི་མཆོག་རྣམ་པ་རོལ་པའི་ཚོགས་ནི་ནམ་མཁའི་སྒྱུ་མའི་མཆོག་སྟེ། དེ་དང་ལྡན་པས་ན་ནམ་མཁའི་སྒྱུ་མའི་མཆོག་དང་ལྡན་པའོ། །སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ནི་མི་བསྐྱོད་པའི་ཡེ་ཤེས་སོ། །མཆོག་ཅེས་བྱ་བ་ནི་ཡེ་ཤེས་ཁྱད་པར་ཅན་ཉིད་ཡིན་པའི་ཕྱིར་རོ། །དངོས་གྲུབ་རྡོ་རྗེ་ཅན་གྱི་ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱིའོ། །ཨུཏྤལ་སྔོ་ཞེས་པ་ནི་དབྱིངས་སོ། །དམར་ཞེས་བྱ་བ་ནི་ཁ་དོག་གོ །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་ནམ་མཁའ་དོང་འདྲ་བ་ཉིད་ཀྱིས་ན་ནམ་མཁའོ། །དེའི་ཡུམ་ནི་བསྐྱེད་མར་གྱུར་པའི་ཤེས་རབ་ཀྱི་སྟེ། མཱ་མ་ཀཱི་ཞེས་བྱ་བའི་དོན་ཏོ། །དེའི་འོད་ཀྱི་སྤྲིན་དེས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཚེམ་པར་བྱེད་པའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་དང་ལྡན་པའོ། །རྡོ་རྗེ་ཆོས་མ་ནི་གོས་དཀར་མོའོ། །ཆོས་ཀྱི་དབྱིངས་སོ་སོར་རིག་པ་ཡང་དག་པར་མཚོན་པར་བྱེད་པའི་རང་བཞིན་ཅན་གྱི་འདོད་ཆགས་ཉིད་མཚན་པའོ། །དེ་ཡང་དག་པར་སྟོན་པར་བྱེད་པའི་རྣམ་པར་རོལ་པ་ནི་སྒྱུ་མས་མཚན་པའོ། །དེའི་ཚོགས་ནི་སྒྱུ་མས་མཚན་པའི་མཆོག་སྟེ། དེ་ནས་ཡང་དག་པར་བྱུང་བ་ནི་མ་ལུས་པའོ། །འདོད་ཆགས་དེ་ཉིད་ཀྱི་ཆགས་པའི་མཆོག་ནི་སྒྲུབ་པ་པོ་གང་ཡིན་པ་དེའི་སྡུག་པའོ། །སངས་རྒྱས་ཐམས་ཅད་རབ་བསྒོམས་ལ་ནི་བསམ་ལའོ། །ཆོས་ཀྱི་ཡེ་ཤེས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་འབྱུང་གནས་ནི་རྒྱུའོ། །ཨུཏྤ་ལ་དམར་པོ་ཞེས་བྱ་བ་ནི་འདིར་ཨུཏྤལ་ཆེན་པོ་སྟེ། པདྨ་དམར་པོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དེ་ཁོ་ན་ཉིད་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་མངོན་པར་བྱང་ཆུབ་པ་ནི་ཤེས་རབ་སྟེ། གོས་དཀར་མོའོ། །དེ་ཉིད་ནི་མི་ཟད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །འདྲ་བའི་འོད་མདངས་དང་ལྡན་པའོ། །བུད་མིད་སྒྱུ་མ་ནི་རྣམ་པར་རོལ་པའོ། །དེ་རྣམས་ཀྱིས་རབ་ཏུ་མྱོས་པར་འདོད་པ་ཅན་གྱི་ཡེ་ཤེས་སྐྱེ་བ་ལ་ཕྱོགས་པ་ཉིད་དུ་སྟོན་པ་ཞེས་བྱ་བའི་དོན་ཏོ། །སེར་པོའི་མདོག་འདྲ་བ་ཞེས་བྱ་བ་ནི་སེར་པོར་སྣང་བ་སྟེ། ཨུཏྤལ་སེར་པོ་མཛེས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེའི་


DTG040_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ལས་བྱུང་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་གྱི་འབྲས་བུ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ནི་ཤེས་རབ་ཀྱི་ཡེ་ཤེས་སོ། །དེའི་ལྷན་ཅིག་སྤྱོད་པ་ནི་སྒྲོལ་མ་སྟེ། སྒྲོལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་མཆོག་ཡིན་ལ་དེ་ལ་དམིགས་པས་ན་དེ་དང་ལྡན་པའོ། །ཁོ་བོ་ཆེན་པོ་ཡིན་པའི་ཕྱིར་རབ་ཏུ་ཁྲོས་པ་ཡང་དེ་ཡིན་ལ། འཇིགས་པ་ཆེན་པོ་སྐྱེད་པར་བྱེད་པའི་ཕྱིར། འཇིགས་པའི་དཀྱིལ་འཁོར་ཡང་ཡིན་པས་ནའོ། །ཕྱག་ན་རལ་གྲི་ཞེས་བྱ་བ་ནི་གཡས་ཀྱི་ཕྱག་གསུམ་པས་སོ། །སྒོ་སྲུངས་རྣམས་ཀྱི་སྐུ་མདོག་དང་རྩ་བའི་ཕྱག་མཚན་ནི་བྲི་བའི་དཀྱིལ་འཁོར་ཉིད་དུ་གསུངས་ཟིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ལྷ་གཞན་དང་འདྲ་བར་རལ་གྲི་ཡང་གྲུབ་པ་ཡིན་ན་ཕྱག་ན་རལ་གྲི་ཞེས་བྱ་བའི་བཀའ་ཅིའི་ཕྱིར་ཞེ་ན། སྒོ་སྲུངས་རྣམས་ཀྱི་སྔགས་བརྗོད་པར་རལ་གྲི་ཉིད་ཇི་བཞིན་པར་གཟུང་བར་བྱའོ། །གཏུན་ཤིང་དང་དགྲ་སྟ་དང་ཞགས་པ་ནི་མ་ཡིན་ནོ་ཞེས་ངེས་པའི་དོན་ཏོ། །དེ་བས་ན་འདི་རྣམས་ཀྱི་གཡས་པའི་གཉིས་པར་ཐོ་བ་དང༌། དབྱིག་པ་དང༌། པདྨ་དང༌། རྡོ་རྗེ་དང་གཡས་པའི་གསུམ་པར་ནི་རལ་གྲིའོ། །གཡོན་གྱི་གཉིས་པ་དང་གསུམ་པ་ལ་ནི་ནོར་བུ་དང་པདྨའོ། །པདྨ་མཐར་བྱེད་ཀྱིས་ནི་པདྨའི་གནས་སུ་ནི་འཁོར་ལོའོ། །འདིར་ལྷ་ཐམས་ཅད་ནི་ཞལ་གསུམ་པ་ཉིད་དང་ཕྱག་དྲུག་པ་ཉིད་དང་ཞབས་གཉིས་ཉིད་དང་སྤྱན་གཉིས་ཉིད་ཡིན་ཏེ་ལྷ་རྣམས་འཆད་པ་ན་ཞལ་གསུམ་སྨོས་པའི་ཕྱིར་དང༌། སྣ་ཚོགས་མཚོན་ཆ་ཐོགས་པའི་མཆོག །རྡོ་རྗེའི་ཕྱག་ནི་དྲུག་ཏུ་བསྒོམ། །ཞེས་གསུངས་པའི་ཕྱིར་དང༌། དམ་ཚིག་ལོངས་སྤྱོད་འདི་རྣམས་ཀྱིས། །ཞེས་བྱ་བས་མ་གསུངས་པ་རྣམས་ཀྱང་སྟོན་པ་ཡིན་པའི་ཕྱིར་རོ། །གནས་ནི་གཟུངས་སོ། །བསམས་ན་ཞེས་བྱ་བ་ནི་བསྒོམ་པ་ཞེས་བྱ་བ་སྔ་མ་དང་སྦྱོར་རོ། །དེ་ལྟར་བསྒོམས་པ་ལས་ཅིར་འགྱུར་ཞེ་ན། རྡོ་རྗེ་ཅན་ནི་དགྱེས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཅན་ནི་ཁྲོ་བོ་ཐམས་ཅད་དོ། །ཅིའི་ཕྱིར་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་ཡེ་ཤེས་རྡོ་རྗེ་ཅན་ཞེས་བྱ་བ་ནི་ཡེ་ཤེས་རྡོ་རྗེ་ལས་བྱུང་བ་ནམ་མཁའི་གཏོས་ཁྱབ་པར་བྱེད་པའོ། །ཁྲོ་བོ་ཀུན་གྱི་དམ་ཚིག་ནི་ཚོགས་པ་ཡིན་ཏེ། དེ་ཉིད་དུ་ད་རྣམས་བསྡུས་པ་ཡིན་པའི་ཕྱིར་རོ། །གཤིན་རྗེ་གཤེད་ཀྱི་སྤྲོ་བའི་སྣང་བ་ནི་ཁྲོ་བོ་ཐམས་ཅད་ཀྱི་རྣམ་པས་ནམ་མཁའ་


DTG040_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའི་འོད་ཟེར་གྱི་སྤྲིན་ནོ། །དེའི་བཀོད་པ་ནི་གཤིན་རྗེ་གཤེད་དེ་ཉིད་ལ་བསྡུས་པའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །རྣམ་གཙིགས་ནི་མཆེ་བ་གཉིས་རྣམ་པར་གཙིགས་པའོ། །ཞལ་ནི་གདངས་པ་ཅན་ཏེ་ཞལ་གྱི་ལྗགས་བསྐྱོད་པ་ཅན་ནོ། །མི་བསྐྱོད་དམ་ཚིག་ནི་གཟུངས་སོ། །གཞན་གྱིས་མི་ཐུབ་པའི་བཀོད་པ་དེའི་ཡེ་ཤེས་ཀྱི་རྡོ་རྗེ་ལས་སྤྲོས་པའི་ཁྲོ་བོ་ཐམས་ཅད་ཀྱང་དེ་ཉིད་དུ་བསྡུས་པའོ། །རྟ་མགྲིན་ཉིད་ནི་ཞེས་བྱ་བ་ནི་རྒྱུད་གཞན་ལས་གྲངས་པའི་མཚན་དེ་འདིར་ནི་བཅོམ་ལྡན་འདས་རྟ་མགྲིན་ནི་མ་ཡིན་ནོ། །སྣ་ཚོགས་མཚོན་ཐོགས་མཛེས་པའི་མཆོག །ཅེས་གསུངས་པའི་ཕྱིར་རོ། །དེས་གདུལ་བར་བྱ་བའི་གདུག་པ་ཐམས་ཅད་ནི་གདུག་པ་ཐམས་ཅད་དོ། །དེ་རྣམས་འདིའི་ཞབས་ཀྱིས་མནན་པས་ན་དེ་སྐད་ཅེས་བྱའོ། །རྟ་མགྲིན་བསྐྱེད་པ་དེ་ལས་བྱུང་བ་ནི་ཡེ་ཤེས་ཀྱི་ཁྲོ་བོ་རྣམས་སོ། །དེའི་རྣམ་པར་བཀོད་པ་ནི་དེ་ཉིད་དུ་བསྡུས་པའོ། །རྡོ་རྗེའི་སྤྲིན་ནི་འབར་བའི་འོད་ཟེར་གྱི་སྤྲིན་ནོ། །དེ་རྣམས་ཀྱིས་ཀུན་དུ་འཁྲུག་པ་ནི་ཐམས་ཅད་དུ་འཁྲུག་པའོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེས་ན་ཁྲོ་བོ་འཛིན་ཞེས་བྱ་བ་ཁྲོ་བོ་ཐམས་ཅད་ཀྱི་རང་བཞིན་ཏེ་དེ་ཉིད་ནི་བཅོམ་ལྡན་འདས་སོ། །རྒྱུ་ནི་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་འཆི་བ་ནི་བདུད་རྩི་ཐབ་སྦྱོར་རོ། །འདིའི་དམ་ཚིག་ནི་ཁྲོ་བོ་ཐམས་ཅད་སྤྲོས་པའི་ཕྱིར་རོ། །དེའི་འབྱུང་བའི་རྡོ་རྗེ་ནི་དེ་ཉིད་དུ་བརྟན་པར་བསྡུ་པའོ། །འདོད་པའི་སེམས་པ་ནི་འདོད་པའི་རྒྱལ་པོ་སྟེ། འདོད་པ་རྣམས་ལ་ཁ་ཕྱིར་ཕྱོགས་ཀྱི་སེམས་ནང་དུ་འཇོག་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་ཊཱ་ཀྐི་ནི་འདོད་པ་རྣམས་ཡིན་ལ། སེམས་པ་ནི་སེམས་ནང་དུ་འཇོག་པར་བྱེད་པ་ཡིན་ནོ། །བསམ་གཏན་རྡོ་རྗེ་ནི་བསམ་གཏན་གྱི་ཡན་ལག་བརྟན་པའོ། །དེ་འབྱུང་བ་ནི་རྒྱུ་སྟེ། འདོད་པའི་རྒྱལ་པོའོ། །དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །ཞགས་པ་འཛིན་པ་ནི་ནོར་བུ་གནས་པའི་ཕྱག་གིས་སོ། །རྡོ་རྗེ་གསུམ་གྱི་གནས་དཀྱིལ་འཁོར། །ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གསང་བ་གསུམ་པ་བསྡུས་པས་ན་དེའི་གནས་ཀྱང་དེ་ཡིན་ལ་དཀྱིལ་འཁོར་ཡང་ཡིན་ཏེ། ཆོས་ཀྱི་རོའི་སྙིང་པོ་གཙོ་བོར་གྱུར་པའི་ཕྱིར་ཏེ། ཚོན་པོ་ལ་ཤ་དང་ལྡན་པ་ཞེས་བྱ་བ་བཞིན་ནོ། །དེ་ཉིད་ཀྱང་


DTG040_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྒྱས་ཤིང་སྟོབས་དང་རྡོ་རྗེ་གསུམ་དང་ལྡན་པའི་ཕྱིར་རྡོ་རྗེ་སྟོབས་ཅན་ནོ། །དེ་ཉིད་ཀྱིས་ན་རྡོ་རྗེ་གསུམ་གྱི་སྟོབས་ཆེན་པོའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །རྡོ་རྗེ་སྔོན་པོ་ནི་དབྱུག་སྔོན་ཅན་ནོ། །གཟུགས་ནི་རབ་ཏུ་གནས་ཅེས་བྱ་བ་ནི་སྐུ་མདོག་གོ །རྣོ་ཞེས་བྱ་བ་ནི་གཟི་མདངས་སོ། །དེ་ལྟར་ཕྱག་རྒྱ་གསུངས་ནས་དེ་ཁོ་ན་ཉིད་ནི། རྒྱ་མཚོ་ནག་པོ་སྐྱེད་པར་བྱེད། །ཅེས་བྱ་བ་གསུངས་ཏེ། ཉོན་མོངས་པ་ཐམས་ཅད་ངེས་པར་འཇོམས་ཤིང་གཉིས་སུ་མེད་པའི་གཏིང་མཐའ་མེད་པའི་ཡེ་ཤེས་ཀྱི་རྒྱ་མཚོ་ནག་པོ་དེ་རབ་ཏུ་འཕེལ་བར་བྱེད་པའོ། །དེ་མཆོག་ཏུ་གྱུར་པའི་དབྱུག་པ་ཉིད་ནི་བསྟན་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡིན་ལ་དེ་དང་ལྡན་པས་ན་རྡོ་རྗེ་དབྱུག་ཐོགས་སོ། །འདུལ་བར་བྱེད་པའི་དབྱུག་པ་ནི་ཚར་གཅོད་པར་བྱེད་པ་སྟེ། ཉོན་མོངས་པ་རྣམས་ཤིན་ཏུ་ཚར་གཅོད་པར་བྱེད་པའི་ཕྱིར་རོ། །རྡོ་རྗེ་དབྱུག་པ་ནི་བཅོམ་ལྡན་འདས་དབྱུག་སྔོན་ཅན་ནོ། །དེའི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཉིད་ནི་མཆོག་སྟེ་དམིགས་པ་དེ་དང་ལྡན་པའོ། །མི་གྱོ་བ་ནི་མཆོག་གོ །ཞགས་པ་བསྣམས་པ་ནི་སྔ་མ་བཞིན་ནོ། །རལ་གྲི་བསྣམས་པ་ནི་གཡས་པའི་གཉིས་པས་སོ། །འཁྲུགས་པས་ནི་ཀུན་དུ་ཞེན་པའོ། །རྡོ་རྗེ་བསྡུས་པའི་ཕྱིར་རྡོ་རྗེ་ཡང་ཡིན་ལ་ཁམས་གསུམ་བསྡུས་པའི་ཕྱིར་དབྱིངས་ཡིན་པས་ནི་རྡོ་རྗེ་དབྱིངས་ཏེ། བསམ་གཏན་གྱི་ཡན་ལག་གྲུབ་པའོ། །རྡོ་རྗེ་དབྱིངས་ཉིད་ནི་དམ་ཚིག་ཡིན་ཏེ། ཐམས་ཅད་དུ་གཏོགས་པའི་སྲོག་དང་སྩོལ་བའོ། །དེས་གནས་ཏེ་ས་བོན་གྱི་ཡི་གེ་གནོན་པ་འཛིན་པའི་ཡན་ལག་གང་ལ་ཡོད་པར་དེ་ནི་རྡོ་རྗེ་དབྱིངས་ཀྱི་དམ་ཚིག་གིས་གནས་གནོན་པ་ཅན་ནོ། །དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་གྱོ་བ་ལ་ཡང་དེ་སྐད་ཅེས་བྱ་ཞིང་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །འབྲས་བུར་གྱུར་པའི་སེམས་སྒྲིབ་པ་མེད་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཅན་ནི་གཙུག་ཏོར་ཡིན་ཏེ། རྩེ་མོར་ཕྱིན་པ་ཉིད་ཀྱི་ཕྱིར་རོ། །འཁོར་ལོ་ནི་ཕྲ་མོའི་དཀྱིལ་འཁོར་ཉིད་ཡིན་པའི་ཕྱིར་རོ། །གཙུག་ཏོར་འཁོར་ལོ་ནི་དེ་བཞིན་དུ་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །རིག་པ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེའི་རང་བཞིན་ཅན་ནི་ཁྲོ་བོའི་རྒྱལ་པོ་ལ་ཡང་དེ་སྐད་ཅེས་བྱའོ། །རིག་པའི་འཁོར་ལོ་ཞེས་བྱ་བ་ནི་གཙུག་གཏོར་འཁོར་ལོས་


DTG040_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བའོ། །འཁོར་ལོ་འབར་བ་ནི་རབ་ཏུ་འབར་བས་སོ། །གཙུག་ཏོར་འཁོར་ལོའི་དམ་ཚིག་ནི་གཟུགས་སོ། །གཙུག་ཏོར་གྱི་དམ་ཚིག་ཉིད་ནི་རིག་པ་ཡིན་ཏེ་བྱང་ཆུབ་ཉིད་ཡིན་པའི་ཕྱིར་རོ། །སྟོབས་ནི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འཁོར་ལོ་ནི་ཀྱིལ་འཁོར་ཕྲ་མོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །ཁྲོ་བོ་ཡིན་པའི་ཕྱིར་རྡོ་རྗེ་ཡང་དེ་ཡིན་ལ་བྱུང་ཆུབ་ཀྱི་སེམས་ཀྱི་སྒྲིབ་པ་རྣམས་ངེས་པར་སེལ་བའི་ཕྱིར་གནོད་མཛེས་ཀྱང་ཡིན་པ་དེ་ལྟར་ན་རྡོ་རྗེ་སུ་མྦྷཱ་སྟེ། གནོད་མཛེས་རྒྱལ་པོའོ། །རྡོ་རྗེ་སྤྲིན་ཅན་ཞེས་བྱ་བ་ནི་ཁྲོ་བོ་ནག་པོའོ། །ཁྲོ་བོའི་འོད་ཟེར་འཕྲོ་བའི་ཕྱིར་རྡོ་རྗེ་དམ་ཚིག་ཀྱང་དེ་ཡིན་ལ་སུ་མྦྷ་ཞེས་བྱ་བ་ཡང་ཡིན་ནོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །གཞུང་ལ་ལ་ལས་ནི་རྡོ་རྗེ་དམ་ཚིག་འབྱུང་བ་ཞེས་འབྱུང་ཏེ། དེར་ནི་རྡོ་རྗེ་དམ་ཚིག་ནི་གནོད་མཛེས་རྒྱལ་པོ་ཡིན་ལ་དེ་འབྱུང་བ་ནི་སྐྱེ་བ་ཡིན་ནོ་ཞེས་བཤད་པར་བྱའོ། །འདིར་ཡང་གཤིན་རྗེ་གཤེད་ནི་ནག་པོ་ཡིན་ཏེ། བསྟན་པ་ལས་སྐུ་མདོག་ནག་པོ་ཞེས་གསུངས་པའི་ཕྱིར་རོ། །ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང༌། བགེགས་མཐར་བྱེད་ནི་གོ་རིམས་བཞིན་དུ་དཀར་པོ་དང་དམར་པོ་དང་ནག་པོ་སྟེ་བཤད་པ་ལས་ཁ་དོག་དཀར་པོ་དང་ཁ་དོག་དམར་པོ་དང་ནག་པོ་ཞེས་གསུངས་པའི་ཕྱིར་རོ། །འཁྱིལ་པ་དང་དབྱུག་པ་སྔོན་པོ་དག་ནི་ནག་པོར་སྨོས་པ་ཡིན་ཏེ། བསྒྲེ་བའི་དོན་ཏོ། །དེ་བས་ན་དེའི་བར་ན་གནས་པ་འདོད་པའི་རྒལ་པོ་དང་སྟོབས་པོ་ཆེ་ཡང་ནག་པོ་ཡིན་ནོ། །མི་གཡོ་བ་ཡང་ནག་པོ་ཡིན་པར་དབྱུག་སྔོན་ཅན་གྱི་རྗེས་སུ་འབྲང་བར་བྱའོ། །གནོད་མཛེས་རྒྱལ་པོ་ཡང་ནག་པོ་ཡིན་ཏེ། སྤྲིན་ཅན་ཞེས་སྨོས་པའི་ཕྱིར་རོ། །གཙུག་ཏོར་ནི་སེར་པོ་ཡིན་ཏེ། མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་གསུངས་པའི་ཕྱིར་དང༌། གསེར་བཙོ་མའི་མདོག་ཀྱང་སྐྱེས་བུ་ཆེན་པོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །སྤྱན་ལ་སོགས་པ་ནི་དཀར་པོ་དང་ནག་པོ་དང་དམར་པོ་དང་སེར་པོ་སྟེ། དེ་སྐད་དུ་གསུངས་པའི་ཕྱིར་རོ། །སྒོ་སྲུངས་རྣམས་ཀྱི་རྩ་བའི་ཕྱག་མཚན་ནི་བྲི་བའི་དཀྱིལ་འཁོར་ལས་


DTG040_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་དག་ཡིན་ནོ། །འདོད་པའི་རྒྱལ་པོ་ནི་ལྕགས་ཀྱུ་ཡིན་ཏེ། དེའི་སྔགས་འགུགས་པའི་དོན་ལ་ཛཿ་ཞེས་གསུངས་པའི་ཕྱིར་རོ། །སྟོབས་པོ་ཆེ་ནི་རྩེ་གསུམ་ཡིན་ཏེ། །དེའི་སྔགས་ཨུ་གྲྭཱ་ཤུལ་པཱ་ཎི་ཞེས་གསུངས་པའི་ཕྱིར་རོ། །མི་གཡོ་བའི་ནི་རལ་གྲི་སྟེ། རལ་གྲི་ཞགས་པ་རྣམས་ཞེས་གསུངས་པའི་ཕྱིར་རོ། །དབྱུག་སྔོན་གྱི་ནི་རྡོ་རྗེ་དབྱུག་པ་སྔོན་པོ་སྟེ། དེའི་སྔགས་ནཱི་ལ་དཎྜ་བཛྲ་དཎྜེ་ཎ་སྭཱ་ཧཱ་ཞེས་གསུངས་པའི་ཕྱིར་རོ། །གཙུག་ཏོར་གྱི་ནི་འཁོར་ལོ་ཡིན་ལ། གནོད་མཛེས་རྒྱལ་པོའི་ནི་རྡོ་རྗེ་ཏེ། འཁོར་ལོ་དང་ཕྱག་ན་རྡོ་རྗེ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་ལེའུ་བཅོ་བརྒྱད་པ་ལས། ལྕགས་ཀྱུ་དབྱུག་ཏོ་རྩེ་གསུམ་དང༌། །རལ་གྲིའི་མཚམས་སུ་རྣམ་པར་དགོད། །འདོད་རྒྱལ་དབྱུག་སྔོན་སྟོབས་མི་གཡོ། །སྟེང་དུ་འཁོར་ལོ་འོག་གནོད་མཛེས། །ཞེས་འཆད་པར་འགྱུར་རོ། །འདོད་པའི་རྒྱལ་པོ་དང་མི་གཡོ་བ་དང་གཙུག་ཏོར་ནི་སྒེག་པ་སྟེ། །དེ་བཞིན་དུ་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞི་བ་འོད་ཟེར་མང་པོ་འཕྲོ། །མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཞེས་གོ་རིམས་བཞིན་དུ་གསུངས་པའི་ཕྱིར་རོ། །དེ་བས་ན་གསུམ་པོ་འདི་དག་ཀྱང་ལེགས་པར་ཚད་དང་ལྡན་པ་མཚན་ཐམས་ཅད་དང་ལྡན་པར་རིན་པོ་ཆེའི་ཅོད་པན་ལ་སོགས་པ་རྒྱན་སྣ་ཚོགས་པ་ཅན་ན་བཟའ་བཟང་པོ་དང་ཨག་ཚོམ་མེད་པ་མཆེ་བ་ཅུང་ཟད་གཙིགས་པ། ཞལ་ཅུང་ཟད་གདངས་པ་སྨིན་མ་འཁྱོག་པ་ཅན། སྤྱན་དམར་བ་ཁྲོ་བ་རབ་ཏུ་འབར་བའི་འོད་ཟེར་ཅན་ནོ། །དེ་དག་ལས་གཞན་པ་རྣམས་ནི་ཚོན་པོའོ། །མཁྲང་བག་དང་ལྡན་པ། གསུས་པ་འཕྱང་བ་མིའུ་ཐུང་ཞལ་རྣམ་པར་གདངས་པ། ལྗགས་བསྐྱོད་པ་ཧ་ཧ་ཞེས་སྒྲོགས་པའི་སྒྲ་ཅན། ཨག་ཚོམ་དང་སྨིན་མ་དང་དབུ་སྐྲ་ཁམས་སེར་སྨིན་མ་འཁྱོག་པ་སྤྱན་དམར་བ་སྟག་གི་པགས་པ་མནབས་པ་དབུ་སྐྲ་གྱེན་དུ་བརྫེས་པ་སྤྲུལ་གྱིས་བཅིངས་པ། །སྤྲུལ་གདུག་པ་རྣམས་ཀྱིས་བརྒྱན་པ་སྟེ། སྤྲུལ་གྱིས་བརྒྱན་པའི་སྐེ་རགས་ཅན། །ཞེས་བྱ་བ་འདི་ནི་ཉེ་བར་མཚོན་པ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་ཅན་གྱི་ཁྱད་པར་དེ་རྣམས་ནི་དེ་དག་ཐམས་ཅད་དང་འབྲེལ་པའི་ཕྱིར་རོ། །ལ་ལ་ནི་གནོད་མཛེས་རྒྱལ་པོ་ཡང་སྒེག་པར་འདོད་དེ་གཙུག་ཏོར་གྱི་བཤད་པ། མཚན་རྣམས་ཐམས་ཅད་ཡོངས་


DTG040_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས། །ཞེས་བྱ་བའི་རྗེས་སུ་འབྲང་བར་བྱའོ་ཞེས་ཟེར་རོ། །དེ་ལྟར་ན་ཏིང་ངེ་འཛིན་རྣམས་ཀྱི་བཤད་པ་དང་བསྟན་པ་དག་ཡིན་ནོ། །འདི་དག་རེ་རེ་ཞིང་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་ཡིན་ནོ། །དཀྱིལ་འཁོར་གྱི་དགོད་པ་ཡང་འབྲས་བུ་དང་བཅས་པ་བསྟན་པའི་ཕྱིར་འགོག་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་ཏེ། གང་དུ་ཁྲོ་བོ་ཉིད་དཀྱིལ་འཁོར་བ་གང་ཡིན་པ་དེ་ནི་འདིར་ཁྲོ་བོའི་འཁོར་ལོ་ཡིན་ལ་གང་དུ་སངས་རྒྱས་ཉིད་ཡིན་པ་དེ་ནི་སངས་རྒྱས་ཀྱི་འཁོར་ལོ་ཡིན་ཞིང་གང་དུ་རྡོ་རྗེ་ཉིད་ཡིན་པ་དེ་རྡོ་རྗེའི་དཀྱིལ་འཁོར་ཏེ་སྔགས་བཞིའི་གདོད་པའོ། །དེ་ལ་དང་པོས་ནི་འགོག་པ་སྒྲུབ་པར་བྱེད་པ་སྟེ། འགོག་པའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །གཉིས་པས་ནི་བསྙེན་པ་ཡིན་ཏེ། ཡན་ལག་དྲུག་གི་བསྙེན་པ་ཞེས་བྱ་བའི་དོན་ཏོ། །གསུམ་པས་ནི་རྣམ་པ་གཉིས་ཏེ་གཏི་མུག་དང་ཞེ་སྡང་དང་འདོད་ཆགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཀྱིས་ལོངས་སྤྱོད་དང༌། སྐུ་དང༌། གསུང་དང༌། ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཀྱི་བཟླས་པའོ། །དེ་ལས་སྔ་མས་ནི་ཏིང་ངེ་འཛིན་གྲུབ་ལ་ཕྱི་མ་ནི་རྡོ་རྗེ་ཡེ་ཤེས་ཏེ་བཟླས་པའི་འབྲས་བུའོ། །དེ་ལ་ཁྲོ་བོའི་འཁོར་ལོ་ནི་ལེའུ་བཅོ་བརྒྱད་པ་ལས། ཀུན་ནས་སེར་བའི་འཁོར་ལོ་ནི། །ཞེས་བྱ་བ་ནས། མི་གཡོ་བ་དང་མཚུངས་པར་འཁོར། །ཞེས་བྱ་བའི་བར་གྱིས་འཆད་པར་འགྱུར་ཞིང་རྡོ་རྗེ་དཀྱིལ་འཁོར་ཡང༌། གཏི་མུག་ཉེས་པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང༌། །རིག་པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་པར། །རྣམ་པ་སྣ་ཚོགས་དག་པས་མྱོས་པའི་དངོས་གྱུར་པ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བས་འཆད་པར་འགྱུར་རོ། །སངས་རྒྱས་ཀྱི་འཁོར་ལོ་ནི་བདུན་པ་ལས་གཟུགས་ལ་རྣམ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འོ་ན་འདིར་དཀྱིལ་འཁོར་ཆེན་པོ་ཅིའི་ཕྱིར་མ་གསུངས་ཤེ་ན། དེ་ནི་ལེའུ་དང་པོ་ཉིད་དུ་རྒྱ་ཆེར་བསྟན་ཟིན་པའི་ཕྱིར་རོ། །རྡོ་རྗེ་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་སོ། །དེ་རྣམས་ཀྱི་དམ་ཚིག་བཀོད་པ་ནི་སྤྲོ་བ་དང་བསྡུ་བ་སྟེ། །དེ་དག་གི་དེ་ཁོ་ན་ཉིད་དོན་གྱི་བསྒོམ་པ་དང༌། མངོན་པར་བྱང་ཆུབ་པ་སྟེ། རིག་པའི་སྐྱེས་བུའི་བསྒོམ་པ་སྟེ། དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས། ལེའུ་བཅུ་གསུམ་པའོ།། །།


previousལེའུ་བཅུ་གསུམ་པ། རྡོ་རྗེའི་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་བཤད་སྦྱར།no next