Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་གཅིག་པ།


  expand section
  collapse section
   
དང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུའི་རྣམ་པར་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུའི་རྣམ་པར་བཤད་པ།next

དང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུའི་རྣམ་པར་བཤད་པ།


DTG041_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་ཏནྟྲ་རཱ་ཛཱ་ཊཱི་ཀ་ཙནྡྲ་པྲ་བྷཱ་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པ་རྒྱུད་ཀྱི་རྒྱལ་པོའི་བཤད་པ་ཟླ་བའི་འོད་ཟེར་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཇམ་པའི་མགོན་ལ་ཕྱག་འཚལ་ལོ། །ཤེས་རབ་ཐབས་དང་པས་ནི་བདག་གཞན་ཕན་པ་ཕུན་སུམ་ཚོགས་ཆེན་མངའ་བ་ཆོས་ཀྱི་སྐུ། །རྒྱལ་བ་མཆོག་གི་ཚོགས་དང་དེ་ཡི་སྲས་རྣམས་བཅས་པར་རིག་པ་འབྱུང་བ་དང་པོ་ཡི། །དཔལ་ལྡན་ཆོས་འབྱུང་ཞེས་བྱར་བཞུགས་ཤིང་རྒྱལ་བའི་རིགས་ཚོགས་ལྷན་ཅིག་སེམས་ཅན་དོན་མཐར་ཕྱིན། །སྒྱུ་མའི་སྤྲུལ་གཟུགས་བདེ་གཤེགས་མང་པོའི་བདག་པོ་རྡོ་རྗེ་སེམས་དཔའ་ལ་ནི་ཕྱག་འཚལ་ལོ། །འགྲོ་བ་དོན་ཕྱིར་སྐྱེ་བོ་མཁས་པ་ཡི། །པདྨ་ཁ་འབྱེད་ཡང་དག་རིག་ལ་དགྱེས། །མགོན་པོ་རྡོ་རྗེ་སློབ་དཔོན་ཞེས་བྱ་བ། །མ་ལུས་པ་ལ་རབ་ཏུ་ཕྱག་འཚལ་ཞིང༌། །དཀོན་མཆོག་གསུམ་དང་ཁྱད་པར་དུ། །ཡི་གེ་གསུམ་ལ་ཕྱག་འཚལ་ནས། །དཔལ་ལྡན་གསང་བ་འདུས་པ་ཡི། །བཤད་པ་འདི་ནི་བདག་གིས་བྱ། །འདིའི་རྗོད་པར་བྱེད་པ་ནི་གང༌། །བརྗོད་པར་བྱ་བ་ནི་གང༌། འབྲེལ་


DTG041_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གང༌། དགོས་པ་ནི་གང༌། འདིའི་དགོས་པའི་དགོས་པ་ནི་གང་ཞིག་ཡིན་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་དཔྱད་པ་མེད་ན། རྟོག་པ་སྔོན་དུ་བཏང་བ་རྣམས་རབ་ཏུ་མི་འཇུག་པས་རྗོད་པར་བྱེད་པ་ལ་སོགས་པ་བསྟན་ཏོ། །འདིའི་རྗོད་པར་བྱེད་པ་ནི་གསང་བ་འདུས་པ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ལྟར་གསང་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྷ་གར་ལྷ་ཐམས་ཅད་ཚོགས་པའོ། །ཡང་ན་གསང་བ་ནི་ལྷ་མོ་སྟེ། དེ་རྣམས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་ལྷན་ཅིག་ཚོགས་པ་ནི་འདུས་པའོ། །ཡང་ན་ཉན་ཐོས་ལ་སོགས་པ་རྣམས་ལ་སྦ་བར་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པའི་ཕྱིར་མཉམ་པའོ། །མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་དང་ལྷན་ཅིག་ཀུན་དུ་གནས་པའི་ཕྱིར་མ་སྐྱེས་པ་ནི་སྐྱེ་བ་མེད་པའོ། །གསང་བ་ཡང་ཡིན་ལ་མཉམ་པ་དང་སྐྱེ་བ་མེད་པ་ཡང་ཡིན་པས་གསང་བ་འདུས་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ། །དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཡིན་ནོ། །རྒྱུད་དང་བརྗོད་པར་བྱ་བ་དག་ནི་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ནོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་སྒོ་ནས་གདུལ་བྱའི་སྐྱེ་བོའི་དོན་བྱ་བ་ནི་དགོས་པའོ། །འདིར་གདུལ་བྱ་ནི་རྒྱུད་གཞན་ལས་བཀག་པའི་གདོལ་པ་ལ་སོགས་པ་རྣམས་ཀྱང་ཡིན་ཏེ། མཆོག་གི་ཡང་མཆོག་གི་རྒྱུད་ནི་རྣམ་པ་ཐམས་ཅད་དུ་དག་པ་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་མ་དག་པ་ཅུང་ཟད་ཀྱང་མེད་དོ་ཞེས་གསུངས་སོ། །དེའི་དགོས་པ་ནི་བསྒོམ་པ་གོམས་པ་བརྟན་པའི་སྟོབས་ཀྱིས་རང་གི་འདོད་པའི་ལྷའི་གོ་འཕང་ཐོབ་པའོ། །དེ་ལ་ལེའུ་བཅུ་བདུན་པོ་རྣམས་ཀྱི་དོན་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུ་དང་པོའི་སྒོ་ནས་རྡོ་རྗེ་འཆང་ཆེན་པོའི་ཡན་ལག་གི་ཆ་ཤས་སུ་གྱུར་པ། བ་ར་ཏའི་བུ་རྣམས་ཀྱིས་འདས་པའི་དོན་སོ་སོར་སྣང་བར་བྱེད་པ་བཞིན་དུ་ཁྱད་པར་ཅན་ལ་མོས་ཤིང་འཁྲུལ་པ་དང་ལྡན་པའི་མ་འོངས་པའི་སེམས་ཅན་རྣམས་ཀྱི་ཟློས་གར་སྟོན་པར་བྱེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་མཛད་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཆོས་བསྟན་པའི་ཕྱིར་


DTG041_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་སྔོན་དུ་འགྲོ་བ་ཅན་གྱི་སྤྲོ་བ་མེད་པ་གསལ་བར་མཛད་དོ། །སླར་ཡང་གསོལ་བ་བཏབ་པ་ན་དཀྱིལ་འཁོར་སྤྲུལ་པར་མཛད་དེ། མ་འོངས་པའི་སྐྱེ་བོ་རྣམས་དང་ཐ་དད་པ་མེད་པའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་དུ་བཅུག་ནས། ལེའུ་བཅུ་དྲུག་པ་ལས་གསུངས་པའི་དབང་བསྐུར་བ་གསུམ་པོ་རྣམས་ཀྱིས་དབང་བསྐུར་ཏེ། སྔགས་ཐམས་ཅད་ཀྱི་སྤྱོད་པའི་ལེའུ་ལྔ་པ་ལས་གསུངས་པའི་དམ་ཚིག་དང་སྡོམ་པ་ཕོག་པ་མཛད་དོ། །དེ་ནས་མ་འོངས་པའི་སྐྱེ་བོ་རྣམས་ཀྱིས་ཟློས་གར་སྟོན་པར་བྱེད་པའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ལ་སྨད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིགས་ཀྱི་བུ་ཐོང་ཞེས་བྱ་བ་ལ་སོགས་པས་ཁོང་དུ་ཆུད་པར་བྱས་པ་ན་མ་རྟོགས་པས་འཇིགས་སྐྲག་ཅིང་བརྒྱལ་བར་གྱུར་ཏོ། །དེ་ནས་བསླང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པ་ན། ནམ་མཁའ་དང་མཉམ་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཇི་ལྟ་བ་བཞིན་དུ་དབང་བསྐུར་ཏེ་བསླང་བར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་སྡོམ་པ་དེ་དག་ཐམས་ཅད་དཔོག་པའི་ཕྱིར་དོན་དམ་པའི་དག་པ་དེ་ཁོ་ན་ཉིད་ཀྱི་དོན་ནི་དོན་གྱི་དམ་ཚིག་གི་ལེའུར་རབ་ཏུ་ཕྱེ་ནས་བསྟན་ཏོ། །སླར་དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་རིགས་ཀྱི་བུ་དམན་པའི་འདུ་ཤེས་དང་སྨད་པའི་འདུ་ཤེས་པ་འདི་ལྟ་བུ་མ་བསྐྱེད་ཅིག་ཅེས་བྱ་བ་ལ་སོགས་པས་རྟོགས་པར་མཛད་པ་ན་ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་ནས་མིག་གདངས་ཏེ་དགའ་བར་གྱུར་ནས། རྨད་བྱུང་ཆེན་པོའི་ཆོས་རྣམས་ནི། །ཞེས་བྱ་བ་ལ་སོགས་པས་རང་གི་རྟོག་པ་བརྗོད་དོ། །དེ་ལྟར་ཡེ་ཤེས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་མཛད་ནས། དེ་བཞིན་དུ་མ་


DTG041_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་པའི་སློབ་དཔོན་རྣམས་ཀྱིས་དབང་བསྐུར་བ་ལ་སོགས་པ་རྣམས་ཀྱི་སྒོ་ནས་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱི་དོན་བྱ་བའི་ཕྱིར་བྲི་བའི་དཀྱིལ་འཁོར་གྱི་དོན་སྟོན་པར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུ་བཞི་པ་གསུངས་སོ། །འདི་རྣམས་ཀྱི་དབང་བསྐུར་དང་དམ་ཚིག་དང་སྡོམ་པ་ཡང་སྔ་མ་བཞིན་ནོ། །དེ་ལྟར་དམ་ཚིག་དང་སྡོམ་པ་ཐོབ་པ་རྣམས་ལ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྣམས་བསྒྲུབ་པའི་མན་ངག་སྦྱིན་པར་བྱའོ། །མན་ངག་དེ་ཡང་ཇི་ལྟར་བླ་མ་བརྒྱུད་པ་ལས་འོངས་པ་དེ་བཞིན་དུ་བཤད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྦྱོར་བའི་དམ་ཚིག་བསྒྲུབ་པའི་ཆོ་ག་བསྟན་པའི་ལེའུ་བཅུ་གཉིས་པ་ལས་གསུངས་པའི་དགོན་པ་ཆེན་པོ་ལ་སོགས་པའི་གནས། དམ་ཚིག་གི་ལེའུ་བརྒྱད་པ་ལས་གསུངས་པ་ནི། ས་ཕྱོགས་གཙང་ཞིང་རབ་དབེན་པ། །ཞེས་བྱ་བ་ལ་སོགས་པས་མངོན་པར་འདུས་བྱས་པ། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོའི་རྡོ་རྗེ་ཡང་དག་པར་འབྱུང་བའི་ལེའུ་བཅོ་ལྔ་པ་ལས་གསུངས་པའི། བཤང་གཅི་ལ་སོགས་དམ་ཚིག་གིས། །ཞེས་བྱ་བ་ལ་སོགས་པས་ཉེ་བར་བྱུགས་པར་སྟན་འཇམ་པོ་ལ་ཉེ་བར་འདུག་སྟེ། སེམས་ཅན་ཐམས་ཅད་སྡུད་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་རྡོ་རྗེ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ལེའུ་གསུམ་པ་ལས་གསུངས་པའི། ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ནས། གཟུགས་ནི་དབུས་གནས་བསྒོམ་པར་བྱ། །ཞེས་བྱ་བ་ལ་ཐུག་པའི་བར་གྱིས་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཇི་ལྟ་བ་བཞིན་དུ་མོས་པར་བྱའོ། །དེ་ནས་ལེའུ་དང་པོ་ལས་གསུངས་པའི་ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་མི་བསྐྱོད་པ་ཕྱུང་སྟེ་བཅུག་པས་ཞེ་སྡང་རྡོ་རྗེར་གྱུར་ནས་གནོད་མཛེས་རྒྱལ་པོ་ཕྱུང་ལ། ཨོཾ་སུཾ་བྷ་ཞེས་བྱ་བ་ལ་སོགས་པས་དེ་ལ་བཀའ་བསྒོས་ཏེ། ཕྱོགས་བཅུ་ན་རྣམ་པར་གནས་པའི་ཁྱབ་འཇུག་ལ་སོགས་པའི་བགེགས་ཀྱི་ཚོགས་རྣམས་བཀུག་ནས། རྡོ་རྗེ་དམ་ཚིག་བཀོད་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་མངོན་པར་བྱང་ཆུབ་པའི་ལེའུ་བཅུ་གསུམ་པ་ལས་གསུངས་པའི་བསམ་གཏན་ལས་བྱུང་ཞེས་བྱ་བ་ལ་སོགས་པ་དང༌། བཅུ་དྲུག་པ་ལས་འཆད་


DTG041_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་ཚུལ་གྱིས་བདུད་རྩི་འཁྱིལ་བའི་ཕུར་བུ་རྣམས་ཀྱིས་གནོད་མཛེས་ལ་བཀའ་བསྒོས་ཏེ་གདབ་པར་བྱ་ཞིང་བཀའ་བསྒོས་ཏེ། ཕྱོགས་ཀྱི་ཕྱི་རོལ་ཡང་བཅིང་བར་བྱའོ། །ཕྱོགས་དང་ཕྱི་རོལ་བཅིང་བ་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱིས་སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོར་མོས་པ་དང་ལྡན་པས་སྒྲུབ་ཐབས་ཀྱི་རིམ་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱི་ལེའུ་གཉིས་པ་ལས་གསུངས་པའི་དངོས་པོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་རྣམ་པར་བསྒོམས་ཏེ། ལེའུ་གསུམ་པ་ལས་གསུངས་པའི་ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་རང་གི་སྔགས་བརྗོད་དེ་ཟླ་བ་ལ་གནས་པའི་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་ཏེ། ཟླ་བ་དེ་ཡང་ཨཱ་ལི་དང་ཀཱ་ལི་རྣམ་པར་དགོད་པ་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་ཤེས་རབ་ཀྱི་ཆོས་འབྱུང་གི་གཟུགས་སུ་ཡོངས་སུ་གྱུར་ནས་ལེའུ་དང་པོ་ལས་གསུངས་པའི། དེ་བཞིན་གཤེགས་པ་མི་བསྐྱོད་པས། །ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་བཙུན་མོའི་བྷ་ག་དེར་མཱ་མ་ཀཱི་དང་སྙོམས་པར་ཞུགས་པའི་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པས་འདུག་སྟེ། ཡེ་ཤེས་སེམས་དཔའ་སྙིང་གར་བཅུག་ནས་རོལ་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཕྱུང་སྟེ་ལེའུ་བརྒྱད་པ་ལས་གསུངས་པའི། །ནམ་མཁའ་དབྱིངས་ཀྱི་དབུས་གནས་པར། །ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་རྒྱ་མཚོའི་གཟུགས་སུ་གྱུར་བར་བྱ་ཞིང༌། དེ་བཞིན་གཤེགས་པ་ལྔས་ཡེ་ཤེས་ཀྱི་ས་གཞི་རྫོགས་པར་བྱའོ། །མི་བསྐྱོད་པ་ནི་རྡོ་རྗེའི་རིགས་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཕྱིར་གཙོ་བོ་ཉིད་ཡིན་ཏེ། ཇི་སྐད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་རྡོ་རྗེའི་རིག་པའི་སྐྱེས་བུ་མཆོག་གི་ལེའུ་བཅུ་གཅིག་པ་ལས། ནམ་མཁའ་རྡོ་རྗེའི་དབུས་གནས་པར། །དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་བསམ། །ཞེས་གསུངས་པ་བཞིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པ་རྗེས་སུ་ཞུགས་པས་སའི་རྣམ་པ་ལ་སོགས་པར་བྱིན་གྱིས་བརླབས་པ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། བརྒྱད་པ་ལས། ཞི་བ་རྡོ་རྗེ་འཛིན་འདོད་ན། །བསྡུ་བ་དག་ཀྱང་རབ་ཏུ་བྱ། །ཞེས་གང་གསུངས་པའོ། །དེ་ལྟ་བུར་གྱུར་པའི་ཡན་ལག་རྫོགས་


DTG041_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེར། ལེའུ་བཅུ་གཅིག་པ་ལས་གསུངས་པའི། ཡི་གེ་བྷྲཱུཾ་གྱིས་གནས་བསྒོམས་ཏེ། །ཞེས་བྱ་བ་འདིས་གཞལ་ཡས་ཁང་ལེའུ་བརྒྱད་པ་ལས། རིན་ཆེན་སྣ་བཞིའི་མཆོད་རྟེན་ནི། །ཞེས་བྱ་བ་ལ་སོགས་པས་གསུངས་པའི་མཚན་ཉིད་ཅན་རྒྱར་དཔག་ཚད་བྱེ་བ་ཡོད་པ་ཤིན་ཏུ་ཆེ་བའི་ཚད་དང་ལྡན་པ། ཡང་ལེའུ་དང་པོ་ལས་གསུངས་པའི། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་བྱ་བ་ལ་སོགས་པ་འདབ་མ་སྣ་ཚོགས་པའི་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་གདན་གྱིས་བརྒྱན་པ། ལྷ་ཐམས་ཅད་ཀྱི་གནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁང་པ་བརྩེགས་པ་བསྒོམ་པར་བྱའོ། །སྔོན་ལ་གནས་རྫོགས་པར་བྱས་ཏེ། རྡོ་རྗེ་གསུམ་བསྐྱེད་པ་བསྒོམ་པར་བྱའོ་ཞེས་འབྱུང་བས་དེའི་དབུས་ཀྱི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། སྔ་མ་བཞིན་དུ་ལྷག་པར་མོས་པའི་སེམས་ཀྱིས་ལྷའི་འཁོར་ལོའི་དབུས་ན་གནས་པའི་རྡོ་རྗེ་འཆང་དུ་བདག་ཉིད་དམིགས་ནས་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་སྐྱེ་བ་མེད་པའི་རི་མོ་ལ་ཐིག་ལེའི་ཟླ་བའི་དཀྱིལ་འཁོར་ཨཱ་ལི་དང་ཀཱ་ལི་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་བསྒོམས་ཏེ། ལེའུ་བཅུ་གཅིག་པ་ལས། རྡོ་རྗེའི་དཀྱིལ་འཁོར་དབུས་གནས་པར། །ཡི་གེ་ཨོཾ་ནི་ཞེས་བྱ་བ་ལ་སོགས་པས་ཐུགས་ལ་སོགས་པའི་རྟེན་རྣམས་ལ་སྐུ་ལ་སོགས་པའི་ཡིག་འབྲུ་སེམས་ཀྱི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་ཡི་གེ་གསུམ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཡི་གེ་གསུམ་དུ་གཞུག་པར་བྱ་ཞིང་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་སྒོ་ནས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་ཟླ་བའི་དཀྱིལ་འཁོར་དེ་ལ། ཐུགས་སྐུལ་བར་བྱེད་པའི་ལེའུ་བཅུ་བ་ལས་གསུངས་པས་ས་བོན་བཀོད་དེ། སྤྲོ་བ་དང་བསྡུ་བའི་རིམ་གྱིས་རྡོ་རྗེའི་ང་རྒྱལ་ལས་བྱུང་བའི་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྒོམ་པར་བྱ་ཞིང་ང་རྒྱལ་ཡང་བྱའོ་ཞེས་བྱ་བ་ནི་རྣལ་འབྱོར་ཏེ། ལེའུ་དང་པོ་ལས་གསུངས་པའི་དམ་ཚིག་འབྱུང་བའི་ཏིང་ངེ་འཛིན་དུ་རིག་པའི་སྐྱེ་བུའི་སྐུའི་དོན་དུ་གཟུགས་བསྟན་ཏོ། །སྙིང་གར་ཡེ་ཤེས་


DTG041_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་གཞུག་པ་ནི་རྗེས་སུ་རྣལ་འབྱོར་རོ། །ལེའུ་བཅུ་བདུན་པ་ལས་གསུངས་པའི་ཕུང་པོ་ཞེས་བྱ་བ་ལ་སོགས་པས། ཕུང་པོ་ལ་སོགས་པ་རྣམ་པར་སྣང་མཛད་ལ་སོགས་པ་ནས་བདུད་རྩི་འཁྱིལ་བ་ལ་ཐུག་པས་བྱིན་གྱི་བརླབ་པར་བྱ་སྟེ། ལེའུ་བཅུ་གཅིག་པ་ལས་གསུངས་པའི་སྐུ་ལ་སོགས་པ་བྱིན་གྱིས་རློབ་པར་བྱེད་པའི་བསྒྲུབ་པའི་ཡི་གེ་གསུམ་མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ་རྣམ་པར་བཀོད་ནས། དེ་རྣམས་ལས་བྱུང་བའི་སངས་རྒྱས་སྤྱན་ལ་སོགས་པ་རྣམས་ཀྱིས་སྐུ་རྡོ་རྗེ་ལ་སོགས་པ་རྣམས་བཀུག་སྟེ། ལེའུ་བཅུ་གཅིག་པ་ལས་གསུངས་པའི། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་བཏབ་ནས། ལེའུ་བཅུ་བདུན་པ་ལས་གསུངས་པའི། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་ང་རྒྱལ་བསྐྱེད་དེ། ལེའུ་དྲུག་པ་ལས་གསུངས་པའི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོ་སྟེ། དེ་ཙམ་གྱིས་སྔགས་ཀྱིས་བྱིན་གྱིས་བརླབས་ཞེས་བྱ་བ་ལ་སོགས་པ་ནི་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ཁོ་ནའི་དོན་བསྟན་ཏོ། །དང་པོར་བཅོམ་ལྡན་འདས་འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་གང་ཡིན་པ་དེ་ནི་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་རབ་ཏུ་དགའ་བར་བྱ་བའི་ཕྱིར་ཡིན་ནོ། །འདིར་མན་ངག་ཀྱང་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་མཉེས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་བཀོད་པ་རབ་ཏུ་བཅུག་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་པ་སངས་རྒྱས་སྤྱན་ལ་སོགས་པའི་གཟུགས་རྣམས་མངོན་པར་སྤྲུལ་ཏེ་བྱུང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེ་བྱིན་གྱིས་རློབ་པའི་ལེའུ་བཅུ་བདུན་པ་ལས་གསུངས་པའི་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་དཔལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་པ་དེ་རྣམས་དམ་ཚིག་གི་འཁོར་ལོ་ཞེས་བྱ་བ་ལ་སོགས་པས་སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སྔོན་དུ་བྱ་བ་རྫོགས་པར་བྱ་སྟེ། སྒྲུབ་པ་ཆེན་པོའི་དུས་སུ་ལེའུ་བཅོ་ལྔ་པ་ལས་


DTG041_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་མཚན་དང་ལྡན་པའི་གདོལ་བའི་བུ་མོ་ལེགས་པར་བསླབས་པ་མདུན་དུ་བཞག་ནས་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་རང་གི་སྙིང་ག་ནས་ཕྱུང་སྟེ་ནུ་མའི་དབུས་དང་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ལྔས་སྙིང་གའི་གནས་ལ་སོགས་པ་བྱིན་གྱིས་བརླབས་ཤིང་སྙིང་གའི་ནང་དུ་ཡེ་ཤེས་ཀྱི་ལྷ་མོས་བརྒྱན་པ། ས་ལ་སོགས་པ་ལ་སངས་རྒྱས་སྤྱན་ལ་སོགས་པ་དང༌། དེའི་གཟུགས་དང་སྒྲ་ལ་སོགས་པ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པ་དང༌། དེའི་དཔུང་པ་གཡོན་པ་ལ་སོགས་པ་ལ་རོ་ལངས་མ་ལ་སོགས་པ་བཀོད་ནས། ལེའུ་བདུན་པ་ལས་གསུངས་པའི། །ཡི་གེ་ཧཱུཾ་དང་ཞེས་བྱ་བ་ལ་སོགས་པས་རང་གི་རྡོ་རྗེ་དང་པདྨ་མངོན་པར་འདུས་བྱས་ཏེ། དེ་ཉིད་ལས་གསུངས་པའི། འོད་ཟེར་ལྔ་ཡི་འོད་ཀྱིས་ཁྱབ། །ཅེས་བྱ་བ་ལ་སོགས་པས་དེ་གཉི་ག་འོད་ཟེར་ལྔས་ཁྱབ་པ་དང༌། བདུན་པ་ལས་གསུང་པ་ཟླ་བའི་འོད་ཟེར་ཞེས་བྱ་བ་ལ་སོགས་པས་རང་གི་རིག་མ་བསིལ་བའི་འོད་ཟེར་ལྔ་དང་ལྡན་པར་བསམས་ནས། ཆགས་ཤིང་ཆགས་པའི་བལྟ་བས་བལྟ། །ཞེས་བྱ་བ་འདིས་རྡོ་རྗེ་དང་པདྨ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་རྡོ་རྗེ་གཉི་ག་རྗེས་སུ་མཉེས་པར་བྱ་སྟེ། རིན་ཆེན་ཏོག་གི་ང་རྒྱལ་དང་ལྡན་པས་ལེའུ་དྲུག་པ་ལས་གསུངས་པའི་རྗེས་སུ་ཆགས་པའི་སྔགས་བརྗོད་ལ། རིམ་པ་དེ་ཉིད་ཀྱིས་ལེའུ་བདུན་པ་ལས་གསུངས་པའི་རྗེས་སུ་དྲན་པའི་ཚུལ་གྱིས་རྡོ་རྗེ་གཡོ་བ་པདྨར་བཅུག་སྟེ། འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་དཔལ་གྱི་ཏིང་ངེ་འཛིན་ལས་གསུངས་པ་ཁོ་ན་བཞིན་དུ་འདོད་པར་བྱའོ། །ཡི་གེ་ཧཱུཾ་གི་གླུ་ལེན་ཅིང་ལས་ལ་གནས་པར་བྱ་སྟེ། ཏིང་ངེ་འཛིན་དེ་ཉིད་ལ་ཅང་མི་སྨྲ་བར་གནས་པར་བྱའོ། །བྱང་ཆུབ་ཀྱི་སེམས་དབྱུང་བའི་གནས་སྐབས་ནི། ལེའུ་དང་པོ་ལས་གསུངས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་ཆོས་ཀྱི་སྐུའི་རྣམ་པ་བསྟན་པ་ཡིན་ནོ། །དེ་ནས་ནམ་མཁའི་དབྱིངས་འདི་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བར་བསམས་ཏེ། བྱང་ཆུབ་ཀྱི་རྡུལ་ཕྲ་རབ་དེ་རྣམས་ཀྱང་རང་གི་རིག་མས་འཁྱུད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་རྣམ་པར་བལྟས་ལ་བསྡུས་ནས་པདྨར་བཅུག་སྟེ། ལེའུ་བདུན་


DTG041_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་ཚིག་རྗེས་སུ་དྲན་པ་བསྒོམ་པ་ལས་གསུངས་པ། ཁུ་བ་ཕྱུང་ནས་ཞེས་བྱ་བ་ལ་སོགས་པས་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པའི་ཞུ་བ་ཉིད་བཏུང་བར་བྱའོ། །དེ་ནས་སླར་ཡང་འདོད་ཆགས་ཆེན་པོའི་ཚུལ་ལས་གསུངས་པའི་ཚུལ་གྱིས་བཅུག་མ་ཐག་པ་དེ་རྣམས་བཅོམ་ལྡན་འདས་ལ་མངོན་པར་མཆོད་པའི་ཕྱིར་བུད་མེད་ཀྱི་གཟུགས་འཛིན་པར་གྱུར་པས། བཅོམ་ལྡན་འདས་ཀྱི་སྐུ་ལ་མངོན་པར་བྱུང་ནས། ནམ་མཁའ་དབྱིངས་མ་ལུས་པ་མངོན་པར་ཁྱབ་སྟེ། ལེའུ་བརྒྱད་པ་ལས་གསུངས་པའི་བླ་ན་མེད་པའི་མཆོད་པ་རྣམས་ཀྱིས་མཆོད་པར་དམིགས་ལ། དོན་ཡོད་པར་གྲུབ་པའི་ང་རྒྱལ་དང་ལྡན་པས་ལེའུ་བརྒྱད་པ་ལས་གསུངས་པའི་སྔགས་ཀྱིས་མཆོད་པའི་ཚོགས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ཤིན་ཏུ་རྣལ་འབྱོར་རོ། །གཞུང་དེ་ཙམ་གྱིས་ནི་རྣལ་འབྱོར་བཞིའི་བདག་ཉིད་ཀྱི་བདག་གི་དོན་ཕུན་སུམ་ཚོགས་པའི་རང་བཞིན་གྱི་དང་པོ་སྦྱོར་བ་ཏིང་ངེ་འཛིན་དང་པོ་བསྟན་ཏོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཆེད་དུ་ལེའུ་བདུན་པ་ལས་དཀྱིལ་འཁོར་རྗེས་སུ་དྲན་པ་བསྒོམ་པ་གསུངས་ཏེ། ལེའུ་དང་པོ་ལས་གསུངས་པའི་ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་མི་བསྐྱོད་པ་ཕྱུང་ལ་དེས་ཀྱང་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་རྣམས་ཡང་དག་པར་སྦྱངས་ནས། དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ནས་ཞེ་སྡང་རྡོ་རྗེར་གྱུར་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་རྣམས་ཡང་དག་པར་ཕྱུང་སྟེ། དེ་རྣམས་ཀྱིས་གཏི་མུག་ལ་སོགས་པ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡང་དག་པར་སྦྱངས་ནས། དེ་རྣམས་སླར་བཀུག་ལ་གནས་ཇི་ལྟ་བ་བཞིན་དུ་བཀོད་པར་བྱས་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་ནས་བསྡུས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པར་བྱའོ་ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏེ་གཉིས་པའོ། །ལས་རྒྱལ་པོའི་མཆོག་ནི་མི་བསྐྱོད་པ་ལ་སོགས་པ་རེ་རེ་ཞིང་ཕྱུང་བའི་རྗེས་ཐོགས་ཉིད་དུ་ཞེ་སྡང་ལ་སོགས་པ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་རྣམ་པའོ། །སྐུ་གསུང་ཐུགས་རྨད་དུ་བྱུང་བའི་སྔགས་


DTG041_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འགུགས་པའི་རྣམ་པར་འཕྲུལ་བའི་རྒྱལ་པོའི་ལེའུ་བཅུ་བཞི་པ་ལས་གསུངས་པའི་ཞི་བ་ལ་སོགས་པའི་ལས་ཅན་དུ་རྟོགས་པར་བྱའོ་ཞེས་བྱ་བས་ནི། གཅིག་ཏུ་གཞན་གྱི་དོན་བྱེད་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་གསུམ་པ་ཡིན་པར་བསྟན་ཏོ། །དེ་ནས་ལེའུ་གསུམ་པ་ལས་གསུངས་པའི། རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་བྱ་བ་ལ་སོགས་པ་དང༌། ལེའུ་དྲུག་པ་ལས་གསུངས་པ་སྣའི་རྩེ་མོར་ཡུངས་ཀར་ཞེས་བྱ་བ་ལ་སོགས་པ་དང༌། སེམས་ནི་ཐིག་ལེར་གྱུར་པ་གཞག །ཅེས་བྱ་བ་ལ་སོགས་པས་སེམས་བརྟན་པར་བྱ་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱའོ། །ལེའུ་བཅུ་གསུམ་པ་ལས་གསུངས་པའི་བཟླས་པ་ཡང་སྒྲུབ་ཐབས་ཀྱི་ཚུལ་བཞིན་བྱའོ། །དེ་ལྟར་དམ་ཚིག་དང་སྡོམ་པ་ལ་རབ་ཏུ་གནས་ཤིང༌། དབང་བསྐུར་བ་དང་རྗེས་སུ་གནང་བ་ཐོབ་པ། ཆོ་ག་ཐོབ་པ་མ་ཚང་བ་མེད་པའི་ཕྱིར་བྱ་བ་མ་ལུས་པ་བསྒྲུབ་པ་ལྷུར་ལེན་པས། གང་གི་ཚེ་སྒྲུབ་པ་དྲུག་གིས་ཀྱང་བཅོམ་ལྡན་འདས་མ་གྲུབ་པ་དེའི་ཚེ། ལེའུ་བཅུ་པ་ལས་གསུངས་པའི་ང་རྒྱལ་དང་ལྡན་པའི་སྦྱོར་བས་བསྒྲུབ་པར་བྱ་སྟེ། རང་གིས་གསུངས་པའི་དམ་ཚིག་ལས་འདས་པའི་འཇིགས་པས་བདུན་ཕྲག་གསུམ་གྱི་ནང་དུ་ངེས་པར་འགྲུབ་པར་འགྱུར་རོ། །དེ་ནས་ཐུན་བཞི་པ་ལ་ཐམས་ཅད་བསྡུས་ནས་ཟག་པ་མེད་པའི་བདེ་བ་དམ་པའི་རང་བཞིན་གྱི་ཆོས་ཀྱི་སྐུ་ལ་དམིགས་ཏེ་གནས་པར་བྱའོ། །དེ་ནས་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེ་ཐུགས་ཁྱོད་ཅེས་བྱ་བ་ལ་སོགས་པའི་གླུ་རྣམས་ཀྱིས་རབ་ཏུ་བསྐུལ་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་རྣམས་ཀྱིས་ཀྱང་བསྟོད་དེ་ཡང་དག་པར་སད་ནས། དེ་བཞིན་གཤེགས་པ་རྣམས་རང་གི་ལུས་ལ་བཅུག་ནས་ཆོ་ག་བཞིན་དུ་ཡང་དག་པར་མཆོད་དེ། དཀྱིལ་འཁོར་ལུས་དང་ཐ་མི་དད་པར་བལྟས་ལ་བརྟན་པར་བྱས་ཏེ་ཉེ་བར་བསྲུང་བར་བྱའོ། །དེ་ལྟར་སྒྲུབ་པའི་ཐབས་ཀྱི་བསྡུས་པའི་དོན་བསྟན་པ་ན་ལེའུ་དང་པོ་ལ་བརྟེན་ནས། ལེའུ་བཅུའི་དོན་བཤད་པ་ཉིད་ཡིན་ནོ། ལེའུ་བཅུ་གཅིག་པས་ནི་གནས་ཀྱི་ལྷ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་བསྟན་ནས་དབེན་ཞིང་ཞེས་བྱ་བ་ལ་སོགས་པས་སྔོན་དུ་སྤྱོད་པ་བྱས་ཤིང་ལྷའི་གནང་བ་ཐོབ་པའི་རྣལ་འབྱོར་པས་ནི་རང་གི་ལྷ་བསྒོམ་


DTG041_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔོན་དུ་འགྲོ་བ་ཅན་གྱིས་ཡི་གེ་ཨོཾ་ལ་སོགས་པ་སྙིང་གར་བསྒོམ་པས་བསྐལ་པ་གསུམ་དུ་གནས་པའི་ཕྱིར་ཡེ་ཤེས་ཀྱི་བཅུད་ཀྱིས་ལེན་ཟླ་བ་ཕྱེད་ཀྱིས་འགྲུབ་པར་འགྱུར་རོ། །ཡེ་ཤེས་དཀྱིལ་འཁོར་དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པས་མི་སྣང་བ་བསྒོམ་སྟེ། རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནི། །ཞེས་བྱ་བ་ལ་སོགས་པ་ནས། སྐུ་གསུམ་མི་ཕྱེད་སྒྲུབ་པར་འགྱུར། །ཞེས་བྱ་བ་ལ་ཐུག་པའི་བར་གྱིས་གོ་རིམས་བཞིན་དུ་འཕགས་པ་འཇམ་དཔལ་དང་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོ་དང་མགོན་པོ་བྱམས་པའི་ཏིང་ངེ་འཛིན་རྣམས་བཤད་དོ། །རྣམ་པར་དབེན་པའི་རི་བོ་དང༌། །ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་ཤེས་པ་བསྒྲུབ་པའི་གནས་བསྟན་ཏོ། །མི་བསྐྱོད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་ནི། ལྷ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས། མིག་ལ་སོགས་པ་རྣམས་ལ་སའི་སྙིང་པོ་ལ་སོགས་པ་བཀོད་པ་བསྒོམ་པའི་སྒོ་ནས་མངོན་པར་ཤེས་པ་ལྔ་བསྒྲུབ་པ་བསྟན་ཏོ། །རྡོ་རྗེ་ལ་སོགས་པ་བསྒོམ་པས་ཀྱང་དེ་དང་འདྲ་བ་ཉིད་དོ། །སྙིང་གར་ཡི་གེ་ཨོཾ་ཞེས་བྱ་བ་ལ་སོགས་པས་ནི་སེམས་བརྟན་པར་བྱ་བའི་བསྒོམ་པའི་མན་ངག་གསུངས་སོ། །ལུས་ངག་སེམས་ལ་ཡི་གེ་ཨོཾ། །ཞེས་བྱ་བ་ལ་སོགས་པས་ནི་བསྐལ་བར་གནས་པའི་མན་ངག་གསུངས་སོ། །བཅུ་གཉིས་པས་ནི་བསྒྲུབ་པ་ཆེན་པོའི་གནས་བསྟན་ནས། མཾ་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པ་འཇམ་དཔལ་ལ་བསྒོམ་པའི་སྒོ་ནས་མི་སྣང་བའོ། །རྡོ་རྗེ་མི་ཕྱེད་ཅེས་བྱ་བ་ལ་སོགས་པས་ནི་རྫས་ཀྱི་རི་ལུ་བསྒྲུབ་པའོ། །རྡོ་རྗེ་ཆེན་པོ་རབ་སྔགས་ཀྱིས། །ཞེས་བྱ་བ་ལ་སོགས་པས་ནི་འཁོར་ལོ་ལ་སོགས་པས་སེམས་བསྒྲུབ་པ་གསུངས་སོ། །འོད་ཟེར་ལྔའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་གསུམ་གྱི་རིག་འཛིན་པ་ཉིད་དོ། །ཨོཾ་ནི་ཞེས་བྱ་བ་ལ་སོགས་པས་རི་ལུ་བསྒོམ་པའོ། ནམ་མཁའི་དབྱིངས་གསལ་ཞེས་བྱ་བ་ལ་སོགས་པས་ནི་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པ་རྣམས་བསྒྲུབ་པའོ། །ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པས་ནི་དགུག་པ་བསྒྲུབ་པའི་གནས་སོ། །སྦྱོར་གསུམ་ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་ལ་སོགས་པ་རྣམས་དགུག་པའོ། །རྣམ་པ་མཆོག་རྣམས་ཞེས་བྱ་བ་ལ་


DTG041_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་ནི་རིག་པ་བསྐུལ་བའི་སྒོ་ནས་ཤིན་ཏུ་མྱུར་བར་དངོས་གྲུབ་བསྒྲུབ་པའོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་ཆེན་པོ་ལ་སོགས་པ་ལ་ཞུགས་པའི་ཟས་ངེས་པར་བྱེད་པའོ། །རྣམ་པ་མཆོག་རྣམས་ཀུན་ལྡན་པ། །ཞེས་བྱ་བ་ལ་སོགས་པས་ནི་དམ་ཚིག་སྤྱོད་པའི་སྦྱོར་བའོ། །རྡོ་རྗེ་དམ་ཚིག་གསུམ་བསྒྲུབ་མཆོག །ཅེས་བྱ་བ་ལ་སོགས་པས་ནི་གྲུབ་པ་ཕན་ཡོན་གྱི་འབྲས་བུའོ། །བསྙེན་པ་ལ་སོགས་པའི་དོན་རྡོ་རྗེ་བཞི་ནི་སྔར་བཤད་པའི་བསྒྲུབ་པའི་དོན་དང་མཚུངས་པ་ཁོ་ན་ཡིན་ནོ། །བསྙེན་པའི་ཡེ་ཤེས་བདུད་རྩི་དག །ཅེས་བྱ་བ་ལ་སོགས་པས་ནི་རྫོགས་པའི་རིམ་པ་གསུངས་སོ། །དུས་བཞི་དག་ཏུ་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་བཞིའི་དབུས་ན་གནས་པའི་ལྷ་གང་ཡང་རུང་བའི་རྣལ་འབྱོར་རོ། །བཅུ་གསུམ་པས་ནི་བཟླས་པའི་ཆོ་ག་བསྟན་ནས། འདོད་ཆགས་དེ་ནི་དོན་བསྒོམ་པ། །ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་འདོད་ཆགས་དང་གཏི་མུག་དང་ཞེ་སྡང་རྣམ་པར་དག་པ་ཁོ་ན་རྫོགས་པའི་བྱང་ཆུབ་ཡིན་ནོ་བཤད་དོ། །ཡེ་ཤེས་འཁོར་ལོ་ཅན་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པས་ནི་རང་གི་དཀྱིལ་འཁོར་ན་གནས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྔགས་ཀྱི་དོན་བསྒོམ་པར་བྱའོ་ཞེས་བཤད་དོ། །རྡོ་རྗེ་རྣམ་པ་བཞི་ཡི་ལས། །ཞེས་བྱ་བ་ལ་སོགས་པས་ནི་ཞི་བ་ལ་སོགས་པའི་ལས་བཞི་བསྟན་ཏོ། །མ་དད་སྨྲ་བའི་ཞེས་བྱ་བ་ལ་སོགས་པ་ནས། བཀའ་ཡི་འཁོར་ལོ་སྦྱར་བར་བྱ། །ཞེས་བྱ་བ་ལ་ཐུག་པས་ནི་མངོན་སྤྱོད་ཀྱི་ཡུལ་དང་དེའི་ལས་བསྟན་ཏོ། །སྔགས་ཀུན་བསྲུང་ཕྱིར་ཞེས་བྱ་བ་ལ་སོགས་པ་ནས། འགྲོ་བ་འདུལ་བ་ཞི་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་ཐུག་པས་ནི། བྱང་ཆུབ་འདོད་པའི་རྣལ་འབྱོར་པའི་བསྲུང་བ་དང༌། ཆུའི་སྟེང་ནས་འགྲོ་བ་དང༌། ཕ་རོལ་རྒོལ་བ་རྣམས་རེངས་པར་བྱ་བ་དང༌། རྒྱལ་པོ་དང་དགྲ་དང་གནོད་པར་བྱེད་པ་རྣམས་རྨོངས་པར་བྱ་བ་དང་། གནས་བསྲུང་བའི་ཕྱིར་ཞི་བའི་སྦྱོར་བ་དང༌། དཀྱིལ་འཁོར་གྱི་གནས་དང༌། བསྒྲུབ་པའི་གནས་བསྲུང་བ་བསྟན་ཏོ། །ཞི་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་བསྟན་ཏོ། །རྣམ་པར་སྣང་མཛད་ཞལ་གསུམ་པ། །ཞེས་བྱ་བ་ལ་སོགས་པས་


DTG041_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྒོམ་པ་པོའི་དབང་དུ་བྱས་ནས་ཞལ་དང་ཁ་དོག་དང་ཕྱག་དང་མཚོན་ཆ་རྣམས་ངེས་པར་བྱེད་དོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་ཏེ། རྡོ་རྗེ་འཆང་དེ་བསྒོམ་པ་སྔོན་དུ་འགྲོ་བ་ཅན་གྱི་ལྷ་ཐམས་ཅད་བསྐྱེད་པ་བསྟན་ཏོ། །ལེའུ་བཅུ་བཞི་པའི་དོན་ནི་སྔར་བཤད་ཟིན་ཏོ། །ལེའུ་བཅོ་ལྔ་པ་ལས་ནི་རྡོ་རྗེའི་རིགས་ཀྱི་ཡན་ལག་དཀྱིལ་འཁོར་གྲུ་བཞི་པ་གསུངས་སོ། །དཀྱིལ་འཁོར་ལྔའི་ཞེས་བྱ་བ་ལ་སོགས་པས་ནི་བཙོ་བླག་མཁན་གྱི་བུ་མོ་དང་ལྡན་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང༌། རྡོ་རྗེ་སེམས་དཔའ་བཞིན་དུ་གསུངས་རྡོ་རྗེའི་གར་མཁན་གྱི་བུ་མོ་དང༌། རྡོ་རྗེ་འཆང་ཆེན་པོའི་བྲམ་ཟེ་ལ་སོགས་པའི་བུ་མོ་དང༌། རྣམ་པར་སྣང་མཛད་ལ་སོགས་པའོ། །རྡོ་རྗེ་ཉི་མ་ནུབ་ནས་ནི། །ཞེས་བྱ་བ་ལ་སོགས་པས་ནི་དུས་ངེས་པ་དང་དོན་གཞན་ཡིན་ནོ། །རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས་འདོད་དང་ཐར་པའི་དམ་ཚིག་རྡོ་རྗེས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་ལ་ཐུག་པས་ནི་སངས་རྒྱས་ཀྱི་བྱང་ཆུབ་སྒྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བུ་མོ་རྣམས་རེངས་པའི་སྦྱོར་བའོ། །བཅུ་བཞི་ཞེས་བྱ་བ་ལ་སོགས་པས་ནི། ཚངས་པ་དང་སྲིན་པོ་ལ་སོགས་པ་རྣམས་རི་མོ་དང་ཐོ་བ་དང་ཡི་གེ་ཧཱུཾ་དང་རྡོ་རྗེ་འཆང་བ་རྣམས་ཀྱིས་གསད་པ་གསུངས་སོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་ཆུ་རེངས་པའོ། །དཀྱིལ་འཁོར་དག་ནི་འདྲི་བ་ན། །ཞེས་བྱ་བ་ལ་སོགས་པས་ནི་ཡི་གེ་ཕཊ་ཀྱི་སྔགས་ཀྱིས་རླུང་ལ་སོགས་པའི་བགེགས་རྣམས་བཟློག་པའོ། །ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་བསྒོམ་པའི་མན་ངག་གོ །བུད་མེད་ཅེས་བྱ་བ་ལ་སོགས་པས་ནི་འཇམ་དཔལ་ལྟ་བུའི་མི་སྣང་བའི་བདག་པོ་བསྟན་ཏོ། །བཤང་བའམ་ཞེས་བྱ་བ་ལ་སོགས་པ་ནས་དམ་ཚིག་མི་སྣང་བའི་རྡོ་རྗེ་ཆེན་པོས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི་མི་སྣང་བ་ཁོ་ནའོ། །དེ་ནས་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནི་ངོ་མཚར་དུ་གྱུར་པ་བསྟན་ཏོ། །དེ་ནས་སྟོན་པ་རྡོ་རྗེ་འཛིན། །ཞེས་བྱ་བ་ལ་སོགས་པས་ནི་ལྷ་ཐམས་ཅད་ཀྱི་དབང་བསྐུར་བའོ། །རི་རྩེ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པའི་གནས་སོ། །རྡོ་རྗེ་


DTG041_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔལ་ལ་སོགས་ཞེས་བྱ་བ་ལ་སོགས་པས་ནི་ལྟས་བཟང་ངན་དྲི་བའི་ཕྱིར་སློབ་མ་དབབ་པའི་ཆོ་ག་གསུངས་སོ། །རྩེ་གཅིག་མ་གྱུར་ཅེས་བྱ་བ་ནས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོའི་དམ་ཚིག་རྡོ་རྗེ་ཁྲོ་བོས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི། འཕགས་པ་བདུད་རྩི་འཁྱིལ་བའི་རྣལ་འབྱོར་གྱིས་རྣམ་པ་དུ་མའི་སྒོ་ནས་གསད་པ་གསུངས་སོ། །སྤྲུལ་ནི་མི་སྡུག་ཅེས་བྱ་བ་ལ་སོགས་པས་ནི་བྲིས་པའི་སྤྲུལ་དང༌། སྦལ་པ་ལ་སོགས་པ་ལ་རེག་པས་འཇིག་པ་དང༌། ཨོཾ་ལ་སོགས་པས་ནི་དུག་འཕོ་བ་དང༌། དུག་མེད་པར་བྱ་བ་དང༌། འབྲས་ལ་སོགས་པ་ཉེ་བའི་དུག་རྣམས་བཟློག་པའོ། །ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པས་ནི་ཕྱི་དང་ནང་གི་ནད་རྣམས་བཟློག་པའོ། །ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ཞེས་བྱ་བ་ལ་སོགས་པས་ནི་རྨི་ལམ་གྱི་མཚན་མ་རྣམས་སོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་རྨི་ལམ་གྱི་མཚན་མའི་བྱེ་བྲག་ལས་བྱུང་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་འཚལ་བ་བྱས་ཏེ། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པས་ཡང་དག་པར་རྟོགས་པར་མཛད་ཅིང༌། དེ་རྣམས་ཀྱིས་ཀྱང་རྟོགས་པར་གྱུར་ནས། རང་གི་སེམས་ཀྱི་ཆོས་ཉིད་ལ་གནས་ནས་སེམས་ཤིང་ཅང་མི་སྨྲ་བར་འཁོད་པར་གྱུར་བའོ། །ལེའུ་བཅུ་དྲུག་པས་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྐུ་རྡོ་རྗེ་སྒྲུབ་པའི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དང༌། དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ཉིད་གསུངས་སོ། །རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །ཞེས་བྱ་བ་ལ་སོགས་པས་ནི་གཉི་གའི་རང་བཞིན་གྱི་ལྷའི་དཀྱིལ་འཁོར་ཐམས་ཅད་གསུངས་སོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་ཐིག་གདབ་པ་དང༌། ཚོན་རྩི་དགྱེ་བ་དང༌། སྔགས་ཀྱི་ཡི་གེ་རྣམས་སོ། །སྔགས་ཀྱི་སེམས་པས་མི་བྱ་སྟེ། །ཞེས་བྱ་བ་ལ་སོགས་པས་ནི་རྫོགས་པའི་རྣལ་འབྱོར་པས་སྣོད་དུ་རུང་བ་གཉིས་བཅུག་ནས་བསྒྲུབ་པ་ཁྱད་པར་ཅན་གྱི་དཀྱིལ་འཁོར་འདྲིར་གཞུག་པར་བྱ་སྟེ། རང་གིས་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །བདག་ཉིད་གང་ཚེ་སྤྱོད་པ་ན། །ཞེས་བྱ་བ་ལ་སོགས་པས་ནི་ཁྱད་པར་ཅན་དུ་གྱུར་པ་ཡིན་ཡང༌། མངོན་པར་འདུས་བྱས་པའི་ཐིག་སྐུད་ཀྱིས་བདག་ཉིད་སློབ་པ་དང་བཅས་


DTG041_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐིག་གདབ་སྟེ། དམ་ཚིག་གི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བཤད་དོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ཡང༌། །ཞེས་བྱ་བ་ལ་སོགས་པས་ནི་ལྷ་ཐམས་ཅད་དགུག་པ་ལ་སོགས་པའི་དོན་དུ་ཞགས་པ་དང་ལྕགས་ཀྱུ་ཐོགས་པའི་རྡོ་རྗེ་ཧཱུཾ་མཛད་དུ་ཤེས་པར་བྱའོ། །རྡོ་རྗེ་བུམ་པ་བཞག་པ་ནི། །ཞེས་བྱ་བ་ལ་སོགས་པས་ལྷ་རྣམས་བཀོད་པའི་རྗེས་ཐོགས་ལ། སྔགས་ཤེས་པས་ནི་སྦྱིན་སྲེག་བྱ། །ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་རྩོམ་པའམ། སྒྲུབ་པ་རྩོམ་པའི་དང་པོར་བགེགས་འཇོམས་པའི་ཞི་བ་དང༌། དེ་ནས་སྤྱན་དྲངས་པ་རྣམས་ཚིམ་པར་བྱ་བའི་སྦྱིན་སྲེག་དང་བཅུག་པའི་སློབ་མ་རྣམས་ཀྱི་སྡིག་པ་བསྲེག་པའི་ཕྱིར་དང༌། ཟིན་པའི་དུས་སུ་ཞི་བའི་སྦྱིན་སྲེག་གོ །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་ནི་བཅུག་པར་གྱུར་བའི་སློབ་མ་ལ་དབབ་པ་གསུངས་སོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ལ་ཡི་གེ་ལྔ་པའི་སྔགས་སྦྱར་བར་བྱ་བའོ། །སངས་རྒྱས་ཀུན་གྱིས་ནམ་མཁའི་ཁམས། །ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བ་གསུངས་སོ། །བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་སྔོན་དུ་གསོལ་བ་གདབ་པ་བལྟ་བར་བྱའོ། །དེ་ཚེ་དེ་ལ་དབང་བསྐུར་བ། ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བའི་དུས་སུ་སྙིང་གར་བདག་པོ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །རྡོ་རྗེ་སློབ་མ་བློ་ལྡན་པ། །ཞེས་བྱ་བ་ལ་སོགས་པས་ནི་དབབ་པའི་རྗེས་ཐོགས་ལ་དཀྱིལ་འཁོར་བསྟན་པའི་ཕྱིར། །བུམ་པའི་དབང་བསྐུར་བའི་རྗེས་ཐོགས་སུ་དམ་ཚིག་དང་སྡོམ་པ་དབོག་པ་དང་། གསང་བའི་དབང་བསྐུར་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དང༌། ལངས་ནས་ལུང་བསྟན་པའི་རྗེས་ཐོགས་ལ་མན་ངག་སྦྱིན་པར་བྱ་བའོ། །གསང་བ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའི་སྔོན་དུ་བལྟ་བར་བྱའོ། །ཁུ་བའམ་ཞེས་བྱ་བ་ལ་སོགས་པས་ནི་སློབ་མ་ཟར་གཞུག་པའོ། །གླང་པོའི་ཤ་ལ་སོགས་པ་ནི་ལྷ་རྣམས་ལ་རབ་ཏུ་དབུལ་བར་བྱའོ། །ཡིད་ཆེས་བསྐྱེད་པས་ཞེས་བྱ་བ་ནི་བདུད་རྩི་ལྔ་འབར་བར་སློབ་མ་ལ་བསྟན་པར་བྱའོ། །དངོས་གྲུབ་ཐམས་ཅད་བསྒྲུབ་པ་དང༌། ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་ཐམས་ཅད་དུ་བསྒྲུབ་པར་བྱ་བའོ། །བཤང་གཅི་ཞེས་


DTG041_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་སོགས་པས་ནི་རྫས་བླངས་པས་འགྲུབ་པའོ། །ཧྲཱི་ནི་འབར་བ་འོད་བཟང་པོ། །ཞེས་བྱ་བ་ལ་སོགས་པ་ནས། བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱི་བུ་གཅིག་པ་རྡོ་རྗེ་འཆང་ཆེན་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བའི་བར་འདིས་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་གཟུགས་ཅན་གྱི་མན་ངག་གཞུག་པ་བསྒྲུབ་པའོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནས། རྡོ་རྗེའི་དོན་གྱི་བློ་ཡིས་གསུངས། །ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི་འཕགས་པ་འཇམ་དཔལ་གྱི་རྣལ་འབྱོར་གྱི་དབང་དུ་བྱ་བའོ། །སྔགས་ཀྱི་རྡོ་རྗེ་ཧཱུཾ་ལ་སོགས། །ཞེས་བྱ་བ་ནི་དབབ་པའི་རྗེས་ཐོགས་ཉིད་དུའོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པས་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པ་བཟློག་པའི་སྦྱོར་བའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་དཔའ་བོ་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །ཙུམྦ་ཞེས་བྱ་བ་ལ་སོགས་པས་ནི་སྐུལ་བྱེད་མའི་ཏིང་ངེ་འཛིན་མཆོག་གོ ། ཛཾ་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པ་ཛཾ་བྷ་ལའི་ཏིང་ངེ་འཛིན་ཏོ། །ཀྵཾ་ཞེས་བྱ་བ་ལ་སོགས་པས་ནི་གནོད་སྦྱིན་མོ་བསྒྲུབ་པའོ། །དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་རྡོ་རྗེས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི། དམན་པ་དང་བར་མ་དང་མཆོག་གི་དངོས་གྲུབ་ཀྱི་དབྱེ་བའོ། །ཡང་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་རྫོགས་པ་ལ་ཐུག་པས་ནི་རིག་པའི་བརྟུལ་ཞུགས་གསུངས་སོ། །བཅུ་བདུན་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདུས་པ་སྔོན་དུ་འགྲོ་བ་ཅན་གྱི་གསོལ་བ་བཏབ་སྟེ། རང་གི་རྗེས་སུ་མཐུན་པའི་བསྟོད་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་བསྟོད་པར་གྱུར་ནས། ངོ་མཚར་སྔོན་དུ་འགྲོ་བ་ཅན་གྱི་སྐུ་རྡོ་རྗེ་ལ་སོགས་པའི་སྒྲུབ་པ་མ་ལུས་པའི་དམ་ཚིག་བསྟན་ཏེ། རྡོ་རྗེ་འཆང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་མཉམ་པ་ཉིད་རྣམ་པར་བསམས་ནས་ཅང་མི་གསུང་བར་གྱུར་བའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ཅང་མི་གསུང་བའི་དོན་དྲིས་པར་གྱུར་ནས། སྐུ་ནི་མི་འགྱུར་སྐྱེ་བ་མེད། །ཅེས་བྱ་བ་ལ་སོགས་པ་བསྟན་པ་ན། ཚངས་པ་ལ་སོགས་པ་རྣམས་ཀྱིས་བཅོམ་


DTG041_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་བརྙས་པར་འགྱུར་དུ་འོངས་པས་ཞེས་བྱ་བ་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀག་པར་གྱུར་ནས། དེ་རྣམས་ཀྱིས་བརྙས་པར་གྱུར་དུ་ཟིན་ཀྱང༌། འོན་ཀྱང་རང་གི་ངོ་བོ་ཁོ་ན་གསུངས་ཀྱི། རང་གི་ངོ་བོ་མ་ཡིན་པ་ནི་མ་གསུངས་སོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་རེ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་སངས་རྒྱས་ཆོས་ནི་གནས་མེད་པ། །ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པའི་དོན་ཉིད་བཅོམ་ལྡན་འདས་ཀྱི་ཞལ་ནས་བཞེས་པའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དངོས་གྲུབ་ག་ལས་འབྱུང་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་དྲིས་པ་ནས། ནམ་མཁའ་གང་ལ་གནས་གང་ལ་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་འདིས་ནི་མངོན་པར་འདོད་པའི་དོན་བསྟན་ཏོ། །དེ་ནས་ངོ་མཚར་ཞེས་བྱ་བ་ལ་སོགས་པ་བརྗོད་པར་གྱུར་ཏོ། །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་ནི་རང་གི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་དབང་བསྐུར་བའི་བསྒོམ་པས་བྱང་ཆུབ་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བཤད་དོ། །གལ་ཏེ་དངོས་གྲུབ་མཆོག་ཅེས་བྱ་བ་ལ་སོགས་པས་ནི་གོང་མ་གོང་མའི་ཚུལ་ལ་དོན་ཁྱད་པར་ཅན་གསུངས་སོ། །སླར་ཡང་སངས་རྒྱས་ཀྱི་དམ་ཚིག་ཅེས་བྱ་བ་ལ་སོགས་པས་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་ལས་མི་འདའ་བར་བྱ་བ་ཉིད་ཀྱི་ཕྱིར་ཕྱུང་པོ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པ་རྡོ་རྗེའི་ཏིང་ངེ་འཛིན་གྱི་སྒོ་ནས་ཅང་མི་གསུང་བར་གྱུར་པས་ནི་བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་སློབ་དཔོན་དག་ལ་ཐ་དད་པ་མེད་པར་བསྟན་ཏོ། །དེའི་རྗེས་ཐོགས་ལ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཞེས་བྱ་བ་ལ་སོགས་པས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཙལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུངས་ཐུགས་རྡོ་རྗེ་གསང་བ་འདུས་པར་དབང་བསྐུར་བར་གྱུར་བའི་བཅོམ་ལྡན་འདས་སློབ་དཔོན་ལ་དེ་བཞིན་གཤེགས་པ་


DTG041_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བྱ་ཞེས་དྲིས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེར་བྱ་བ་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྣམ་པར་ཞེས་བྱ་བའི་ཁྱད་པར་གྱི་ཚིག་རྣམས་ཀྱིས་སློབ་དཔོན་གྱི་ཆེ་བ་ཉིད་བསྟན་པས་དུས་སྔར་བརྙས་པའི་ཐེ་ཚོམ་སེམས་ལ་བཞག་ནས་འཇིགས་ཤིང་སྐྲག་པའི་ཡིད་ཀྱིས་ཅང་མི་སྨྲ་བར་གྱུར་ཏོ། །སླར་ཡང་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་དེ་ཉིད་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟན་ཏོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་དངོས་གྲུབ་རྣམས་གང་ལ་གནས་ཞེས་དེ་བཞིན་གཤེགས་པ་རྣམས་ལ་དྲིས་པར་གྱུར་པ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་རྡོ་རྗེ་སློབ་དཔོན་གྱི་ཞེས་བྱ་བ་ལ་སོགས་པ་གང་ལ་ཡང་མི་གནས་སོ་ཞེས་བྱ་བའི་བར་གསུངས་ཏེ། དེ་རྣམས་ཀྱང་ངོ་མཚར་ལ་སོགས་པར་གྱུར་ནས་ཅང་མི་སྨྲ་བར་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་གསང་བ་རྡོ་རྗེའི་ཏིང་ངེ་འཛིན་ལས་བཞེངས་ནས་ཞེས་བྱ་བ་ལ་སོགས་པ་བསམ་གཏན་གྱི་དཀྱིལ་འཁོར་ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི། དེའི་སྣོད་དུ་རུང་བའི་སེམས་ཀྱི་སྤྱོད་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་ཐུན་མོང་དུ་བསམ་གཏན་གྱི་དཀྱིལ་འཁོར་གསུངས་པར་གྱུར་ཏོ། །ཧཱུཾ་ཧྲཱི་ཁཾ་ཞེས་བྱ་བ་འདིས་ནི་བདུད་རྩི་དགུག་པའི་དོན་དུ་སྦྱོར་བ་གསུངས་སོ། །བཟའ་བའམ་ཞེས་བྱ་བ་ལ་སོགས་པ་བདུད་རྩི་ལྔ་དང་མཚུངས་པར་མངོན་པར་འདུས་བྱས་ལ་བཟའ་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀུན་དུ་བཟང་པོས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི་མཆོད་པ་རྣམ་པ་ལྔ་དང༌། དབང་པོ་ཉིད་སྦྱོར་བ་དང༌། མིའི་རྣལ་འབྱོར་དང༌། སྒྲུབ་པ་པོའི་ང་རྒྱལ་དང༌། ཚིམ་པར་བྱ་བའི་སྦྱོར་བ་དང༌། མཆོད་རྟེན་གྱི་ལས་ལ་སོགས་པ་མི་བྱ་བ་དང་དུག་བསལ་བ་དང༌། རེངས་པ་དང༌། དགུག་པ་དང༌། སྔགས་དང་ལྡན་པའི་བསྲུང་བའི་འཁོར་ལོ་བྲི་བ་དང༌། རྡོ་རྗེ་མིག་སྨན་གྱི་བྱ་བ་རྣམས་བཤད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་


DTG041_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསང་བའི་ཡི་གེ་བྲིས་ནས་བཅོམ་ལྡན་འདས་ཀྱིས་བཤད་པར་གྱུར་ཏོ། །དེ་ནས་དོན་རྟོགས་ནས་ཕྱག་བཙལ་ཏེ་ཅང་མི་གསུང་བར་བཞུགས་པར་གྱུར་ཏོ། །སྔོན་འདས་པའི་དུས་སུ་ཞེས་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་ནང་ནས་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བའི་བར་འདིས་ནི་སྐལ་བ་དང་མི་ལྡན་པའི་སེམས་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དང༌། འབྲས་བུ་མྱུར་དུ་སྒྲུབ་པར་བྱེད་པ་ཡིན་པར་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཞེས་བྱ་བ་ལ་སོགས་པ་ཅང་མི་སྨྲ་བར་གྱུར་ཏོ་ཞེས་བྱ་བའི་བར་འདིས་ནི། སྔོན་གྱི་དུས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བརྩམས་ཏེ། དཀའ་བ་སྤྱད་པ་ལ་སོགས་པའི་སྡུག་བསྔལ་རྗེས་སུ་དྲན་ནས། ཆོས་ཀྱི་རྣམ་གྲངས་འདི་ཡང་རྙེད་པར་དཀའ་བ་ཉིད་དུ་རྟོགས་ཏེ་རབ་ཏུ་ངུ་ཞིང་སྡུག་བསྔལ་གསུམ་སྐྱེས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྟོགས་པར་མཛད་དོ། །དེ་ནས་ཇི་སྐད་བཤད་པའི་གནས་ནས་བཞུགས་པའི་བཅོམ་ལྡན་འདས་མཆོག་ཏུ་བདེ་བ་ལ་ཞུགས་ནས། མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། རྡོ་རྗེ་ཐུགས་ཁྱོད་ཅེས་བྱ་བ་ལ་སོགས་པའི་ཀླུ་རྣམས་ཀྱིས་སད་པར་བྱས་སོ། །འདོད་པ་ཐམས་ཅད་ཉེ་བར་ལོངས་སྤྱད་པ་དཔལ་གྱི་ཏིང་ངེ་འཛིན་གྱི་དོན་བཤད་ཟིན་པ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་བཙུན་མོའི་བྷ་ག་ལས་མངོན་པར་བྱུང་སྟེ། བཅོམ་ལྡན་འདས་ངོ་མཚར་ཆེའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པ་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་དཔལ་གྱི་རེག་པའི་སྒོ་ནས་ཆོས་ཀྱི་རྣམ་གྲངས་འདི་ལ་སྐལ་བ་དང་ལྡན་པར་གྱུར་བའོ། །རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ཆོས་ཀྱི་ཏིང་ངེ་འཛིན་དང་ཁས་བླངས་པའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་སྐུ་དང་གསུང་དང་ཐུགས་རྣམས་བྱིན་གྱིས་བརླབས་པར་གྱུར་ཏོ། །དེས་ནི་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་དུ་


DTG041_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་གནས་པའི་དཔལ་ལྡན་གསང་བ་འདུས་པའི་བསྡུས་པའི་དོན་བསྟན་ཏོ། །འདི་ལ་གཞུང་ཚད་ནི་རྗེས་སུ་བསྔགས་པའི་ཚིགས་སུ་བཅད་པ་སུམ་བརྒྱ་སུམ་ཅུ་རྩ་གཉིས་ཡོད་དོ། །དེ་ལྟར་བསྡུས་པའི་དོན་བསྟན་ནས་ཡན་ལག་གི་དོན་རྣམ་པར་དབྱེ་བའི་ཕྱིར་རྒྱུད་ལ་གཞུག་པར་བྱའོ། །འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ། འདི་སྐད་ཅེས་བྱ་བ་ནི་སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་རྒྱུད་ཀྱི་དོན་མ་ལུས་པ་སེམས་ལ་བཞག་ཅིང་བསྡོགས་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བསྟན་པའི་ཕྱིར་གསུངས་པའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི། ང་བདག་ཉིད་ཀྱིས་དངོས་སུ་བཅོམ་ལྡན་འདས་ལས་ཐོས་ཀྱི། ཐོས་པ་བརྒྱུད་པ་ལས་འོངས་པ་མ་ཡིན་ནའོ། །དེ་གང་ཞིག་ཅེ་ན་གསང་བ་འདུས་པའོ། །གང་གི་ཚེ་ཞེ་ན། དུས་གཅིག་ན་ཞེས་བྱ་བ་དུས་ཚོད་གཅིག་ན་སྟེ། འདིས་ནི་གཞན་དང་གཞན་གྱི་དུས་སུ་གཞན་དང་གཞན་ཡིན་ནོ་ཞེས་རྣམ་པ་མང་པོ་ཐོས་པ་ཡིན་པར་སྟོན་ཏོ། །ཡང་ན་དུས་གཅིག་ན་ཞེས་བྱ་བ་སྐད་ཅིག་གཅིག་ན་ཐོས་པར་བྱ་བ་གང་ཇི་སྙེད་པ་དེ་རྣམ་པར་ཐར་པའི་སྒོ་མཐའ་ཡས་པ་ཐོབ་པའི་སྟོབས་ཀྱིས། སྐད་ཅིག་གཅིག་གི་དུས་སུ་ཐོས་སོ་ཞེས་འདིས་ནི་བློ་བཟང་པོ་དང་ལྡན་པ་ཉིད་དུ་བསྟན་པའི་སྒོ་ནས་ཚིག་གཟུང་བར་འོས་པ་ཉིད་དུ་བསྟན་ཏོ། །གང་ཞིག་གི་ཐོས་པ་བརྒྱུད་པ་ལས་འོངས་ཤིང༌། །གང་ལ་རྣམ་པར་ཐར་པའི་སྒོ་དཔག་ཏུ་མེད་པ་དངོས་སུ་ཐོབ་པ་མེད་པ་དེའི་ཚེ་མ་ཚང་བ་སྲིད་དོ་ཞེས་བསྟན་པ་ཡིན་ནོ། །སུ་ལས་ཤེ་ན། །བཅོམ་ལྡན་འདས་ལ་ཐོས་སོ། །བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བར་སྦྱར་ཏེ། བདུད་བཞི་བཅོམ་པའི་ཕྱིར་རམ། སྐལ་བ་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ན་དབང་ཕྱུག་དང་གཟུགས་བཟང་བ་དང་གྲགས་པ་དང༌། དཔལ་དང་ཡེ་ཤེས་རྡོ་རྗེ་དང་བརྩོན་འགྲུས་ཏེ། ཡོན་ཏན་དྲུག་དང་ལྡན་པའི་ཕྱིར་རམ། བྷ་ག་ལ་གནས་པའི་ཕྱིར་རོ། །འདི་ལ་བྷ་ག་ཡོད་པས་ན་བཅོམ་ལྡན་འདས་སོ། །དེ་སྐད་དུ་ཡང༌། །བྷ་ནི་གསལ་བ་ཞེས་སུ་གསུངས། །ག་ནི་འགྱུར་མེད་ནམ་མཁའ་སྟེ། །གཉིས་པོ་དག་ནི་འདུས་པའི་ཕྱིར། །བྷ་ག་ཤེས་རབ་ཐབས་སུ་བརྗོད། །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་


DTG041_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་དེ་རྣམས་ནི་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། ནམ་མཁའི་དབྱིངས་མ་ལུས་པ་ཏིལ་གྱི་གང་བུ་བཞིན་དུ་ཡོངས་སུ་གང་བའི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །ཡང་དག་པའི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པའམ། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཐམས་ཅད་རྟོགས་པའི་སྒོ་ནས་རང་གིས་ཁོང་དུ་ཆུད་པ་སེམས་ཅན་རྣམས་ལ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་རྣམ་པར་སྣང་མཛད་དང་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པའི་རང་བཞིན་རྣམས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་ཡོངས་སུ་བསྐྱེད་པའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོའོ། །དེའི་རྡོ་རྗེ་བཙུན་མོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དེའི་བྷ་ག་ཆོས་འབྱུང་ཞེས་བྱ་བར་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་གཞལ་ཡས་ཁང་གི་ནང་དུ་གསལ་བ་ལ་སོགས་པའི་གདན་དང་ལྡན་པའི་ལྷ་ཐམས་ཅད་ཀྱི་གནས་ལ་རང་གི་རིག་མ་དང་གཉིས་སུ་མེད་པའི་སྦྱོར་བས་བཅོམ་ལྡན་འདས་འཁོར་ལོ་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡིད་དེ་དང་དེ་ལྟ་བུའི་རྣམ་པར་དག་པའི་ཐབས་རྣམས་ཀྱིས་མགུ་བར་བྱས་ཏེ་བཞུགས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེས་ནི་འདི་སྐད་དུ་གང་གི་ཚེ་དེ་བཞིན་གཤེགས་པ་ལ་སོགས་པའི་འཁོར་དང་ཐབས་གཅིག་ཏུ་བཅོམ་ལྡན་འདས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ལས་བདག་གིས་ཐོས་སོ། །ཞེས་བཏགས་པ་ཡིན་ནོ། །འཁོར་དེ་རྣམས་མང་བ་ཉིད་དུ་བསྟན་པའི་ཕྱིར་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་པ་ནི་གྲངས་ཡིན་ཞིང་གང་ལ་དེ་མེད་པ་དེ་རྣམས་ནི་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་སྟེ། གྲངས་ལས་ཡང་དག་པར་འདས་པ་ཞེས་བྱ་བའི་ཐ་ཚིག་གོ །བརྗོད་ཀྱིས་མི་ལང་བ་གཉིས་པའི་སྒྲས་ནི་སོ་སོ་རེ་རེའི་ཞིང་གི་གཟུགས་དང་ཡོན་ཏན་དང་སེམས་ཅན་གྱི་དོན་དང་སྤྲུལ་པ་ལ་སོགས་པ་རྣམས་བསྟན་ཏེ། །དོན་དེ་ཉིད་གསུང་པ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་རི་རབ་རྣམ་རྡུལ་ཕྲ་རབ་རེ་རེར་ཕྱེ་བའི་རྡུལ་སྙེད་ཅེས་བྱ་བའི་དོན་ཏོ། །བྱང་ཆུབ་ཀྱི་བདག་ཉིད་


DTG041_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་བྱ་བ་ལ་ཞུགས་པ་ཉིད་ཡིན་པའི་ཕྱིར་སེམས་དཔའ་ཆེན་པོ་སྟེ་དེ་རྣམས་དང་ཐབས་ཅིག་ཏུའོ། །དེ་རྣམས་ཀྱི་ནང་ནས་གང་དག་མེད་ན་ལྷའི་རྣལ་འབྱོར་དང་དཀྱིལ་འཁོར་རྫོགས་པར་མི་འགྱུར་བ་དེ་རྣམས་བཏུས་ནས་འདི་ལྟ་སྟེ་ཞེས་བྱ་བ་འདིས་གསུངས་པ་ཡིན་ནོ། །དེ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ཉེ་བར་སྟོན་པར་བྱེད་དེ། ལྷ་མཉེས་པ་ནི་དམ་ཚིག་གཙོ་བོར་གྱུར་པ་ཡིན་པས་དང་པོར་བསྟན་ཏོ། །དམ་ཚིག་ནི་དོན་ཡོད་པར་གྲུབ་པ་སྟེ། ཇི་ལྟ་ཞེ་ན། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ཡིད་བཞིན་ནོར་བུ་དམ་ཚིག་གོ །ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་དེའི་རང་བཞིན་གྱི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །སྐུ་དང་གསུངས་དང་ཐུགས་རྡོ་རྗེ་རྣམ་ནི་སའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་དང་ཕྱག་ན་རྡོ་རྗེ་རྣམས་སོ། །ཏིང་ངེ་འཛིན་རྣམས་ནི་སེམས་རྩེ་གཅིག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་རྣམ་པ་ཅན་ཡིན་ཞིང༌། །དེའི་རང་བཞིན་གྱི་ནམ་མཁའི་སྙིང་པོ་ལ་སོགས་པ་རྣམས་སོ། །ཉོན་མོངས་པ་ཐམས་ཅད་ལས་རྒྱལ་བའི་མཚན་ཉིད་ནི་མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ། དེའི་རང་བཞིན་གྱི་ཀུན་དུ་བཟང་པོའོ། །ས་དང་ཆུ་དང་མེ་དང་ནམ་མཁའ་རྡོ་རྗེ་རྣམས་ནི། །འཕགས་མ་སངས་རྒྱས་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དང༌། ཀུན་དུ་བཟང་མོ་རྣམས་ཏེ། ལེའུ་བཅུ་བདུན་པ་ལས། ས་ནི་སངས་རྒྱས་སྤྱན་དུ་བཤད། །ཅེས་བྱ་བ་ལ་སོགས་པས་བསྟན་པའི་ཕྱིར་རོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་ཀྱི་ཏིང་ངོ་བོ་ཉིད་རྡོ་རྗེ་རྣམས་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་དྲུག་གོ །དེ་རྣམས་ཐམས་ཅད་ཀྱི་བྱང་ཆུབ་སེམས་དང་ཞེས་བྱ་བ། །བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་ཀུན་དུ་བཟང་པོ་ལ་ཐུག་པའི་བྱང་ཆུབ་སེམས་དཔའ་གང་རྣམས་ལ། དེ་ལྷ་མོའི་གཟུགས་སུ་གྱུར་བ་དང་གཉིས་སུ་མེད་པར་ཡང་དག་པར་སྦྱོར་བའི་རང་བཞིན་ཡོད་པ་དེ་རྣམས་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་སྤྱན་ལ་སོགས་པ་ཆོས་ཀྱི་དབྱིངས་རྡོ་རྗེ་ལ་ཐུག་རྣམས་ནི་རིག་པའི་རང་བཞིན་ཉིད་


DTG041_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱང་ཆུབ་ཀྱི་བདག་གི་སེམས་དཔའ་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་སོ། །བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རང་བཞིན་དང་ལྷན་ཅིག་ཀུན་དུ་གནས་པའི་ཕྱིར་སེམས་དཔའ་ཆེན་པོ་རྣམས་སོ། །བྱང་ཆུབ་སེམས་དཔའི་ཚོགས་འབའ་ཞིག་གིས་ཡོངས་སུ་བསྐོར་ནས་བཞུགས་པ་ནི་མ་ཡིན་གྱི། དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་ཏེ། ནམ་མཁའི་གཏོས་དང་མཉམ་པར་བརྗོད་ཅིང་བསྟན་པ་རྣམས་དང་ཐབས་ཅིག་ཏུ་སྟེ། ནམ་མཁའི་གཏོས་ཀུན་དུ་གང་བ་རྣམས་དང་ཞེས་བྱ་བའི་དོན་ཏོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་དཔེར་ན་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནང་ནས་ཀྱང་གཙོ་བོ་ནི། དེ་བཞིན་གཤེགས་པ་རྡོ་རྗེ་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། སྲ་ཞིང་བརྟན་ལ་ཁོང་སྟོང་མེད་པ་དང༌། གཅད་ཅིང་གཞིག་པར་བྱ་བ་མ་ཡིན་པའི་མཚན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གཅིག་པུ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །བདུད་བཞིས་བསྐྱོད་པར་མི་ནུས་པ་ཉིད་ཡིན་པའི་ཕྱིར་མི་བསྐྱོད་པ་སྟེ་དེ་ནི་རྡོ་རྗེ་ཡང་ཡིན་ལ་མི་བསྐྱོད་པ་ཡང་ཡིན་པས་རྡོ་རྗེ་མི་བསྐྱོད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་རྒྱུ་མཐུན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་རྣམ་པ་སྣ་ཚོགས་པར་གསལ་ཞིང་ཀུན་དུ་སྣང་བར་བྱེད་པས་ན་རྣམ་པར་སྣང་བ་ཡིན་ཞིང༌། རྣམ་པར་སྣང་བ་ཉིད་ནི་རྣམ་པར་སྣང་མཛད་དེ། རང་གི་དོན་ཅན་གྱི་མཛད་པའི་རྐྱེན་ནི་འགྱུར་བ་ལ་འགྱུར་བར་བྱེད་པ་ཞེས་བྱ་བ་བཞིན་ནོ། །རིན་ཆེན་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་དམ་པ་སྟེ། དེ་འཕེལ་ཞིང་རྒྱས་པར་བྱེད་པས་རིན་ཆེན་ཡིན་ཞིང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་རིན་ཆེན་འབྱུང་ལྡན་གང་ལ་དེ་ཉིད་འགྲོ་བའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཀྱིས་ཡིད་བཞིན་གྱི་ནོར་བུའི་གཟུགས་ཀྱི་དབལ་དུ་གྱུར་བའི་ཕྱག་མཚན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འོད་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་སེམས་ཅན་གྱི་དོན་བྱེད་པའི་སྤྲུལ་པའོ། །དཔག་པ་ནི་ཡོངས་སུ་ཆད་པ་སྟེ་དཔག་ཏུ་ཡོད་པ་མ་ཡིན་པས་ན་དཔག་ཏུ་མེད་པའོ། །གདོན་ཟ་བ་ནི་འབྲས་བུ་མེད་པ་སྟེ། གདོན་ཟ་བ་མ་ཡིན་པས་ན་གདོན་མི་ཟ་བ་ནི་མེད་པ་སྟེ།


DTG041_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཟ་བ་མ་ཡིན་པས་ན་གདོན་མི་ཟ་བ་སེམས་ཅན་རྣམས་ཀྱི་འདོད་པ་གྲུབ་པའི་འབྲས་བུ་སྒྲུབ་པར་བྱེད་པ་རྣམ་པར་ཐར་པའི་སྒོ་རང་བཞིན་གྱིས་འོད་གསལ་བའི་རྒྱུ་མཐུན་པར་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དོན་ཡོད་པར་གྲུབ་པ་ཡིན་ནོ། །དེ་ལྟ་བུ་ལ་སོགས་པ་ནི་རིགས་ལྔས་བསྡུས་པར་གྱུར་པ་གཞན་རྣམས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་ཀུན་དུ་ཁྱབ་པ་རྣམས་དང་ངོ༌། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་དེ་རྣམས་ཉིད་ཏིལ་གྱི་གང་བུའི་དཔེའི་སྒོ་ནས་སྟོན་པར་བྱེད་དེ། ཇི་ལྟར་ཏིལ་གྱི་གང་བུའི་ཏིལ་རྣམས་ཕན་ཚུན་རེག་ཅིང༌། གཟུགས་སོ་སོ་སོར་མ་འདྲེས་པའི་རང་བཞིན་དུ་ཆོས་བསྟན་པའི་ཚེ། དེ་བཞིན་གཤེགས་པ་ཀུན་ནམ་མཁའི་ཁམས་ཐམས་ཅད་ན་སྣང་ངོ་ཞེས་སྡུད་པ་པོས་བཤད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་ཁམས་ན་གནས་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར། ཚོང་དཔོན་གྱི་བུ་ཡིད་འོང་སྔོན་དུ་འགྲོ་བ་ཅན་གྱི་ཚོང་དུས་ཀྱི་གཏམ་རྒྱུད་ཀྱི་ཚུལ་བཞིན་དུ། དང་པོ་ཁོ་ནར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་སྟེ། དཔལ་རྡོ་རྗེ་འཆང་ཆེན་པོ་འདོད་ཆགས་ཆེན་པོའི་ཚུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འདོད་ཆགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཆགས་པས་སེམས་ཅན་གྱི་རྒྱུད་དགའ་བར་བྱེད་པས་ན་འདོད་ཆགས་སོ། །འདོད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་འབྲས་བུ་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཆེན་པོའོ། །དེ་ནི་འདོད་ཆགས་ཡིན་ལ་ཆེན་པོ་ཡང་ཡིན་པས་འདོད་ཆགས་ཆེན་པོ་སྟེ། བདེ་བ་ཆེན་པོའོ། །དེའི་ཚུལ་ནི་དེ་ཐོབ་པའི་ཐབས་ཏེ་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཡོད་པ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་དུ་མཛད་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་བཀོད་པ་དེ་དག་ཐམས་ཅད་ཅེས་བྱ་བ་ནི་བཤད་མ་ཐག་པ་སྟེ། ཉིད་ཀྱི་སྐུ་ལ་བཅུག་པར་གྱུར་ཏོ། །གཞན་དུ་ན་འདོད་ཆགས་སྤྱོད་པ་རྣམས་མགུ་བར་མི་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཞེས་བྱ་བ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་འདོད་ཆགས་སྤྱོད་པའི་སེམས་ཅན་གྱི་རྒྱུད་ཀྱི་བདག་ཉིད་ཅན་མཉེས་པར་


DTG041_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དོན་དུ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་བདག་ཉིད་སངས་རྒྱས་སྤྱན་ལ་སོགས་པའི་གཟུགས་སུ་མངོན་པར་སྤྲུལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་བྱུང་བར་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་གྱུར་པ་ཉིད་ཀྱིས་རང་གི་འཁོར་དུ་གཟིགས་ནས་འགྲོ་བའི་དོན་དུ་དེ་ཡོངས་སུ་མཉེས་པར་གྱུར་ཏོ། །དེ་ལ་ལ་ཞེས་བྱ་བ་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང༌། འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་རྣམས་ནི། སངས་རྒྱས་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མའི་རྣམ་པར་རོ། །ཡང་འོད་དཔག་ཏུ་མེད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་དང༌། རྣམ་པར་སྣང་མཛད་རྣམས་ཏེ། དྲི་དང་སྒྲ་དང༌། རོ་དང་རེག་བྱ་དང༌། གཟུགས་རྡོ་རྗེའི་ལྷ་མོའི་རྣམ་པར་རོ། །ཇི་ལྟར་བཅོམ་ལྡན་འདས་དེས་བཙུན་མོའི་བྷ་གར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་མཛད་པ་དེ་བཞིན་དུ་སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དེར་འདུག་སྟེ། བདག་དང་གཞན་གྱི་དོན་བསྒྲུབ་པར་བྱ་བ་ཡིན་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་རྗེས་ཐོགས་སུའོ། །ཡང་ཞེས་བྱ་བ་སྒྲ་ནི་ནི་ཚིག་གི་རྒྱན་ནོ། །བྷ་ག་དེ་རྡོ་རྗེ་བཙུན་མོའི་བྷ་གར་དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེའི་དཀྱིལ་འཁོར་ཡེ་ཤེས་ཀྱི་ས་གཞིའི་ཆ་བཅོམ་ལྡན་འདས་མི་བསྐྱོད་པས་དེ་བཞིན་གཤེགས་པ་རྣམས་རང་གི་རིག་མ་དང་གཉིས་སུ་མེད་པར་གྱུར་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་གྱུར་པའི་སྒོ་ནས་སྤྲུལ་པར་མཛད་དོ། །རྡུལ་མེད་པ་ནི་སྐྱོན་ཐམས་ཅད་དང་བྲལ་བའོ། །མི་མཉམ་པ་ཉིད་མེད་པའི་ཕྱིར་གྲུ་བཞིའོ། །གསལ་བ་ནི་དྲི་མ་མེད་པ་སྟེ། གཞལ་ཡས་ཁང་གི་ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཀྱང་ཤེལ་པ་ལ་སོགས་པའི་ནང་ན་གནས་པའི་གཟུགས་མཐོང་བ་བཞིན་དུ་སངས་རྒྱས་ལ་སོགས་པའི་གཟུགས་མཐོང་བའི་ཕྱིར་རོ། །དེའི་ངོ་བོ་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་དགའ་བའི་རང་བཞིན་ནོ། །སྣ་ཚོགས་གཟུགས་ཅན་ནི་ཁ་དོག་དཀར་པོ་ལ་སོགས་པ་དང་ལྡན་པའོ། །སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་དཀྱིལ་འཁོར་


DTG041_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་ཁྱབ་པའོ། །འོད་ཟེར་འཕྲོ་བ་མང་པོ་འཁྲུག་པ་ནི་འོད་ཟེར་སྣ་ཚོགས་འཕྲོ་བའོ། །གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་བྱ་བ་ནི་ཟླ་བའི་གདན་ལ་སོགས་པས་བརྒྱན་པའི་ལྷ་ཐམས་ཅད་ཀྱི་གནས་སོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པས་དེ་ཞིན་གཤེགས་པ་ཀུན་གྱིའོ། །གནས་ནི་གཞལ་ཡས་ཁང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་བཤད་མ་ཐག་པའི་དབུས་སུ་བདག་ཉིད་བཞུགས་པར་གྱུར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་བསྒོམས་པའི་རྗེས་ཐོགས་ལ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ཤིན་ཏུ་ཕྲ་བའི་དམ་ཚིག་གི་དཀྱིལ་འཁོར་གྱི་རང་བཞིན་དུ་རྟེན་གྱི་དཀྱིལ་འཁོར་གྱི་དབུས་ནས་གནས་པའི་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཐུགས་ལ་སྟེ། ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་བདེ་བ་ཆེན་པོའི་གནས་ཆོས་འབྱུང་ཞེས་བྱ་བ་ལ་བཞུགས་པར་གྱུར་ཏེ། དེ་སྐད་དུ་ཡང༌། ཐུགས་ནི་ཡེ་ཤེས་ཞེས་བྱར་བརྗོད། །ཅེས་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བ་ལ། བྱང་ཆུབ་ནི་ཤེས་རབ་སྟེ། དེ་དང་ལྡན་པའི་སེམས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །ཡང་ན་བ་ནི་རྡོ་རྗེའོ། །དྷི་ནི་འཛིན་པའོ། །ཙ་ནི་འཛག་པའོ། །ཏ་ནི་མཆོག་ཏུ་དགའ་བ་སྟེ། དེ་སྐད་དུ་ཡང༌། ཟླ་གསང་ཐིག་ལེ་ལས། བ་ནི་རྡོ་རྗེ་ཞེས་བྱར་བཤད། །ཡི་གེ་དྷི་ནི་འཛིན་པའི་གནས། །ཙ་ནི་འཛག་པར་རབ་ཏུ་བརྗོད། །ཏ་ནི་བདེ་བ་ཆེན་པོའོ། །ཞེས་གསུངས་སོ། །དེ་ཉིད་ནི་ཤེས་རབ་གཙོ་བོར་གྱུར་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྟེ། ངེས་འབྱེད་ཤེས་རབ་རྡོ་རྗེ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བ་རྣམས་དང༌། ཏིལ་གྱི་གང་བུ་དང་མཚུངས་པ་རྣམས་སོ། །དེ་དག་ཏིང་ངེ་འཛིན་གང་གིས་དེ་རྣམས་ཟིལ་གྱིས་གནོན་པ་སྟེ། མཆོག་ཏུ་དགའ་བའི་རང་


DTG041_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ཆོས་ཀྱི་སྐུ་ལ་དམིགས་པའི་སྒོ་ནས་སྣང་བ་མེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་རྣམ་པར་དག་པའི་བློ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། སྡོམ་པའི་རྒྱུད་ཕྱི་མ་ལས་ཀྱང༌། ཟླ་བ་ལྟ་བུར་དག་པའི་བློ། །རྡོ་རྗེ་ཞེས་པ་ནི་མངོན་པར་བརྗོད། །ཅེས་གསུངས་སོ། །ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་ནམ་མཁའི་དབྱིངས་འདི་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ངོ་བོར་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡིན་ཞིང༌། དེའི་ངོ་བོ་སྟེ་རང་བཞིན་དུ་གྱུར་ཅིང་གནས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ལས་བྱུང་བའི་རྡོ་རྗེ་དཔལ་དང་རེག་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ནི་མཆོག་ཏུ་དགའ་བའོ། །ཡིད་བདེ་བ་ནི་དེ་ལས་བྱུང་བའི་མཐའ་ཡས་པའི་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པ་སྟེ། སེམས་ཅན་གང་དག་གིས་དེ་དག་ཐོབ་ཅིང་རྙེད་པ་དེ་རྣམས་དེ་སྐད་ཅེས་བྱའོ། །སེམས་ཅན་ཐམས་ཅད་ཀྱིས་རྡོ་རྗེ་འཆང་ལ་སོགས་པའི་གོ་འཕང་ཐོབ་པའི་ཐབས་སྟོན་པར་བྱེད་པའི་རྣལ་འབྱོར་གསུམ་སྟོན་པའི་དམ་ཚིག་འབྱུང་བ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་ཡི་གེ་གསུམ་སྟེ། སྐུ་རྡོ་རྗེ་ལ་སོགས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པའི་རྡོ་རྗེ་འཆང་ཆེན་པོ་སྟེ། ཏིང་ངེ་འཛིན་གང་ལ་དེ་འབྱུང་ཞིང་སྐྱེ་བ་རྡོ་རྗེ་ལྟར་མི་ཤིགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་རིག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་རིག་པ་ཆེན་པོ་ནི་སྔགས་ཀྱི་ཡི་གེ་རྣམས་ཁོ་ན་ཡིན་ཏེ། སྔགས་ནི་རིག་པ་ཞེས་སུ་བསྒྲགས། །ཞེས་འབྱུང་བའི་ཕྱིར་རོ། །དེ་རྣམས་ཀྱིས་བསྐྱེད་པའི་མགོ་དང་ལག་པ་ལ་སོགས་པ་དང་ལྡན་པའི་སྐྱེས་བུའི་རྣམ་པའི་ལྷའི་སྐུ་ནི་རིག་པ་ཆེན་པོའི་སྐྱེས་བུའི་གཟུགས་སོ། །ཡང་ན་རིག་པ་དང་འཁྱུད་པ་ཉིད་ཡིན་


DTG041_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཏེ། བཅོ་བརྒྱད་པ་ལས། སྐྱེས་བུ་རིག་པ་དང་ལྡན་པ། །དེ་ནི་རིག་པའི་སྐྱེས་བུར་བརྗོད། །ཅེས་གང་གསུངས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་ཡི་གེ་ཧཱུཾ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱིས་བྱིན་གྱིས་བརླབ་པ་ནི་རྣལ་འབྱོར་རྫོགས་པའི་རྗེས་སུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རང་བཞིན་ཡིན་ཞིང་དེ་དག་གིས་བྱིན་གྱིས་བརླབས་པར་གྱུར་ཏོ། །བྱིན་གྱིས་བརླབས་པས་ཇི་ལྟ་བུའི་རྣམ་པར་གྱུར་ཅེ་ན། ཞལ་གསུམ་པ་ལྟ་བུར་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པ་རྣམས་ཀྱིས་གཟིགས་པར་གྱུར་ཏོ་ཞེས་གསུངས་སོ། །དེས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། དགོན་པ་ཆེན་པོ་ལ་སོགས་པའི་གནས་མངོན་པར་འདུས་བྱས་པར་བདུད་རྩི་ལྔས་བྱུགས་པའི་དཀྱིལ་འཁོར་གྲུབ་བཞིའི་སྟེང་དུ་སྟན་འཇམ་པོ་ལ་ཉེ་བར་འདུག་སྟེ། སེམས་ཅན་མ་ལུས་སྡུད་པར་བྱེད་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས། སྐད་ཅིག་གིས་ཆོས་འབྱུང་གི་ནང་ན་གནས་པའི་གཞལ་ཡས་ཁང་གི་ནང་དུ་ལྷ་ཐམས་ཅད་ཀྱི་འཁོར་ལོའི་དབུས་ན་གནས་པའི་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་འཆད་པར་འགྱུར་བའི་མི་བསྐྱོད་པ་དབྱུང་བ་དང༌། གཞུག་པའི་སྒོ་ནས་ཞེ་སྡང་རྡོ་རྗེར་གྱུར་པར་བྱའོ། །དེ་ནས་མཱ་མ་ཀཱིའི་པདྨ་ལ་གནས་པའི་ཟླ་བ་ཡི་གེ་ཧཱུཾ་གྱུར་པ་ལས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་གནོད་མཛེས་རྒྱལ་པོ་བསྐྱེད་དེ་ཕྱུང་ནས། མདུན་ན་གནས་པའི་ཉི་མའི་དཀྱིལ་འཁོར་ལ་འཇིག་པའི་དུས་ཀྱི་སྤྲིན་ལྟར་དྲག་ཅིང་སྔོ་ལ་བསྐལ་བའི་མེ་ལྟར་འབར་བ། པུས་མོ་བསྐུམ་པའི་རྐང་པ་གཡས་པས་ཨུ་མའི་ནུ་མ་རྒྱས་པ་མནན་ཅིང༌། གཡོན་པ་བརྐྱང་བས་མཐོ་ལྔས་པར་ཆོད་པར་དྲག་པོའི་རྣ་བ་གཡོན་པའི་སྟེང་དུ་མནན་ཏེ་གནས་པ། ཞལ་དབུས་མ་སྔོ་ཞིང་ཁྲོ་གཉེར་དང་བཅས་ལ་སྤྱན་དམར་ཞིང་མཆེ་བ་གཙིགས་པ། ཞལ་གཡས་དང་གཡོན་ནི་དཀར་ཞིང་ཞི་བ་དང་དམར་ཞིང་སྒེག་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རལ་བའི་ཅོད་པན་ལ་གནས་པའི་མི་བསྐྱོད་པའི་དབང་བསྐུར་བ་དང་ལྡན་པ། རྩ་བའི་ཕྱག་དག་གིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རིག་མ་ལ་འཁྱུད་ཅིང་རྡོ་རྗེ་དང་དྲིལ་བུ་བསྣམས་པ། གཡས་པ་དག་གིས་ལྕགས་


DTG041_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་དང་རལ་གྲི། གཡོན་པ་དག་གིས་དགྲ་སྟ་དང་ཞགས་པ་བསྣམས་པ་རྣམ་པར་བསམས་ནས། དེ་ལ་བཀའ་བསྒོ་བར་བྱ་སྟེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། དེ་ནས་བཅོམ་ལྡན་འདས་གནོད་མཛེས་རྒྱལ་པོས་ཞགས་པ་དང་ལྕགས་ཀྱུ་རྣམས་ཕྱོགས་བཅུ་རུ་སྐྱུར་ནས། དེ་རྣམས་ཀྱི་རང་རང་གི་ཕྱོགས་ན་གནས་པའི་ལོག་འདྲེན་རྣམས་སྐེ་ནས་བཅིངས་ཤིང་སྙིང་ག་རུ་བཏབ་སྟེ་བཀུག་ནས་གནས་རྣམས་སུ་མངོན་དུ་ཕྱོགས་པར་འགོད་པར་བྱེད་པར་བསམ་པར་བྱའོ། །ཁྱབ་འཇུག་ལ་སོགས་པ་རྣམས་ཀྱི་ཁ་དོག་ལ་སོགས་པ་བརྗོད་པར་བྱ་སྟེ། མཁའ་ལྡིང་ས་སྲུང་དག་ལ་ཞོན། །སྤྲིན་དང་འཛམ་བུའི་གསེར་མདོག་ཅན། །འཁོར་ལོ་རྡོ་རྗེ་འཛིན་པའི་ལྷ། །ཁྱབ་འཇུག་བརྒྱ་བྱིན་ཞེས་བྱ་དག །དབང་པོ་ཡི་ནི་ཕྱོགས་སུའོ། །དམར་པོ་མེ་ཐབ་ཕྲེང་བ་ཐོགས། །ར་སྐྱེས་ལ་ཞོན་དྲང་སྲོང་བཅས། །མེ་ལྷ་མེ་ཡི་ཕྱོགས་སུའོ། །གཤིན་རྗེ་ནག་པོ་དབྱུག་པ་ཐོགས། །མ་ཧེ་ལ་ཞོན་འཁོར་དང་བཅས། །གཤིན་རྗེ་ཡི་ནི་ཕྱོགས་སུའོ། །བདེན་བྲལ་སྤྲིན་ལྟར་སྣང་བ་ནི། །ཡི་དགས་ལ་ཞོན་རལ་གྲི་ཐོགས། །བདེན་བྲལ་གྱི་ནི་ཕྱོགས་སུའོ། །ལག་འགྲོ་ལ་ཞོན་ཞགས་པ་ཐོགས། །ཆུ་ལྷ་ཟླ་བ་ལྟ་བུ་ནི། །འཁོར་བཅས་པ་ཆུ་ཡི་ཕྱོགས་སུའོ། །རི་དགས་ལ་ཞོན་པ་བླའི་མདོག །རྒྱལ་མཚན་འཛིན་པའི་རླུང་ལྷ་ནི། །འཁོར་བཅས་རླུང་གི་ཕྱོགས་སུའོ། །རྩངས་པ་དང་ནི་མི་ལ་ཞོན། །ལ་ཐུ་དཔལ་འབྲས་དག་ཐོགས་ཤོང༌། །ཟླ་བ་དང་ནི་གསེར་ལྟ་བུའོ། །བགེགས་དག་ལུས་ངན་པོ་དག་ནི། མ་ལུས་བགེགས་དང་སྤྲིན་སོགས་ཀྱི། །འཁོར་གྱི་ཚོགས་དང་ཡང་དག་ལྡན། །ལུས་ངན་པོ་ཡི་ཕྱོགས་སུའོ། །གླང་ལ་ཞོན་ཞིང་རྩེ་གསུམ་ཐོགས། །འཁོར་བཅས་ཟླ་བ་ལྟར་སྣང་བ། །དབང་ཕྱུག་ཆེན་པོ་དབང་ལྡན་དུའོ། །ཁ་དོག་སེར་པོ་དང༌། དམར་པོ་དང༌། དཀར་པོ་དང་ལྡན་པ། ལག་ན་མེ་ཐབ་དང་ཕྲེང་བ། པདྨ་དང་ཀུ་མུ་ད་ཐོགས་པ། ངང་པ་དང༌། རྟའི་ཤིང་རྟ་དང༌། མེ་ཏོག་ཀུ་མུ་ད་ལ་གནས་པའི་ཚངས་པ་དང༌། ཉི་མ་དང་ཟླ་བ་རྣམས་འཁོར་དང་བཅས་པ་རྣམས་ནི་སྟེང་དུའོ། །ཤིང་རྟ་ལ་ཞོན་རལ་གྲི་ཐོགས། །ལྗང་གུ་དྲག་པོ་ལྷ་


DTG041_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དབང༌། །བུ་དང་ཆུང་མ་འཁོར་བཅས་པའི། ཐགས་བཟངས་རིས་ནི་ས་འོག་ཏུ། །ས་ཡི་ལྷ་མོ་ཁ་དོག་སེར། །བུམ་པ་སེར་པོ་ལག་ན་ཐོགས། །ལུས་ཀྱི་ཕྱེད་ནི་ངེས་ཕྱུང་བ། །མ་ལུས་ཀླུ་བཅས་དགོད་པར་བྱ། །དེ་ནས་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་ཉིད་ཀྱིས་མཱ་མ་ཀཱིའི་ཆོས་འབྱུང་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལ་ཡི་གེ་ཧཱུཾ་བཅུ་བསམས་ཏེ། དེ་རྣམས་གྲུབ་པའི་ཁྲོ་བོ་བདུད་རྩི་འཁྱིལ་བ། །ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན། སྟོང་འཆད་པར་འགྱུར་བའི་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པ། ཡི་གེ་གསུམ་བྱིན་གྱིས་བརླབས་པ་བཅུ་ཕྱུང་ནས། གནོད་མཛེས་ལ་བཀའ་བསྒོས་ཏེ། དེ་རྣམས་ལག་པ་གཡོན་པས་བཟུང་ནས། ཤར་ལ་སོགས་པའི་ཕྱོགས་ན་གནས་པའི། ཁྱབ་འཇུག་ལ་སོགས་པའི་བགེགས་ཀྱི་ཚོགས་རྣམས་ཀྱི་མགོའི་སྟེང་དུ་ལག་པ་གཡས་པའི་རྡོ་རྗེ་ཐོ་བ་དང༌། འདིས་ཕུར་བུ་གདབ་པར་བྱའོ། །ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། བིཥྞཱ་དཱི་ན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། བིཥྞཱ་དཱིན་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི། བིཥྞཱ་དཱི་ན་བིགྷྣཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲཾ་ཀཱི་ལ་ཡ་ཧཱུཾ་ཕཊ། ཡང་ན་རིམ་པ་དགུག་པ་དང་ཕུར་བུས་གདབ་པར་བྱའོ། །ཁྲོ་བོ་རྣམས་ཀྱི་འོད་ཀྱིས་རེག་པ་དང༌། དེ་བཞིན་དུ་བདག་ཉིད་ཀྱི་འོད་ཟེར་འབར་བས་ཤ་ཟ་བ་ལ་སོགས་པ་རྣམས་ཐལ་བར་གྱུར་པར་ཀུན་དུ་བསམ་པར་བྱའོ། །ཡི་གེ་རཾ་ལས་ངེས་འབྱུང་བའི། །མེ་ཡི་འཁོར་ལོས་ཕྱོགས་རྣམས་ནི། །ཀུན་ནས་བཅིང་བར་མཁས་པ་ཡིས། །མདོར་ན་ཡང་དག་བརྟག་པར་བྱ། །ལཾ་གྱི་ས་བོན་ལས་བྱུང་བའི། །དབང་ཆེན་གྱི་ནི་དཀྱིལ་འཁོར་གྱི། །ཕྱོགས་རྣམས་མཐའ་ཡི་མཚམས་སུ་ནི། །ཀུན་ནས་ཡོངས་སུ་བཅིང་བར་བྱ། །བསྐལ་པ་ཡི་ནི་མེ་ལྟར་སྣང༌། །རྡོ་རྗེ་དག་ལས་བྱས་པ་ཡི། །ར་བ་ཕུར་བུའི་ནང་གནས་པ། །ཧཱུཾ་བྱུང་ཀུན་ནས་བསམ་པར་བྱ། །ཞེས་འབྱུང་བའི་ཕྱིར། མཚམས་བཅིང་བ་ལས་ནང་ར་བ་ལས་ཕྱི་རོལ་དུ་བགེགས་རྣམས་ཕུར་བུས་གདབ་པར་བྱའོ། །དེ་ནས། རབ་ཏུ་འབར་བའི་མེ་ལྟར་སྣང༌། །འོད་ཟེར་འབར་བའི་ཕྲེང་བས་ཁྱབ། །རྡོ་རྗེ་དྲ་བ་རྒྱ་ཆེན་པོ། །ར་བའི་ནང་དུ་བསམ་པར་བྱ། །བསྲུང་བའི་འཁོར་ལོ་བཤད་པ་འདི། །མཆོག་གྱུར་རྒྱུད་ཀྱི་དོན་དང་མཐུན། །བསམ་གཏན་ལས་བྱུང་འདི་ཡིས་


DTG041_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །གནས་ནི་ཀུན་ནས་བསྲུངས་འགྱུར་ན། །ནམ་ཡང་སངས་རྒྱས་རྣམས་ཀྱིས་ཀྱང༌། །གཞིག་པར་ནུས་པ་མ་ཡིན་ཉིད། །གལ་ཏེ་དེ་ལྟ་ན་ཡང་བགེགས་གཞོམ་པར་མ་ནུས་ན། དེའི་ཚེ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ལྟ་བུར་གྱུར་བའི་སེམས་གང་ཡིན་པ་ལ། བགེགས་རྣམས་འབྱུང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་སྐབས་མེད་དེ། བགེགས་ལ་སོགས་པ་རྣམས་ནི་ཐ་མལ་པའི་རྣམ་པར་རྟོག་པ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་བསྲུང་བའི་ཆོ་ག་ཡོངས་སུ་རྫོགས་ནས་འབྲས་བུ་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་དུ་རྟེན་གྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་གཅིག་པུའི་ལྷག་པར་མོས་པ་དང་ལྡན་པ་དེར་རང་གི་སྙིང་གར་ཡི་གེ་ཧྲཱིཿ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བ་དབུས་ན་ཡི་གེ་ཧཱུཾ་གིས་མཚན་པ་བསམས་ཏེ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ལུས་ལ་སོགས་པ་རྣམས་མི་སྣང་བར་བྱས་ལ། དངོས་པོ་མེད་པ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་བྱ་བ་འདིས་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་ཡིད་ཀྱིས་བརྗོད་ཅིང་ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་གནས་པ་ཀུན་དུ་བཟང་པོ་དང་ཡང་དག་པར་ལྡན་པའི་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་རྣམ་པར་བསྒོམས་ཏེ། རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའི་དབྱིངས་ཁྱབ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཡང་དག་པར་བཀུག་ནས། རང་གི་ལུས་དང་སངས་རྒྱས་སྤྱན་ལ་སོགས་པ་རིག་མའི་ལུས་ལ་བཅུག་སྟེ། ལས་ལ་གནས་པས་ཟག་པ་མེད་པའི་བདེ་བ་མཆོག་གི་གནས་སྐབས་ཐོབ་པ་ལས། གཉི་ག་ཡང་ཞུ་བར་གྱུར་ཏེ། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པར་བལྟ་བར་བྱ་ཞིང༌། ཟླ་བ་དེ་ལ་ཡི་གེ་ཨ་ལ་སོགས་པ་ཀྵ་ལ་ཐུག་པ་མགོ་སྟེང་དུ་བསྟན་ཞིང༌། སྟེང་ན་ཐིག་ལེས་མཚན་པ་བསམས་ལ།


DTG041_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཨ་ལ་སོགས་པ་རྣམས་ནི་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོའི་རྣམ་པ་དང༌། ཡི་གེ་ཀ་ལ་སོགས་པ་རྣམས་ནི་དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་གཟུགས་སུ་ངེས་པར་བསམས་ཏེ། དེ་རྣམས་ཀྱི་ཐུགས་ཀར་པདྨ་དང་ཟླ་བ་ལ་གནས་པའི་རང་གི་ས་བོན་གྱིས་བསྐྱེད་པ། རང་གི་རིགས་ཀྱི་ཕྱག་མཚན་དབུས་ན་ས་བོན་དེ་རྣམས་ཀྱིས་མཚན་པ་བསམས་ལ། ཧཱུཾ་གི་ས་བོན་ལས་བྱུང་བའི་འོད་ཟེར་སྔོན་པོ་ལྕགས་ཀྱུའི་རྣམ་པར་སྤྲོས་ནས། མངོན་པར་དགའ་བའི་ནམ་མཁའི་དབྱིངས་ན་བཞུགས་པའི་ཡེ་ཤེས་སེམས་དཔའི་རྡོ་རྗེའི་ལམ་ནས་ཞུགས་ཏེ། ཐུགས་ཡང་དག་པར་བསྐུལ་ལ་ཞལ་ནས་བྱུང་བ་ནས། རིག་མའི་འཁོར་ལོ་ལ་ཞུགས་ཤིང་ཐུགས་བསྐུལ་ཏེ་པདྨ་ནས་བྱུང་བའི་རིམ་པས་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེའི་རིགས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ལྷའི་འཁོར་ལོ་བཀུག་ནས། དེའི་རིགས་ཀྱི་དམ་ཚིག་སེམས་དཔའ་རྣམས་ཀྱི་ཐུགས་ཀར་བཞུགས་པར་བྱའོ། །དེ་བཞིན་དུ་ཐུགས་ཀ་ནས་གནས་པའི་ཕྱག་མཚན་གྱི་སྟེང་གི་ས་བོན་ལས་བྱུང་བ་རང་དང་རྗེས་སུ་མཐུན་པའི་ཁ་དོག་དང་ལྡན་པའི་རིམ་གྱིས་འོག་མིན་གྱི་གནས་དང༌། རིན་ཆེན་འབྱུང་གནས་དང༌། བདེ་བ་ཅན་དང༌། མེ་ཏོག་དང་ལྡན། འཇིག་རྟེན་གྱི་ཁམས་རྣམས་ན་བཞུགས་པའི་དེ་ཞིན་གཤེགས་པ་དང༌། རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་ཀྱི་ཡེ་ཤེས་ཀྱི་འཁོར་ལོ་དེ་དང་དེའི་རིགས་རྣམས་ཀྱི་ཐུགས་ཀར་གཞུག་ཅིང་ཀ་ཀན་འདིའི་འཇིག་རྟེན་གྱི་ཁམས་ན་གནས་པའི་ལྷ་མོའི་འཁོར་ལོ་དེ་བཞིན་དུ་གཞུག་པར་བྱའོ། །དེ་ནས་ཕན་ཚུན་འདུས་པའི་རོལ་པའི་བདེ་བ་ཉམས་སུ་མྱོང་བའི་དབང་གིས་ཞུ་བར་གྱུར་ནས་ཆོས་འབྱུང་གི་རྣམ་པར་གྱུར་པར་བལྟ་བར་བྱའོ། །དེ་ནས་དེ་རུ་མཱ་མ་ཀཱི་དང་ལྡན་པའི་མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པ་ཡེ་ཤེས་སེམས་དཔའ་ཐུགས་ཀར་བཅུག་ནས་རོལ་པ་ལ་ཐུག་པས་ཡེ་ཤེས་ཀྱི་ཕྲེང་བས་ཁྱབ་པའི་རྒྱ་མཚོ་ཆེན་པོའི་གཟུགས་སུ་གྱུར་པར་བྱའོ། །དེ་བཞིན་དུ་སངས་རྒྱས་སྤྱན་དང་ལྡན་པའི་རྣམ་པར་སྣང་མཛད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང་རོལ་པ་དང་ཞུ་བར་གྱུར་པ་ཐིམ་པའི་སྒོ་ནས་ཆུའི་ཁམས་སྲ་བའི་རྣམ་པར་བྱིན་གྱིས་བརླབ་པོ། །དེ་བཞིན་དུ་


DTG041_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་དམ་ཚིག་དང་ལྡན་པའི་རིན་ཆེན་འབྱུང་ལྡན་ཐིམ་པས་རྒྱ་ཆེ་བར་གྱུར་པའོ། །གོས་དཀར་མོ་དང་ལྡན་པའི་འོད་དཔག་ཏུ་མེད་པ་ཞུགས་པས་ཡེ་ཤེས་ཀྱི་འབར་བའི་ཕྲེང་བས་ཁྱབ་པར་བྱིན་གྱིས་བརླབ་པོ། །སྒྲོལ་མ་དང་ལྡན་པའི་དོན་ཡོད་པར་གྲུབ་པ་ཞུགས་པས་བསྡུས་ཏེ་གྲུ་བཞི་པའི་རྣམ་པའི་ཡེ་ཤེས་ཀྱི་ས་གཞིར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སའི་ཆ་དེར་གསེར་གྱི་རི་བོ་ལྟ་བུའི་ཡི་གེ་བྷྲཱུཾ་བཀོད་དེ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའི་དབྱིངས་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་བཀུག་ལ་བཅུག་སྟེ། འཁོར་ལོ་རྩིབས་བརྒྱད་པའི་གཟུགས་སུ་བསམས་ལ། དེ་གྱུར་པའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྡན་པའི་རྣམ་པར་སྣང་མཛད་ཀྱི་སྐུ་ལས་བྱུང་བ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་གྱི་མཆོད་རྟེན་གྱི་དབྱིབས་ཅན་འོད་ཟེར་གྱི་ཕྲེང་བས་རྣམ་པར་བརྒྱན་ཅིང་དཔག་ཚད་བྱེ་པའི་ཁྱོན་དང་ལྡན་པའི་གནས་བསྒོམ་པར་བྱའོ། །དེའི་འོག་གཞིར་ཡི་གེ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ས་འོག་ལ་ཐུག་པར་ཀུན་དུ་ཁྱབ་པར་གནས་པར་བལྟ་བར་བྱའོ། །དེའི་སྟེང་ན་གནས་པ། ཟུར་བཞི་པ་ལ་གྲུ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །དྲིལ་བུ་བ་དན་གོས་སོགས་ཀྱིས། །སྒོ་དང་སྒོ་ཁྱུད་རྣམ་པར་བརྒྱན། །མཚམས་ཀྱི་ཆ་ནི་ཐམས་ཅད་དུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་མཛེས། །དྲ་བ་དྲ་བ་ཕྱེད་པས་སྤྲས། །ཟླ་བ་ཉི་མ་སོགས་པས་བརྒྱན། །བླ་རེ་བྲིས་ཤིང་སྣ་ཚོགས་པའི། །གོས་དང་ཕྲེང་བས་རྣམ་པར་བརྒྱན། །ཐིག་བཞི་དག་གིས་ཡོངས་སུ་བསྐོར། །ཀ་བ་བརྒྱད་ཀྱིས་ཀུན་ནས་བཏེག །དེ་ཡི་དབུས་སུ་འཁོར་ལོ་ནི། །ཀུན་ནས་ཡོངས་སུ་ཟླུམ་པོར་དགོད། །ལྷ་རྣམས་ཀུན་གྱི་གནས་སུ་ནི། །ཡི་གེ་ཧྲཱི་ལས་བྱུང་བ་ཡི། །སྣ་ཚོགས་པདྨ་ལྟེ་བ་དང༌། །གེ་སར་ལྡན་པ་བསམ་པར་བྱ། །དབུས་སུ་ཟླ་བ་རྣམ་པར་བསྒོམ། །རྣམ་སྣང་རིགས་ལ་དེ་བཞིན་ནོ། །རིན་པོ་ཆེ་ནི་ཆ་བརྒྱད་པ། །བསམ་བྱ་རིན་ཆེན་རིགས་ཀྱིའོ། །དེ་བཞིན་པདྨ་རིགས་ཀྱི་ནི། །པདྨའི་སྟེང་དུ་པདྨ་དམར། །ལས་ཀྱི་རིགས་ཀྱི་རྣལ་འབྱོར་པ། །གྲུ་གསུམ་མེ་དང་ཡང་དག་མཚུངས། །སྣ་ཚོགས་འོད་ཟེར་འོད་འབར་བའི། །གདན་ནི་མཚོ་སྐྱེས་སྟེང་དུ་


DTG041_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །ཕྱག་ན་རྡོ་རྗེ་མཱ་མ་ཀཱི། །ཁྱད་པར་དུ་ནི་ཁྲོ་རྣམས་ཀྱི། །རང་གི་པདྨ་ཉི་དཀྱིལ་འཁོར། །བདག་ཉིད་ཆེན་པོ་རྣམས་ཀྱིས་བསམ། །དེ་ལྟར་གནས་དང་གདན་རྣམས་བསྐྱེད་ནས་ལྷ་རྣམས་བསྐྱེད་པའི་ཕྱིར། །དབུས་ཀྱི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། སྔ་མ་བཞིན་དུ་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པ་དང་ལྡན་པ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཆོ་གའི་རྗེས་ལ། སྲིད་པའི་རྩེ་མོའི་བར་དུ་སོ་སོར་བརྟགས་ཏེ། ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཅན། གཡས་དང་གཡོན་དཀར་ཞིང་དམར་ལ་པདྨའི་སྡོང་བུའི་སྐུད་པ་དང་མཚུངས་པའི་སྐྱེ་བ་མེད་པའི་རི་མོ་ཁ་གྱེན་དུ་བལྟས་པ་ཞུ་བའི་གཟུགས་ཅན་བསྡུས་ནས་ཐིག་ལེའུ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བ་དེ་ལ་སྔ་མ་བཞིན་དུ་ཨཱ་ལི་ཀཱ་ལིའི་རྣམ་པར་བཀོད་ལ་དབྱངས་དང་ཡི་གེ་རྣམས་ལྷའི་རྣམ་པར་གྱུར་ཅིང་ཡེ་ཤེས་ཀྱི་ལྷའི་འཁོར་ལོ་བཅུག་ལ་རོལ་པ་ལ་ཐུག་པས་ཞུ་བར་གྱུར་ཏེ། ཞུ་བའི་གཟུགས་ཅན་གྱི་ཟླ་བ་གསལ་བ་ལ་སྟེང་དང་བར་དང་འོག་ཏུ་རིམ་བཞིན་དུ་ཟླ་བ་དང་པདྨ་དང་ཉི་མ་ལ་གནས་པ་དཀར་པོ་དང༌། དམར་པོ་དང་སྔོན་པོའི་ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་གྱི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །དེ་ནས་རང་གི་ཡི་གེ་གསུམ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་འགྲོ་བ་དྲུག་གི་སེམས་ཅན་རྣམས་དང༌། སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་རྣམས་ལ་ཡང་དག་པར་རེག་ནས། ཉི་མ་དང་ཟླ་བ་དང་པདྨ་ལ་གནས་པའི་ཡི་གེ་གསུམ་དུ་བྱས་ཏེ། ཡེ་ཤེས་ཀྱི་འོད་ཟེར་གྱི་ལྕགས་ཀྱུ་དེ་རྣམས་ཉིད་ཀྱིས་བཀུག་ནས་བདག་ཉིད་ཀྱི་ཡི་གེ་གསུམ་དུ་གཞུག་པར་བྱའོ། །དེ་ནས་སེམས་ཅན་མ་ལུས་པ་སྡུད་པར་བྱེད་པའི་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དེ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པའི་སྒོ་ནས་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་དམར་པོ་དང་དཀར་པོ་སྣང་བའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པར་བལྟ་བར་བྱའོ། །དེ་ནས་དེ་ལ་ཡི་གེ་ཧཱུཾ་མགོ་གྱེན་དུ་བལྟས་པ་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་


DTG041_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་བཀུག་ནས་བཅུག་སྟེ། ཐམས་ཅད་གྱུར་ནས། དང་པོའི་རྡོ་རྗེ་དཀར་དམར་དུ་གྱུར་ཏེ། བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་ང་རྒྱལ་དང་ལྡན་པས་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་འཆང་ཆེན་པོར་བདག་ཉིད་བསྒོམ་པར་བྱ་ཞིང༌། བདག་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ནོ་ཞེས་བྱ་བའི་ང་རྒྱལ་ཡང་བྱའོ་ཞེས་བྱ་བ་ནི་རྣལ་འབྱོར་རོ། །དེ་ནས་སྙིང་གར་ཡི་གེ་ཧྲཱི་དང་ཨ་ལས་བྱུང་བའི་པདྨ་དང་ཟླ་བ་དག་བསམས་ཏེ། དེར་སྔ་མ་བཞིན་དུ་ཡེ་ཤེས་སེམས་དཔའ་བཅུག་ལ་དེ་དང་ལྷན་ཅིག་ཐ་མི་དད་པའི་ང་རྒྱལ་བྱའོ་ཞེས་བྱ་བ་ནི་རྗེས་སུ་རྣལ་འབྱོར་རོ། །དེ་ནས་ཨོཾ་སྭཱ་ཨཱཿཧཱ་ཧཱུཾ་ཞེས་བྱ་བ་འདི་རྣམས་ཀྱིས། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའི་ཕུང་པོ་རྣམས། རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པའི་རང་བཞིན་དུ་བསམས་ལ། མོ་ཧ་ར་ཏི། དྭེ་ཥ་ར་ཏི། རྭ་ག་ར་ཏི། བཛྲ་ར་ཏི་ཧཱུཾ་ཞེས་བྱ་བ་དེ་རྣམས་ཀྱིས། ཕྱི་དང་ནང་གི་བདག་ཉིད་ཅན་གྱི། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའི་རྣམས། སངས་རྒྱས་སྤྱན་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་དང༌། ཀུན་དུ་བཟང་མོའི་རང་བཞིན་དུའོ། །ཐླིཾ་ཨོཾ་ཨོཾ་ཨོཾ་ཧཾ་ཨོཾ་ཞེས་བྱ་བ་དེ་རྣམས་ཀྱིས། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་རྣམས། སའི་སྙིང་པོ་དང༌། ཕྱག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོ་དང༌། འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། ཀུན་དུ་བཟང་པོའི་རང་བཞིན་དུའོ། །ཡ་མཱནྟ་ཀྲྀཏ། པྲཛྙཱནྟ་ཀྲྀཏ། པདྨཱནྟ་ཀྲྀཏ། བིགྷྣཱཾ་ཏ་ཀྲྀཏ། ཅེས་བྱ་བ་ལ་དེ་རྣམས་ཀྱིས། །དཔུང་པ་གཡས་པ་དང་གཡོན་པ་དང་ཁ་དང་གསང་བའི་རྡོ་རྗེ་རྣམས། འཕགས་པ་གཤིན་རྗེའི་གཤེད་དང༌། གཞན་གྱིས་མི་ཐུབ་པ་དང༌། རྟ་མགྲིན་དང༌། བདུད་རྩི་འཁྱིལ་པའི་རང་བཞིན་དུ་བསམ་པར་བྱ་སྟེ། འདི་ལྟ་བུ་ནི་ཐ་མལ་པའི་ཕུང་པོ་ལ་སོགས་པ་རྣམས་ཀྱི་གཉེན་པོ་ཡིན་ནོ། །དེ་ནས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་དང༌། སངས་རྒྱས་ལ་སོགས་པའི་རང་བཞིན་དང་ལྡན་པ་མུན་པ་ལ་སྒྲོན་མ་བཞིན་དུ་རྣམ་པར་རྟོག་པའི་མུན་པ་མ་ལུས་པ་རབ་ཏུ་བཅོམ་


DTG041_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཉི་མའི་འོད་ཟེར་ལྟ་བུའི་ཡེ་ཤེས་ཀྱི་སྣང་བའི་བདག་ཉིད་ཀྱིས་ཀུན་དུ་གསལ་བར་གྱུར་པར་བདག་ཉིད་བལྟས་ལ། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་སྟེ། བར་སྣང་ལ་རང་གིས་སྤྲུལ་པའི་སྐུ་རྡོ་རྗེའི་ཚོགས་ནམ་མཁའི་དབྱིངས་ཁྱབ་པའི་དབུས་ན་བཞུགས་པའི་རྟག་པ་བསམས་ལ། རང་གི་སྤྱི་བོར་ཟླ་བའི་གཟུགས་ལ་གནས་པའི་ཡི་གེ་ཨོཾ་དཀར་པོ་བལྟས་ལ། དེ་ལས་བྱུང་བའི་འོད་ཟེར་གྱིས་བསྐྱེད་པའི་སངས་རྒྱས་སྤྱན། རང་གིས་སྤྲུལ་པའི་སངས་རྒྱས་སྤྱན་གྱི་ཚོགས་ནམ་མཁའི་དབྱིངས་ཁྱབ་པའི་དབུས་ན་བཞུགས་པ་སྤྲོས་ཏེ། དེས་བདག་པོ་དང་སྤྲུལ་པ་རྣམས་ཀྱིས་སྤྲུལ་པ་རྣམས་མཉེས་པར་བྱས་ནས། ལག་ངར་གྱི་ཞགས་པ་རྣམས་ཀྱིས་བཀུག་སྟེ་མདུན་ན་གནས་པའི་པདྨ་དང་ཟླ་བ་ལ་བཞུགས་པ་ལ། ཚིགས་སུ་བཅད་པས་གསོལ་བ་གདབ་པར་བྱ་སྟེ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི། །རྡོ་རྗེ་སྐུ་ཡིས་དེང་བདག་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཐོག་མ་དང་ཐ་མ་མེད་པ་དེ་ལ་བརྟེན་ནས་གྲུབ་པ་གཞན་རྣམས་ལ་ཡང་གསོལ་བ་གདབ་པར་བྱ་སྟེ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེ་གསུམ་བསྒོམས་པའི། །རྡོ་རྗེ་སྐུ་ཡིས་དེང་བདག་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སངས་རྒྱས་སྤྱན་དང་བཅས་པ་ཐམས་ཅད་ཆུའི་རླབས་བཞིན་དུ་རང་གི་ལུས་ལ་ཞུགས་ནས་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་རྣམ་པར་སྤྲས་པར་བདག་ཉིད་བལྟས་ལ་ང་རྒྱལ་བྱ་སྟེ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་གང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་བར་ཤོག །དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་བརླབ་པར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་རང་གི་ཚོགས་ཀྱི་དབུས་ན་བཞུགས་པའི་འོད་དཔག་ཏུ་མེད་པའོ། ལྐོག་མའི་ཆུ་སྐྱེས་ལ་གནས་པའི་ཡི་གེ་ཨཱཿ་དམར་པོ་ལས་གོས་དཀར་མོ་སྤྲོས་ཏེ་མཉེས་པར་བྱས་ལ་བཀུག་སྟེ་མདུན་གྱི་མཚོ་སྐྱེས་ཀྱི་སྟེང་གི་པདྨ་ལ་བཞུགས་པ་ལ་གསོལ་བ་གདབ་པར་བྱ་སྟེ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི། །རྡོ་རྗེ་གསུང་གིས་དེང་བདག་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ནས། ཕྱོགས་


DTG041_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི། །རྡོ་རྗེ་གསུང་གིས་དེང་བདག་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་ནས་དེ་རྣམས་བཅུག་པས་དུང་གཡས་སུ་འཁྱིལ་པ་རྒྱ་ཆེན་པོ་ལ་གནས་ཤིང་རང་གི་བཞིན་གྱི་དཀྱིལ་འཁོར་ཁེབས་པ། ཆོས་ཐམས་ཅད་ཀྱི་གནས་ཀྱི་རང་བཞིན་དུ་གྱུར་ཅིང་གསུང་དབྱངས་ཐམས་ཅད་རྣམ་པར་དག་པའི་མཚན་ཉིད་དང་ལྡན་པའི་ལྕེ་རྣམ་པར་བསྒོམས་ནས་ང་རྒྱལ་བྱ་སྟེ། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང༌། །ཆོས་འཛིན་པ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ཁོ་ན་བཞིན་དུ་ཐུགས་ཀའི་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་མཐིང་ཤུན་ལྟ་བུ་ལས་མཱ་མ་ཀཱི་སྤྲོ་བ་སྔོན་དུ་འགྲོ་བ་ཅན་གྱི་མདུན་པདྨ་ལ་གནས་པ་ལ་གསོལ་བ་གདབ་པར་བྱ་སྟེ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི། །རྡོ་རྗེ་ཐུགས་ཀྱིས་དེང་བདག་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པའི། །རྡོ་རྗེ་ཐུགས་ཀྱིས་དེང་བདག་ནི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །དེ་རྣམས་བཅུག་པར་གྱུར་པ་ཉིད་ཀྱིས་ཡི་གེ་ཧཱུཾ་ལས་བྱུང་བའི་པདྨ་དང་ཟླ་བ་ཆོས་ཐམས་ཅད་འབྱུང་བའི་ཕྱག་རྒྱ་འོད་ཟེར་གྱི་ཕྲེང་བ་འཕྲོ་བ་བལྟས་ལ་ང་རྒྱལ་བྱས་ཏེ། སེམས་དཔའ་རྒྱལ་བ་སྲས་རྣམས་ཀྱི། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཐུགས། །མཁའ་དང་མཚུངས་པ་གང་ཡིན་པ། བདག་ཀྱང་དེ་དང་འདྲ་བར་ཤོག །གསང་བའི་དབང་པོ་བློ་ལྡན་པ། །ཀུན་དུ་བཟང་པོའི་ཐུགས་གང་ཡིན། །བདག་གི་སེམས་ཀྱང་དེ་འདྲ་ཞིང༌། །རྡོ་རྗེ་འཆང་དང་མཚུངས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བྫྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ལྟར་བྱིན་གྱིས་བརླབས་ནས་བདག །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །སེམས་དཔའི་སྐྱིལ་མོ་ཀྲུང་གནས་ཤིང༌། །ཟླ་བའི་མདོག་ཏུ་རྣམ་པར་བསྒོམ། །རྣམ་པ་མཆོག་རྣམས་ཀུན་ལྡན་ཞིང༌། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཤེས་རབ་ཡེ་ཤེས་དབང་བསྐུར་ལྡན། །རལ་པའི་ཅོད་པན་ངག་གིས་བརྒྱན། །དཔའ་བོ་ཞལ་གསུམ་ཕྱག་དྲུག་སྟེ། །ཞི་ཞིང་


DTG041_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་པའི་གཟུགས་དང་ལྡན། །གཡས་པ་དྲག་ཅིང་སྔོ་བ་སྟེ། །གཡོན་དམར་ཞལ་ནི་དཀར་བའོ། །སྣ་ཚོགས་འོད་ཟེར་ཚོགས་རྣམས་ཀྱི། །ནམ་མཁའི་དབྱིངས་ནི་མ་ལུས་ཁྱབ། །རྡོ་རྗེ་ཡེ་ཤེས་ལྔ་རང་བཞིན། །འོད་ཟེར་ལྔ་ཡིས་རྣམ་པར་བརྒྱན། །སངས་རྒྱས་སྤྲིན་ནི་སྤྲོ་བྱེད་པ། །དེ་ཡི་ཕྱག་ཏུ་རྣམ་པར་བསམ། །གཉིས་པ་ན་ནི་འཁོར་ལོ་ཆེ། །རྩིབས་བརྒྱད་ཟླ་བ་དང་མཚུངས་ཤིང༌། །བདུད་དང་བགེགས་ཀུན་གཅོད་བྱེད་པ། །ཐོགས་པ་རྣམ་པར་བསམ་པར་བྱ། །འོད་ཀྱི་སྤྲིན་གྱིས་ཀུན་ཁྱབ་ཅིང༌། །གསང་དང་འོ་མ་ལྟར་དཀར་བ། །འདོད་ཆགས་ཐམས་ཅད་དག་བྱེད་པའི། །པདྨ་ཆེན་པོ་གསུམ་པར་རོ། །གཡོན་ན་དྲིལ་བུ་རབ་དམར་ཞིང༌། །ཟླ་བ་ལྟ་བུའི་འོད་དང་ལྡན། །ཆོས་རྣམས་སྒྲ་བརྙན་ལྟ་བུར་ནི། །སྒྲ་ཡིས་རྟོགས་པར་བྱེད་པ་རྣམས། །རྡོ་རྗེ་འབར་བས་རྣམ་བརྒྱན་ཅིང༌། །ཉི་མ་འཆར་ཀ་དང་མཚུངས་པ། །བསམ་པ་ཐམས་ཅད་རྫོགས་བྱེད་པའི། །རིན་པོ་ཆེ་ནི་གཉིས་པ་ན། །ཨུཏྤལ་སྔོན་པོའི་འདབ་འདྲ་ཞིང༌། །ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མི་ཤེས་གཅོད་བྱེད་པ། །རལ་གྲི་ཆེན་པོར་གསུམ་པར་རོ། །འབར་ཞིང་འབར་བའི་རྣམ་པ་ཡིས། །འོད་ཀྱི་དཀྱིལ་འཁོར་གྱིས་སྤྲས་པ། །ཟླ་བ་ཉི་མ་དྲི་མེད་པ། །སྟོང་པས་ལྷག་པར་མཁས་པས་བསམ། །ཞེས་བྱ་བ་ནི་རྣལ་འབྱོར་ཆེན་པོའོ། །དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཡི་གེ་ཧཱུཾ་བཀོད་དེ། །དམ་ཚིག་དང་སྡོམ་པ་ལ་གནས་པས་བསྙེན་པ་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱིས་སྒྲུབ་པ་ཆེན་པོ་བརྩམ་པར་བྱ་སྟེ། གཟུགས་དང་ལང་ཚོ་དག་གིས་བརྒྱན། །ཨུཏྤལ་སྔོན་པོའི་འདབ་འདྲ་བ། །སྨེ་ཤ་ཅན་ནི་བདག་ཉིད་ཆེ། །རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། །དྲི་དང་མེ་ཏོག་རྣམས་ཀྱིས་བརྒྱན། །ན་ཚོད་ལོ་ནི་བཅུ་གཉིས་ལྡན། །བུ་མོ་མིག་ཡངས་རྙེད་ནས་ནི། །བླངས་ཏེ་བསྒྲུབ་པ་བརྩམ་པར་བྱ། །དེ་ནི་མདུན་དུ་གཞག་བྱ་སྟེ། །ཁྲོ་བོ་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེ་འབར་ལྡན་ཉི་མའི་གཟུགས། །དེ་དབུས་འོད་ཟེར་འབར་བའི་ཧཾ། །དང་པོར་དེ་ཡི་སྙིང་གར་བསམ། །དེ་ལས་བྱུང་བའི་འོད་ཟེར་གྱིས། །དེ་ནི་ཐལ་བར་བྱས་བལྟ་ཞིང༌། །རྣམ་ཤེས་མར་མེ་ལྟ་བུ་ཡིན། །ཡེ་ཤེས་


DTG041_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཐུགས་ཀ་ཡི། །ཧཱུཾ་ལས་འོད་ཟེར་སྔོན་པོའི་ཚོགས། །སྣ་ཁུང་གཡས་ནས་སྤྲོས་ན་ས་ནི། །དེ་ཡིས་མར་མེ་དེ་བཅིང་སྟེ། །དེ་བཞིན་སྣ་ཁུང་གཡོན་ནས་ནི། །དེ་ཉིད་ཀྱིས་ནི་གཞུག་པར་བྱ། །ཡེ་ཤེས་སེམས་དཔའི་ལམ་ནས་ནི། །རྡོ་རྗེའི་ལམ་ནས་ངེས་བྱུང་སྟེ། །རིག་མའི་པདྨར་གཞག་བྱས་ནས། །ནུར་ནུར་པོ་ལ་སོགས་པ་དང༌། །ཡན་ལག་སོར་མོ་ལྔ་རིམ་གྱིས། །རིག་མ་ཡི་ནི་གཟུགས་སུ་འགྲུབ། །རིག་མའི་ཆུ་སྐྱེས་ནས་བྱུང་སྟེ། །རང་གི་རྡོ་རྗེའི་ལམ་ནས་བྱུང༌། །གཡས་པ་ཡི་ནི་གསུམ་པ་ཡིས། །ཨུཏྤལ་སྔོན་པོ་འཛིན་བྱེད་ཅིང༌། །མ་ཏོག་བཟང་པོ་སྣ་ཚོགས་ཀྱིས། །སྤྱི་བོ་ལ་ནི་རྣམ་པར་བརྒྱན། །ལྷག་མ་ཐམས་ཅད་བདག་པོ་དང༌། །མཚུངས་པར་བསམས་ནས་རིགས་ལྔ་དགོད། །མགོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་རྐང་པའི་སྟེང་དུ་པདྨ་ལ་གནས་པའི་ཟླ་བ་དང་ཉི་མ་དང་རིན་པོ་ཆེ་དང༌། པདྨ་དང་འོད་ཀྱི་དཀྱིལ་འཁོར་ལ། ཨོཾ་ཧཱུཾ་སྭཱ་ཨཱཿཧཱ། ཞེས་བྱ་བ་དེ་རྣམས་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་རང་རང་གི་རིག་མ་དང་གཉིས་སུ་མེད་པར་གྱུར་པ། སངས་རྒྱས་སྤྱན་ལ་སོགས་པ་ལྷ་མོ་བཞིས་ཡོངས་སུ་བསྐོར་བ་རྣམས་བསམས་པར་བྱའོ། །དེ་ལྟར་རིགས་ལྔས་ཁྱབ་པར་བྱས་ནས་རྗེས་སུ་རྣལ་འབྱོར་གྱི་སྒོ་ནས་དེའི་སྙིང་གར་ཡེ་ཤེས་ཀྱི་རིག་མ་བསམས་ཏེ། དེའི་སྲ་བ་ཉིད་ནི་སངས་རྒྱས་སྤྱན་གྱི་རང་བཞིན་གྱི་ནུ་མ་གཉིས་དང༌། ཆུའི་ཁམས་ནི་མཱ་མ་ཀཱིའི་རང་བཞིན་གྱི་མཆུ་དང༌། མེའི་ཁམས་ནི་གོས་དཀར་མོའི་རྣམ་པ་པདྨ་དང༌། རླུང་གི་ཁམས་ནི་སྒྲོལ་མའི་རྣམ་པ་གཡོ་བའི་བྱ་བ་དང༌། ནམ་མཁའི་ནི་ཀུན་དུ་བཟང་མོའི་རང་བཞིན་གྱི་མཚོ་སྐྱེས་ཀྱི་ཁང་སྟོང་དང༌། དེའི་གཟུགས་ནི་གཟུགས་རྡོ་རྗེ་མ་དང༌། ཚིག་དང་སིད་ཀྱི་སྒྲ་ལ་སོགས་པ་ནི་སྒྲ་རྡོ་རྗེ་མ་དང༌། དྲི་ཚོར་བས་ཚིམ་པ་ནི་དྲི་རྡོ་རྗེ་མ་དང༌། དེའི་མཆུ་ནི་རོ་མྱང་བ་དང༌། བདེ་བའི་རོ་མྱང་བ་ནི་རོ་རྡོ་རྗེ་མ་དང་། ལུས་ཀྱི་རེག་བྱ་དང༌། དབང་པོའི་རེག་བྱ་བདེ་བ་ནི་རེག་བྱ་རྡོ་རྗེ་མ་དང༌། མཆོག་ཏུ་དགའ་བ་ནི་ཆོས་ཀྱི་དབྱིངས་རྡོ་རྗེ་མའི་རང་བཞིན་དང༌། དཔུང་པ་གཡོན་པ་ནི་རོ་ལངས་མ་དང༌། གཡས་པ་ནི་གཞན་གྱིས་མི་ཐུབ་མ་དང༌། ཁ་ནི་ཁྲོ་གཉེར་ཅན་དང༌། པདྨ་ནི་རལ་པ་གཅིག་པའི་


DTG041_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་ནས་ཡི་གེ་ཧཱུཾ་ལས་བྱུང་ཞིང་རིག་མའི་ཚོགས་མཐའ་ཡས་པ་རྗེས་སུ་ཆགས་པར་བྱེད་པའི་སྙིང་རྗེ་ཆེན་པོ་དང༌། འདོད་ཆགས་རྣམ་པར་དག་པའི་སྒོ་ནས་དཀར་དམར་དུ་སྣང་ཞིང་དང་པོའི་རྡོ་རྗེའི་རང་བཞིན་ཅན། འོད་ཟེར་སྣ་ཚོགས་ཀྱི་ཕྲེང་བ་ཅན། ཨོཾ་གྱིས་བྱིན་གྱིས་བརླབས་པའི་རིན་པོ་ཆེ་འབར་བའི་ནོར་བུ་དང་ལྡན་པའི་རང་གི་གསང་བའི་རྡོ་རྗེ་བསམས་ལ། ཡི་གེ་ཨ་ལས་རིག་མའི་པདྨ་བསམ། །རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པས་འདབ་མ་དཀར་དམར་བརྒྱད་དང་ལྡན་ཞིང༌། སྤྲུལ་པ་མཐའ་ཡས་པས་འགྲོ་བ་རྣམས་ཀྱི་དོན་བྱེད་པའི་ཕྱིར་གེ་སར་དང་བཅས་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་སྒོ་ནས་སེམས་ཅན་གྱི་རྒྱུད་ཡོངས་སུ་རྫོགས་པར་བྱེད་པར་བྱེད་པའི་ཕྱིར་ལྟེ་བ་སེར་པོ་དང་ལྡན་ཞིང་འོད་ཟེར་རྣམ་པར་ཐ་དད་པས་འབར་བ། དེ་བཞིན་གཤེགས་པ་ལ་སོགས་པ་ལྷ་མ་ལུས་པ་མཉེས་པར་བྱེད་པར་བསམས་ཏེ། དེ་ཡང་ཟླ་བ་ལ་སོགས་པ་ཁ་དོག་གི་འོད་ཟེར་གྱིས་གསལ་བའི་སྒོ་ནས་ཡིད་འཕྲོག་པར་བྱེད་པར་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་པདྨའི་ལམ་ནས་ཞུགས་ཏེ། ལྷ་མོའི་འཁོར་ལོ་རྗེས་སུ་མཉེས་པར་བྱས་ནས། འོད་ཟེར་གྱི་ཚོགས་རིག་མའི་ཁ་ནས་ཕྱུང་སྟེ། བདག་ཉིད་ཀྱི་ཁ་ནས་ཞུགས་ནས་རྡོ་རྗེའི་ལམ་ནས་བྱུང་སྟེ། དེར་གནས་པར་བལྟ་བར་བྱའོ། །དེ་བཞིན་དུ་པདྨ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྡོ་རྗེའི་ལམ་ནས་ཞུགས་ཏེ། ལྷའི་འཁོར་ལོ་མཉེས་པར་བྱས་ནས། རང་གི་ཁ་ནས་བྱུང་སྟེ་རིག་མའི་ཁར་ཞུགས་ནས་པདྨ་ནས་བྱུང་སྟེ། དེ་ཉིད་དུ་གནས་པར་བསམ་པར་བྱའོ། །དེ་ནས་དེ་བསྟོད་པའི་ཚིག་དང་ལྡན་པའི་ཀླུ་རྣམས་ཀྱི་སྒོ་ནས་སྒྱུ་མའི་དགའ་བ་དོན་དུ་གཉེར་བ་བྱེད་པར་དམིགས་ལ། རིན་ཆེན་དཔལ་གྱི་ང་རྒྱལ་དང་ལྡན་ཞིང་དགའ་བ་ལ་ཤིན་ཏུ་བརྩོན་པས་རང་གི་དམ་ཚིག་ལ་མངོན་པར་བལྟས་ནས། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །བར་མ་ཡང་ནི་མི་དམིགས་ལ། །བུད་མེད་སྒྱུ་མའི་ཕྱག་རྒྱ་འདི། །གཉིས་མེད་ཐེག་པ་བླ་མེད་ཡིན། །ཞེས་ལྷག་པར་མོས་པར་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །ཞེས་བརྗོད་ཆོ་ག་


DTG041_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུས། །རྗེས་སུ་ཆགས་པ་བརྩམ་པར་བྱ། །ལག་ངར་དག་གིས་དེ་ལ་ནི། །དམ་དུ་འཁྱུད་ནས་རང་བྲང་གིས། །སྔགས་པས་དེ་ཡི་བྲང་སྟེང་དུ། །ནུ་མ་རྒྱས་པ་བཙིར་བར་བྱ། །ལག་པ་གཡས་པས་དེ་ཡི་སྐྲ། །རོལ་པ་དང་བཅས་བཟུང་ནས་ནི། །གཡོན་པས་བཞིན་ནི་བཏེག་བྱས་ནས། །ཁ་ནི་ཀུན་དུ་སྦྱར་བར་བྱ། །འཁྱུད་དང་ཁ་ནི་སྦྱོར་བ་དང༌། །འཇིབ་ཅིང་སིད་ཀྱི་སྒྲ་སྒྲོགས་པས། །དེ་ནི་ལག་ངར་ནང་བཞག་སྟེ། །རབ་ཏུ་གསལ་བའི་དགའ་བ་བྱ། །སྣ་རྩ་དེ་བཞིན་མཆན་ཁུང་དང༌། །མདུན་འོག་རོ་སྨད་ལ་སོགས་པར། །སྔགས་པས་སེན་མོས་གདབ་བྱ་ཞིང༌། ཡང་ནས་ཡང་དུ་གདབ་པར་བྱ། །གཡོན་པས་པདྨ་མཉེ་བྱ་ཞིང༌། །ལག་པ་དག་གིས་བུ་དཀྱིལ་འཁོར། །གཡོན་པའི་རྡོ་རྗེ་སོར་མོ་གསུམ། །དེ་ནས་པདྨ་རབ་གཞུག་བྱ། །བྱང་ཆུབ་ཀྱི་ནི་སེམས་འབྱུང་རྩ། །ཡི་གེ་ཧཱུཾ་ལས་ཡང་དག་བྱུང༌། །འོད་ཟེར་ལྔ་ནི་རབ་འཕྲོ་བའི། །རྡོ་རྗེ་ལྕེ་ཡིས་བསྐུལ་བར་བྱ། །དེ་ལྟར་བྱས་པར་གྱུར་པ་ན། །གང་ཚེ་སྙིང་ནི་འདར་ཞིང་མྱོས། །སྐྲ་བཤིག་ལུས་ནི་གོས་དང་བྲལ། །རྡུལ་གྱི་ཐིག་ལེ་འཛག་པས་ཁྱབ། །ལྡོག་པར་བྱེད་ཅིང་བ་སྤུ་ལངས། །མིག་ནི་ཀུན་དུ་ཆགས་པས་ཁྱབ། །རང་ཉིད་མགུལ་ལ་འཁྱུད་བྱེད་ཅིང༌། །སིད་ཀྱི་སྒྲ་ནི་རྒྱུད་འབྱིན་པ། །དེ་ཚེ་རིག་དང་གཉིས་མེད་པའི། །རྣལ་འབྱོར་པ་ནི་སྐྱིལ་ཀྲུང་བཅས། །རྡོ་རྗེ་འཆང་གི་ང་རྒྱལ་འཛིན་པ་ཡིས། །བྱང་སེམས་བསྐྱེད་ཕྱིར་དེ་ནས་ཀ་ལིའི་སྒྲ། །ཕཊ་ཅེས་བྱ་བའི་སྒྲ་ནི་རྣམ་བརྟག་ཅིང༌། །ཐབས་དང་ཤེས་རབ་རྡོ་རྗེ་ཆུ་སྐྱེས་བྱུང༌། །བྱང་སེམས་སྤྲོས་ནས་དེ་ཡིས་ཡོངས་གང་བྱ། །རྡོ་རྗེའི་ཆུས་གང་བུམ་པ་གང་བ་བཞིན། །སངས་རྒྱས་མཐའ་ཡས་རྡུལ་སྙེད་དེ་རུ་གཞུག །རིག་བཅས་ཏིལ་གང་བཞིན་དུ་ནམ་མཁའི་གང༌། །ཆོས་འབྱུང་འོད་ཟེར་ཚོགས་ཀྱིས་བསྡུས་ནས་ནི། །རབ་མཆོག་བདེ་བ་དམ་པ་ཕུན་ཚོགས་གཞུག །འདོད་ཆགས་མེ་ཡིས་ཐུབ་ཚོགས་ཞུ་གྱུར་པ། །པད་གནས་སངས་རྒྱས་མཆོག་ཞི་བཅུད་ལེན་ཏེ། །དེ་ཉིད་ཁས་བླང་བདེ་བ་ཆེན་པོ་ཡིས། །རང་གི་ལུས་བསྒོམ་འཁོར་ལོ་ཀུན་ཚིམ་བྱ། །འདི་ནི་མཁས་པས་ནང་གི་སྦྱིན་སྲེག་བཤད། །དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་


DTG041_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཆོད་པའི་ཕྱིར་ཉིད་ཀྱི་སྐུ་སངས་རྒྱས་སྤྱན་ལ་སོགས་པ་ལྷ་མོ་རྣམས་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་བ། རྣམ་པར་བསྐྱོད་ཅིང་སྒེག་པ་དང་བཅས་པའི་ཕྱག་ཡིད་དུ་འོང་བ་དང་ལྡན་པ། འོད་ཟེར་འབར་བ་རྣམས་ཀྱིས་པདྨ་དང་ཨུཏྤལ་དང་སྣ་མ་དང་དོང་ཀ་དང་མ་ལི་ཀ་དང་ཡུ་ཏི་ཀ་དང་ཀ་ར་བཱི་ར་ལ་སོགས་པའི་མེ་ཏོག་ཁ་དོག་སྣ་ལྔ་པ་དང༌། སྤོས་དང་དྲི་དང་མར་མེ་དང༌། གཏོར་མའི་ཡོ་བྱད་དང༌། མལ་སྟན་དང༌། གླང་པོ་དང༌། རྟ་དང༌། སྐྱེད་མོས་ཚལ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། བླ་རེ་དང་། རླུང་ཡབ་དང༌། གོས་དང་རིན་པོ་ཆེ་ལ་སོགས་པ་སྣ་ཚོགས་པའི་མཆོད་པའི་སྤྲིན་གྱི་དྲ་བའི་ཚོགས་སྤྲུལ་པར་བྱེད་པ། འཇིག་རྟེན་རྣམ་སླ་སྒྱུ་མ་ལ་སོགས་པའི་དངོས་པོར་ཤེས་པའི་སྒོ་ནས་ལྟ་བ་ལ་མཁས་པ། བདག་ཉིད་ཇི་ལྟ་བ་བཞིན་དུ་རྟོག་པ་མ་ལུས་པ་རྣམས་ལས་གྲོལ་བ། བཟའ་བ་ལ་སོགས་པ་དང༌། མྱང་བ་དང་གཞིབ་པ་དང༌། མྱོས་པ་དང་བཅས་པ་དང༌། མྱོས་པ་མེད་པའི་བཏུང་བ་ལ་སོགས་པ་དང༌། གར་དང་གླུ་དག་རོལ་མོ་ལ་སོགས་པའི་མཆོད་པ་བླ་ན་མེད་པ་སྒྲུབ་པར་བྱེད་པ། དགོད་པ་དང་སྒེག་པ་དང་ལྡན་པའི་རོལ་ཅིང་དགའ་བའི་མཆོད་པ་བླ་ན་མེད་པ་དང་བདེ་བ་སྐྱེད་པའི་རྒྱུར་གྱུར་པ་དེ་རྣམས་ཀྱིས། མཆོག་ཏུ་ཟག་པ་མེད་པའི་བདེ་བ་ཆེན་པོའི་མཆོད་པ་བླ་ན་མེད་པ་རྣམས་ཀྱིས། རང་གི་བདག་པོ་འཁོར་དང་བཅས་པ་ལ་མཆོད་པར་དོན་ཡོད་གྲུབ་པའི་ང་རྒྱལ་དང་ལྡན་པས་བལྟ་བར་བྱ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་འདིས་མཆོད་པའི་ཚོགས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་ཤིན་ཏུ་རྣལ་འབྱོར་རོ། །དེས་ནི་རྣལ་འབྱོར་བཞིའི་བདག་ཉིད་ཅན་གྱི་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་རང་གི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་བསྟན་ཏོ། །དེ་ནས་ལྷ་མོའི་ཚོགས་དེ་རྣམས་རིག་མའི་པདྨར་བཅུག་ལ་ཡང་དག་པར་མཆོད་དེ། བྱང་ཆུབ་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པར་བསམས་ནས། ཟླ་བ་དེ་ལ་བཛྲ་དྷྲྀཀ་ཅེས་བྱ་བའི་ས་བོན་རྣམ་པར་བཀོད་ལ། དེ་གྱུར་པ་ལས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཤིང༌། རྡོ་རྗེ་རྩེ་ལྔ་པས་བྱིན་གྱིས་བརླབས་པ། རྡོ་རྗེ་བསྣམས་


DTG041_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མི་བསྐྱོད་པ། བཛྲ་དྷྲྀཀ་ཅེས་བྱ་བ་བརྗོད་ཅིང་ཕྱུང་ནས། དེས་ཞེ་སྡང་གི་སྤྱོད་པ་ཅན་རྣམས་བཏུལ་ཏེ། བཀུག་སྟེ་རང་གི་ལུས་ལ་བཀུག་སྟེ། རང་གི་ངོ་བོར་ཡོངས་སུ་གྱུར་ནས་ཞེ་སྡང་རྡོ་རྗེར་གྱུར་པར་བྱ་སྟེ། ཨིནྡྲ་ནཱི་ལའི་འོད་འདྲ་ཞིང༌། །རྣམ་བརྩེགས་གཏུམ་ཞིང་འཇིགས་སུ་རུང༌། །རྡོ་རྗེ་སེམས་དཔའ་དབང་བསྐུར་ཞིང༌། །འཇིག་རྟེན་ཁམས་ནི་ཀུན་དུ་ཁྱབ། །ཉི་མའི་དཀྱིལ་འཁོར་དབུས་གནས་ཤིང༌། །ཉི་མ་སྟོང་གི་འོད་དང་མཚུངས། །སྤྱན་དམར་ཤིན་ཏུ་འཇིགས་པར་བྱེད། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། དྲག་པོ་ཞི་བ་ཆགས་ཆེན་གྱི། །ཞལ་གསུམ་གྱིས་ནི་རྣམ་པར་མཛེས། །རང་གི་དམ་ཚིག་སྙོམས་ཞུགས་ཤིང༌། །ཕྱག་དྲུག་གིས་ནི་བརྒྱན་པ་སྟེ། །ཨིནྡྲ་ནཱི་ལའི་འོད་མཚུངས་པའི། །སངས་རྒྱས་སྤྲིན་གྱིས་ཀུན་དུ་ཁྱབ། །རྡོ་རྗེ་ཆེན་པོ་རྩེ་དགུ་པ། །དེ་ཡི་ཕྱག་ཏུ་རྣམ་བསྒོམ་ཞིང༌། །སྔར་བཤད་པ་ཡི་རིམ་པ་བཞིན། །ཕྱག་རྒྱ་ལྷག་མ་རྣམ་བསྒོམ་བྱ། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །དཀྱིལ་འཁོར་ཐམས་ཅད་རབ་ཏུ་དབྱུང༌། །དེ་ལྟར་རང་སྙིང་ལས་བྱུང་ཞིང༌། །ཡི་གེ་གསུམ་གྱིས་བརླབས་པ་ཡི། །ལྷ་རྣམས་ཐམས་ཅད་པད་ཟླ་ལས། །དེ་རྣམས་ཉིད་ཀྱིས་སྤྲོ་བར་བྱ། །འཛི་ན་ཛིཀ་སྔགས་ལས་བྱུང་བའི། །ཁྱབ་བདག་རྣམ་པར་སྣང་མཛད་སྤྲོ། །ཞི་བའི་རོ་ཡིས་ཀུན་དུ་ཁྱབ། །ཕྱོགས་རྣམས་ཐམས་ཅད་སྣང་བར་བྱེད། །སྐུ་ནི་སྟོན་ཀའི་སྤྲིན་དང་མཚུངས། །རྒྱན་རྣམས་སྣ་ཚོགས་དག་གིས་བརྒྱན། །དེ་ཡི་ཞལ་གསུམ་ཁ་དོག་ནི། །དཀར་དང་སྔོ་དང་ཤིན་ཏུ་དམར། །སྣ་ཚོགས་འོད་ཟེར་བཀོད་ཆེན་ལྡན། །དེ་ནི་ཕྱག་དྲུག་ལྡན་པར་བསྒོམ། །འཁོར་ལོ་རྡོ་རྗེ་ཆུ་སྐྱེས་དཀར། །གཡས་པ་དག་ཏུ་རྣམ་པར་བསམ། །དྲིལ་བུ་ནོར་བུ་རལ་གྲི་ནི། །གཡོན་པ་དག་ཏུ་རྣམ་པར་བསམ། །པདྨ་ཟླ་བ་ལས་བྱུང་སྟེ། །ཕྱོགས་རྣམས་ཀུན་དུ་རྣམ་གཟིགས་ཤིང༌། །སངས་རྒྱས་རྫུ་འཕྲུལ་རྣམ་འཕྲུལ་སོགས། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིས། །གཏི་མུག་ལམ་ལ་རབ་གནས་པའི། །སེམས་ཅན་ཐམས་ཅད་ཡང་དག་སྦྱངས། །སླར་བྱོན་ནས་ནི་མགོན་པོ་ཡི། །ཤར་དུ་ཟླ་བ་ལ་བཞུགས་སོ། །རཏྣ་དྷྲྀཀ་ཅེས་བྱ་བ་འདིས་སྔ་མ་བཞིན་དུ་རིན་ཆེན་འབྱུང་ལྡན་སེར་པོ། རྩ་བའི་ཞལ་སྐུ་དང་མཚུངས་ཤིང་


DTG041_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དཀར་པོ་མངའ་བ། རྩ་བའི་ཕྱག་ན་ཉི་མ་ལྟར་དམར་བའི་རིན་པོ་ཆེ་དང༌། གཞན་དག་ན་རྡོ་རྗེ་དང་འཁོར་ལོ་བསྣམས་ཤིང༌། །གཡོན་པ་རྣམས་ན་དྲིལ་བུ་དང་པདྨ་དང་རལ་གྲི་བསྣམས་པ་ཕྱུང་སྟེ། མངོན་པའི་ང་རྒྱལ་ཅན་གྱི་སེམས་ཅན་རྣམས་བཏུལ་ནས་ལོག་སྟེ། བཅོམ་ལྡན་འདས་ཀྱི་ལྷོ་ཕྱོགས་སུ་རིན་པོ་ཆེ་ཟུར་བརྒྱད་པ་ལ་བཞུགས་སོ། །ཨཱ་རོ་ལྀཀ་ཅེས་བྱ་བ་འདིས་འོད་དཔག་ཏུ་མེད་པ། གཡས་པ་དང་གཡོན་པ་ཁ་དོག་སྔོན་པོ་དང་དཀར་པོ། གཡོན་པ་ན་སྒེག་པ་དང་བཅས་པས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་སྡོང་བུ་བསྣམས་ཤིང༌། གཡས་པས་ཐུགས་ཀ་ན་གནས་པའི་པདྨ་ཁ་འབྱེད་པར་མཛད་པ། གཡས་པ་དག་ན་རྡོ་རྗེ་དང་འཁོར་ལོ། །གཡོན་པ་དག་ན་རིན་པོ་ཆེ་དང་རལ་གྲི་བསྣམས་པ། འདོད་ཆགས་ཀྱི་སྤྱོད་པ་ཅན་རྣམས་བཏུལ་ནས། བཅོམ་ལྡན་འདས་ཀྱི་ནུབ་ཕྱོགས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་གདན་ལ་བཞུགས་སོ། །པྲཛྙཱ་དྷྲྀཀ་ཅེས་བྱ་བ་ལས་བྱུང་བའི་དོན་ཡོད་པར་གྲུབ་པ་བཻཌཱུཪྻ་ལྗང་སེར་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དཀར་པོ་མངའ་བ། འོད་ཟེར་ཁ་དོག་སྣ་ལྔ་པས་ཀུན་དུ་ཁྱབ་པ། ཕྱག་དྲུག་པ་གཡས་པའི་རྩ་བའི་ཕྱག་ན་རལ་གྲི་དང་གཉིས་ན་འཁོར་ལོ་དང༌། སྣ་ཚོགས་རྡོ་རྗེ་བསྣམས་ཤིང༌། གཡོན་པ་དག་ནི་དྲིལ་བུ་དང་རིན་པོ་ཆེ་དང་པདྨ་ལྗང་སེར་བསྣམས་པ་ཕྱུང་སྟེ། ཕྲག་དོག་གི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཡང་དག་པར་སྦྱངས་ནས། ལོག་སྟེ་བྱང་ཕྱོགས་སུ་འོད་ཟེར་གྱི་གདན་ལ་བཅོམ་ལྡན་འདས་ལ་གཟིགས་ཤིང་བཞུགས་པར་བསམ་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ནི་རལ་པའི་ཅོད་པན་དང་ལྡན་ཞིང་རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བ་དང་ལྡན་པའོ། །དྭེ་ཥ་ར་ཏི་ཞེས་བྱ་བ་འདིས་མཱི་མ་ཀཱི་ཨུཏྤལ་སྔོན་པོའི་མདོག་ཅན། ཞལ་མཛེས་པ་དང་ལྡན་ཞིང་སྤྱན་ཡངས་པ་མངའ་བ། གཟུགས་དང་ལང་ཚོས་བརྒྱན་པ་ཞལ་དབུས་མ་སྐུ་དང་མཚུངས་ཤིང༌། ཞལ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་པོ་མངའ་བ། མེ་ཏོག་སྣ་ཚོགས་ཀྱིས་བཅིངས་པའི་ཐོར་ཚུགས་ཅན་མི་བསྐྱོད་པའི་དབང་བསྐུར་བ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ།


DTG041_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་པ་ན་རྡོ་རྗེ་དང་འཁོར་ལོ་དང་ཨུཏྤལ་རྩ་དམར་བ། གཡོན་པ་ན་སྒེག་པ་དང་བཅས་པས་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་བསྣམས་པ་ཕྱུང་སྟེ། དེས་བགེགས་ཆེན་པོ་རྣམས་ཀྱི་འཇིགས་པས་ཉེན་པ་རྣམས་ཀུན་དུ་བསྲུངས་ནས་བཀུག་སྟེ་བདེན་བྲལ་གྱི་ཕྱོགས་སུ་པདྨ་དང་ཉི་མ་ལ་བཞུགས་ཤིང་མགོན་པོ་ལ་གཟིགས་པར་བལྟ་བར་བྱའོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་རྡོ་རྗེ་མ་ལ་ཐུག་པའི་ལྷ་མོ་རྣམས་ནི་མེ་ཏོག་སྣ་ཚོགས་ཀྱིས་བཅིངས་པའི་ཐོར་ཚུགས་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རལ་པའི་ཅོད་པན་དང་ལྡན་པ། དཀྱིལ་འཁོར་བ་ཐམས་ཅད་རྩ་བའི་ཞལ་སྐུ་དང་མཚུངས་ཤིང་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་དབང་བསྐུར་བ་དང་ལྡན་པའོ། །མོ་ཧ་ར་ཏི་ཞེས་བྱ་བ་འདིས་སངས་རྒྱས་སྤྱན་ཞལ་གསུམ་པ་སྟོན་ཀའི་ཟླ་བ་ལྟ་བུ་ཞི་བའི་རོ་དང་ལྡན་པ། ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དམར་པོ་མངའ་བ། འོད་ཟེར་དཀར་པོས་ཁྱབ་པའི་འོད་དང་ལྡན་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་པ་རྣམས་ཀྱིས་འཁོར་ལོ་རྡོ་རྗེ་དང་ཨུཏྤལ་དཀར་པོ་དང༌། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་བསྣམས་པ་དེས་གདོན་ལ་སོགས་པ་རྣམས་ཀྱིས་ཉེན་པ་རྣམས་ཞི་བར་བྱས་ཏེ། དེ་སླར་བཀུག་ནས་མེའི་ཕྱོགས་སུ་ཟླ་བ་ལ་བཞུགས་སོ། །རཱ་ག་ར་ཏི་ཞེས་བྱ་བ་འདིས་གོས་དཀར་མོ་པདྨ་རཱ་ག་དང༌། ཟླ་བའི་མདོག་ཅན། ཞལ་གཡས་པ་དང་གཡོན་པ་སྔོ་བ་དང་དཀར་པོ་མངའ་བ། མཚན་ཐམས་ཅད་ཡོངས་སུ་རྫོགས་ཤིང༌། རྒྱན་ཐམས་ཅད་ཀྱིས་མཛེས་པ། གཡོན་པ་ན་སྒེག་པ་དང་བཅས་པས་སྡོང་བུའི་ཁྲི་ཤིང་དང་བཅས་པའི་དྲིལ་བུ་བསྣམས་ཤིང༌། གཡས་པས་ཨུཏྤལ་དམར་པོ་ཁ་འབྱེད་པ། གཡས་དག་ན་རྡོ་རྗེ་དང་འཁོར་ལོ། གཡོན་པ་དག་ན་ནོར་བུ་དང་རལ་གྲི་བསྣམས་པ་དེས་གདོན་ལ་སོགས་པས་བསྐམས་པ་རྣམས་རྒྱས་པར་བྱ་སྟེ། རླུང་གི་ཕྱོགས་སུ་པདྨའི་སྟེང་གི་འདབ་མ་ལ་བཞུགས་སོ། །བཛྲ་ར་ཏིའི་ས་བོན་ལས་སྒྲོལ་མ་མརྒད་ལྟར་ལྗང་སེར་དུ་སྣང་བ། ཡན་ལག་ཐམས་ཅད་མཚན་དང་ལྡན་ཞིང་བུད་མེད་ཀྱིས་བསྒྲུབ་པར་བྱ་བའི་འདོད་པ་ལ་བརྩོན་པ།


DTG041_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་ཅིང་འཛུམ་ལ་ཟུར་མིག་དང་ལྡན་པའི་ཞལ་མངའ་བ་ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དཀར་པོ་མངའ་བ། གཡས་པ་རྣམས་ཀྱིས་རལ་གྲི་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ། །གཡོན་པ་རྣམས་ཀྱིས་དྲིལ་བུ་དང་རིན་པོ་ཆེ་དང་ཨུཏྤལ་ལྗང་སེར་བསྣམས་པ་ཕྱུང་སྟེ། ཆགས་ཤིང་སྡང་ལ་རྨོངས་པར་གྱུར་པ་རྣམས་འོད་ཟེར་རྣམས་ཀྱིས་རེག་པས་དབང་དུ་བྱས་ནས་ལོག་སྟེ་དབང་ལྡན་གྱི་མཚམས་སུ་འོད་ཟེར་གྱི་དཀྱིལ་འཁོར་ལ་བཞུགས་ཏེ་མགོན་པོ་ལ་གཟིགས་པར་བསམ་པར་བྱའོ། །ཡི་གེ་ཐླིཾ་ལས་སའི་སྙིང་པོ་སྐུ་མདོག་དང་ཞལ་ལ་སོགས་པ་རྣམ་པར་སྣང་མཛད་དང་མཚུངས་པའོ། །ཡི་གེ་ཨོཾ་ཚད་གསུམ་པའི་ས་བོན་ལས་བྱམས་པ་ཕྱག་གཡས་པ་ན་ནཱ་ག་གེ་སར་གྱི་ལྕུག་མ་དང་ལྡན་པ། ལྷག་མ་སྔ་མ་དང་མཚུངས་པའོ། །ཡི་གེ་ཨོཾ་གསུམ་ལས་གོ་རིམས་བཞིན་དུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་ལ་གནས་པའི་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་མཚུངས་པའོ། །ཡི་གེ་ཧཾ་ལས་བྱུང་བའི་འཕགས་པ་འཇམ་དཔལ་གཡས་པའི་རྩ་བའི་ཕྱག་གིས་རལ་གྲི་འཆང་ཞིང༌། གཡོན་པས་ཐུགས་ཀའི་ཕྱོགས་སུ་དྲིལ་བུ་བསྣམས་པའོ། །ཧཱ་ཞེས་བྱ་བ་འདི་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཕྱག་གཡོན་པ་རོལ་པའི་ཚུལ་གྱིས་གདན་མནན་པ། གཡས་པ་ན་མེ་ཏོག་གི་ཕྱག་རྒྱས་རྡོ་རྗེ་ཨུཏྤལ་བསྣམས་པ། ལྷག་མ་དོན་ཡོད་པ་དང་མཚུངས་པ། ཡི་གེ་ཨོཾ་ལས་ཀུན་དུ་བཟང་པོ་དེ་དང་མཚུངས་པའོ། །དེ་ནས་ཨོཾ་སྭཱ་ཨཱཿ་ཧཱ་ཧཱུཾ་ཨ་ཞེས་བྱ་བ་དེ་རྣམས་ལས་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་དང༌། བྱམས་པ་དང་འཇམ་དཔལ་གྱི་ས་བོན་དག་ལས་བྱམས་པ་དང་སྙིང་རྗེ་མ་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པ་རྣམས་ཕྱུང་སྟེ། དེ་རྣམས་ཀྱིས་རྣམ་པ་གསུམ་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་དང༌། བྱམས་པ་དང་སྙིང་རྗེ་དག་རྣམ་པར་སྦྱངས་ནས་བཀུག་སྟེ་དབང་ལྡན་གྱི་ཕྱོགས་དང་ཉེ་བ་ནས་བརྩམས་ནས། ཤར་དུ་སུའི་སྙིང་པོ་དང་གཟུགས་རྡོ་རྗེ་མ་བྱམས་པ་དང་ལྷ་མོ་བྱམས་མ་དགོད་པར་བྱའོ། །དེ་བཞིན་དུ་ལྷོ་རུ་ཕྱག་ན་རྡོ་རྗེ་དང་སྒྲ་རྡོ་རྗེ་མ། ནམ་མཁའི་སྙིང་པོ་དང་དྲི་རྡོ་རྗེ་མའོ། །དེ་བཞིན་དུ་ནུབ་ཏུ་


DTG041_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཕྱུག་དང་རོ་རྡོ་རྗེ་མ། འཇམ་དཔལ་དང་ལྷ་མོ་སྙིང་རྗེ་མའོ། །བྱང་དུ་ནི་སྒྲིབ་པ་རྣམ་པར་སེལ་བ་དང་རེག་བྱ་རྡོ་རྗེ་མ། ཀུན་དུ་བཟང་པོ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ་རང་གི་ཕྱོགས་དང་རྗེས་སུ་མཐུན་པའི་གདན་ལ་བཞུགས་པ་དང༌། རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་ཁ་དོག་དང་ལྡན་པ་རྣམས་བསྒོམ་པར་བྱའོ། །ཁྱད་པར་རྣམས་ནི་བརྗོད་པར་བྱ་སྟེ། གཟུགས་རྡོ་རྗེ་མ་ནི་ཕྱག་གཉིས་ཀྱིས་མེ་ལོང་འཛིན་པའི་བྱ་བ་དང་ལྡན་པའོ། །དེ་བཞིན་དུ་ཐམས་ཅད་ཀྱང་ནཱ་ག་གེ་སར་གྱི་ལྕུག་མ་དང༌། པི་ཝང་བརྡུང་བ་དང་དྲིའི་དུང་ཕོར་དང༌། ཡེ་ཤེས་ཀྱི་བདུད་རྩིའི་སྣོད་དང༌། རལ་གྲི་དང་དྲིལ་བུ་དང་མཐའ་གཉིས་སུ་རྡོ་རྗེས་མཚན་པའི་ཀ་ཙ་ལིན་དིའི་གོས་རེག་བྱ་བདེ་བ་དང་ལྡན་པ་དང༌། སྣ་ཚོགས་རྡོ་རྗེས་མཚན་པའི་གྲུ་གསུམ་དཀར་པོ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྣམས་ཕྱག་གཉིས་ན་བསྣམས་པའོ། །ཡ་མཱནྟ་ཀྲྀ་ཏ་ཅེས་བྱ་བ་འདིས་འཕགས་པ་གཤིན་རྗེ་མཐར་བྱེད་འཇིག་པའི་དུས་ཀྱི་སྤྲིན་གྱི་ཚོགས་དང་མཚུངས་པ། ཞལ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་པོ་མངའ་བ། འོད་ཟེར་འབར་བའི་ཚོགས་རྣམས་ཀྱིས་ནམ་མཁའི་དབྱིངས་མ་ལུས་པ་ཁྱབ་པ། གཡས་པ་རྣམས་ན་འཁོར་ལོ་དང་རལ་གྲི་དང་ཐོ་བ་བསྣམས་པ། གཡོན་པ་དྲིལ་བུ་དང་བཅས་པས་སྙོམས་པར་ཞུགས་པའི་རོ་ལངས་མའི་ནུ་མ་འཛིན་ཅིང༌། གཞན་དག་གིས་སྒྲ་སྟ་དང་ཞགས་པའོ། །པྲཛྙཱནྟ་ཀྲྀ་ཏ་ཅེས་བྱ་བས་གཞན་གྱིས་མི་ཐུབ་པ་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་དམར་པོ་མངའ་བ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་དབྱུག་པ་བསྐོར་བ་དང་རལ་གྲི་འཕྱར་བའོ། །གཡོན་ན་དྲིལ་བུ་དང་བཅས་པས་གཞན་གྱིས་མི་ཐུབ་མའི་ནུ་མ་འཛིན་ཅིང༌། གཞན་དག་གིས་དགྲ་སྟ་དང་སྡིགས་མཛུབ་ཞགས་པ་དང་ལྡན་པའོ། །པདྨཱནྟ་ཀྲྀ་ཏ་ཅེས་བྱ་བས་རྟ་མགྲིན་མེ་ཏོག་བནྡུ་ཀ་ལྟ་བུ། ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་པོ་མངའ་བ། གད་རྒྱངས་ཀྱིས་རི་བོའི་ཚོགས་འཇིག་པར་མཛད་པ། གཡས་པ་རྣམས་ཀྱིས་པདྨ་བསྐྱོད་པ་དང་རལ་གྲི་དང་ཐོ་བ་བསྣམས་པ། གཡོན་པས་དེ་བཞིན་དུ་ཁྲོ་གཉེར་ཅན་གྱི་ནུ་མ་དང་གཞན་དག་གིས་དགྲ་སྟ་དང་ཞགས་པ་འཛིན་པའོ། །བིགྷྣཱནྟ་ཀྲྀ་ཏ་ཅེས་བྱ་


DTG041_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཕགས་པ་བདུད་རྩི་འཁྱིལ་བ་བགེགས་ཀྱི་རིགས་མ་ལུས་པ་སྐྲག་པར་མཛད་པ་ཟར་མའི་མེ་ཏོག་ལྟ་བུ། ཞལ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་པོ་མངའ་བ། གཡས་པ་རྣམས་ཀྱིས་སྣ་ཚོགས་རྡོ་རྗེ་བསྐྱོད་པ་དང་རལ་གྲི་དང་ཐོ་བ་བསྣམས་པ། གཡོན་པས་རལ་བ་གཅིག་མའི་ནུ་མ། གཞན་དག་གིས་དགྲ་སྟ་དང་ཞགས་པ་འཛིན་པ་སྟེ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་དེ་རྣམས་ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་བརྗོད་པས་རིམ་པ་བཞིན་དུ་ཕྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་འཆི་བདག་དང་ཉོན་མོངས་པ་དང་ཕུང་པོ་དང་ལྷའི་བུའི་བདུད་ཀྱི་རྣམ་པར་རྟོག་པ་རྣམས་བསལ་ནས་ལོག་སྟེ་ཤར་དང་ལྷོ་དང་ནུབ་དང་བྱང་གི་སྒོ་རྣམས་སུ་རང་གི་པདྨ་དང་ཉི་མའི་གདན་རྣམས་ལ་གཤིན་རྗེ་དང་ཁྱབ་འཇུག་དང་ཚངས་པ་དང་བགེགས་ཀྱི་བདག་པོ་དང་ལུས་ངན་པོ་དང་འདོད་པའི་ལྷ་ལ་སོགས་པའི་རང་བཞིན་ཅན་དེ་རྣམས་ཉིད་གོ་རིམས་བཞིན་དུ་གཡས་བརྐྱང་པ་དང་ས་ག་དང་ཟླུམ་པོའི་འདུག་སྟངས་རྣམས་ཀྱིས་མནན་ནས་བཞུགས་པར་བསམ་པར་བྱའོ། །ཁྲོ་བོ་འདོད་པ་ཨིནྡྲ་ནཱི་ལའི་མདོག་དང་ལྡན་ཞིང་ཁྲོ་བ་དང་བཅས་པ། ཞལ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་པོ་མངའ་བ་དང༌། སྒེག་པའི་ཆ་བྱད་ཅན་ཕྱག་བཞི་པ། རྩ་བའི་ཕྱག་དག་ན་འདོད་པའི་རྒྱལ་པོའི་ཕྱག་རྒྱས་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་བསྣམས་ཤིང་གཞན་དག་གིས་མདའ་དང་གཞུ་བསྣམས་པ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཉི་མ་ལྟ་བུའི་འོད་མངའ་བ། མེའི་མཚམས་སུ་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་བས་མེ་ལྷ་མནན་ནས་བཞུགས་པར་བསམ་པར་བྱའོ། །དབྱུག་པ་སྔོན་པོ་སྐུ་མདོག་ལ་སོགས་པ་རྣམས་བདུད་རྩི་འཁྱིལ་པ་དང་མཚུངས་པ། ཕྱག་གཡས་པ་རྣམས་ཀྱིས་དབྱུག་པ་སྔོན་པོ་བསྐྱོད་པ་དང་འཁོར་ལོ་དང་པདྨ་བསྣམས་པ། གཡོན་པ་དྲིལ་བུ་དང་བཅས་པས་སྙོམས་པར་ཞུགས་ཤིང་འཁྱུད་པའི་རིག་མའི་ནུ་མ་འཛིན་ཅིང༌། གཞན་དག་གིས་རིན་པོ་ཆེ་དང་རལ་གྲི་བསྣམས་པ། བདེན་བྲལ་གྱི་མཚམས་སུ་གཡོན་བརྐྱང་བའི་འདུག་སྟངས་ཀྱིས་བདེན་བྲལ་མནན་ནས་བཞུགས་སོ། །འཕགས་པ་སྟོབས་པོ་ཆེ་འཕགས་པ་དབྱུག་པ་སྔོན་པོ་དང་མཚུངས་


DTG041_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། འོན་ཀྱང་ཕྱག་གཡས་པ་དག་གིས་འོད་ཟེར་དཀར་པོ་དང་ལྡན་པའི་རྡོ་རྗེ་དང་འཁོར་ལོ་བསྣམས་པ། རླུང་གི་མཚམས་སུ་རླུང་ལྷ་དང་ཆུ་ལྷ་དག་མནན་ནས་བཞུགས་སོ། །འཕགས་པ་མི་གཡོ་བ་སྐུ་མདོག་ལ་སོགས་པ་རྣམས་མི་བསྐྱོད་པའི་རྣམ་པ་ཅན་ཏེ། འོན་ཀྱང་གཡས་པའི་རྩ་བའི་ཕྱག་གིས་རྡོ་རྗེ་རལ་གྲི་བསྐྱོད་ཅིང༌། གཞན་ཕྱག་གཡོན་པ་དྲིལ་བུ་དང་ཞགས་པ་དང་བཅས་པས་རིག་མའི་ནུ་མ་འཛིན་པ། གསུམ་པས་པདྨ་བསྣམས་པ། དབང་ལྡན་གྱི་མཚམས་སུ་གཡོན་བརྐྱང་བས་དབང་ཕྱུག་ཆེན་པོ་མནན་ནས་བཞུགས་པའོ། །ཡི་གེ་བྷྲཱུཾ་ལས་བྱུང་བའི་གཙུག་ཏོར་འཁོར་ལོས་སྒྱུར་བ་ཆེན་པོ་རིག་མ་དང་བཅས་ཤིང་སྐུ་མདོག་སེར་པོ་རྩ་བའི་ཞལ་སྐུ་དང་མཚུངས་ཤིང༌། ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་སེར་པོ་མངའ་བ། ཕྱག་ལ་སོགས་པ་རྣམ་པར་སྣང་མཛད་དང་མཚུངས་པ་སྟེ། འོན་ཀྱང་མདུན་དུ་རྩ་བའི་ཕྱག་གིས་གཙུག་ཏོར་བསྣམས་ཤིང༌། རྡོ་རྗེ་དང་པདྨ་དང་འཁོར་ལོ་དང་ཕྲེང་བ་དང་ལྡན་པ། འོག་ཏུ་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་བས་ཐགས་བཟངས་རིས་དང་ཀླུ་རྣམས་དང་སའི་ལྷ་མོ་མནན་ནས་བཞུགས་པའོ། །དཔལ་གནོད་མཛེས་རྒྱལ་པོ་ནི་སྔ་མ་དང་མཚུངས་པ་སྟེ། འོན་ཀྱང་སྟེང་ན་ཚངས་པ་དང་ཉི་མ་དང་ཟླ་བ་ལ་སོགས་པ་རྣམས་མནན་ནས་བཞུགས་པར་བསམ་པར་བྱ་སྟེ། ལེའུ་བཅོ་བརྒྱད་པ་ལས། འདོད་དབྱིག་སྟོབས་ཆེན་མི་གཡོ་བ། །ལྕགས་ཀྱུ་དབྱུག་པ་རྩེ་གསུམ་དང༌། །རལ་གྲི་མཚམས་རྣམས་དག་ཏུ་དགོད། །འཁོར་ལོ་གནོད་མཛེས་འོག་སྟེང་དུ། །ཞེས་བསྟན་པའི་ཕྱིར་རོ། །ཁྲོ་བོ་དེ་རྣམས་ཐམས་ཅད་ཀྱང་སྨིན་མ་བཏེག་ཅིང་ཁྲོ་གཉེར་དང་བཅས་པ། འཇིག་པའི་དུས་ཀྱི་མེ་དང་ཉི་མ་དང་མཚུངས་པའི་སྤྱན་ཟླུམ་པོ་གཡོ་ཞིང་འཇིགས་སུ་རུང་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། བུང་བ་ལྟར་སྔོ་བའི་ཀླུ་མཐའ་ཡས་དང་རིགས་ལྡན་དག་གིས་བཅིངས་པའི་ཐོད་པའི་ཕྲེང་བ་དང་ལྡན་པའི་ཅོད་པན་མངའ་བ། སྨ་ར་འབར་བས་ཤིན་ཏུ་གསལ་ཞིང་མཆེ་བ་གཙིགས་ལ་ཁྲོ་བ་དང་བཅས་ཤིང་བཞད་པའི་ཞལ་མངའ་བ། གསུས་པ་འཕྱང་ཞིང་བྲང་རྒྱ་ཆེ་བ་དང་ལྡན་པ། གསེར་དང་མཚུངས་པའི་འཇོག་པོ་


DTG041_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་པ་དང་བཅས་པས་རྣ་རྒྱན་བྱས་པ། གསེར་བཙོ་མ་དང་མཚུངས་པའི་ཀླུ་པདྨ་ཆེན་པོ་ཞེས་བྱ་བས་བརྒྱན་པ། པདྨའི་སྐུད་པ་ལྟར་དཀར་བའི་སྟོབས་རྒྱུའི་ཚངས་པའི་སྐུད་པ་ཐོགས་པ། པདྨ་དམར་པོ་ལྟ་བུའི་ནོར་རྒྱས་ཀྱི་བུས་རྣམ་པར་སྤྲས་པའི་སྐ་རགས་བཟང་པོ་མངའ་བ། ཀླུ་པདྨ་དང་དུང་སྐྱོང་དཀར་པོ་དང་དམར་པོས་རྐང་གདུབ་བྱས་པ། སེང་གེའི་པགས་པ་རློན་པ་བསྣམས་ཤིང༌། སྟག་གི་པགས་པའི་ཤམ་ཐབས་དང་ལྡན་པར་བསམ་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ནི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་རང་གི་རིག་མ་དང་བཅས་པའོ། །ལྷ་མོ་རྣམས་ནི་བདག་པོ་རྣམས་དང་ངོ༌། །བྱང་ཆུབ་སེམས་དཔའ་རྣམས་ནི་རང་གི་རིག་མ་རྣམས་དང་ངོ༌། །དེ་ཁོ་ན་བཞིན་དུ་ཁྲོ་བོ་རྣམས་ནི་གཡས་བརྐྱང་བ་ལ་སོགས་པའི་འདུག་སྟངས་ཀྱིས་བཅས་པའོ། །དེ་ལྟར་སྐུ་དང་གསུང་དང་ཐུགས་དང་ཤེས་རབ་དང་བཅས་པ་སྟེ། ཕྱག་རྒྱ་བཞིས་ལྷའི་འཁོར་ལོ་རྒྱས་བཏབ་པར་བལྟ་བར་བྱས་ཏེ། སྐུ་ནི་ཕྱག་རྒྱ་ཆེན་པོ་སྟེ། །གསུང་གི་ཆོས་ཀྱི་ཕྱག་རྒྱ་ཡིན། །ཐུགས་ནི་ལས་ཀྱི་ཕྱག་རྒྱ་སྟེ། །ཤེས་རབ་དམ་ཚིག་ཕྱག་རྒྱར་བཤད། །ཅེས་གསུངས་པའོ། །དེ་ནས་རང་གི་ཡེ་ཤེས་ཀྱི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་བསྡུས་ནས་ཆུའི་རླབས་བཞིན་དུ་དཀྱིལ་འཁོར་བ་རྣམས་ལ་བཅུག་སྟེ། དེ་རྣམས་དང་ལྷན་ཅིག་ཐ་མི་དད་པར་ལྷའི་འཁོར་ལོ་བསམ་པར་བྱའོ། །དེ་ནས་དཀྱིལ་འཁོར་ལས་ཕྱི་རོལ་དུ་གསེར་གྱི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨའི་སྟེང་ན་འདུག་ཅིང་བདེ་བའི་ཡོ་བྱད་ཐམས་ཅད་ཐོགས་པའི་བུད་མེད་རིན་པོ་ཆེ་དང་དེ་བཞིན་དུ་གནོད་སྦྱིན་གྱི་ཆ་བྱད་ཅན་གྱི་ཁྱིམ་བདག་རིན་པོ་ཆེ་དང༌། མཆེ་བ་དྲུག་དང་ལྡན་ཞིང་དཀར་བའི་གླང་པོ་རིན་པོ་ཆེ་དང༌། མཐོ་ཞིང་སེར་བའི་རྟ་རིན་པོ་ཆེ་དང༌། རིན་པོ་ཆེ་དུ་མས་སྤྲས་པའི་ཆང་ཟུངས་དང་ལྡན་ཞིང་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟ་བུའི་རལ་གྲི་རིན་པོ་ཆེ་དང༌། འོད་ཟེར་འཕྲོ་ཞིང་རྩིབས་བརྒྱད་དང་ལྡན་པའི་འཁོར་ལོ་རིན་པོ་ཆེ་དང༌། འོད་ཟེར་དཔག་ཏུ་མེད་པས་ནམ་མཁའི་དབྱིངས་མ་ལུས་པ་གསལ་བར་བྱེད་པའི་དམག་དཔོན་རིན་པོ་ཆེ་དང༌། རྡོ་རྗེའི་ལྷའི་བོ་མོ་དང༌། རྡོ་རྗེའི་ལྷའི་བུ་མོ་དང༌། གྲུབ་པ་དང་རིག་པ་འཛིན་


DTG041_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པའི་ཚོགས་རབ་ཏུ་དགའ་བ་དང་ལྡན་པ་རྣམས་ཀྱིས་བྱས་པའི་གླུ་དང་གར་དང་པི་ཝང་དང་གླིང་བུ་དང་རྫ་རྔ་དང་ཁར་དཀྲོལ་ལ་སོགས་པའི་ཆ་ཅོའི་སྒྲས་ནམ་མཁའི་དབྱིངས་མ་ལུས་པ་ཀུན་དུ་གང་ཞིང་འཁྲུགས་པ་དང༌། གསེར་གྱི་མདོག་ཅན་གྱི་ཨུཏྤལ་དང་པདྨ་དཀར་པོ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་བརྒྱན་པ། ངང་པ་དང་དུར་པ་ལ་སོགས་པའི་ཚོགས་ཡིད་དུ་འོང་ཞིང་སྒྲ་སྙན་པ་སྒྲོགས་པ་རྣམས་དང་ལྡན་པས་ཡིད་དུ་འོང་བ། མེ་ཏོག་དང་ཤིང་མཆོག་རྣམ་པ་ཐ་དད་པ་རྣམས་ཀྱིས་བརྒྱན་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྐས་དང་ལྡན་པའི་རྫིང་བུ་རྣམས་དང༌། དཔག་བསམ་གྱི་ཤིང་རྣམས་དང༌། ཕྱོགས་བཞི་རུ་འཁོར་ལོ་མཆོད་པའི་ཕྱིར་དྲི་དང་སྤོས་དང་མར་མེ་དང་མེ་ཏོག་དང་བཟའ་བ་དང་བཅའ་བ་དང་ཁང་བཟངས་དཀར་པོ་བླ་ན་མེད་པ་དང༌། སྐྱེད་མོས་ཚལ་དང་བཞོན་པ་དང༌། མལ་སྟན་དང་གདན་ལ་སོགས་པ་དཔག་ཏུ་མེད་པ། ཡི་གེ་སྭཱའི་ས་བོན་ལས་བྱུང་བ། ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་བསམ་པར་བྱའོ། །དེ་ནས། རང་བཞིན་དག་པའི་ཆོས་རྣམས་ཀྱི། །ཆོས་དབྱིངས་གནས་པ་མེད་པ་ལ། །རྟོག་པའི་རྡོ་རྗེ་ལས་བྱུང་བ། །རྗོད་པ་ཡང་ནི་བརྗོད་པ་མིན། །ཞེས་བྱ་བ་འདིས་སྟོང་པ་ཉིད་དུ་རོ་གཅིག་ཅིང༌། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དཀྱིལ་འཁོར་བའི་ལྷ་རྣམས་དང་ཐ་དད་པ་མེད་ཅིང་རང་བཞིན་གྱིས་འོད་གསལ་བའི་མཆོག་ཏུ་དགའ་བའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །ལས་རྒྱལ་པོ་མཆོག་ནི་དེ་ཉིད་དུ་ཞེ་སྡང་ལ་སོགས་པ་རྣམས་ལ་མངོན་པར་དགའ་བའི་སེམས་ཅན་གྱི་དོན་བྱ་བའི་མཚན་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །དེ་ནས་བརྟན་པར་བྱ་བའི་ཕྱིར་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པས་ནི་རང་གི་རིག་མའི་པདྨའི་སྣ་རྩེ་རིན་པོ་ཆེ་ཁ་དོག་སྣ་ལྔ་བ་ཡུངས་ཀར་གྱི་འབྲུའི་ཚད་ཙམ་བསམས་ལ། དེའི་ནང་དུ་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་རང་གི་འཁོར་ལོ་བདག་པོ་དང་བཅས་པའམ། ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་གསང་བ་ལྔའི་བདག་ཉིད་


DTG041_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བར་བྱའོ། །ཡང་ན་ཕུང་པོ་སོགས་པ་བྱིན་གྱིས་བརླབས་པས་སྙོམས་པར་ཞུགས་ཤིང་ལས་ལ་གནས་པའི་གཟུགས་གཅིག་པུ། ཇི་སྲིད་སྒྲ་ལ་སོགས་པ་ཉེ་བར་གྱུར་པ་མི་དམིགས་པ་དང་བསམ་པར་བྱ་བ་ཙམ་ལ་དམིགས་པའི་མཚན་མའི་སྒོ་ནས་སེམས་བརྟན་པར་གྱུར་པར་སེམས་ཀྱིས་ཤེས་པར་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས། སངས་རྒྱས་འབར་བའི་འོད་མཚུངས་པའི། །རབ་མཆོག་སྤྲིན་རྣམས་སྤྲོ་བར་བྱ། །དེ་ནས་རྡོ་རྗེ་དང༌། འཁོར་ལོ་དང༌། དྲིལ་བུ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རལ་གྲིའི་སྤྲིན་དང་། དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་པ་རྣམས་ཀྱིས་ནམ་མཁའི་དབྱིངས་མ་ལུས་པ་ཏིལ་གྱི་གང་བུ་བཞིན་དུ་ཀུན་དུ་བཀང་སྟེ། བསྡུ་བ་དང༌། བསྟིམ་པ་དང༌། བརྟན་པར་བྱ་བ་དང༌། རྗེས་སུ་མཉེས་པར་ཡང་བྱའོ། །དེ་བཞིན་དུ་ཞེ་སྡང་རྡོ་རྗེ་རྣལ་འབྱོར་པས་ནི་ཨུཏྤལ་སྔོན་པོའི་འདབ་མ་ལྟ་བུའི་རྡོ་རྗེ་རྩེ་དགུ་པ་འབར་བ་ནས་ཀྱི་འབྲུའི་ཚད་ཙམ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་མི་བསྐྱོད་པའི་རྣལ་འབྱོར་བས་ནི་རྡོ་རྗེ་རྩེ་ལྔ་པ་འབར་བ་དང༌། རང་གི་རིགས་ཀྱི་དེ་བཞིན་གཤེགས་པའི་རྣལ་འབྱོར་བས་ནི་ཙ་ན་ཀའི་འབྲས་བུའི་ཚད་ཙམ་གྱི་འཁོར་ལོ་རྩིབས་བརྒྱད་པ་དང༌། དེ་བཞིན་པདྨ་རིགས་ཀྱི་རྣལ་འབྱོར་པས་པདྨ་འདབ་མ་བརྒྱད་པ་དང་རིན་པོ་ཆེའི་རིགས་ཀྱི་རྣལ་འབྱོར་བས་སྔ་མ་བཞིན་དུ་རིན་པོ་ཆེ་སྟེ། འོན་ཀྱང་བཻ་ཌཱུཪྻ་དང༌། རང་གི་རིགས་ཀྱི་དོན་ཡོད་པར་གྲུབ་པའི་རྣལ་འབྱོར་བས་ཨུཏྤལ་ལྗང་གུའི་འདབ་མ་ལྟ་བུའི་རལ་གྲི་ནས་ཀྱི་འབྲུའི་ཚད་ཙམ་བསམས་ལ། ཐམས་ཅད་ཀྱི་ཆོ་ག་ཀུན་རྡོ་རྗེ་འཆང་ཆེན་པོ་དང་མཚུངས་པར་བྱའོ། །དེ་ལྟར་མཚན་མ་དང་ལྷའི་རྗེས་སུ་གནང་བ་ཐོབ་པ། སྒྲུབ་པའི་དཀྱིལ་འཁོར་དུ་ཐམས་ཅད་བྱེད་ཅིང་གྲུབ་པ་ནི་འགྲོ་བ་མ་ལུས་པ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ནུས་པར་འགྱུར་རོ། །བཟླས་པ་ཡང་བྱ་སྟེ། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་པདྨ་དང་ཟླ་བ་ལ་བྷྲཱུཾ་ཨོཾ་ཨཱཿ་ཧཱུཾ་བཛྲ་དྷྲྀཀ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་མགོ་གྱེན་དུ་བལྟས་ཤིང༌། ཁང་པའི་ནང་ན་


DTG041_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་མར་མེ་བཞིན་དུ་ལུས་ཀྱི་ཡན་ལག་ཀུན་དུ་གསལ་བར་བྱེད་པ་བཀོད་ལ། མར་མེ་ལས་མར་མེ་འབྱུང་བ་བཞིན་དུ་ཡེ་ཤེས་སེམས་དཔའི་རྡོ་རྗེ་ནས་ཕྱུང་སྟེ། རང་གི་རིག་མའི་ཁ་ནས་ཡེ་ཤེས་ཀྱི་རིག་མའི་ཞལ་དུ་བཅུག་ལ། དེ་བཞིན་དུ་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུའི་རང་བཞིན་གྱི་འཁོར་ལོ་བཅུག་ནས། དེའི་པདྨའི་ལམ་དང་རིག་མའི་པདྨའི་ལམ་ནས་ཕྱུང་སྟེ། རང་གི་རྡོ་རྗེའི་ལམ་དང་ཡེ་ཤེས་སེམས་དཔའ་དེའི་ལམ་ནས་བཅུག་ལ། དཀྱིལ་འཁོར་དེའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་གཞུག་ཅིང་བཟླས་པར་བྱ་སྟེ། ཡང་དང་ཡང་དུ་སྔགས་བརྗོད་ཅིང༌། ཏིལ་གྱི་གང་བུ་དང་མཚུངས་པའི་དཀྱིལ་འཁོར་པ་རྣམས་ལ་ཡང་དེ་བཞིན་དུ་སྔགས་བཀོད་དེ། ཐམས་ཅད་ཀྱི་སྔགས་ཀྱི་སྒྲ་ལ་དེ་རྣམས་ཀྱི་སྒོ་ནས་དམིགས་ཤིང་བཟླས་པ་བྱའོ། །དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་པ་བདག་ཉིད་ཀྱིས་རང་གི་སྔགས་དགོད་པ་སྔོན་དུ་འགྲོ་བ་ཅན་ནི་རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ལ་ལྷ་ཐམས་ཅད་ཀྱི་སྔགས་ཀྱི་ནི་བྷྲཱུཾ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་བཀོད་ནས་འབྱིན་པའི་སྙིང་པོ་སྭཱ་ཧཱའི་མཐའ་ཅན་རྣམས་ཡིན་ནོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ་རྟེན་དང་བཅས་པའི་སྐུ་ལ་སོགས་པའི་ཡི་གེ་རྣམས་རྣམ་པར་བཀོད་དེ། སྔགས་དེ་རྣམས་ལས་ཕྱག་མཚན་དང་ལྷ་རྣམས་རིགས་ཀྱི་བྱེ་བྲག་གི་སྒོ་ནས་རྣམ་པ་གསུམ་རིམ་གྱིས་སམ་ཅིག་ཅར་དུ་སྤྲོ་བར་བྱ་སྟེ། འདིས་ནི་རྡོ་རྗེ་གསུམ་དང་མཚུངས་པར་འགྱུར་རོ། །ཏིལ་གྱི་གང་བུ་དང་མཚུངས་པའི་དཀྱིལ་འཁོར་པ་རྣམས་ལ་སྐུ་གསུང་ཐུགས་བསམས་ཏེ། ལྷ་མོའི་ཚོགས་ཡང་དག་པར་སྤྲོས་ལ་སྔ་མ་བཞིན་དུ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་བྱ་སྟེ། འབྲས་བུ་དེ་ནི་དེ་དང་མཚུངས་པའོ། །ཡང་ན་དཀྱིལ་འཁོར་ན་གནས་པའི་སྐུ་རྡོ་རྗེའི་རྣལ་འབྱོར་པས་སྒྱུ་མ་ལྟ་བུའི་སྐུ་ལ་སོགས་པར་ལྷག་པར་མོས་པའི་སྒོ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨའི་ཟླ་བ་ལ་ཡི་གེ་ཨོཾ་རྣམ་པར་བཀོད་དེ། ཡི་གེ་ཨོཾ་ལས་འཁོར་ལོའི་ཕྱག་རྒྱ་དང་རྣམ་པར་སྣང་མཛད་རྣམས་སྤྲོ་བར་བྱའོ། །དེ་བཞིན་དུ་གསུང་རྡོ་རྗེ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་


DTG041_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱ་བ་ཡིན་ཏེ། ཐམས་ཅད་དུ་སྔགས་བརྗོད་པར་བྱ་ཞིང༌། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཡང་དག་པར་སྤྲོས་ཏེ། དེ་རྣམས་ཀྱིས་ནམ་མཁའ་ལ་བརྗོད་པའི་མཐར་དེ་རྣམས་ཡང་དག་པར་བསྡུས་ཏེ། རང་གི་སྙིང་གར་གཞུག་ཅིང་བཟླས་པ་བྱའོ། །ཡོད་པའམ་མེད་པ་དང༌། སྒྲའམ་སྒྲ་མ་ཡིན་པ་དང༌། ཕྱིའམ་ནང་ངམ་གཉིས་ཀའི་བར་ན་སེམས་གནས་ཞེས་རྣམ་པར་དཔྱོད་པ་ནི་སྐུ་རྡོ་རྗེ་དང་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་རྣམས་ཀྱི་བཟླས་པ་ཡིན་ནོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དུས་གསུམ་གྱི་སངས་རྒྱས་དཀོན་མཆོག་རྣམས་ཀྱི་དོན་ལ་རྣམ་པར་དཔྱོད་པ་ནི་རིན་པོ་ཆེའི་བཟླས་པའོ། །རང་གི་བ་སྤུའི་བུ་གའི་གསེབ་ནས་བྱུང་བ་རྟེན་དང་བརྟེན་པར་བཅས་པའི་སངས་རྒྱས་ཀྱི་ཞིང་ནམ་མཁའ་དང་མཉམ་པ་སྤྲོ་བ་ནི་དོན་ཡོད་པའི་བཟླས་པའོ། །ཁྲོ་བོའི་རྣལ་འབྱོར་པས་ནི་དཔག་ཚད་བྱེ་བའི་ཚད་དང་ལྡན་པའི་དཀྱིལ་འཁོར་ན་བཞུགས་པའི་ལྷའི་འཁོར་ལོས་གསན་པར་བྱའོ་སྙམ་དུ་ལྷག་པར་མོས་པའི་སྒོ་ནས་བཟླས་པ་བྱས་ཏེ། ལྕེ་ནི་ཤིན་ཏུ་མི་གཡོ་ཞིང༌། །སོ་དང་མཆུ་དག་མི་སྦྱོར་བའི། །རྡོ་རྗེ་ཚིག་ནི་སྒྲ་མེད་པས། །འདོད་པ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་བྱ་བས་གང་ཡང་རུང་བའི་མིང་ཅན་ཇི་སྲིད་འདོད་པར་བཟླས་པ་བྱས་ལ། དེའི་དོན་ལ་ངེས་པར་བརྟག་པར་བྱ་སྟེ། སྔགས་ལ་དམིགས་པའི་ལུས་དང་ནི། །ངག་དང་ཡིད་ཀྱིས་བསྐུལ་ནས་སུ། །ཡིད་ནི་དགའ་ཞེས་མགུ་བ་ཡིས། །དངོས་གྲུབ་རབ་མཆོག་བསྒྲུབ་པར་བྱ། །སེམས་ལ་དམིགས་པ་བདག་མེད་པས། །ངག་དང་ལུས་ཀྱང་རྣམ་པར་བསྒོམ། །ནམ་མཁའི་བཞིན་དུ་མཉམ་པའི་གནས། །སྦྱོར་བ་རྣམ་གསུམ་བསྒྲུབ་པར་བྱ། །ལུས་དང་ངག་དང་སེམས་དམིགས་ན། །ངོ་བོ་ཉིད་ནི་དམིགས་སུ་མེད། །སྔགས་ཀྱི་ལུས་སུ་སྦྱོར་བ་ལ། །བྱང་ཆུབ་མེད་ཅིང་སྦྱོར་བ་མེད། །སྐུ་གསུང་ཐུགས་ནི་མཚན་ཉིད་དུ། །འདི་ནི་མདོར་ན་རྣམ་དཔྱད་ནས། །སྔགས་ཀྱིས་བཏགས་པའི་ཏིང་ངེ་འཛིན། །བྱང་ཆུབ་སྦྱོར་བ་བསྒོམ་པར་བྱ། །ཞེས་བྱ་བ་འདིས་རྫོགས་པའི་ཡེ་ཤེས་རྟོག་པའི་ཉེས་པ་ཐམས་ཅད་དང་བྲལ་ཞིང་མཆོག་ཏུ་བྲག་པ་མེད་པའི་བདེ་བ་ཆེན་པོར་བདག་ཉིད་བལྟ་བར་


DTG041_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་ཞེ་སྡང་རྡོ་རྗེ་མཆོག་ཏུ་བདེ་བ་ལ་ཞུགས་པ་མཐོང་ནས་ནི། བདེ་བའི་རོ་དང་བྲལ་བས་མཱ་མ་ཀཱི་སོགས་ཡིད་འོང་ཞིང༌། །འདོད་པའི་བདེ་བ་རྣམས་ཀྱིས་སྒྲ་སྙན་དང་ལྡན་པའོ། །ཀླུ་རྣམས་སྙན་པ་ཡིད་འོང་དག་གིས་བསྐུལ་བར་བསམ་བྱས་ཏེ། །རྡོ་རྗེ་ཐུགས་ཁྱོད་སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་སྟེ། །དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་སྒྲུབ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེ་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་ཤིན་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོ་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་ཡོན་ཆེ། །ཡང་དག་རྫོགས་པ་སངས་རྒྱས་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་དེ་རིང་བདག་ལ་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་ལྷ་མོ་རྣམས་ཀྱིས་ཡང་དག་པར་སྐུལ་བར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་གསུང་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་ཆོས། །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་བྲལ། །དངོས་ཉིད་དག་པ་དྲི་མ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་


DTG041_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཞེས་བྱ་བས་བསྟོད་པར་གྱུར་ཏོ། །དེ་ནས་ཡང་དག་པར་བཞེངས་ནས་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་དཀྱིལ་འཁོར་རྣམས་ཕུང་པོ་ལ་སོགས་པ་རྣམས་ལ་བཅུག་ནས། ཐམས་ཅད་ཀྱང་ཡི་གེ་གསུམ་དུ་བསྡུས་ལ། དེ་རྣམས་ཀྱང་ནམ་མཁའ་དང་མཚུངས་པར་དམིགས་ནས་ཉེ་བར་བསྡུ་བར་བྱའོ། །དེ་ལྟར་བསྒོམ་པ་ན་གང་གི་ཚེ་སྐྱོ་བར་གྱུར་པ་དེའི་ཚེ། རང་གི་ལྷ་ཚིམ་པར་བྱ་བའི་དོན་དུ་མགོ་ལས་མཐོ་གང་ཙམ་གྱི་སྟེང་དུ་དམ་ཚིག་ལྔའི་དཀྱིལ་འཁོར་བསམས་ལ། དེའི་དབུས་ན་གནས་པའི་ཡི་གེ་ཨོཾ་གྱི་འོད་ཟེར་དམར་པོས་ཞུ་བར་གྱུར་ནས། ཟླ་བ་ལྟར་བསིལ་བའི་རྒྱུན་རྐན་གྱི་ཕྱོགས་སུ་བབས་པས་རྩ་རྣམས་ཀྱི་སྦུབས་ཁྱབ་པའི་སྒོ་ནས་ལུས་ཐམས་ཅད་ཚིམ་པར་བསམ་པར་བྱའོ། །རྣལ་འབྱོར་པ་འགའ་ཞིག་གང་གི་ཚེ་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་བྱུང་བ་དེའི་ཚེ། ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་ཡི་གེ་ཨོཾ་ལས་བྱུང་བའི་རང་གི་ལྕེ་འོད་ཟེར་སྣ་ཚོགས་ཀྱི་ཕྲེང་བ་དང་ལྡན་པ་བསམས་ལ། རང་གི་མཆུ་ལ་རེག་པར་ཡི་གེ་བཾ་ལས་བྱུང་བའི་བུམ་པ་བཟང་པོ་སེར་པོ་ཟླ་བ་ཕྱེད་པ་དང་ཐིག་ལེར་བཅས་པའི་ཨོཾ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུས་རྣམ་པར་བརྒྱན་པ་བལྟས་ཏེ། དེ་ནས་ལྕེའི་འོད་ཟེར་གྱིས་བཀུག་ལ་བཟའ་བ་དང་བཏུང་བ་ལ་སོགས་པ་བྱས་ན་ཐམས་ཅད་འགྲུབ་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་བཀའ་འདི་ནི་ཕྱིན་ཅི་མ་ལོག་པ་ཡིན་ནོ། །ཡིད་ཆེས་པ་བརྟེན་ཞིང་སྡོམ་པ་ལ་གནས་པ། ལྷའི་ང་རྒྱལ་གྱིས་བྱ་བ་མ་ལུས་པ་བསྒྲུབ་པ་ལྷུར་ལེན་ཅིང་ལྷ་རྣམས་ཀྱིས་རྗེས་སུ་གནང་བ་བྱིན་པས་གང་གི་ཚེ་ཟླ་བ་དྲུག་དང་གཉིས་དང་ཕྱེད་དང་གཉིས་དང་གཅིག་དང་ཕྱེད་དང་ཞག་བདུན་པའི་བསྒྲུབ་པ་དྲུག་གིས་ལྷ་རྣམས་མ་གྲུབ་པ་དེའི་ཚེ་ཞག་བདུན་པའི་སྒྲུབ་པ་བརྩམ་པར་བྱ་སྟེ། ཧཱུཾ་གྱི་ས་བོན་ལས་བྱུང་བའི་གཞལ་ཡས་ཁང་གི་ནང་ན་གནས་པའི་


DTG041_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་གང་ཡང་རུང་བའི་རྡོ་རྗེའི་རིགས་ཀྱི་རྣལ་འབྱོར་དང་ལྡན་པས། རང་གི་སྤུའི་བུ་གའི་གསེབ་ནས་ཕྱུང་བའི་ལྷ་མོའི་ཚོགས་ཀྱིས་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་ཡེ་ཤེས་ཀྱི་ལྷ་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་དེ་རྣམས་ཉིད་ཀྱིས་སྙན་ཅིང་འཇམ་ལ་ཡིད་དུ་འོང་བའི་ཚིག་རྣམས་ཀྱིས་བསྐུལ་ནས་བཀུག་ལ་རང་གི་ལུས་ལ་བཅུག་སྟེ་དེ་དང་ལྷན་ཅིག་ཐ་མི་དད་པར་བདག་ཉིད་བསྒོམ་པར་བྱ་སྟེ་ཞག་བདུན་ན་འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་མ་གྲུབ་པ་དེའི་ཚེ་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་གནས་པའི་པདྨའི་སྟེང་གི་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་བྱུང་བ་གནོད་མཛེས་རྒྱལ་པོ་དང་མཚུངས་ཤིང་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་ལྕགས་ཀྱུ་རང་གི་ཁ་ནས་ཕྱུང་སྟེ། ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་གནས་པའི་རཾ་ལས་བྱུང་བའི་ཤིང་རྟ་གསུམ་ལ་བཞག་ལ། འཇིག་པའི་དུས་ཀྱི་མེ་དང་ཉི་མ་ལྟ་བུ་རང་ལ་བཀའ་ནོད་པར་བསམས་ནས་མངག་པར་བྱའོ། །ཡང་དག་པར་སོང་ནས་རྡོ་རྗེ་ལྕགས་ཀྱུ་འབར་བས་དེའི་ཐུགས་ཀར་བརྡབ་ཅིང༌། རྡོ་རྗེ་ཆེན་པོ་ཆེ་གེ་མོ། །ཁྱོད་ཀྱི་སྒྲུབ་པ་ལ་གནས་ཤིང༌། །ཁྱེད་ལ་རྟག་ཏུ་གུས་པ་ཉིད། །དམ་ཚིག་སྲུང་བ་ལྷུར་ལེན་ཞིང༌། །དབང་དག་བསྐུར་ཞིང་རྗེས་གནང་ཐོབ། །དེ་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་ན་ཞག་བདུན་ན་འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཡང་དངོས་གྲུབ་མི་སྟེར་ན་དེའི་ཚེ་རིག་མའི་པདྨའི་ནང་དུ་ཡི་གེ་ཧ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ཉི་མ་བྱེ་བ་དང་མཚུངས་པ་རྣམ་པར་བསམས་ལ། དེའི་ཡང་སྟེང་གི་ཡི་གེ་ར་དང༌། དེའི་སྟེང་གི་ཕཊ་ལས་བྱུང་བའི་གྲུ་གསུམ་འབར་བ་བསྐལ་པའི་མེ་ལྟར་འབར་བ་ཡོངས་སུ་བསམས་ཏེ། རང་གི་རྡོ་རྗེ་སྔ་མ་བཞིན་དུ་རྡོ་རྗེ་འབར་བར་རྣམ་པར་བསམས་ནས། དེ་ཁོ་ན་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་མངགས་ཏེ། དེས་ཡེ་ཤེས་ཀྱི་ལྷ་སྙིང་གནས་ཕུལ་ལ་བཀུག་སྟེ་བཅུག་ལ་ལྷ་མོའི་པདྨའི་ནང་དུ་མེའི་དཀྱིལ་འཁོར་ལ་གཞག་པར་བྱའོ། །


DTG041_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྲེག་པར་བྱེད་པའི་འོད་ཟེར་གྱི་ཚོགས་འཕྲོ་བའི་རྡོ་རྗེ་དེ་པདྨར་བཅུག་ལ་སྔར་བཤད་པའི་རིག་མའི་སྔགས་ཀྱི་ཕྲེང་བ་བཀོད་པ་དུས་མཐའི་མིའི་ཕྲེང་བ་ལྟར་དེའི་ལུས་ལ་བསམ་པར་བལྟ་བར་བྱའོ། །དེ་དག་ཐམས་ཅད་ཀྱིས་ཐལ་བ་ཉིད་དུ་བྱས་པར་བལྟས་ལ། དེའི་རྣམ་པར་ཤེས་པ་མར་མེ་ལྟ་བུ་ཡི་གེ་ཧཱུཾ་གི་གཟུགས་ཅན་ཡོངས་སུ་གྱུར་པར་བྱས་ནས། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་གཟུགས་སུ་རྣམ་པར་བསྒོམས་ནས། རང་གི་ལུས་ལ་ཡང་བཅུག་སྟེ། དེ་དང་ལྷན་ཅིག་ཐ་མི་དད་པར་བདག་ཉིད་བསྒོམས་ན་རང་གིས་བཤད་པའི་དམ་ཚིག་ལས་འདས་པའི་འཇིགས་པས་ཞག་བདུན་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །རྣམ་པ་གསུམ་པོ་དེ་རྣམས་ཀྱིས་གོ་རིམས་བཞིན་དུ་བསྡུམ་པ་དང་དབྱེ་བ་དང་ཆད་པས་གཅད་པའི་རིམ་པར་ཤེས་པར་བྱ་སྟེ། དེ་ལྟ་བུ་ནི་སྒྲུབ་ཐབས་ཀྱི་རིམ་པའོ། །དེ་ལྟ་བུའི་ཞལ་དང་ཕྱག་ལ་སོགས་པ་དང་ལྡན་ཞིང་འཁོར་ལོ་དང་བཅས་པའི་བཅོམ་ལྡན་འདས་གཟིགས་ནས། བཙུན་མོའི་ཆོས་འབྱུང་ནས་བྱུང་སྟེ། མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རབ་ཏུ་དགའ་བའི་ཡིད་དང་ལྡན་པ་རྣམས་ཀྱི་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དེ། ཨེ་མ་ཞེས་བྱ་བ་ནི་ངོ་མཚར་བའོ། །འོ་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཆེན་ནོ། །བྱང་ཆུབ་སེམས་ནི་རབ་འཇུག་པ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་དཀྱིལ་འཁོར་ལོའི་སྒོ་ནས་འགྲོ་བ་མ་ལུས་པ་རྣམས་ཀྱི་དོན་བྱེད་པའོ། །འདི་དེ་བཞིན་གཤེགས་པ་ཀུན་གྱི་ཡིན་པས་དེ་བཞིན་གཤེགས་པ་ཀུན་གྱིའོ། །བྱ་བ་ལ་སོགས་པའི་ཚུལ་ལ་བརྟེན་པ་རྣམས་ཀྱིས་མི་ཤེས་པ་ཉིད་ཡིན་པའི་ཕྱིར་གསང་བའོ། །ཐབས་ལས་འདས་པ་ཉིད་ཡིན་པའི་ཕྱིར་རབ་ཏུ་བརྟག་ཏུ་མེད་པའོ། །ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རྙོག་པ་མེད་པའོ། །ད་ནི་མ་འོངས་པ་རྣམས་ལ་གཟིགས་ནས་རྡོ་རྗེ་འཆང་ཆེན་པོའི་ཡན་ལག་གི་ཆ་ཤས་ཀྱི་བདག་ཉིད་ནུས་པ་དང་མི་ལྡན་ཞིང་འཁྲུལ་པ་ཅན་གྱི་གདུལ་བྱ་རྣམས་དང་ཐ་མི་དད་པའི་རང་བཞིན་གྱི་སའི་སྙིང་པོ་ལ་སོགས་པ་རྣམས་ལ་སློབ་དཔོན་དང་སློབ་མའི་འབྲེལ་པ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཉིད་ཡིན་པའི་དེ་ཁོ་ན་ཉིད་ཡིན་ཞིང༌། དེ་དག་


DTG041_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་འཇུག་པའི་རང་བཞིན་དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནི་དགའ་བ་རྒྱས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རིན་པོ་ཆེ་ཡིན་ལ། དེའི་སྤྲིན་དེ་ནམ་མཁའ་ཁྱབ་པའི་བཀོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་ཕྱག་འཚལ་ནས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཀུན་གྱི་གསང་བ་ནི་བདེ་བ་ཆེན་པོའོ། །དེ་ལས་བྱུང་བ་ནི་གསང་བ་ལས་བྱུང་འདུས་པའོ། །དེ་ཉིད་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིན་པས་ན་རྡོ་རྗེ་སྙིང་པོའོ། །མདོར་བསྡུས་ནས་བསྟན་པའི་ཕྱིར་བཏུས་པའོ། །དེ་ཉིད་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་དེ་བཤད་ཅིང་གསལ་བར་མཛད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་སུ་སྟེ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་ཞལ་གྱིས་བཞེས་པ་སྟེ། ལེགས་སོ་ཞེས་བྱ་བ་ནི་མངོན་པར་འདོད་པའི་དོན་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟོག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་རིགས་ངེས་པ་དང་ལྡན་པའི་སེམས་ཅན་རྣམས་ཏེ། དུས་གསུམ་གྱི་དམ་ཚིག་དེ་བཞིན་གཤེགས་པ་ཐམས་ཅད་ནི་དེ་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དེ་ཁོ་ན་ཡིན་པར་རྗེས་སུ་ཤེས་པར་བྱ་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཡིན་པས་སོ་ཞེས་འབྱུང་བའི་ཕྱིར་རོ། །གཞན་རྣམས་ལྟ་ཅི་སྨོས་ཞེས་བྱ་བ་ནི་འདི་རིགས་མ་ངེས་པ་དང་རིགས་ཆད་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པར་སྤྲོ་བ་མེད་པར་སྟོན་ཏོ། །འདི་ནི་རིགས་ངེས་པ་རྣམས་ཀྱི་ཡང་ཡུལ་མ་ཡིན་ནོ་ཞེས་བྱ་བའི་བཅོམ་ལྡན་འདས་ཀྱི་གསུང་དེ་ལྟ་བུ་ཐོས་ནས་ངོ་མཚར་དུ་གྱུར་ཅིང༌། རིགས་མ་ངེས་པ་རྣམས་ཀྱི་ཡིན་པ་ལྟ་ཅི་སྨོས་ཞེས་བྱ་བས་ནི་རྨད་དུ་གྱུར་ཏོ། །དེ་ནས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །གང་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པ་དང་ལྡན་པ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་འཁོར་དུའོ། །


DTG041_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ནི་དེ་བཞིན་གཤེགས་པ་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་སྟེ། དམ་ཚིག་དང་སྡོམ་པ་ལ་སོགས་པ་སྟོན་པར་མི་སྤྲོ་བ་དེའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱིན་གྱིས་བརླབ་ཅིང་སྣོད་དུ་རུང་བ་ཉིད་དུ་མཛད་དེ་ཡང་དག་པར་བསྟན་དུ་གསོལ་ཞེས་བྱ་བར་སྦྱར་རོ། །གང་གི་ཞེ་ན། རྡོ་རྗེ་དམ་ཚིག་འབྱུང་བའི་རིགས་རྣམས་ཀྱིས་ཏེ། དེ་ལ་རྡོ་རྗེ་དམ་ཚིག་ནི་དབང་པོ་གཉིས་ཡང་དག་པར་སྦྱོར་བའི་མཚན་ཉིད་དེ། དེ་ལས་བྱུང་བའི་ཚིག་རྣམས་ནི་བྱང་ཆུབ་ཀྱི་སེམས་དབྱུང་བ་ལ་སོགས་པ་རྣམས་ཏེ་དེ་རྣམས་ཀྱིས་སོ། །དེས་ནི་འདི་སྐད་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཇི་སྐད་བཤད་པའི་ཚུལ་དེ་རྣམས་བཅུག་ལ། ཕྲེང་བ་དང་བུམ་པ་ལ་སོགས་པའི་དབང་རྣམས་དང༌། གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་དག་གིས་དབང་བསྐུར་ཏེ་བཞེངས་ནས་ལུང་བསྟན་པ་སྔོན་དུ་འགྲོ་བ་ཅན་གྱིས་བཤད་པ་མཛད་དུ་གསོལ་ཞེས་བསྟན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདེ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ནི་ཐབས་དང་ཤེས་རབ་ལས་བྱུང་བའི་མཆོག་ཏུ་དགའ་བའོ། །ཡིད་བདེ་བ་ནི་དེ་ལས་བྱུང་བའི་ལྷའི་ཁྱད་པར་ནམ་མཁའི་གཏོས་ཁྱབ་པ་རྣམས་ཀྱིས་འགྲོ་བ་མ་ལུས་པ་རྣམས་ཀྱི་དོན་བྱེད་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་བསྒོམ་པ་གོང་ནས་གོང་དུ་གོམས་པར་བྱས་པའི་སྟོབས་ཀྱིས། རྒྱུད་ལས་གསུངས་པ་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་རྣམས་ཀྱི་དངོས་གྲུབ་དག་ཐོབ་པར་བྱ་བའི་བར་གྱི་ཕྱིར་རོ་ཞེས་བསྟན་ཏོ། །དེ་ནས་དེ་རྣམས་སྣོད་དུ་རུང་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་དེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་རིགས་ཐམས་ཅད་བསྡུས་པར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་སྒྲོན་མ་ནི་མི་བསྐྱོད་པ་སྟེ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་


DTG041_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡེ་ཤེས་ཀྱིས་རྣམ་པ་རྟོག་པའི་མུན་པ་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཉིད་དང་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱིས་སྣང་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་ལྟར་མི་ཤིགས་པས་ན་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བའི་མིང་ཡོད་པ་དེ་ལ་སྙོམས་པར་ཞུགས་སོ། །ཤིན་ཏུ་དྲག་ཅིང་གཏུམ་པ་ལ། །ཞི་བར་ཕན་པར་མི་འགྱུར་ཏེ། །ཞེས་འབྱུང་བའི་ཕྱིར་དེ་ལྟ་བུར་གྱུར་པའི་གདུལ་བྱ་རྣམས་ཀྱི་དོན་བྱ་བའི་ཕྱིར་ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་ཁྲོ་བོ་ནི་ཞེ་སྡང་སྟེ། སོ་གའི་དུས་ཀྱི་སྤྲིན་མེད་པའི་ཉིན་པར་གྱི་ཉི་མ་ཕྱེད་ཀྱི་རྒྱ་མཚོ་ཆེན་པོའི་ཆུ་བཞིན་དུ་ཕྱི་རོལ་དྲོ་ཞིང་ནང་བསིལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་རིགས་ནི་ཁྲོ་བ་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་རྩེ་ལྔ་པ་མཆོག་ཏུ་འབར་བ་སྟེ་འགྲོ་བ་མ་ལུས་པའི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་གྱི་མི་བསྐྱོད་པའི་གཟུགས་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །མཆོག་གི་སྙིང་པོའི་སྙིང་པོ་འདི་ཞེས་བྱ་བ་ནི་ཐུས་ལ་གནས་པའོ། །ཕྱུང་པོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཤད་པའི་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་མི་བསྐྱོད་པ་ཕྱུང་བའོ། །བཛྲ་དྷྲྀཀ་ཅེས་བྱ་བ་འདིའི་དོན་ནི་འདི་ཡིན་ཏེ། རྡོ་རྗེ་ཞེས་བྱ་བ་ནི་འོག་གི་རྩེ་མོ་ལྔས་ཆོས་མ་ཡིན་པའི་རང་བཞིན་གྱི་མུན་པའི་རྣམ་པར་ཤེས་པ་ལྔའི་རྣམ་པར་རྟོག་པ་ལྔ་སྤངས་པ་དང༌། སྟེང་དུ་བལྟས་པ་རྣམས་ཀྱིས་སྟོང་པ་ཉིད་ལ་སོགས་པའི་རྒྱུ་མཐུན་པ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ཁོང་དུ་ཆུད་པ་མཚོན་པར་བྱེད་པའོ། །རྡོ་རྗེ་འཛིན་པར་བྱེད་པས་ན་བཛྲ་དྷྲྀཀ་སྟེ། བཅོམ་ལྡན་འདས་མི་བསྐྱོད་པའོ། །དེ་སྐད་དུ་ཡང༌། ལྔ་ནི་ཡངས་པ་ལྔ་རིག་པ། །བཛྲ་ཞེས་ནི་མངོན་པར་བརྗོད། །འཛིན་པ་དྷྲྀཀ་ཅེས་བྱ་བར་བཤད། །རྣམ་ཤེས་བཛྲ་དྷྲྀཀ་ཏུ་འདོད། །ཅེས་གསུངས་སོ། །དེ་ནས་འདི་ཞེས་བྱ་བ་ལ་སོགས་པ་ནས་བཞུགས་སོ་ཞེས་བྱ་བར་སྦྱར་ཏེ། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཅན་ནོ། །རིག་པའི་སྐྱེས་བུ་ཞེས་བྱ་བ་ནི་ཡང་དག་པར་སྦྱོར་བ་དང་ལྡན་པ་སྟེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཐ་དད་དངོས་སུ་དབྱེར་མེད་པའི། །རིག་དང་ལྷན་


DTG041_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྦྱོར་བ་ཡི། །སྐྱེས་བུ་རིག་པའི་སྐྱེས་བུར་བརྗོད། །ཅེས་འབྱུང་བའི་ཕྱིར་རོ། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ནི་ཞལ་ནག་པོ་ལ་སོགས་པའི་བདག་ཉིད་ཅན་ཏེ། དེར་སྦྱོར་བ་ནི་དབྱུང་བ་སྔོན་དུ་འགྲོ་བ་ཅན་གྱི་རང་ལ་གཞུག་པ་ཡིན་ཞིང༌། དེས་ནག་པོའི་རྣམ་པར་གྱུར་པའི་ཕྱིར་སྒྲུབ་ཐབས་ལས་བཤད་པའི་མཚན་ཉིད་ཅན་གྱི་ཞེ་སྡང་རྡོ་རྗེར་གྱུར་ཏོ་ཞེས་བསྟན་ཏོ། །དེ་བཞིན་དུ་ལེའུ་བཅོ་བརྒྱད་པས་བཅོམ་ལྡན་འདས་ཀྱིས་འབྱིན་པའི་སྔགས་ཐམས་ཅད་བཤད་པས་དེའི་ཕྱིར་བརྗོད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པ་དང་རྗེས་སུ་མཐུན་པ་ཁོ་ནར་སྦྱར་བར་བྱའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ངོ༌། །དེ་བཞིན་གཤེགས་པ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་འདའ་བར་བྱ་བ་མ་ཡིན་པ་སྟེ། མེ་ལོང་བཞིན་དུ་ལྷ་ཐམས་ཅད་ཀྱི་གཟུགས་འབྱུང་བའི་རྒྱུ་མེ་ལོང་ལྟ་བུའི་ཡི་ཤེས་སོ། །དེ་ལས་འབྱུང་བས་ན་དམ་ཚིག་འབྱུང་བ་སྟེ་རྣམ་པར་སྣང་མཛད་དོ། །དེ་ཉིད་མི་ཤིགས་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་སྟེ། དེའི་ང་རྒྱལ་དུ་སེམས་རྩེ་གཅིག་པ་ཉིད་དུ་མཛད་དེ་ཞེས་བྱ་བའི་དོན་ཏོ། །ལ་མ་རྨོངས་པ་དང་བཅས་པའི་སེམས་ཅན་གདུལ་བར་བྱ་བའི་དོན་དུ་ཞི་བའི་རོ་དང་ལྡན་པ་ནི་གཏི་མུག་སྟེ། དེའི་རིགས་ནི་ཞི་བ་ལ་སོགས་པའི་གཟུགས་ཅན་ནོ། །མཆོག་གི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ཡོད་མེད་དབུས་ལས་འདས་གྱུར་ཅིང༌། །འབྱུང་དང་འབྱུང་འགྱུར་ལས་བྱུང་བ། །སེམས་ཅན་དག་ནི་ཀུན་གྱི་ལུས། །རྒྱལ་བ་སྐྱེད་བྱེད་ཛི་ན་ཛིཀ །སྤྱན་སྔར་ཞེས་བྱ་བ་ནི་མདུན་དུ་སྟེ། བཅོམ་ལྡན་འདས་ལ་གཟིགས་ཏེ་བཞུགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་སྔ་མ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རིན་པོ་ཆེ་ནི། ཐབས་དང་ཤེས་རབ་མཉམ་པ་ཉིད་དུ་རོ་གཅིག་པའི་བདེ་བ་ཆེན་པོ་སྟེ། དེ་ལས་འབྱུང་བས་ནི་རིན་པོ་ཆེ་འབྱུང་བ་སྟེ་རིན་ཆེན་དཔལ་ལོ། །རྫས་ཐམས་ཅད་དག་པར་བྱེད་པའི་ཕྱིར་ཕུན་སུམ་ཚོགས་པ་མི་ཕྱེད་པ་རྡོ་རྗེ་དབལ་ཏེ། ཏིང་ངེ་འཛིན་གང་ལ་དེ་སྐད་ཅེས་བྱ་བ་ཉིད་ཀྱི་མིང་ཡོད་པ་དེ་ལ་སྙོམས་པར་ཞུགས་སོ། དེ་བཞིན་དུ་ང་རྒྱལ་གྱིས་ཁེངས་པའི་སེམས་ཅན་རྣམས་འདུལ་བར་


DTG041_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་སྒོ་ནས་དོན་བྱ་བའི་ཕྱིར་འགྲོ་བ་མ་ལུས་པ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཅིང༌། ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་བདག་པོ་ང་རྒྱལ་གྱི་བ་དན་བསྒྲེང་བ་ན་གནས་པ་དང་མཚུངས་པ་ནི་ཡིད་བཞིན་གྱི་ནོར་བུ་སྟེ། དེའི་རིགས་ནི་ཡངས་ཤིང་ཆེ་བའི་རང་བཞིན་ནོ། །རཏྣ་དྷྲྀཀ་ཅེས་བྱ་བ་ལ། དོན་རྣམས་ཀུན་ལས་བྱུང་བ་ཡི། །སེམས་ནི་རིན་ཆེན་ཞེས་བྱར་བཤད། །རིག་པས་རེག་བྱ་འཛིན་པ་ཡི། །རིག་པ་རཏྣ་དྷྲྀཀ་ཏུ་འདོད། །ལོག་ནས་བཅོམ་ལྡན་འདས་ཀྱི་ལྷོ་རུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས་དེ་ཁོ་ན་བཞིན་དུ་སྦྱར་རོ། །ཐབས་དང་ཤེས་རབ་ཐམས་ཅད་ཀྱི་ཕན་ཚུན་ཤིན་ཏུ་ཆགས་པ་རྣམ་པར་དག་པར་བྱེད་པའི་སོ་སོར་རྟོག་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་སྟེ། དེ་ལས་བྱུང་བ་ནི་འོད་དཔག་ཏུ་མེད་པ་ཡིན་ཞིང་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་མཛད་དོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་པདྨ་དག་པར་བྱེད་པའི་རྡོ་རྗེ་ནི་རྡོ་རྗེ་འདོད་ཆགས་ཏེ། དེའི་རིགས་ནི་འདོད་ཆགས་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། །ཨཱ་རོ་ལྀཀ་ཅེས་བྱ་བ་ནི། མཚོན་བྱ་མཚོན་བྱེད་འདོད་པ་ཡིས། །ཀུན་དུ་ཐམས་ཅད་ཀུན་ནས་ནི། །མཚོན་བྱ་མཚོན་བྱེད་ལ་རོལ་པ། །ཨཱ་རོ་ལྀཀ་ཅེས་བསྟན་པ་ཡིན། །འཇིག་རྟེན་དབང་ཕྱུག་ནི་གསུང་རྡོ་རྗེ་ཡིན་ཞིང༌། དེ་ཉིད་སྒྲ་ལས་བྱུང་བའི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རིག་པ་ཐམས་ཅད་ཀྱི་བདག་པོ་སྟེ། བཅོམ་ལྡན་འདས་ཀྱི་ནུབ་ཏུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་བ་ནི་དོན་ཡོད་པར་གྲུབ་པ་ཡིན་ཞིང་དེ་ཉིད་དམ་ཚིག་སྟེ། འགྲོ་བ་མ་ལུས་པ་རྣམས་ཀྱི་བྱ་བ་ཡང་དག་པར་བསྒྲུབ་པའི་བྱ་བ་སྒྲུབ་པའི་ཡེ་ཤེས་ཡིན་པས་འདའ་བར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་གང་ལ་རྡོ་རྗེ་ཡིན་པ་དེ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྲག་དོག་གི་སྤྱོད་པ་རྣམས་དེ་དག་པར་བྱེད་པའི་ཐབས་ཡང་དག་པར་བསྟན་པ་ཉིད་ཀྱི་སྒོ་ནས་འགུགས་པར་བྱེད་པའི་ཕྱིར། འཕགས་པ་སྒྲོལ་མ་དང་བཅས་པས་ཕྲག་དོག་ལ་སོགས་པའི་


DTG041_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡང་དག་པར་སྟོན་པ་ནི་དམ་ཚིག་འགུགས་པ་སྟེ། དེའི་རིགས་ནི་ཕྲག་དོག་གི་བདག་ཉིད་ཅན་ནོ། །པྲཛྙཱ་དྷྲྀཀ་ཅེས་བྱ་བ་ནི། རྣམ་ཤེས་ཁྱད་པར་ཅན་གྱུར་གང༌། །དེ་ནི་ཤེས་རབ་ཡིན་ཞེས་བྱ། །འདུ་བྱེད་སེམས་དཔའི་ཆོས་དག་ནི། །པྲཛྙཱ་དྷྲྀཀ་ཅེས་བྱ་བར་བརྗོད། །བྱང་དུ་བཞུགས་པར་གྱུར་ཏོ། །། འདིས་ནི་མི་བསྐྱོད་པ་རྣམས་ཀྱི་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་རྣམས་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ཁོ་ན་བཞིན་དུ་བཤད་པ་ཡིན་ཏེ། རྣམ་པར་ཤེས་དང་ཞེ་སྡང་བརྗོད། །ཡངས་དང་ཡེ་ཤེས་གཉིས་ཀྱིས་གསལ། །དེ་བཞིན་ཡེ་ཤེས་རང་བཞིན་རྨོངས། །བེམས་པོ་སྲ་བའི་ངོ་བོ་ཉིད། །ཚོར་བ་རྒྱགས་དང་རློམ་སེམས་ཀྱི། །ང་རྒྱལ་ངོ་བོ་ཉིད་ཡིན་ནོ། །འདུ་ཤེས་ཀུན་དུ་ཆགས་བདག་ཉིད། །དངོས་པོ་ནུས་པའི་མཚན་ཉིད་དོ། །འདུ་བྱེད་རྟག་ཏུ་ཕྲག་དོག་ལྡན། །རྟེན་འབྱུང་བསྐྱོད་པའི་བདག་ཉིད་དོ། །ཞེ་སྡང་ལ་སོགས་པའི་རིགས་ལྔ་པོ་འདི་རྣམས་ཐབས་དང་ཤེས་རབ་ཀྱིས་དག་པར་ལྷག་པར་མོས་པའི་སྒོ་ནས་བསྟེན་ན། སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་འབྲས་བུ་སངས་རྒྱས་ལ་སོགས་པ་སྒྲུབ་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཉིད་བྱང་ཆུབ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་ནི་མི་བསྐྱོད་པ་སྟེ། དེ་མཉེས་པའི་དམ་ཚིག་ནི་མཱ་མ་ཀཱི་ཡིན་ཞིང་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །འདི་དང་པོ་སྤྲོ་བ་ནི་རྡོ་རྗེའི་རིགས་གཙོ་བོར་གྱུར་པའི་ཕྱིར་ཏེ་དྭེ་ཥ་ར་ཏིའོ།། རྡོ་རྗེ་འཆང་དེ་ཉིད་མཱ་མ་ཀཱིའི་གཟུགས་སུ་གྱུར་ནས་བདེན་བྲལ་གྱི་མཚམས་སུ་ཉེ་བར་བཞུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ཡིན་ཞིང་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ནི་སངས་རྒྱས་སྤྱན་ཏེ་མོ་ཧ་ར་ཏི་མེའི་མཚམས་སུའོ། །འདོད་ཆགས་འཛིན་པ་ནི་འོད་དཔག་ཏུ་མེད་པ་ཡིན་ཞིང་དེ་རྗེས་སུ་མཉེས་པར་བྱེད་པའི་རྡོ་རྗེ་ནི་གོས་དཀར་མོ་སྟེ། དེའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་མཛད་ནས་རཱ་ག་ར་ཏི་རླུང་གི་མཚམས་སུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དོན་ཡོད་པར་གྲུབ་པ་སྟེ། དེ་བྱ་བ་དང་འཛིན་པ་དང་


DTG041_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་ལ་སོགས་པ་རབ་ཏུ་དགའ་བ་རྗེས་སུ་མཐུན་པའི་སྦྱོར་བ་རྣམ་པ་ཐ་དད་པ་རྣམས་ཀྱིས་གང་གིས་སླུ་ཞིང་ཡང་དག་པར་སྦྱོར་བར་བྱེད་པ་ནི་དེ་རྣམ་པར་སླུ་བ་རྡོ་རྗེ་སྟེ་འཕགས་མ་སྒྲོལ་མ་ཡིན་ཞིང༌། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱ་སྟེ། བཛྲ་ར་ཏིའོ། །མཱ་མ་ཀཱི་ལ་སོགས་པ་རྣམས་ཞེ་སྡང་རྡོ་རྗེ་ལ་སོགས་པ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་ཕུན་སུམ་ཚོགས་པའི་བདེ་བ་ནི་དགའ་བ་སྟེ། ཤིན་ཏུ་སྦྱོར་བ་ཕུན་སུམ་ཚོགས་པའོ། །བུད་མེད་བདེ་མཆོག་དགའ་བ་སྟེ། །གཏི་མུག་དེ་བཞིན་ཞེ་སྡང་ཆགས། །རྡོ་རྗེ་རྟག་ཏུ་དགའ་བ་གནས། །ཞེས་གང་གསུངས་པའོ། །བྱང་ཕྱོགས་ཀྱི་གྲྭ་རུ་ཞེས་བྱ་བ་ནི་དབང་ལྡན་གྱི་མཚམས་སུའོ། །ཐབས་ནི་གཡས་སུ་གཞག་བྱ་སྟེ། །དེ་བཞིན་ཤེས་རབ་གཡོན་ཉིད་དུ། །ཞེས་འབྱུང་བའི་ཕྱིར་ལྷ་མོ་རྣམས་ནི་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་གཡོན་ལོགས་སུ་གཞག་པར་བྱ་སྟེ། དེ་རྣམས་དང་ལྷན་ཅིག་ཡང་དག་པར་ལྡན་པར་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཕུན་སུམ་ཚོགས་པ་ནི་བཙུན་མོའི་མཆོག་ཕུན་སུམ་ཚོགས་པ་ཞེས་བྱ་བའི་སྒྲས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཕྱུང་ངོ་ཞེས་བྱ་བར་སྦྱར་ཏེ། འཕགས་པ་གཤིན་རྗེ་མཐར་བྱེད་བསྐྱེད་པའི་ཕྱིར་རྣམ་པར་སྣང་མཛད་ཀྱི་རྣམ་པར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་མཐུ་སྟེར་བར་བྱེད་པའོ། །ཡ་མཱནྟ་ཀྲིཏ་ནི། ཆོས་རྣམས་འཇིག་མེད་བདག་ཉིད་དང༌། །སྐྱེ་བ་མེད་པའི་རང་བཞིན་ནི། །དངོས་རྣམས་ཀུན་གྱི་དམ་ཚིག་སྟེ། །དེ་ཕྱིར་ཡ་མཱནྟ་ཀྲྀཏ་དོ། །བསྙེངས་པར་བྱེད་པའི་ཚུལ་ཞེས་བྱ་བ་ནི་བཤད་ཟིན་པའི་མཚན་ཉིད་ཅན་གྱི་ཁྲོ་བོའི་གཟུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་བྱང་ཆུབ་པ་རྡོ་རྗེ་ནི་འཕགས་པ་གཞན་གྱིས་མི་ཐུབ་པ་སྟེ། དེའི་རྣམ་པར་སེམས་རྩེ་གཅིག་པ་ཉིད་དུ་མཛད་ནས་ཞེས་བྱ་བའི་ཐ་ཚིག་གོ །པྲཛྙཱནྟ་ཀྲྀཏ་ཅེས་བྱ་བ་ནི། མཆོག་ཏུ་དགའ་བས་རྣམ་དག་ཕྱིར། །ཆོས་རྣམས་རྣམ་ཤེས་བདག་ཉིད་མིན། །སེམས་


DTG041_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན་གྱི་དམ་ཚིག་སྟེ། །དེས་ན་པྲ་ཛྙཱནྟ་ཀྲྀཏ་རྒྱལ། །ཆོས་རིན་པོ་ཆེ་ནི་པདྨའི་རིགས་ཡིན་ཞིང༌། འཕགས་པ་རྟ་མགྲིན་གང་ལ་འབྱུང་གནས་ཏེ་སྐྱེ་བའི་གནས་དེ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །པདྨཱནྟ་ཀྲྀཏ་ནི། ཆོས་རྣམས་བརྗོད་བྱའི་བདག་ཉིད་མིན། །མིང་དང་གཟུགས་ཟློ་རང་བཞིན་མེད། །ཆོས་རྣམས་ཀུན་གྱི་དམ་ཚིག་སྟེ། །དེས་ན་པདྨ་ནྟ་ཀྲྀཏ་གཙོ། །སྐུ་གསུང་ཐུགས་ཀྱི་ཚུལ་དུ་ཞེས་བྱ་བ་ནི་ཞལ་གསུམ་པར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བོ་ཆེན་པོ་ཕུང་ངོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཚུལ་དུ་ཞེས་བྱ་བ་ནི་ཞལ་གསུམ་པར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བོ་ཆེན་པོ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་འཕགས་པ་བདུད་རྩི་འཁྱིལ་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱ་སྟེ། བིགྷྣཱནྟ་ཀྲྀཏ་ཅེས་བྱ་བ་ནི། ངང་གིས་ཞི་བའི་རང་བཞིན་ཕྱིར། །ཆོས་རྣམས་མི་རྟོག་བདག་ཉིད་ནི། །རྡོ་རྗེ་ཀུན་གྱི་དམ་ཚིག་སྟེ། །དེ་ཕྱིར་བིགྷྣཱནྟ་ཀྲྀཏ་གཙོ། །ཁྲོ་བོ་རྣམས་ཀྱི་སྐྱིལ་ཀྲུང་ནི་གཡས་བརྐྱང་བ་ལ་སོགས་པ་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། རྐང་པ་བསྐྱོད་དང་ངེས་བསྐྱོད་དང༌། །ཡང་དག་བསྐྱོད་དང་གྱེན་བསྐྱོད་གནས། །དེ་དག་ཁྲོ་བོ་རྣམས་ཀྱི་ནི། །སྐྱིལ་ཀྲུང་ཆེན་པོར་ཡང་དག་བསྒྲགས། །ཞེས་གསུངས་སོ། །ཁྲོ་བོ་རྣམས་ནི་ཤར་ལ་སོགས་པའི་སྒོ་རྣམས་སུ་གནས་པ་སྟེ། དེ་རྣམས་ཀྱི་ཁ་དོག་དང་དབྱིབས་དང་གདན་ལ་སོགས་པའི་ངེས་པ་ནི་སྒྲུབ་པའི་ཐབས་སུ་བཤད་པ་དེ་ཉིད་ཕྱིར་ཡང་དག་པར་བརྗོད་པར་མི་བྱའོ། །དཀྱིལ་འཁོར་དུ་མཉེས་པར་བྱ་བའི་དོན་གྱི་དམ་ཚིག་སེམས་དཔའ་རྣམས་ནི་དཀྱིལ་འཁོར་མཉེས་པར་བྱ་བའི་དམ་ཚིག་སེམས་དཔའ་རྣམས་ཏེ། བགེགས་ཐམས་ཅད་རབ་ཏུ་འཇོམས་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དང༌། བཀའ་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་དང་དཀྱིལ་འཁོར་དག་བྱིན་གྱིས་རློབ་པའམ་ཏིང་ངེ་འཛིན་


DTG041_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྐྱེད་པའི་དཀྱིལ་འཁོར་དུ་སེམས་ཅན་རྣམས་ཀྱང་ཉན་པར་འདོད་པ་ནུས་པ་ཅན་དུ་བྱིན་གྱིས་རློབ་པ་སྟེ། དོན་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་དེ་སྐད་ཅེས་བྱའོ། །པ་ཏ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཞིང་དེ་ལན་པར་བྱེད་པས་ན་པ་ཏ་ལ་སྟེ་ལེའུའོ། །རབ་ཏུ་དགའ་བའི་འབྱུང་གནས་གོ་ཆས་མཛད་པ་ལས་ལེའུ་དང་པོའི་རྣམ་པར་བཤད་པའོ།། །།


previousདང་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ལེའུའི་རྣམ་པར་བཤད་པ།next