Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་གཅིག་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
བཅུ་དྲུག་པ། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་ལེའུའི་རྣམ་པར་བཤད་པ།
   


 
previousབཅུ་དྲུག་པ། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་ལེའུའི་རྣམ་པར་བཤད་པ།next

བཅུ་དྲུག་པ། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་ལེའུའི་རྣམ་པར་བཤད་པ།


DTG041_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ཐོབ་པ་དང་ལྷ་དག་གིས་རྗེས་སུ་གནང་བ་རྣམས་ཀྱིས་རང་གི་དཀྱིལ་འཁོར་དུ་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ་ཞིང༌། སེམས་ཅན་རྣམས་ཀྱང་སྣོད་དུ་རུང་བར་བྱ་དགོས་པས། དེའི་ཕྱིར་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་ལེའུ་བཅུ་དྲུག་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཞེས་བྱ་བའི་སྒྲ་ནི་ལེའུ་བཅོ་ལྔ་པོ་འདུས་པ་ལ་ལྟོས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ལ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཚིག་རྣམས་ཀྱིས་ཞེས་བྱ་བ། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པ་ཐུན་མོང་གི་ཚིགས་སུ་བཅད་པའི་ཚིག་རྣམས་དང༌། ཡང་སྐུའི་དཀྱིལ་འཁོར་གྱི་དོན་དུ་དེའི་དོན་སྟོན་པར་བྱེད་པའི་ཚིགས་སུ་བཅད་པ་གཉིས་པའི་ཚིག་རྣམས་དང༌། གསུང་གི་དཀྱིལ་འཁོར་གྱི་དོན་དུ། ཞི་བ་ཆོས་དོན་ཡང་དག་འབྱུང༌། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཞན་གྱི་ཚིག་རྣམས་དང༌། དེ་བཞིན་ཐུགས་རྡོ་རྗེ་བསྒྲུབ་པའི་དཀྱིལ་འཁོར་གྱི་དོན་དུ། སེམས་ཅན་ཀུན་གྱི་ཐུགས་ཆེན་པོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཞན་གྱི་ཚིག་རྣམས་ཀྱིས་གསོལ་བ་བཏབ་པོ། །ཅི་ཞིག་བྱས་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་ཆེན་ནི་ཡོངས་སུ་དག་པའི་རང་བཞིན་གྱི་བུད་མེད་ཀྱི་གཟུགས་རྣམས་ཏེ། སངས་རྒྱས་ཐམས་


DTG041_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལས། དོན་དང་རིན་ཆེན་ཚོགས་ཀུན་ལས། །རིན་ཆེན་གཅིག་ནི་མཆོག་ཡིན་ཏེ། །གང་གིས་གནས་ལ་རིན་ཐང་མེད། །བུད་མེད་རིན་ཆེན་མཆོག་དག་པའི། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཉིད་རྡོ་རྗེ་དང་ཡང་དག་པར་སྦྱོར་བའི་སྒོ་ནས་མཆོག་ཏུ་དགའ་བའི་བདེ་བའི་མཆོད་པ་རྒྱས་ཤིང་འཕེལ་བར་བྱེད་པས་ན། རྡོ་རྗེ་རིན་ཆེན་གྱི་མཆོད་པ་ཡིན་ཞིང༌། དེ་ཚོགས་ཀྱིས་ཏེ་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་དག་གིས་ཡང་དག་པར་མཆོད་ནས་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཐམས་ཅད་ཀྱི་སྟེ། རིགས་ཀྱི་ལྷ་ཐམས་ཅད་ཀྱི་རང་གི་བདག་པོ་དང་བཅས་པའི་སྐུའི་དཀྱིལ་འཁོར་ནི་རྡོ་རྗེ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ། །དེ་ཉིད་བགེགས་ཀྱི་རི་དགས་ཐམས་ཅད་འཇོམས་པའི་ཕྱིར་སེང་གེའོ། །སངས་རྒྱས་ཉིད་ལ་སོགས་པའི་འབྲས་བུའི་རྒྱུ་ཉིད་ཡིན་པའི་ཕྱིར་དམ་ཚིག་གོ །རྟེན་དང་བརྟེན་པའི་དབྱིབས་ལ་སོགས་པའི་བཀོད་པའི་སྒོ་ནས་མཛེས་ཤིང་གསལ་བས་ན་རྒྱལ་པོའོ། །བཀོད་པ་ནི་སྐུའི་དཀྱིལ་འཁོར་ཏེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེའི་མིང་ཅན་དུ་བརྗོད་དོ། །རྡོ་རྗེ་སྐུའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་པར་རབ་ཏུ་རྣམ་པར་ཕྱེ་ནས་བཤད་པར་བྱའོ། །དེ་གང་ཞེ་ན། སྐུའི་དཀྱིལ་འཁོར་མཆོག་སྟེ། དངོས་གྲུབ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མཆོག་གོ །ཐུགས་ཀྱི་དཀྱིལ་འཁོར་རབ་འདྲ་བ། །ཞེས་བྱ་བ་ནི། འདི་ཡང་ལེའུ་དང་པོ་ལས་གསུངས་པའི་ཡེ་ཤེས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དང་འདྲ་བ་སྟེ། དེའི་ཡོན་ཏན་དང་རྣམ་པར་སྨིན་པ་དང༌། དབྱིབས་ལ་སོགས་པ་མཚུངས་པའི་ཕྱིར་རོ། །ལྷ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་སྒོ་ནས་མཆོག་ཡིན་པའི་ཕྱིར། དཀྱིལ་འཁོར་རྣམས་ནི་ཀུན་དུ་མཆོག་གོ །ཁྲུ་ནི་བཅུ་དྲུག་ཚད་དུ་ཞེས་བྱ་བ་ནི། ལོགས་རེ་རེ་ཞིང་ངམ་ལོགས་བཞི་ཆར་ལའོ། །གྲུ་བཞི་ལྷམ་པ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བཤད་ཟིན་ཏོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི། འདི་ཉིད་མི་བསྐྱོད་པ་ལ་སོགས་པ་དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཀྱི་ཡང་ཐུན་མོང་པའོ། །གང་གི་


DTG041_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ན་སྐུ་རྡོ་རྗེའི་རབ་ཏུ་གནས་པ་དེ་ནི་སྐུ་རྡོ་རྗེ་རབ་ཏུ་གནས་པའི་དཀྱིལ་འཁོར་རོ། །འཁོར་ལོ་ཞེས་བྱ་བ་ནི་དེའི་ནང་དུ་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་དང་ལྡན་པ་འཁོར་ལོའི་ཀ་བ་བརྒྱད་ཀྱིས་བརྒྱན་པ། འཁོར་ལོའི་ཕྲེང་བས་ཀུན་ནས་བསྐོར་བའི་ནང་གི་དཀྱིལ་འཁོར་ཟླུམ་པོ། རྡོ་རྗེའི་ཆོ་གས་བྲི་བར་བྱ། །ཞེས་བྱ་བ་ནི་ལེའུ་བཞི་པ་ལས་ཐུགས་རྡོ་རྗེའི་དམ་ཚིག་གི་དཀྱིལ་འཁོར་བྲི་བའི་ཆོ་ག་གསུངས་པ་དེས་སོ། །འོན་ཀྱང་འདིར་ནི་སྐུ་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཁོ་ན་བཞིན་དུ་སྔོན་དུ་བྱ་བ་ཐམས་ཅད་རྫོགས་པར་བྱས་ཏེ། འཕགས་པ་བདུད་རྩི་འཁྱིལ་བའི་རྣལ་འབྱོར་དང་ལྡན་པའི་སློབ་མ་དང་ལྷན་ཅིག་ཐིག་གདབ་པ་ལ་སོགས་པའི་ཆོ་གས་བྲི་བར་བྱའོ། །སྒྲུབ་པའི་དཀྱིལ་འཁོར་ནི་ཇི་སྐད་བཤད་པའི་ཚུལ་བཞིན་དུ་རྣམ་པར་སྣང་མཛད་དང་སངས་རྒྱས་ཕབ་པའི་སྣོད་དུ་རུང་བ་ཉིད་གཉིས་འདྲིར་གཞུག་གོ །ཕྱག་རྒྱ་རྡོ་རྗེའི་གནས་སུ་བྱ། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་རྣམ་པར་དགོད་པ་སྟེ། དེ་ཉིད་ནི་སྔགས་རྣམས་ཀྱི་གསང་བའི་མཆོག་གོ །དེ་ཉིད་ནི། དབུས་སུ་རྣམ་པར་སྣང་མཛད་གནས། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །མཆོད་པ་སྔགས་ཤེས་པ་ཡིས་བྱ། །ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ལེའུ་བཞི་པ་ལས་བཤད་པའི་ཚུལ་ཇི་ལྟ་བ་བཞིན་དུ་སྐུ་རྡོ་རྗེ་སྒྲུབ་པའི་དཀྱིལ་འཁོར་རམ། དམ་ཚིག་གི་དཀྱིལ་འཁོར་ཀུན་དུ་བྲིས་ལ། དེ་ཁོ་ན་བཞིན་དུ་ནམ་མཁའ་ན་བཞུགས་པ་རྣམས་དང་ལྷན་ཅིག་གཅིག་ཏུ་བྱ་ཞིང༌། སྐུ་རིས་སུ་བྱས་པ་ལ་སོགས་པ་སྒྲུབ་ཐབས་ལས་བཤད་པའི་ཕྱག་རྒྱ་ཆེན་པོའི་ཚོགས་སམ། དམ་ཚིག་གི་དཀྱིལ་འཁོར་ལས་བཤད་པའི་ཕྱག་མཚན་གྱི་ཕྱག་རྒྱའི་ཚོགས་གནས་ཇི་ལྟ་བ་རྣམས་སུ་རྣམ་པར་བཀོད་དེ། དེའི་དབུས་ཀྱི་གདན་ལ་འདུག་ཅིང༌། རྡོ་རྗེ་ཆེན་པོའི་ང་རྒྱལ་དང་ལྡན་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའི་རྗེས་ཐོགས་ལ། ཇི་སྐད་བཤད་པའི་བཙོ་བླག་མཁན་གྱི་བུ་མོ་དེ་ཁོ་ན་བཞིན་དུ། ཀུན་དུ་བཟང་མོར་རྣམ་པར་བསྒོམས་པ་རིགས་ལྔས་བྱིན་གྱིས་བརླབ་པ་བྱས་ལ། དེ་དང་ལྡན་ཅིག་ཤིན་ཏུ་རྣལ་འབྱོར་ལ་ཐུག་པའི་


DTG041_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་སྦྱོར་བའི་ཏིང་ངེ་འཛིན་རྫོགས་པར་བྱས་ཏེ། དེའི་མཚོ་སྐྱེས་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ལས། ཛི་ན་ཛིཀ་ཅེས་བྱ་བའི་སྙིང་པོ་ལས་བྱུང་བའི་ས་བོན་གསུམ་གྱིས་བྱིན་གྱིས་བརླབས་པའི་སྐུ་རྡོ་རྗེ་ཕྱུང་ལ། དེ་གཏི་མུག་གི་སྤྱོད་པ་ཅན་གྱི་སེམས་ཅན་རྣམས་འདུལ་བར་བྱེད་དུ་བཅུག་ལ། དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ནས་བདག་ཉིད་འཕགས་མ་སྤྱན་དང་ཡང་དག་པར་ལྡན་པའི་སྐུ་རྡོ་རྗེར་རྣམ་པར་བསམས་ལ། རང་རང་གི་ཕྱག་མཚན་ལས་བྱུང་བའི་ལྷའི་རྣལ་འབྱོར་འཁོར་ལོ་བསམ་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་རྣམས་ཀྱིས་ལྷའི་ཚོགས་ཕྱུང་སྟེ་གནས་ཇི་ལྟ་བ་རྣམས་སུ་བཅུག་ལ། དེ་ཞིན་དུ་ཡེ་ཤེས་འཁོར་ལོ་བཅུག་སྟེ། རྣལ་འབྱོར་ཆེན་པོ་ལ་བཀོད་ནས་ཤིན་ཏུ་རྣལ་འབྱོར་ལ་གནས་པ་ལ་དབང་བསྐུར་ཏེ། བླ་ན་མེད་པ་ལ་སོགས་པའ་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། བདུད་རྩི་ལྔས་དཀྱིལ་འཁོར་པ་རྣམས་མཆོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །ཇི་ལྟར་འདོད་བཞིན་བྱ་བ་སྤྱད། །ཅི་དགའ་བར་ནི་བསྒྲུབ་པ་ནི། །ཞེས་རྒྱུད་གཞན་ལས་རབ་ཏུ་གྲགས་པ་གསལ་བའི་ཕྱིར། བཤང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངེས་པར་དབུལ་ཞེས་བྱ་བ་ནི་བདག་ཉིད་དང་དཀྱིལ་འཁོར་པ་རྣམས་ལ་དབུལ་བའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བཟའ་བ་འདི་ནི་སྨན་མཆོད་དང༌། མཉམ་པ་ཉིད་འཐོབ་པར་བྱེད་པ་དང༌། རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པ་དང༌། ཐམས་ཅད་དུ་བསྒོམ་པར་བྱ་བ་ཉིད་ཡིན་ཏེ། འདི་ཉིད་ལས་ཀྱང༌། བཤང་གཅི་ཟས་སུ་ཟ་བ་སྟེ། །དེ་དག་སྒྲུབ་པའི་སྣོད་དུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐུའི་རྡོ་རྗེའི་ཞེས་བྱ་བ་ནི། སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་རྣམ་པར་སྣང་མཛད་དེ། དེའི་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གསུང་རྡོ་རྗེ་ཐམས་ཅད་ནི་པདྨའི་རིགས་ཀྱི་དཀྱིལ་འཁོར་རོ། །དེའི་དམ་


DTG041_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ནི་རྒྱུ་སྟེ་འོད་དཔག་ཏུ་མེད་པའོ། །དེའི་སྤྲིན་ནི་དེས་སྤྲོས་པའི་ལྷའི་འཁོར་ལོ་སྟེ། སྤྲིན་བཞིན་དུ་ཆོས་ཀྱི་ཆར་རྣམས་ཀྱིས་འགྲོ་བ་མ་ལུས་པའི་དོན་བསྒྲུབ་པ་དང༌། དཀྱིལ་འཁོར་ལ་ཁྱབ་པར་བྱེད་པ་ནི་ཡིན་པའི་ཕྱིར་རོ། །དེ་ཉིད་བཀོད་པ་སྟེ་གནས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བཀོད་པའི་རང་བཞིན་ཡིན་ཞིང་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་སྙོམས་པར་ཞུགས་ནས་སོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། གསུམ་འདུས་པ་ལས་གསུང་གི་དཀྱིལ་འཁོར་ཕྱུང་ངོ༌། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་འདས་མ་ཐག་པ་བཞིན་ནོ། །གསུང་གི་དཀྱིལ་འཁོར་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །གཞན་ནི་བཤད་ཟིན་ཏོ། །ལྷ་ཐམས་ཅད་ཀྱི་དབང་དུ་བྱས་པའི་སྒོ་ནས་ཐུན་མོང་ཡིན་པའི་ཕྱིར། དཀྱིལ་འཁོར་རྣམས་ནི་ཀུན་གྱི་མཆོག་གོ །ཁྲུ་ནི་ཉི་ཤུའི་ཚད་དུ་བྱ། །ཞེས་བྱ་བ་ནི་ལོགས་རེ་རེ་ཞིང་ཁྲུ་ཉི་ཤུའམ་ལྔ་ཡོད་པར་རོ། །གྲུ་བཞི་ལྷམ་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་སྒོམ་པ་ཐིག་གདབ་པོ། །ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པ་དང་གོས་དཀར་མོ་ཕབ་པ་དང་ལྡན་པའི་སྣོད་དུ་རང་བ་གཉིས་ཀྱིས་བཟུང་བའི་ཇི་སྐད་བཤད་པའི་སྲད་བུས་ཐིག་འདེབས་སུ་བཅུག་སྟེ་འདྲིར་གཞུག་པའོ། །ཉིད་ཀྱི་སྐུའི་དཀྱིལ་འཁོར་གནས་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་སྐུ་ཡི་ཡོན་ཏན་སྐྱེད། །ཅེས་བྱ་བ་ནི་རྣམ་པར་སྣང་མཛད་དང༌། སངས་རྒྱས་སྤྱན་ཕབ་པ་དང་ལྡན་པའི་སྣོད་དུ་རུང་བ་གཉིས་ཀྱིས་བྲིས་པ་ནི་དེའི་གོ་འཕང་འཐོབ་པར་བྱེད་པ་ཡིན་པའོ། །རྒྱལ་པོ་ཆེན་པོ་རྡོ་རྗེ་ཆོས། །ཞེས་བྱ་བ་ནི་ཇི་སྐད་བཤད་པའི་འོད་དཔག་ཏུ་མེད་པའོ། །དེ་ཉིད་རིག་པ་གོས་དཀར་མོའི་བདག་པོ་ཡིན་པས་ན་རིག་པའི་བདག་པོའོ། །དེ་དབབ་པར་བྱ་ཞེས་བྱ་བ་ནི་དཀར་མོའི་ཞེས་བྱ་བ་དང་ལྡན་པའི་དཀྱིལ་འཁོར་བྲི་བའི་ཕྱིར་ཇི་སྐད་བཤད་པའི་སྣོད་དུ་རུང་བ་གཉིས་པའོ། །དེ་དབུས་འཁོར་ལོ་ཆེན་པོ་ནི། །ཞེས་བྱ་བ་ནི་འདས་མ་ཐག་པ་ལྟ་བུའི་ནང་གི་དཀྱིལ་འཁོར་ཏེ། འོན་ཀྱང་པདྨའི་ཀ་བ་བརྒྱད་ཀྱིས་བརྒྱན་ཞིང་པདྨའི་ཕྲེང་བས་ཀུན་ནས་བསྐོར་བའོ། །ཕྱག་རྒྱ་ཐམས་ཅད་ཅེས་བྱ་བ་ནི་སྒྲུབ་ཐབས་


DTG041_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཤད་པའི་མཚན་ཉིད་ཅན་དཀྱིལ་འཁོར་པའི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའོ། །ཆོ་ག་བཞིན་དུ་བྲི་བར་བྱ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ཡི་དབུས་སུ་གཞག་པར་བྱ། །ཞེས་བྱ་བ་ནི་སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་སའི་ཆ་ལ་སྣ་ཚོགས་པདྨའི་སྟེང་དུ་པདྨ་དམར་པོ་ལ་བཞུགས་པའི་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཆེན་པོ་དང༌། དེ་ཁོ་ན་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་རྣམས་ལ་ནི་ཕྱག་མཚན་གྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་གནས་རྣམས་སུ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་སངས་རྒྱས་སྤྱན་བཞིན་དུ་གོས་དཀར་མོར་རྣམ་པར་བསྒོམས་པའི་གར་མཁན་གྱི་བུ་མོའི་གཟུགས་ལོ་ཉི་ཤུ་ལོན་པའོ། །རྡོ་རྗེའི་གནས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་བཤད་ཟིན་ཏོ། །ཡོངས་སུ་གསལ་བར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གསལ་བར་རོ། །ཆོ་ག་བཞིན་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། ཐུགས་རྡོ་རྗེའི་སྒྲུབ་པ་དང་དམ་ཚིག་གི་དཀྱིལ་འཁོར་དག་ལས་གང་ཡང་རུང་བའི་ཆོ་ག་བཞིན་དུབ་གསུང་གི་དཀྱིལ་འཁོར་མངོན་པར་བྲིས་ལ་དེ་ཁོ་ན་བཞིན་དུ་ལྷ་རྣམ་པར་དགོད་པ་སྔོན་དུ་འགྲོ་བ་ཅན་གྱིས་དེའི་དབུས་ཀྱི་གདན་ལ་གནས་པ་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་ལྡན་པས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཆོ་གའི་རྗེས་ཐོགས་ལ། ཇི་སྐད་བཤད་པའི་གར་མཁན་གྱི་བུ་མོ་དེ་ཁོ་ན་བཞིན་དུ་ཀུན་དུ་བཟང་མོར་བྱིན་གྱིས་བརླབས་ནས། དེ་དང་ལྷན་ཅིག་ཤིན་ཏུ་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་ཐུག་པའི་དང་པོའི་སྦྱོར་བའི་ཏིང་དེ་འཛིན་རྫོགས་པར་བྱས་ཏེ། དེའི་མདྨ་ན་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་བའི་དཀྱིལ་འཁོར་ལས། ཨཱ་རོ་ལྀཀ་ཅེས་བྱ་བའི་སྙིང་པོ་ལས་བྱུང་བ་རྡོ་རྗེ་གསུམ་གྱིས་བྱིན་བྱིས་བརླབས་པའི་གསུང་རྡོ་རྗེའི་སྐུ་ཕྱུང་ལ། དེ་འདོད་ཆགས་ཀྱི་སྤྱོད་པ་ཅན་གྱི་སེམས་ཅད་རྣམས་འདུལ་དུ་བཅུག་སྟེ། དེ་ཀུན་ནས་རང་གི་ལུས་ལ་བཅུག་སྟེ། བདག་ཉིད་གོས་དཀར་མོ་དང་ལྡན་པའི་གསུང་རྡོ་རྗེར་རྣམ་པར་བསམས་ལ། དཀྱིལ་འཁོར་གྱི་འཁོར་ལོ་ཀུན་དུ་བསྒྲུབས་ཏེ། ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་རྣམས་ཀྱིས་ལྷའི་འཁོར་ལོ་ཕྱུང་ལ་གནས་ཇི་ལྟ་བ་


DTG041_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གནས་པ་རྣམས་ལ་བཅུག་སྟེ། དེ་ཁོ་ན་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་རྗེས་སུ་བཅུག་ལ། རྣལ་འབྱོར་ཆེན་པོ་ལ་གནས་པར་བྱས་ནས། ཤིན་ཏུ་རྣལ་འབྱོར་ལ་གནས་པ་ལ་དབང་བསྐུར་ཏེ། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀུན་དུ་མཆོད་ལ། ཇི་སྐད་བཤད་པའི་བདུད་རྩི་ལྔས་དཀྱིལ་འཁོར་པ་མཆོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་དཀྱིལ་འཁོར་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ལྷ་ཐམས་ཅད་ཀྱི་ཐུན་མོང་གི་སྒྲུབ་པ་དང༌། དམ་ཚིག་གི་དཀྱིལ་འཁོར་དག་གི་ངེས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་དུ་སྤྲིན་རྡོ་རྗེ་ནི་སྐུ་རྡོ་རྗེ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་ཚོགས་ནི་དཀྱིལ་འཁོར་དུ་ཡང་དག་པར་དགོད་པ་ལ་སོགས་པའི་བྱ་བའི་རང་བཞིན་ཏེ། ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་ནི་རྣམ་པར་བཤད་ཟིན་ཏོ། །རྡོ་རྗེ་འཛིན་མཆོག་གང་ཡིན་པའི། །ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའོ། །གཟུགས་ནི་དབུས་སུ་ལེགས་བྲིས་པ། ཞེས་བྱ་བ་ནི། ཐུགས་དང་སྐུ་དང་གསུང་གི་དཀྱིལ་འཁོར་ཇི་སྐད་བཤད་པའི་ཚད་ལ་སོགས་པའི་མཚན་ཉིད་ཅན་རྣམས་ལས་གང་ཡང་རུང་བའི་དབུས་བདག་པོའི་གནས་སུ། །གཟུགས་ཀུན་དུ་བྲིས་པའི་དཀྱིལ་འཁོར་དེ་ནི་དེ་དང་འབྲེལ་པར་འགྱུར་རོ། །དེ་ལ་གང་གི་ཚེ། ཐུགས་ཀྱི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་འགོད་པར་བྱེད་པ་དེའི་ཚེ། །དབུགས་ཀྱི་སའི་ཆ་དཀར་པོ་དང༌། སྐུ་རྡོ་རྗེའི་གནས་སུ་སའི་ཆ་སྔོན་པོ་ལ་མི་བསྐྱོད་པ་དགོད་པར་བྱའོ། །དེ་བཞིན་དུ་དབུས་ཀྱི་སའི་ཆ་སེར་པོ་དང༌། དམར་པོ་དང༌། ལྗང་གུ་ལ་གོ་རིམས་བཞིན་དུ། དཀོན་མཆོག་དཔལ་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་པར་གྲུབ་པ་རྣམས་བཀོད་དེ། དེ་དང་དེའི་དབུས་སུ་དེ་ཁོ་ན་བཞིན་དུ་མི་བསྐྱོད་པ་དགོད་པར་བྱའོ། །མཱ་མ་ཀཱི་ལ་སོགས་པ་དཀྱིལ་འཁོར་བའི་ལྷ་དགོད་པའི་དུས་སུ་ནི། དབུས་ཀྱི་སའི་ཆ་སྔོན་པོ་དང་རང་གི་གནས་སུ་དེ་དང་མཚུངས་པ་ཉིད་ཀྱི་གཟུགས་གཉིས་པ་དགོད་པར་བྱའོ། །འཕགས་པ་འཇམ་


DTG041_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལ་སོགས་པ་ཕྱི་རོལ་གྱི་དཀྱིལ་འཁོར་བ་རྣམས་སམ། རྒྱུད་གཞན་དང་གཞན་ལས་གསུངས་པའི་ལྷ་རྣམས་ནི་དབུས་སུ་འདས་མ་ཐག་པ་བཞིན་དུ་དགོད་པར་བྱ་བའོ། །མི་བསྐྱོད་པ་ནི་མཱ་མ་ཀཱིའི་བདག་པོ་ཡིན་པའི་ཕྱིར་རང་ལ་འདུས་སོ། །དེ་བཞིན་དུ་སྐུའི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་འགོད་པའི་དུས་སུ་ནི་དབུས་ཀྱི་ཆ་ཁ་དོག་ནི། སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་ཡིན་ཞིང་ཐུགས་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་སུ་ནི་སའི་ཆ་དཀར་པོ་ལ་བཞུགས་པའི་རྣམ་པར་སྣང་མཛད་དགོད་པར་བྱའོ། །དེ་བཞིན་དུ་སྤྱན་ལ་སོགས་པ་འགོད་པ་ན་དབུས་ཀྱི་སའི་ཆ་དཀར་པོ་དང་སྐུ་རྡོ་རྗེ་འདུ་བར་ཤེས་པར་བྱའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ལ་ཡང་འདས་མ་ཐག་པ་བཞིན་དུ་རང་དང་རྗེས་སུ་མཐུན་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཀྱི་ཇི་སྐད་བཤད་པའི་དཀྱིལ་འཁོར་གསུམ་བསྒྲུབ་པའོ། །གཞན་ནི་བཤད་ཟིན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་ཐམས་ཅད་ཀྱི་འཁོར་ལོ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་འབྲེལ་པ་རྣམས་ཏེ། ཏིང་ངེ་འཛིན་གང་ལ་དེ་རྣམས་འབྱུང་བ་རྡོ་རྗེ་སྟེ་སྐྱེ་བ་མི་ཕྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་ཞིང་དེ་ལ་སྙོམས་པར་ཞུགས་ནས་སོ། །འདི་ཞེས་བྱ་བའི་མཚན་ཉིད་ནི་བཤད་ཟིན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་དཀྱིལ་འཁོར་ནི། རྡོ་རྗེའི་དཀྱིལ་འཁོར་ཏེ། དེ་ཐིག་གདབ་པའི་ཕྱིར་སྣོད་དུ་རུང་བ་གཉིས་སྐྱེད་པའི་ས་བོན་ཤེས་པ་དང་སྐྱོབ་པའི་རང་བཞིན་ཅན་འདོད་པའི་འབྲས་བུ་ཐོབ་པར་བྱེད་པ་རྣམས་ཉིད་ནི་སྔགས་ཀྱི་སྙིང་པོའི་ཐིག་གི་ཡི་གེ་རྣམས་སོ། །དེ་ལ་ཐུགས་རྡོ་རྗེ་བསྒྲུབ་པའི་དཀྱིལ་འཁོར་བྲི་བའི་ཕྱི་རོལ་དུ་བཅུ་གཉིས་ལོན་པའི་ཁྱེའུ་དང་བུ་མོ་དང་ཡི་གེ་ཧཱུཾ་གིས་མི་བསྐྱོད་པ་དང་མཱ་མ་ཀཱིར་བསྐྱེད་པར་བྱའོ། །དེ་བཞིན་དུ་ཡི་གེ་ཨོཾ་གྱིས་རྣམ་པར་སྣང་མཛད་དང་སྤྱན་དང༌། དེ་བཞིན་དུ་ཡི་གེ་ཨཱཿ་ཡིས་འོད་དཔག་ཏུ་མེད་པ་དང་གོས་དཀར་མོར་བསྐྱེད་ལ། དེ་དག་


DTG041_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཏེ་ཇི་སྐད་བཤད་པའི་སྲད་བུས་ཐིག་འདེབས་སུ་བཅུག་ལ་འདྲིར་གཞུག་སྟེ། རང་ཉིད་ཀྱིས་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་བསྟན་པའི་ཕྱིར། །སྔགས་ཀྱི་སེམས་དཔས་མི་བྱ་སྟེ། །ཞེས་བྱ་བ་གསུངས་ཏེ། གང་ལ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་སེམས་དཔའ་སྟེ། སེམས་ཡོད་པ་དེ་ནི་སྔགས་ཀྱི་སེམས་དཔའ་སྟེ། ཕྲ་མོའི་རྣལ་འབྱོར་ལ་སོགས་པ་བསྒོམ་པ་ལ་སོགས་པའི་སྒོ་ནས་མཐུ་ཐོབ་པ་དེས་སོ། །རང་གིས་བྱས་ན་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར། བྱས་ན་བྱང་ཆུབ་རྙེད་པར་དཀའ། །ཞེས་བྱ་བ་གསུངས་སོ། །སྒྲུབ་པའི་དཀྱིལ་འཁོར་ལ་རང་ཉིད་ཀྱིས་ཐིག་གདབ་པ་ལ་སོགས་པ་བཀག་པ་ཡིན་གྱི། དམ་ཚིག་གི་དཀྱིལ་འཁོར་ལ་ནི་མ་ཡིན་ཏེ། ཐིག་གདབ་པ་ཡི་ཆོ་ག་འདི། །བདག་ཉིད་གང་ཚེ་སྤྱོད་པ་ན། །ཞེས་འཆད་པར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ནའོ། །དམ་ཚིག་ཚུལ་ཤེས་པས་ཏེ་སྒྲུབ་པ་པོས་སོ། །སྔགས་ཀྱི་ལྷ་རྣམས་ཕབ་ནས་སུ། །ཞེས་བྱ་བ་ནི། བཤད་མ་ཐག་པའི་ཡི་གེ་ཧཱུཾ་ལ་སོགས་པས་བསྐྱེད་པ་རང་གི་རིག་མ་དང་ལྡན་པའི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ཅན་གཉིས་པོ་རྣམས་ལ་སྔ་མ་བཞིན་དུ་ཡེ་ཤེས་ཀྱི་ལྷ་གཉིས་དབབ་པར་བྱའོ། །བྱིན་གྱིས་བརླབ་པའི་གནས་བསྒོམས་ལ། །ཞེས་བྱ་བ་ལ་སོགས་པ་ནི་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབ་པ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ལ་ཐུག་པར་བྱས་ལ། རིམ་པ་ཡང་སྔ་མ་བཞིན་དུ་མངོན་པར་འདུས་བྱའོ། །དཀྱིལ་འཁོར་རྣམས་ནི་རྣམ་པར་བརྟག །ཅེས་བྱ་བ་ནི། ཐུགས་རྡོ་རྗེ་ལ་སོགས་པའི་སྒྲུབ་པའི་དཀྱིལ་འཁོར་རྣམས་བརྟག་པའོ། །དབབ་པར་བྱ་བའི་ལྷ་ཉིད་ནི། །རྒྱལ་ཆེན་རྣམ་པར་སྣང་མཛད་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུའི་དཀྱིལ་འཁོར་ཏེ་བརྟེན་པའི་འཁོར་ལོའི་གནས་དང་རྟེན་ནི་སྐུའི་དཀྱིལ་འཁོར་གནས་སོ། །རྣམ་པར་སྣང་མཛད་ཀྱི་གོ་འཕང་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར། རྡོ་རྗེ་སྐུ་ཡི་ཡོན་ཏན་འཐོབ་བོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྔགས་ཀྱི་སེམས་དཔའ་ཞེས་བྱ་བ་ནི། སྔགས་ཀྱི་མཐུ་འཐོབ་པས་


DTG041_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྡོ་རྗེ་གསང་བ་ནི་ལྷས་བྲིས་པའི་དཀྱིལ་འཁོར་རོ། །དེ་ཉིད་ཤིན་ཏུ་ངོ་མཚར་བར་གྱུར་པ་ཉིད་ཡིན་པའི་ཕྱིར་རྨད་པོ་ཆེའོ། །ཁྲོ་བོའི་རྒྱལ་པོས་ཞེས་བྱ་བ་ནི་དཔལ་གནོད་མཛེས་རྒྱལ་པོས་སོ། །འདི་སྐད་དུ་ཐུགས་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་དུ། དེའི་རྣལ་འབྱོར་དང་ལྡན་པ་ཁོ་ནས་ཇི་ལྟ་བ་བཞིན་གནས་རྣམས་སུ་ལྷའི་འཁོར་ལོ་རྣམ་པར་བཀོད་པའི་རྗེས་ཐོགས་ལ་སྔ་མ་བཞིན་དུ་གནོད་མཛེས་རྒྱལ་པོ་ཕྱུང་སྟེ། ངེས་ཡེ་ཤེས་སེམས་དཔའ་བཀུག་ལ། དམ་ཚིག་གི་ལྷ་རྣམས་ཀྱི་ཐུགས་ཀར་བཅུག་སྟེ། རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་ལ་གནས་པའི་ལྷའི་འཁོར་ལོ་ལ་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དམ་ཚིག་མཆོད་པ་དུས་གསུམ་པ། །ཞེས་བྱ་བ་ནི་དཀྱིལ་འཁོར་དུ་རང་གི་རིག་མ་དང་ཡང་དག་པར་སྦྱོར་བའི་མཆོད་པ་དུས་གསུམ་དུ་བྱ་པའོ། །གང་གི་ཞེ་ན། རྡོ་རྗེ་དྲི་མེད་གསུམ་དག་གི །ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་བ་བདག་ཉིད་ཀྱིའིའོ། །རྡོ་རྗེ་གསུམ་གྱི་སྦྱོར་བས་ཞེས་བྱ་བས་ནི། སྐུ་དང་གསུང་དང་ཐུགས་དང་མི་ཕྱེད་པར་དམིགས་པས་སོ། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱེད། །ཅེས་བྱ་བ་ནི། དེ་ལྟ་བུའི་འཇུག་པས་ལྷའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཞེས་བྱ་བ་ནི་ལྷ་རྣམས་སོ། །གཏོར་མ་དབུལ་ཞེས་བྱ་བ་ནི་ལྷ་བཤོས་སོ། །བཤད་གཅི་ནི་ཤེས་པར་ཟད་དོ། །ཤ་ཞེས་བྱ་བ་ནི་ཤ་ཆེན་ནོ། །འབྲུ་མར་ནི་དེའི་ཞག་གོ །སེམས་ལས་བྱུང་བ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ། །ཁྱད་པར་དུ་བདེ་བ་ཆེན་པོའི་རྒྱུ་མཐུན་པ་ཉིད་ཡིན་པའི་ཕྱིར། ཁུ་བ་ཆེ་བའི་བདག་ཉིད་ནི་ཁུ་བ་དག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྔ་མ་བཞིན་མངོན་པར་འདུས་བྱས་ལ་དབུལ་བྱས་ལ་དབུལ་བར་བྱའོ། །ཕུལ་དུ་བྱུང་བ་མ་ཐོབ་པས་ཀྱང་ཚོགས་མངོན་པར་སྤེལ་བའི་ཕྱིར་དང༌། སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་རང་ཉིད་ཀྱིས་ཐོག་བཏབ་སྟེ་དཀྱིལ་འཁོར་བྲི་བར་བྱ་བ་ཡིན་པས་དེའི་ཕྱིར་ཐིག་ཅེས་


DTG041_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་བསྒོམས་ནས་སུ། །ཞེས་བྱ་བ་ལ་སྐུའི་དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་བདག་ཉིད་རྡོ་རྗེ་སེམས་དཔར་རབ་ཏུ་བསྒོམ་པར་བྱ་ཞིང༌། སྲད་བུ་འཛིན་པའི་སློབ་མ་ནི་ཐུགས་རྡོ་རྗེའམ་བདུད་རྩི་འཁྱིལ་པ་ཡེ་ཤེས་ཆེན་པོས་འབར་བར་བསམ་པར་བྱའོ། །དེ་བཞིན་དུ་ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་བདག་ཉིད་ཐུགས་རྡོ་རྗེར་བསམ་ཞིང༌། སློབ་མ་ནི་རྣམ་པར་སྣང་མཛད་དམ་འོད་དཔག་ཏུ་མེད་པར་བསམ་པར་བྱའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་བདག་ཉིད་འོད་དཔག་ཏུ་མེད་པ་དང་སློབ་མ་ནི་རྣམ་པར་སྣང་མཛད་དམ་མི་བསྐྱོད་པར་རོ། །འཕགས་པ་བདུད་རྩི་འཁྱིལ་པ་ཞེས་བྱ་བ་ནི་ཐམས་ཅད་དུ་ཐུན་མོང་པ་ཁོ་ན་ཡིན་ནོ། །ལས་ཀྱི་གོ་འཕང་ཞེས་བྱ་བ་ནི་སྲད་བུ་མངོན་པར་འདུས་བྱ་བ་ལ་སོགས་པའི་རང་བཞིན་ནོ། །རྡོ་རྗེའི་ཐིག་སྐུད་དག་ལ་དགོད་ཅེས་བྱ་བ་ལ། ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་པ་ནི་བཤད་ཟིན་ཏོ། །སྐུའི་དཀྱིལ་འཁོར་ཐིག་གདབ་པའི་ཕྱིར་ལག་པ་གཡོན་པའི་སོར་མོ་ཐ་མ་ནས་བརྩམས་ཏེ་མཐེ་བོའི་བར་ལ་གོ་རིམས་བཞིན་དུ་གནས་པའི་སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་ལ་སོགས་པ་རྣམས་ལ། ཧཱུཾ་སྭཱ་ཨཱཿ་ཧཱ་ཨོཾ་ཞེས་བྱ་བའི་ས་བོན་རྣམས་ཀྱིས་མི་བསྐྱོད་པ་དང་དཀོན་མཆོག་དཔལ་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པ་དང་རྣམ་པར་སྣང་མཛད་རྣམས་བཀོད་ལ། ཡེ་ཤེས་ཀྱི་སྲད་བུ་བཀུག་སྟེ། ཨ་ནྱོ་ནྱཱ་ནུ་ག་ཏེ། སརྦ་དྷརྨཱ་ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་བསྒྲིལ་ལ། གསེར་ལ་སོགས་པའི་སྣོད་དུ་བཞག་པ་ལ་ཇི་ལྟ་བ་བཞིན་དུ་མངོན་པར་བཟླས་པར་བྱའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ལ་ཡང་དཀར་པོ་དང་སེར་པོ་དང་སྔོན་པོ་དང་ལྗང་གུ་དང་དམར་པོ་གོ་རིམས་བཞིན་དུ་གནས་པ་རྣམས་ལ། ཨོཾ་སྭཱ་ཧཱུཾ་ཧཱ་ཨཱཿ་ཞེས་བྱ་བའི་ས་བོན་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་རྣམ་པར་བཀོད་དེ། དེ་ཁོ་ན་བཞིན་དུ་ཡེ་ཤེས་ཀྱི་སྲད་བུ་བཞུགས་པ་ལ་སོགས་པ་བྱའོ། །དེ་བཞིན་དཀོན་མཆོག་དཔལ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཐིག་ལ་ཡང་ཇི་ལྟར་མཐུན་པ་བཞིན་དུ་ཐམས་ཅད་བྱའོ། །འདི་ནི་ཞེས་


DTG041_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་གོ་སླའོ། །རྣམ་པ་ཉི་ཤུ་རྩ་ལྔར་ནི། །ཞེས་བྱ་བ་ཚོན་རྩི་ཡང་སྔ་མ་བཞིན་དུ་མངོན་པར་འདུས་བྱས་ཏེ། དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་ལྔ་ལྔར་རབ་ཏུ་རྣམ་པར་ཕྱེ་མ་དགྱེ་བར་བྱ་བ་ཡིན་པས་ན། རྣམ་པ་ཉི་ཤུ་རྩ་ལྔར་ཚོན་རྩི་དགྱེ་བའོ། །གཞན་དག་ན་རེ་སྔོན་པོ་ལ་སོགས་པ་ཚོན་རྩི་རྣམས་ལ་ལྷ་མོ་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་ལྔ་བཅུག་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སྔགས་རྣམས་ཐམས་ཅད་ཉིད་ལ་ཡང༌། །ཞེས་བྱ་བ་ནི་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལའོ། །རྡོ་རྗེ་ཧཱུཾ་ནི་བསྒོམ་པར་བྱ། །ཞེས་བྱ་བ་ནི་དངོས་གྲུབ་མེད་ན་མགོ་དང་ལྐོག་མ་དང་སྙིང་ག་དང་རྐེད་པ་དང་གསང་བ་དང་རྐང་པའི་བར་རྣམས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཆུད་པའི་ཡི་གེ་ཧཱུཾ་འོད་ཟེར་མཐའ་ཡས་པས་ཁྱབ་པ་བསམ་པའོ། །སྐུ་དང་གསུང་གི་དམ་ཚིག་མཆོག །ཅེས་བྱ་བ་ལ། དམ་ཚིག་ཅེས་བྱ་བའི་སྒྲ་ནི་གཉི་ག་ཡང་སྦྱར་བར་བྱ་སྟེ། སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་འདའ་བར་མི་བྱ་བའི་དམ་ཚིག་ནི་ཡི་གེ་ཨོཾ་མོ། དེ་བཞིན་དུ་གསུང་གི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ནི་ཡི་གེ་ཨཱཿ་ཁོ་ན་ཡིན་པར་རིག་པར་བྱའོ། །གནས་ལྔ་དག་ཏུ་ཞེས་བྱ་བ་ནི། མགོ་དང་ལྐོག་མ་ལ་སོགས་པ་རྣམས་སུ། གོ་རིམས་བཞིན་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་འཁོར་ལོའི་ལྟེ་བ་ན་འདུག་པའི་ཡི་གེ་ཨོཾ་འོད་ཟེར་གྱི་ཕྲེང་བ་ཅན་དང༌། པདྨ་འདབ་མ་སྣ་ཚོགས་པའི་སྟེང་དུ་པདྨ་ལ་གནས་པའི་ཡི་གེ་ཨཱཿ་འོད་ཟེར་འབར་བ་བསྒོམ་པའོ། །དེ་ལྟར་བྱས་ན་རྡོ་རྗེ་མི་ཕྱེད་གསུམ་སྟེ་དཔལ་རྡོ་རྗེ་སེམས་དཔའ་དེ་ལས་བྱུང་བ་དེའི་དཀྱིལ་འཁོར་གྱི་ལྷ་རྣམས་ནི་རྡོ་རྗེ་མི་ཕྱེད་གསུམ་ལས་སྐྱེས་པ་སྟེ། དཔལ་རྡོ་རྗེ་འཆང་གིས་གསུངས་པའི་དམ་ཚིག་ལས་འདས་པའི་འཇིགས་པས་བྱིན་གྱིས་རློབ་པ་སྟེ། དཀྱིལ་འཁོར་ལ་བྱིན་གྱིས་རློབ་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་བུམ་པ་གཞག་པ་ནི་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ལས་ཐམས་ཅད་པ་དང༌། རྣམ་པར་རྒྱལ་པའི་བུམ་པ་ལ་སོགས་པ་རྣམས་སོ། །སྔགས་ནི་དཀྱིལ་འཁོར་བའི་ལྷ་རྣམས་སོ་སོའི་བཟླས་པ་བྱ་


DTG041_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་རྣམས་སོ། །རྒྱུད་ཀྱི་བདག་པོ་ནི་དཀྱིལ་འཁོར་སོ་སོའི་བདག་པོ་རྣམས་ཏེ། རང་དང་རྗེས་སུ་མཐུན་པའི་སྐུ་མདོག་ཅན་དེ་རྣམས་ལས་རང་གི་བདག་པོའི་གཟུགས་སུ་རྣམ་པར་བསྒོམས་ཤིང་བཟླས་པ་བྱས་ལ་ལེགས་པར་བྲིས་པ་རང་རང་གི་ཕྱག་མཚན་གྱིས་མཚན་པ་བདུད་རྩི་ལྔ་དང་བཅས་པའི་དྲི་དཀར་པོའི་ཆུ་དང་འབྲུ་ལ་སོགས་པས་རབ་ཏུ་བཀང་པ་གོས་ལ་སོགས་པས་བརྒྱན་པ་རྣམས་དཀྱིལ་འཁོར་གྱི་བདག་པོའི་བདག་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་སྔར་བཤད་པའི་གནས་སུ་གཞག་པར་བྱའོ། །དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་འམ། རང་དང་གཞན་ཞི་བར་བྱ་བ་ལ་སོགས་པའི་དོན་དུ་སྦྱིན་སྲེག་བྱ་དགོས་པས། དེའི་ཕྱིར་དངོས་གྲུབ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཀུན་གྱི་འབྲས་བུ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་སོ། །སྔགས་ཤེས་པས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་ཆོ་ག་ཡོངས་སུ་ཤེས་པས་སོ། །གཞན་ནི་ཤེས་པར་ཟད་དོ། །རྡོ་རྗེ་མི་ཕྱེད་གསུམ་དག་ལ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ལའོ། །དབུས་སུ་རང་གི་ལྷའི་གཟུགས་ཞེས་བྱ་བ། འཁོར་ལོའི་བདག་པོ་གང་ཡང་དུང་བར་བདག་ཉིད་དང་ཐབ་ཁུང་གི་དབུས་སུ་བསམས་ནས་སོ། །ཞལ་དུ་གདབ་པར་བྱ་ཞེས་བྱ་བ་ནི་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའོ། །དབང་པོ་གཉིས་ཀྱི་དམ་མཆོག་གིས། །ཞེས་བྱ་བ་ནི། དཀྱིལ་འཁོར་བ་རྣམས་དང་བཅས་པར་བདག་ཉིད་དང་ཐབ་ཁུང་ན་བཞུགས་པའི་རང་གི་བདག་པོ་སྙོམས་པར་ཞུགས་པར་ངེས་པ་བསམས་ནས་སོ། །སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ། །ཞེས་བྱ་བ་འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། སྦྱིན་སྲེག་སྟོང་ངམ་དཔག་ཏུ་མེད་པ་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །འདིའི་དོན་ནི་འདི་ཡིན་ཏེ། ཞི་བ་ལ་ས་ཕྱོགས་དཀར་པོ་རྒྱར་ཁྲུ་གང་ཙམ། ཟབས་སུ་སོར་བཅུ་གཉིས་ཡོད་པའི་ཐབ་ཁུང་ཟླུམ་པོ་དང༌། དེའི་དབུས་སུ་པདྨ་སོར་བཅུ་དྲུག་པའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱད་པ་མགོ་གྱེན་དུ་བལྟས་པ་དང་ལྡན་པ། ཐབ་ཁུང་གི་སྟེང་དུ་སོར་བཞི་དོར་ཏེ་ཞེང་དང་འཕང་དུ་སོར་


DTG041_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡོད་པའི་ཁ་ཁྱེར་གྱིས་ཀུན་ནས་བསྐོར་བ་དང༌། མཚམས་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང༌། ཐབ་ཁུང་དང༌། དེའི་ཉེ་འཁོར་བའི་ལྕི་བས་ཉེ་བར་བྱུགས་ཏེ། ཡང་དེ་གཉིས་བདུད་རྩི་ལྔ་དང་བཅས་པའི་དྲིས་ཉེ་བར་བྱུགས་ལ་དུས་གསུམ་དུ་མེ་ཏོག་དཀར་པོ་དྲི་ཞིམ་པ་ཀུན་དུ་དགྲམ་པར་བྱའོ། །དགང་གཟར་ནི་གསེར་རམ་ཟངས་ལས་བྱས་པ་འམ། ནིམ་པ་འམ། མཆོད་སྦྱིན་གྱིས་ཤིང་ལས་བྱས་པའི་པདྨའི་འདབ་མའི་དབྱིབས་ཅན། དེའི་ཡུ་བ་ནི་སྐྱེས་བུ་ཚད་དང་ལྡན་པའི་མཐེ་བོའི་སོར་ཉི་ཤུ་རྩ་བཞི་ཡོད་པ་ཁུ་ཚུར་གྱིས་གཟུང་དུ་རུང་བ། དེའི་རྩེ་མོར་མགོ་བོ་གྲུ་བཞི་སོར་བཞི་པ། ཟབས་སུ་སོར་གཉིས་བརྐོས་པ། རྡོ་རྗེ་རྩེ་ལྔ་པ་སོར་གཉིས་པས་མཚན་པ། ཁུ་བཅུད་འཛག་པའི་བུ་ག་སོར་གཅིག་ཙམ་དང་ལྡན་པ་དེའི་རྩེ་མོར་པདྨའི་འདབ་མའི་རྣམ་པ་ཅན་གྱི་རྡོ་རྗེ་རྩེ་གསུམ་པ་སོར་བརྒྱད་པ་འམ་སོར་བཞི་པ། ཡུ་བའི་ཞབས་སུ་རྡོ་རྗེ་དང་རིན་པོ་ཆེ་སེར་དྲུག་པ་དང་ལྡན་པའོ། །བླུགས་གཟར་ནི་ཁྲུ་གང་ཙམ་ལ་མགོ་བོ་རྒྱར་སོར་གཉིས་ཡོད་པ། པདྨའི་འདབ་མའི་དབྱིབས་ཅན་ཟབས་སུ་པདྨའི་འདབ་མའི་དབྱིབས་སུ་སོར་གཉིས་བརྐོས་པ། དབུས་ན་རྡོ་རྗེ་རྩེ་ལྔ་པ་སོར་གཅིག་ཙམ་པ་ཡོད་པ། ཡུ་བའི་ཞབས་ན་རྡོ་རྗེ་དང་རིན་པོ་ཆེ་དང་ལྡན་པའོ། །སོར་མོ་ལྔ་བཅེར་བས་ཀྱང་དགང་གཟར་བྱ་ཞིང༌། སོར་མོ་གསུམ་བཅེར་བས་ནི་བླུགས་གཟར་བྱའོ། །བདུད་རྩི་ལྔ་དང༌། ཏིལ་མར་ཆེན་པོ་དང༌། བའི་མར་དང༌། སྦྲང་རྩི་དང༌། སླེ་ཏྲེས་དང༌། ཡམ་ཤིང་དང༌། ཏིལ་དང༌། འབྲས་སཱ་ལུའི་ཆན་དང༌། ནས་དང༌། འོ་མ་དང༌། ཞོ་དང༌། འབྲས་ཡོས་དང༌། ཀུ་ཤ་སྔོན་པོ་དང༌། དཱུར་བ་དང༌། ཨ་མྲའི་ལོ་མ་དང༌། ཙནྡན་དང༌། ཕྲི་ཡང་ཀུའི་མེ་ཏོག་དང༌། མེ་ཏོག་དཀར་པོ་དང༌། གེ་སར་དང༌། ཐང་ཆུ་དྲི་ཞིམ་པོ་རྣམས་ཇི་ལྟར་རྙེད་པ་སྦྱིན་སྲེག་བྱའོ། །དེ་ཡང་ཡམ་ཤིང་པ་ལ་ཤ་དང༌། ཨུ་དུམྺཱ་ར་དང༌། ཨ་མྲ་དང༌། ཀ་དམྦ་དང༌། ཀཥྨ་རྫྱ་དང༌། ཨ་ཤྭངྠ་དང༌། པླཀྵ་དང༌། ཤ་མི་དང༌། ནྱ་གྲོ་དྷ་ལ་སོགས་པ་ཤིང་འོ་མ་ཅན་ལས་བྱུང་བ། འདབ་མ་དང་བཅས་པ། རླན་དང་བཅས་པ། མཉམ་པོར་བཅད་པ་རྩེ་མོའི་ཆ་ལས་བྱུང་བ། མཐོ་གང་ཙམ་མར་དང་བཅས་པའི་དྲི་


DTG041_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་ཆུ་ལ་སྤངས་པ། དེ་དང་བཅས་པའི་སྤྲང་རྩི་དཀར་པོ་དང༌། འོ་མ་ལ་རྩེ་མོ་གཉིས་བཅུག་པ། རྩེ་མོ་ལོ་མ་གཉིས་དང་བཅས་པ། རྩེ་གཅིག་པས་བསྲེག་པར་བྱའོ། །རྙིང་པ་དང༌། འདབ་མ་མེད་པ་དང༌། རུལ་པ་དང༌། ཁོང་སྟོང་དང༌། ཆག་པ་དང༌། ཤུན་ལྤགས་མེད་པ་དང༌། ཐུང་ངུ་དང༌། ཡོན་པོ་དང༌། རྩེ་མོ་གཉིས་སུ་གས་པ་དང༌། ཕྲ་བ་དང༌། སྦོམ་པོ་དང༌། རིང་པོ་དང༌། འབུས་ཟོས་པ་དང༌། སྲོག་ཆགས་དང་བཅས་པ་ནི་དོར་བར་བྱའོ། །ཤིང་དེ་རྣམས་ཉིད་ཀྱི་བུད་ཤིང་ཐབ་ཁུང་ལས་ཅུང་ཟད་ཐུང་བ་འམ། དགོན་པའི་བ་ལང་གི་ལྕི་བའོ། །དེ་ནས་སྒྲུབ་པ་པོ་ཁྲུས་བྱས་པ་ལུས་དྲི་ཞིམ་པོས་བསྒོས་པ། བྱམས་པ་དང་སྙིང་རྗེ་དང་ལྡན་པ། གོས་དཀར་པོ་གྱོན་པ་དཀྱིལ་འཁོར་གྱི་བདག་པོ་སྐུ་མདོག་དཀར་པོའི་རྣལ་འབྱོར་གྱིས་བསྲུང་བའི་ཆོ་ག་དང་བཟླས་པ་བྱས་པས། སྟན་དཀར་པོ་འཇམ་པོ་ལ་པདྨའི་འདུག་སྟངས་ཀྱིས་ཉེ་བར་འདུག་སྟེ། སྲོད་ལ་ཁ་ཤར་དུ་བལྟས་བས་བྱམས་པའི་བློས་བསྒྲུབ་བྱ་ལ་དམིགས་ལ། ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ་ཞི་བའི་ཡིད་ཀྱིས་ཞི་བ་བྱའོ། །གསེར་རམ་དངུལ་ལམ་རྡོ་འམ་ཟངས་སམ། ཤིང་ངམ་ས་ལས་བྱས་པ་འམ། དུང་ཕོར་རམ། ཉ་ཕྱིས་སམ། ལོ་མ་སྦྱར་བ་ལས་བྱས་པའི་མཆོད་ཡོན་གྱི་སྣོད་དུ། ནས་དང་འོ་མ་དང་མེ་ཏོག་དཀར་པོ་དང༌། ཏིལ་དང༌། ཀུ་ཤ་དང༌། འབྲས་ཡོས་དང་བཅས་ཤིང༌། བདུད་རྩི་དང་བཅས་པའི་དྲི་དཀར་པོའི་ཆུ་ཅི་འབྱོར་པ་བླུགས་ཏེ། རང་གི་ལྷའི་སྔགས་སྭཱ་ཧཱའི་མཐའ་ཅན་བཟླས་པར་བྱའོ། །དཀར་ཞིང་ཞི་བར་རྣམ་པར་བསྒོམས་པའི་འཕགས་པ་བདུད་རྩི་ཞེས་བྱ་བ་དང༌། བདག་པོའི་རིགས་ཀྱི་རིག་སྔགས་དག་ཡོངས་སུ་བཟླས་པའི་ལས་ཐམས་ཅད་པའི་ཆུ་སྣོད་དང༌། མཆོད་ཡོན་གྱི་སྣོད་རང་གི་གཡོན་ཕྱོགས་སུ་བཞག་ལ། ཡམ་ཤིང་དང་བུད་ཤིང་ལ་སོགས་བ་གཡས་ཕྱོགས་སུ་བཞག་སྟེ། ལག་པ་གཡས་པ་ན་གནས་པའི་ཀུ་ཤའི་རྩེ་མོས་བླངས་པའི་ལས་ཐམས་ཅད་པའི་ཆུས་བསང་གཏོར་བྱའོ། །བདུད་རྩི་འཁྱིལ་བའི་སྔགས་ནི། བྷྲཱུཾ་ཨོཾ་ཨཱཿ་ཧཱུཾ་བིགྷྣཱནྟ་ཀྲྀཏ་སྭཱ་ཧཱ་ཞེས་བྱ་བ་འམ། ཕྲེང་བའི་སྔགས་སོ། །ཐུགས་ཀྱི་དཀྱིལ་འཁོར་


DTG041_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དང་རིན་པོ་ཆེའི་དཀྱིལ་འཁོར་དང་རིན་པོ་ཆེའི་དཀྱིལ་འཁོར་གྱི་རིག་སྔགས་ནི། བྷྲུཾ་ཨོཾ་ཨཱཿ་ཧཱུཾ་དྭེཥ་ར་ཏི་སྭཱ་ཧཱ་ཞེས་བྱ་བ་འམ། ཨོཾ་ཤཾ་ཀ་རེ་ཤཱིནྟཾ་ཀ་རེ། གྷུཊྚ་གྷུཊྚ། གྷུཊྚི་ནི། གྷཱ་ཏ་ཡ་གྷཱ་ཏ་ཡ། གྷུ་ཊི་ནི་སྭཱ་ཧཱ་ཞེས་བྱ་བའོ། །སྐུ་ལ་སོགས་པའི་དཀྱིལ་འཁོར་གྱི་རིག་སྔགས་ནི། ཡི་གེ་བྷྲཱུཾ་དང་ལྡན་པའི་ཡི་གེ་ལྔ་དང་རྣམ་པར་སྤེལ་བའི་སྤྱན་ལ་སོགས་པའི་སྙིང་པོ་རྣམས་སམ། ཨོཾ་རུ་རུ་སྤུ་རུ་ཞེས་བྱ་བ་ལ་སོགས་པའོ། །ཤིང་འོ་མ་ཅན་བཙུགས་ཤིང་གིས་ཕྱུང་བའི་མེ་བླང་བར་བྱའོ། །དེ་ནས་འཕགས་པ་བདུད་རྩི་འཁྱིལ་བའི་སྔགས་ལན་བདུན་བཟླས་པས་མེ་རྣམ་པར་སྦྱངས་ཏེ། དེ་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་བླངས་པས་གཡས་ཕྱོགས་སུ་བསྐོར་ཞིང་ལན་གསུམ་བསང་གཏོར་བྱས་པའི་ཐབ་ཁུང་དུ་རྩྭ་ཤིན་ཏུ་སྐམ་པོ་དང་བཅས་པར་བཅུག་ལ། ཨོཾ་ཛྭ་ལ་ཧཱུཾ་ཞེས་བྱ་བ་ཟློས་ཤིང་རླུང་ཡབ་ཀྱི་རླུང་གིས་རབ་ཏུ་སྤར་བར་བྱ་ཞིང༌། རིགས་ཀྱི་སྙིང་པོ་ལན་བདུན་བཟླས་པས་ཀྱང་རབ་ཏུ་སྤར་བར་བྱའོ། །ཨོཾ་བཛྲ་སཏྭ་ཨཱཿ་ཞེས་བྱ་བ་འདི་འདས་པའི་ཀུ་ཤ་སར་པ་དྲི་མ་མེད་པ་སྔོན་པོ་མ་གས་ཤིང་འདབ་མ་མ་གྲུགས་པ་ཧ་ཅང་མི་རིང་བ། ཁ་ཁྱེར་ལ་ཁ་ཤར་དུ་བལྟས་པ་དང༌། ཁ་ལྷོར་བལྟས་པ་དང༌། ཁ་ནུབ་ཏུ་བལྟས་པ་དང༌། ཁ་བྱང་དུ་བལྟས་པར་བཞག་ལ། ཐབ་ཁུང་ཀུན་ཤ་རྩེ་མོ་ཤར་དུ་བལྟས་པ་རྣམས་ཀྱིས་གཡོས་པར་བྱའོ། །དེ་ནས་རང་གི་ལྷའི་ལྕེ་བྱིན་གྱིས་རློབས་པའི་ཡི་གེ་ཧཱུཾ་ལ་སོགས་པའི་སྙིང་པོས་ཐབ་ཁུང་བསྐྱེད་ལ། དེའི་དབུས་སུ་ཡི་གེ་ར་དང་བཅས་པའི་གྲུ་གསུམ་གྱི་སྟེང་དུ་ཨོཾ་ལས་བྱུང་བའི་པདྨ་ལ་གནས་པའི་ཡི་གེ་རཾ་ལས་བྱུང་བའི་རྡོ་རྗེ་མེ་སྐུ་མདོག་དཀར་པོ། གདན་དང་གོས་དང་རྒྱན་དཀར་པོ་དང་ལྡན་པ། འབར་བའི་ཕྲེང་བ་ཅན། གསུས་ཁྱིམ་ཆེ་བ། ཞི་བའི་སེམས་དང་ལྡན་པ། གཡས་པ་དག་གིས་རྡོ་རྗེ་རྩེ་གསུམ་དང་ཕྲེང་བ་འཛིན་པ། གཡོན་པ་དག་གིས་དབྱིག་པ་དང་གུནྡྷེ་འཛིན་པ་བསམས་ཏེ། ཁྲོ་བོ་དཔལ་གནོད་མཛེས་རྒྱལ་པོའི་ང་རྒྱལ་དང་ལྡན་པས། ཨོཾ་ཊཀྐི་ཧཱུཾ་ཛཿ་ཞེས་བྱ་བ་འདོད་པའི་རྒྱལ་པོ་སེམས་ཉིད་ཀྱི་སྒོ་ནས་བཀུག་ལ། དེའི་སྙིང་གར་བཅུག་སྟེ། འཕགས་པ་བདུད་རྩི་ཞེས་བྱ་བས་བགེགས་


DTG041_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་པ་དང༌། བསྲུང་བ་དང༌། དཀྱིལ་འཁོར་བཅིང་བ་ལ་སོགས་པ་བྱའོ། །དེ་ནས་མེའི་རང་གི་སྔགས་ཀྱིས་མཆོད་ཡོན་གྱི་ཆུ་ལན་གསུམ་མམ་བདུན་དུ་བླུགས་ཏེ། ལག་པ་གཡས་པ་ཁོ་ན་མེ་ཏོག་བླངས་ལ་སྒེག་པ་དང་བཅས་པས་དབུལ་ཞིང་ཞབས་དག་ལ་ཞབས་བསིལ་དབུལ་བར་བྱ་སྟེ། ཨོཾ་པྲ་ཝར་སཏྐཱ་ར་པྲཏཱིཙྪ་སྭཱ་ཧཱ། ཞེས་བྱ་བ་ནི་ཞབས་བསིལ་གྱི་སྔགས་སོ། །དེ་ན་མེ་དམ་ཚིག་གི་ཕྱག་ཪྻའི་གཟུགས་སུ་གྱུར་པའི་རང་བཞིན་གྱིས་འོད་གསལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་སྙོམས་པར་ཞུགས་པར་ལྷག་པར་མོས་པར་བྱས་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡང༌། སརྦ་བྷ་སྨིཾ་ཀུ་རུ། སརྦ་དུཥྚཱཾ་ཧཱུཾ་ཕཊ། དྲྀ་ཤྱ་ཛཿ་ཧཱུཾ་བཾ་ཧོཿ་ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་ལན་གསུམ་བརྗོད་དེ། ཐ་མར་ཡང་སྔགས་འདི་ཉིད་ལན་གསུམ་བརྗོད་ལ་བོས་ཏེ་བླ་བར་བྱའོ། །ལྕེ་ལ་ཡང་རྡོ་རྗེ་དཀར་པོ་རྣམ་པར་བསམས་ལ། ཨོཾ་ཛྭ་ལ་ཧཱུཾ་ཕཊ། ཅེས་བྱ་བ་རྣམ་པར་བཀོད་དེ། ཇི་ལྟ་བ་བཞིན་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡི་གེ་སྭཱ་ཧཱ་དག་གིས་བསྐྱེད་པའི་རིན་པོ་ཆེ་ཅོད་པན་དཀར་པོས་དབང་བསྐུར་ཏེ་རྡོ་རྗེ་གསོར་ཞིང༌། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དམ་ཚིག་ལས་ནི་རྣམ་འདས་ན། །རིགས་རྣམས་མྱུར་དུ་ཐལ་བར་བྱེད། །ཨོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་དམ་ཚིག་ལ་གཞག་པར་བྱའོ། །ཨོམ་བཛྲ་བནྡྷ་ཧཾ། བདག་གིས་མངོན་པར་འདོད་པའི་བྱ་བ་འདི་མཛོད་ཅིག་ཅེས་བྱ་བས་རང་གི་བསྒོ་བ་ལ་སྦྱར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་དྲི་དཀར་པོ་ལ་སོགས་པའི་མཆོད་པ་རྣམས་མཱ་མ་ཀཱི་ལ་སོགས་པ་སྤྲུལ་པའི་སྤྲོས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། ལས་ཐམས་ཅད་པའི་བསང་གཏོར་བྱས་ལ། ལག་པ་གཡས་པའི་མཛུབ་མོ་དང་མཐེ་བོ་དག་གིས་ལས་ཐམས་ཅད་པ་བཟླས་པའི་ཆུ་བླངས་ཏེ། མེའི་སྔགས་ཀྱིས་ལག་པར་འཐོར་འཐུང་ལན་གསུམ་ཕུལ་ལ། དེའི་ལྕེ་དང་དགང་གཟར་དང་བླུགས་གཟེར་ཁ་ལ་རང་གི་ལྷའི་ས་བོན་རྣམ་པར་བཀོད་དེ། པུས་མོ་གཉིས་ཀྱི་བར་དུ་ལག་པ་བཞག་ནས། དང་པོར་བླུགས་གཟར་གྱིས་མར་གྱི་སྲེག་བླུགས་གསུམ་ཞལ་ཅུང་ཟད་གདངས་པར།


DTG041_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨགྣ་ཨེ་ཧ་བྱ་ཀ་བྱ་བཱ་ཧཱ་ན་ཡཱ་དི་པྱཱ་དི་པྱ། དཱི་པ་ཡ་ཆེ་གེ་ཤཱི་ནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་མེའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་བགེགས་མེད་པ་དང་བགེགས་དང་བཅས་པ་མེ་འབར་བ་ལ་སོགས་པའི་མཚན་མ་རྣམས་ཀྱི་སྒོ་ནས་བརྟག་པར་བྱ་སྟེ། འཇའ་ཚོན་འདྲ་ཞིང་མདོག་སྡུག་པ། །བྱུ་རུ་བཅག་པ་ལྟ་བུ་དང༌། །གཡས་སུ་འཁྱིལ་ཞིང་ཤིན་ཏུ་སྣུམ། །ལྷམ་བུ་ཆུ་གཤེར་མཚུངས་པའི་འོད། །བཻ་ཌཱུཪྻ་ལེབ་བརྒན་མཚུངས། །མར་གྱི་སྲེག་བླུགས་བླུགས་གཟེར་དབྱིབས། །རྩེ་གསུམ་རྡོ་རྗེ་པདྨ་དུར། །ཉ་དང་དཔལ་བེའུ་རྔ་ཡབ་དང༌། གདུགས་དང་རྒྱལ་མཚན་སོགས་བུམ་པ། །བཀྲ་ཤིས་གཟུགས་སུ་ཡང་དག་བྱུང༌། །གླིང་བུ་རྫ་རྔ་ལྟ་བུར་ཟབ། །ཤིན་ཏུ་དྲི་ཞིམ་ཡིད་འོང་བ། །གངས་དང་རྡུལ་མཚུངས་དུ་བ་མེད། །ཉི་མ་གསལ་འདྲ་དྲི་མ་མེད། །ཞི་ལ་ཁ་དོག་དཀར་པོར་སྣང༌། །རྒྱས་ལ་སེར་པོ་སྣང་བ་སྟེ། །རྗེས་སུ་ཆགས་ལ་དམར་པོ་ཤིས། །སྔོན་པོ་ནག་པོ་མངོན་སྤྱོད་ལ། །གཞན་ཡང་རྩེ་གཅིག་ཤིས་པ་སྟེ། །རྩེ་མོ་གཉིས་པ་འབྲིང་ཡིན་ནོ། །རྩེ་གསུམ་ཐ་མར་སྒྲུབ་པ་པོས། །མདོར་ན་ཤེས་པར་བྱ་བ་ཡིན། །དུ་བ་མང་ཞིང་མེ་སྟག་འཕྲོ་བ་དང༌། །དལ་བ་དལ་བར་རིམ་གྱིས་འབར་བར་དང༌། །མེ་ལྕེ་རྣམ་པར་འཆད་ཅིང་གཟི་བརྗིད་མེད། །སྲིན་པོ་ལྟར་གནག་པ་ལ་ཤ་ཡི་མདོག །མདུང་གི་རྩེ་མོ་ཉིད་མཚུངས་དང༌། །དེ་བཞིན་བ་ལང་མགོ་དང་མཚུངས། །རོ་ཡི་དྲི་དང་དྲི་ང་དང༌། །ཡང་ན་ཁ་དོག་མི་སྡུག་ལྡན། །སྤྲུལ་གྱི་གདེངས་ཀའི་གཟུགས་ཅན་དང༌། །དེ་བཞིན་མེ་ལྕེ་གཡོ་བའོ། །དེ་ལྟར་བགེགས་དང་བཅས་པ་མཐོང་ན་སྔ་མ་བཞིན་དུ་བསང་གཏོར་བྱས་ཏེ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཡང་དག་པར་སྦྱངས་ལ་ཀུན་དུ་བསྲུངས་ཏེ། དེ་ཉིད་བཟླས་པའི་སྲེག་བླུགས་བདུན་སྦྱིན་སྲེག་བྱའོ། །ཡང་རང་གི་སྔགས་བསང་གཏོར་བྱས་ལ། དགང་གཟར་དང་མར་གྱི་དགང་བླུགས་གསུམ་མ་མ་བདུན་ནམ་གཅིག་མེའི་རང་གི་སྔགས་ཀྱིས་ཕུལ་ཏེ། ཡམ་ཤིང་ལ་སོགས་པའི་སྲེག་བླུགས་གསུམ་མམ་གཅིག་དབུལ་བར་བྱའོ། །འདིར་རིམ་པ་ནི། འབར་བའི་མེ་ལ་ཡམ་ཤིང་སྟེ། །དེ་ནས་མར་དང་དེའི་འོག་ཏིལ། །དེ་ནས་འབྲས་ཆན་ལ་སོགས་པ། །ཆོ་ག་འདི་ནི་མདོར་བསྡུས་པའོ། །དེ་


DTG041_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུ་བའི་རྫས་ཐམས་ཅད་ནི་ཞལ་དུའོ། །ཡམ་ཤིང་དང་མིའི་རུས་པའི་ཕྱེ་མ་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །ཞོ་དང་འབྲས་ཆན་དང་ཏིལ་ལ་སོགས་པ་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འོད་འཕྲོ་བ་ལའོ། །ཞབས་བསིལ་ནི་ཞབས་དག་ལའོ། །མར་མེ་དང་མཆོད་ཡོན་ནི་མདུན་དུའོ། །དེ་ནས་འཐོར་འཐུང་དང་བསང་གཏོར་བྱས་ལ། མེ་ཐབ་ཀུན་དུ་འབར་བའི་རྣམ་པར་རམ། རང་གི་གཟུགས་སུ་མེའི་ཕྱོགས་སུ་གཞག་པར་བྱའོ། དེ་ནི་མེ་ལྷའི་བྱ་བའོ། །དེ་ནས་ཡང་རིགས་ཀྱི་བདག་པོའི་རིག་སྔགས་ཀྱིས་སྦྱིན་སྲེག་གི་ཡོ་བྱད་སྔ་མ་བཞིན་དུ་བསང་གཏོར་བྱས་ལ། མེའི་དབུས་སུ་རིག་མ་དང་སྙོམས་པར་གྱུར་པའི་དཀྱིལ་འཁོར་གྱི་བདག་པོ་དཀར་པོ་ཞི་པ་པདྨ་དང་ཟླ་བའི་གདན་དང་གོས་དང་རྒྱན་དང་འོད་དཀར་པོ་དང་ལྡན་པ། སྭཱ་ཧཱ་མཐའ་ཅན་གྱི་སྙིང་པོ་ལས་བྱུང་བ། རང་གི་འཁོར་ལོ་དང་གཅིག་ཏུ་གྱུར་པའི་གཟུགས་ཅན་རྣམ་པར་བསམས་ཏེ། སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་ཡེ་ཤེས་སེམས་དཔའ་བཀུག་ལ། ཐུགས་ཀ་ན་གནས་པའི་པདྨའི་སྟེང་གི་ཟླ་བ་ལ་བཀོད་དེ། གཟུགས་ཀྱི་ཕུང་པོ་ལ་སོགས་པ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བ་ཅན་གྱིས་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ལ། ཤིན་ཏུ་རྣལ་འབྱོར་ལ་གནས་པ། རང་གི་དབང་བསྐུར་བ་རྣམས་ཀྱིས་དབང་བསྐུར་ཏེ། བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་དང༌། ཕྱི་རོལ་གྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། མཆོད་ཡོན་དང༌། འཐོར་འཐུང་དང༌། བསང་གཏོར་བྱས་ཏེ་ལྗགས་དང་དགང་གཟར་དང་བླུགས་གཟར་གྱི་ཁ་ལ་རང་གི་ས་བོན་རྣམ་པར་བཀོད་ལ། རང་གི་སྔགས་ཀྱིས་བསྐུར་ཏེ་ཐ་མར་ཆེ་གེ་མོ་ཤཱི་ནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་ཟློས་ཤིང་སྔ་མ་བཞིན་དུ་དགང་བླུགས་ཕུལ་ཏེ། རྫས་ཐམས་ཅད་ལས་རེ་རེ་བཞིན་སྲེག་བླུགས་གསུམ་མ་མ་བདུན་ནམ་གཅིག་ཕུལ་ལ། བདུད་རྩི་ལྔ་དང་བཅས་པའི་མར་གྱི་སྲེག་བླུགས་བརྒྱའམ་སྟོང་ངམ་དཔག་ཏུ་མེད་པ་སྦྱིན་སྲེག་བྱའོ། །དེ་ལྟར་ཇི་ཙམ་སྙེད་པ་སྦྱིན་སྲེག་བྱས་ལ་རིགས་ཀྱི་སྙིང་པོས་མར་གྱི་སྲེག་བླུགས་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གིས་གཟི་བརྗིད་བསྐྱེད་པར་བྱ་ཞིང་རིགས་ཀྱི་བདག་པོ་


DTG041_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་དགང་བླུགས་དང་མཆོད་ཡོན་དབུལ་བར་བྱའོ། །དེ་ལ་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ཀྱི་བདག་པོའི་སྙིང་པོའོ། །ཨོཾ་ཨཱཿ་སྭཱ་ཧཱ་ཞེས་བྱ་བ་ནི་ལྷག་མ་རྣམས་ཀྱིའོ། །དེ་ནས་བསང་གཏོར་ལན་གསུམ་བྱས་ཏེ། འཐོར་འཐུང་ཕུལ་ལ། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་བསྟོད་པ་རྣམས་ཀྱིས་ཡང་དག་པར་བསྟོད་དེ། སྔ་མ་བཞིན་དུ་ཡང་དག་པར་མཆོད་ལ། མཆོད་ཡོན་ཕུལ་ཏེ་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་བསྐུལ་ལ་བཟོད་པར་གསོལ་ཏེ། དེའི་སྐུ་དང་གསུང་དང་ཐུགས་དང་རིག་མའི་རྣམ་པར་དག་པ་ལ་ལྷག་པར་མོས་པའི་སྒོ་ནས། བཛྲ་དྷྲྀཀ་ཅེས་བྱ་བ་ལན་མང་དུ་ཡོངས་སུ་བཟླས་ལ། ཡི་གེ་གསུམ་བརྗོད་དེ། རང་གི་སྔགས་ཡི་གེ་མུའི་མཐའ་ཅན་བརྗོད་ཅིང་དེ་ཉིད་ཀྱིས་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ་ལོ། །དེ་ནས་མེ་ལྷ་མེ་ཏོག་གཅིག་གིས་ཐབ་ཀུན་དུ་བཞུགས་སུ་གསོལ་ཏེ། ཡང་ལེགས་པར་མཆོད་ལ་བསང་གཏོར་བྱས་ཏེ་འཐོར་འཐུང་ཕུལ་ལ། སྦྱིན་སྲེག་གི་ཡོ་བྱད་ལྷག་མ་རྣམས་ཕུལ་ཏེ། ཐ་མར་དགང་བླུགས་དང་འཐོར་འཐུང་ཕུལ་ལ་བསངས་གཏོར་བྱས་ཏེ། ཡང་དག་པར་མཆོད་ལ། མཆོད་ཡོན་དང་འཐོར་འཐུང་ཕུལ་ཏེ། མངོན་པར་འདོད་པའི་དངོས་གྲུབ་བསླངས་ལ་སྔ་མ་བཞིན་དུ་སྐུ་ལ་སོགས་པའི་རྣམ་པར་དག་པ་ལ་ལྷག་པར་མོས་པར་བྱས་ཏེ། བཛྲ་དྷྲྀཀ་ཅེས་བྱ་བ་ལན་མང་དུ་བཟླས་ལ་ཡི་གེ་གསུམ་བརྗོད་ནས། ཧཱུཾ་མུཿ་ཞེས་བྱ་བ་ཟློས་ཤིང་གཤེགས་སུ་གསོལ་ལོ། །དེ་ལྟར་རྟག་ཏུ་ཐུན་གསུམ་མམ་ཐུན་བཞིར་ཇི་སྲིད་རང་དང་གཞན་དག་ཞི་བར་གྱུར་གྱི་བར་དུ་བྱའོ། །དེ་ནི་ཞི་བ་མདོར་བསྟན་པའོ།། །།རྒྱས་པ་ལ་ནི་ས་གཞི་སེར་པོ་ཐབ་ཁུང་ཁྲུ་དོ་པ། ཟབས་སུ་དེའི་ཕྱེད་ཡོད་པ། རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུ་འམ། གྲུ་བཞི་པ་དང༌། དེའི་སྟེང་དུ་སོར་བརྒྱད་པར་དུ་བཞག་སྟེ་རྒྱ་དང་འཕང་དག་ཏུ་སོར་བརྒྱད་ཀྱི་ཚད་དང་ལྡན་པའི་ཁ་ཁྱེར་མཉམ་དུ་བྱས་པས་བསྐོར་བ་དང༌། བརྐོས་པའི་ནང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་གནས་པའི་རྡོ་རྗེ་རིན་ཆེན་སོར་དྲུག་པ་དང་ལྡན་པའི་ཐབ་ཁུང་དང༌། དེའི་ས་གཞི་སེར་པོ་དང༌། བདུད་རྩི་དང་བཅས་པའི་དྲི་སེར་པོ་རྣམས་ཀྱིས་ཉེ་བར་བྱུགས་ལ། མེ་ཏོག་རྣམ་པ་སྣ་ཚོགས་དགྲམ་པར་བྱའོ། །


DTG041_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཡམ་ཤིང་ནི་དེ་རྣམས་ཁོ་ན་སྟེ། འོན་ཀྱང་དབུས་ཀྱི་ཆ་ལས་བྱུང་བ། སྦོམས་སུ་ཆང་པ་གང་ཡོད་པ། །དཀྱུས་ཁྲུ་གང་ཙམ་པ། བདུད་རྩི་དང་བཅས་པའི་དྲི་སེར་པོའི་ཆུ་ལ་སྤངས་པ། ཞོ་དང་འོ་མ་དང་མར་སར་པ་རྣམས་ཀྱིས་བྱུགས་པའོ། །སྲེག་རྫས་ནི་མངར་གསུམ་དང་སྦྱར་བའི་འབྲས་ཆན་བཟང་པོའི་ཆང་བུ་དང༌། ཞོ་དང་སྦྲང་རྩི་དང་མར་དང་བསྲེས་པའི་ཏིལ་ནག་པོ་དང༌། མར་དང་ལྡན་པའི་ཞོ་དང་སྦྱར་བའི་འབྲས་ཆན་དང༌། ཤ་ཏ་པུཥྤ་པ་དང༌། བིལ་བའི་འབྲས་བུ་དང༌། འབྲས་སཱ་ལུ་དང༌། པདྨ་རཱ་ག་དང༌། གེ་སར་དང༌། མེ་ཏོག་ཀརྣི་ཀ་དང༌། འབྲུ་རྣམས་སོ། །དགོན་པའི་ལྕི་བ་མ་གཏོགས་པ་ཇི་སྐད་བཤད་པའི་བུད་ཤིང་འབྲས་བུ་དང་བཅས་པ་གཟུང་བར་བྱའོ། །དེ་ནས་ཁྲུས་བྱས་ལ་ཡན་ལག་ལ་དྲི་སེར་པོ་ཞིམ་པ་བསྒོས་པ། བྱམས་པ་དང་སྙིང་རྗེ་དང་ལྡན་པ། གོས་དང་རྒྱན་དང་ཕྲེང་བ་དང་སྟན་དང་འོད་སེར་པོ་དང་ལྡན་པ། གོས་སྣ་ཚོགས་པ་ཅན་ནམ། སེམས་རྒྱ་ཆེན་པོ་དང་ལྡན་པ། སྟན་བཟང་པོ་ལ་འདུག་པས་བཅོ་ལྔ་ནས་བརྩམས་ཏེ། ཁ་བྱང་དུ་བལྟས་པས་སྔ་དྲོའི་དུས་སུ་རྒྱས་པ་བྱའོ། །སྔར་བཤད་པའི་མཆོད་ཡོན་གྱི་སྣོད་བདུད་རྩི་ལྔ་དང་བཅས་པའི་དྲི་སེར་པོའི་ཆུ་དང་ཏིལ་དང་ཞོ་དང་བཅས་པ་དེ་ལ་ཨོཾ་གྱི་མཐའ་ཅན་གྱི་རང་གི་སྔགས་བཟླས་པར་བྱའོ། །དེ་ནས་སྐུ་མདོག་སེར་པོའི་རྣམ་པར་བསྒོམས་པའི་འཕགས་པ་བདུད་རྩི་ཞེས་བྱ་བ་དང༌། བདག་པོའི་རིགས་ཀྱི་ལྷ་མོའི་སྔགས་དག་ཡོངས་སུ་བཟླས་པའི་ལས་ཐམས་ཅད་པའི་སྣོད་དང༌། མཆོད་ཡོན་གྱི་སྣོད་རང་གི་གཡོན་ཕྱོགས་སུ་བཞག་སྟེ། སྔ་མ་བཞིན་དུ་བུད་ཤིང་ལ་སོགས་པ་ཐམས་ཅད་གཡས་ཕྱོགས་ན་གནས་པ་ལ་བསང་གཏོར་བྱའོ། །རྒྱལ་པོའམ་རྒྱལ་རིགས་ལས་བྱུང་བའམ། ནགས་ཀྱི་མེའམ། འཕགས་པའི་དགེ་འདུན་གྱི་ཚང་བང་གི་མེ་བླངས་ལ། དེ་ནས་སྔ་མ་བཞིན་དུ་འཕགས་པ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མེ་རྣམ་པར་སྦྱངས་ནས་དེ་ཁོ་ན་བཞིན་དུ་བསང་གཏོར་ལ་སོགས་པ་བྱའོ། དེ་ནས་སྔ་མ་བཞིན་དུ་བཟླས་པའི་ཇི་སྐད་བཤད་པའི་ཀུ་ཤ་ཁ་ཁྱེར་ལ་ཁ་བྱང་དུ་བལྟས་པ་དང༌། ཤར་ཏུ་བལྟས་པ་དང༌། ལྷོར་བལྟས་པ་དང་ནུབ་ཏུ་བལྟས་པར་བཞག་ལ། དེ་ནས་ཐབ་ཁུང་ཀུ་ཤ་


DTG041_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བྱང་དུ་བལྟས་པ་རྣམས་ཀྱིས་གཡོགས་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་དམ་ཚིག་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལ་དེ་ཁོ་ན་བཞིན་དུ་བལྟ་བར་བྱས་ལ། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་དང་དབང་བསྐུར་ཏེ་དམ་ཚིག་ལ་བཀོད་ལ། རང་གི་བསྒོ་བ་ལ་སྦྱར་ཏེ། མཆོད་ཡོན་ཕུལ་ལ། དྲི་སེར་པོ་ལ་སོགས་པའི་མཆོད་པ་རྣམས་དང༌། མཱ་མ་ཀཱི་ལ་སོགས་པ་སྤྲོ་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། ལན་གསུམ་བསང་གཏོར་བྱས་ལ། དེ་ཁོ་ན་བཞིན་དུ་འཐོར་འཐུང་ཕུལ་ཏེ། དེའི་ལྕེ་དང་དགང་གཟར་དང་བླུགས་གཟར་གྱི་ཁ་ལ་རང་གི་ལྷའི་ས་བོན་རྣམ་པར་བཀོད་ནས། པུས་མོའི་བར་དུ་ལག་པ་དག་བཞག་སྟེ། དང་པོ་བླུགས་གཟར་གྱིས་མར་གྱི་སྲེག་བླུགས་ཞལ་ཅུང་ཟད་གདངས་པར་སྔ་མ་བཞིན་དུ་མེ་ལྷའི་སྔགས་ཀྱིས་དབུལ་བར་བྱའོ། དེ་ནས་དེ་ཁོ་ན་བཞིན་དུ་མེའི་བགེགས་མེད་པར་འབར་བ་ལ་སོགས་པའི་མཚན་མ་རྣམས་ཀྱིས་ཤེས་པར་བྱས་ལ། དེ་ལྟར་རྗེས་སུ་མཐུན་པ་ཁོ་ན་བཞིན་དུ་ཐམས་ཅད་བྱས་ནས། དེ་ཁོ་ན་བཞིན་དུ་མེ་ལྷའི་སྔགས་ཀྱིས་སྲེག་རྫས་ཐམས་ཅད་དབུལ་བར་བྱའོ། །སྲེག་རྫས་ལ་སོགས་པའི་གོ་རིམས་ཀྱང་སྔ་མ་བཞིན་ནོ། །དེ་ནི་མེ་ལྷའི་བྱ་བའོ། །དེ་ནས་བདག་པོའི་རིགས་ཀྱི་རིག་སྔགས་ཀྱིས་ཀྱང་སྦྱིན་སྲེག་གི་ཡོ་བྱད་རྣམས་སྔ་མ་བཞིན་དུ་བསང་གཏོར་བྱས་ལ། དེའི་དབུས་སུ་དཀྱིལ་འཁོར་གྱི་བདག་པོ་སྐུ་མདོག་སེར་པོ་རྟེན་དང་བཅས་པའི་རིག་མ་དང་སྙོམས་པར་ཞུགས་པ། དགྱེས་ཤིང་རྒྱས་པར་གྱུར་པ། པདྨ་རློན་པའི་གདན་དང་ན་བཟའ་དང་རྒྱན་དང་འོད་སེར་པོ་དང་ལྡན་པའི་ཡི་གེ་ཨོཾ་གྱི་མཐའ་ཅན་གྱི་རང་གི་སྙིང་པོ་ལས་བྱུང་བ་རྣམ་པར་བསམས་ཏེ་སྔ་མ་བཞིན་དུ་མཆོད་པའི་བྱ་བ་བྱས་ལ། མཆོད་ཡོན་དང་འཐོར་འཐུང་དང་བསང་གཏོར་བྱས་ནས། ལྗགས་ལ་སོགས་པ་ལ་རང་གི་ས་བོན་རྣམ་པར་བཀོད་ལ། སྔགས་ཀྱི་མཐའ་མར་ཆེ་གེ་མོ་བུཥྚིཾ་ཀུ་རུ་ཨོཾ། ཞེས་བྱ་བ་ཟློས་ཤིང་ཇི་སྐད་བཤད་པའི་ཚད་ཀྱི་དགང་བླུགས་ཕུལ་ཏེ། རྫས་ཐམས་ཅད་ལས་རེ་རེ་བཞིན་སྲེག་བླུགས་དེ་ཁོ་ན་བཞིན་ཕུལ་ལ། བདུད་རྩི་ལྔ་དང་བཅས་པའི་མར་གྱི་སྲེག་བླུགས་བརྒྱའམ་སྟོང་ངམ་དཔག་ཏུ་མེད་པ་སྦྱིན་སྲེག་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་གཟི་


DTG041_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་བསྐྱེད་པ་དང༌། དགང་བླུགས་དང་མཆོད་ཡོན་དབུལ་བ་དང༌། བསང་གཏོར་བྱ་བ་དང༌། འཐོར་འཐུང་དང༌། བསྟོད་པ་དང༌། མཆོད་པ་དང༌། ཡང་མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བ་ཅན་གྱི། མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་ཀྱི་ཕྱིར་བསྐུལ་ལ་བཟོད་པར་གསོལ་ཏེ། སྐུ་ལ་སོགས་པ་རྣམ་པར་དག་པ་ལ་ལྷག་པར་མོས་པའི་སྒོ་ནས། བཛྲ་དྷྲྀཀ་ཅེས་བྱ་བ་ལན་མང་དུ་ཡོངས་སུ་བཟླས་ལ་ཡི་གེ་གསུམ་བརྗོད་ནས་དེ་ཁོ་ན་བཞིན་དུ་གཤེགས་སུ་གསོལ་ལོ། །དེ་ནས་མེ་ལྷ་བཞུགས་སུ་གསོལ་བ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་བྱའོ། །དེ་ནི་རྒྱས་པ་མདོར་བསྟན་པའོ།། །།དབང་ལ་ས་གཞི་དམར་པོ་ལ་ཐབ་ཁུང་ཞི་བའི་ཐབ་ཁུང་དང་མཚུངས་པ་སྟེ། འོན་ཀྱང་ཤིང་གི་ལོ་མ་དང་མཚུངས་པ། ཕྱེད་ནུབ་པའི་རྡོ་རྗེ་དང་པདྨས་དབུས་སུ་མཚན་པ། དེའི་རྣམ་པ་ཅན་གྱི་ཁ་ཁྱེར་གྱིས་བསྐོར་བ། ས་དམར་པོ་དང་བདུད་རྩི་ལྔ་དང་བཅས་པའི་དྲི་དམར་པོས་ཉེ་བར་བྱུགས་པ། མེ་ཏོག་དམར་པོ་ལ་སོགས་པས་ཉེ་བར་སྤྲས་པ་བྱའོ། །ཡམ་ཤིང་ནི་ཤིང་ཙམ་པ་ཀ་དང་མྱ་ངན་མེད་པ་དང༌། བ་ཀུ་ལ་དང༌། པྲི་ཡང་ཀུ་དང༌། ལ་ཀུ་ཙ་ལ་སོགས་པ་རྣམས་ལས་བྱས་པ་སོར་ལྔ་པའོ། །སྲེག་རྫས་ནི་འདབ་མ་དང་བཅས་ཤིང་མ་རྙིངས་པའི་མེ་ཏོག་དང༌། འབྲས་བུ་དམར་པོ་ལ་སོགས་པ་རྣམས་དང༌། རང་དང་གཞན་གྱི་རྟོག་པ་ལས་བཤད་པའི་རྫས་གཞན་རྣམས་སོ། །བུད་ཤིང་ནི་ཤིང་ནིམ་པ་དང་ཨ་མྲ་དང༌། མེ་ཏོག་དང་བཅས་པ་གཞན་ཡང་བྱའོ། །དེ་ནས་དྲི་དམར་པོས་ཉེ་བར་བྱུགས་པ་རྗེས་སུ་ཆགས་པའི་ཡིད་དང་ལྡན་པ། གོས་དང་རྒྱན་དམར་པོ་ལ་སོགས་པ་དང་ལྡན་པ། ཁ་ནུབ་ཏུ་བལྟས་པ་སྟན་ཁ་དོག་དམར་པོ་བདེ་ཞིང་མཐོ་བ་ལ། རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་འདུག་པས་ཐམས་ཅད་ཁ་དོག་དམར་པོ་དང་ལྡན་པའི་དཀྱིལ་འཁོར་བ་རྣམས་དང༌། ལྷན་ཅིག་འཁོར་ལོའི་བདག་པོའི་རྣལ་འབྱོར་ལ་སོགས་པ་བྱའོ། །ཏིལ་ལ་སོགས་པ་དང་ལྡན་པ་བདུད་རྩི་ལྔ་དང་བཅས་པའི་དྲི་དམར་པོའི་ཆུ་ཇི་སྐད་བཤད་པའི་སྣོད་ན་གནས་པ་ལ་ཡི་གེ་ཧོའི་མཐའ་ཅན་གྱི་རང་གི་སྔགས་ལན་བདུན་མངོན་པར་བཟླས་པར་བྱའོ། དེ་ནས་ཐུགས་དང་སྐུ་


DTG041_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་པོ་རྣམ་པར་བསྒོམས་པའི་འཕགས་པ་བདུད་རྩི་ཞེས་བྱ་བ་དང༌། རང་གི་རིགས་ཀྱི་ལྷ་མོའི་སྔགས་དག་བཟླས་པའི་ལས་ཐམས་ཅད་པའི་ཆུའི་སྣོད་དང༌། མཆོད་ཡོན་གྱི་སྣོད་དང༌། སྦྱིན་སྲེག་གི་ཡོ་བྱད་མ་ལུས་པ་དེ་ཁོ་ན་བཞིན་དུ་བཞག་སྟེ་སྔ་མ་བཞིན་དུ་བསང་གཏོར་བྱའོ། །སྨད་འཚོང་མའམ་རྗེའུ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེ་བླངས་ལ་དེ་ནས་དེ་ཁོ་ན་བཞིན་དུ་མེ་རྣམ་པར་སྦྱངས་ཏེ། བསང་གཏོར་དང་སྦར་བ་བྱས་ལ། ཇི་སྐད་བཤད་པ་བཞིན་དུ་བཟླས་པའི་ཀུ་ཤ་ཁ་ཁྱེར་ལ་ཁ་ནུབ་ཏུ་བལྟས་པ་དང་བྱང་དུ་བལྟས་པ་དང་ཤར་དུ་བལྟས་པ་དང་ལྷོར་བལྟས་པར་བཞག་སྟེ། དེ་ནས་ཐབ་ཁུང་ཀུ་ཤ་ཁ་ནུབ་ཏུ་བལྟས་པ་རྣམས་ཀྱིས་གཡོགས་པར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་ཆུ་སྐྱེས་ཀྱི་གདན་ལ་མེ་ལྷ་མདོག་དམར་པོ་རྗེས་སུ་ཆགས་པའི་བསམ་པ་ཅན་བསྐྱེད་ལ། སྤྱན་དྲང་བ་ལ་སོགས་པ་རང་གི་བསྒོ་བ་ལ་སྦྱར་བའི་བར་དུ་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་དྲི་དམར་པོ་ལ་སོགས་པའི་མཆོད་པ་རྣམས་དང་སྐུ་མདོག་དམར་པོ་དང་ལྡན་པའི་མཱ་མ་ཀཱི་ལ་སོགས་པའི་སྤྲོ་བའི་བླ་ན་མེད་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་ལན་གསུམ་བསང་གཏོར་བྱས་ལ་འཐོར་འཐུང་ཕུལ་ཏེ། དེ་ལྕེ་ལ་སོགས་པ་ལ་རང་གི་ལྷའི་ས་བོན་རྣམ་པར་དགོད་པ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་བྱས་ལ། དེ་ཁོ་ན་བཞིན་དུ་བླུགས་གཟར་ལ་སོགས་པས་མར་ལ་སོགས་པ་ཕུལ་ཏེ། དེ་ནས་དེ་ཁོ་ན་བཞིན་དུ་འབར་བ་ལ་སོགས་པའི་རྣམ་པར་གཞག་པར་བྱའོ། །དེ་ནི་མེ་ལྷའི་བྱ་བའོ། །དེ་ནས་སྔ་མ་བཞིན་དུ་བསང་གཏོར་བྱས་ལ་ཐབ་ཁུང་གི་དབུས་སུ་དབང་པོ་གཉིས་སྙོམས་པར་ཞུགས་པའི་ལྷ་ཐམས་ཅད་དམར་པོའི་འཁོར་ལོའི་དབུས་ན་བཞུགས་པ། རིག་མ་སྐུ་མདོག་དམར་ཞིང་རྗེས་སུ་ཆགས་པའི་བསམ་པ་ཅན་དང་སྙོམས་པར་ཞུགས་པའི་དཀྱིལ་འཁོར་གྱི་བདག་པོ་པདྨ་དང་ཟླ་བའི་གདན་དང་ན་བཟའ་དང་རྒྱན་དང་འོད་སེར་པོ་དང་ལྡན་པ་ཧོའི་མཐའ་ཅན་གྱི་རང་གི་སྙིང་པོ་ལས་བྱུང་བ་རྣམ་པར་བསམས་ཏེ། མཆོད་པ་ལ་ཐུག་པའི་ཆོ་ག་ཐམས་ཅད་བྱས་ལ། མཆོད་ཡོན་དང་འཐོར་འཐུང་དང་བསང་གཏོར་དང་ས་བོན་རྣམ་པར་དགོད་པ་བྱས་ཏེ་སྔགས་ཀྱི་ཐ་མར་ཆེ་གེ་མོ་ཝ་


DTG041_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་མཱ་ན་ཡ་ཧོ་ཞེས་བྱ་བ་བརྗོད་ཅིང་ཇི་སྐད་བཤད་པའི་ཚད་ཀྱི་དགང་བླུགས་ཕུལ་ལ། རྫས་ཐམས་ཅད་ལས་རེ་རེ་ཞིང་སྲེག་བླུགས་དེ་ཁོ་ན་བཞིན་ཕུལ་ཏེ། བདུད་རྩི་དང་བཅས་པའི་མར་གྱི་སྤྱིན་སྲེག་སྔ་མ་བཞིན་དུ་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་གཟི་བརྗིད་བསྐྱེད་པ་ལ་སོགས་པ་གཤེགས་སུ་གསོལ་བའི་མཐར་ཐུག་པར་བྱས་ལ། མེ་ལྷའི་བྱ་བ་ཡང་སྔ་མ་བཞིན་བྱའོ། །དེ་དབང་དུ་བྱ་བ་མདོར་བསྟན་པའོ།། །དགུག་པ་ལ་ཡང་ཐབ་ཁུང་ནི་དབང་དུ་བྱ་བའི་ཐབ་ཁུང་དང་མཚུངས་ཏེ། འོན་ཀྱང་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དབུས་ན་རྡོ་རྗེ་ལྕགས་ཀྱུས་མཚན་པ། དེའི་རྣམ་པ་ཅན་གྱི་ཁ་ཁྱེར་གྱིས་བསྐོར་བ་བྱའོ། །བུད་ཤིང་ནི་ལྕགས་ཀྱུའི་རྣམ་པ་ཅན་གྱི་ཚེར་མ་དང་ལྡན་པ་གཟུང་བར་བྱའོ། །ཁ་ནུབ་ཏུ་བལྟས་པ། བཤད་ཟིན་པའི་ཆོ་ག་བཞིན་དུ་སྟན་དམར་པོ་མཐོ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་ཅིང་ཁ་སྟེང་དུ་བལྟས་པས་སྔོན་དུ་བསྙེན་པ་ཡང་རིམ་པ་དེ་ཉིད་བཞིན་དུ་བྱའོ། །བདུད་རྩི་དང་བཅས་པའི་དྲི་དམར་པོ་ལ་སོགས་པའི་ཆུ་ལ་ཡི་གེ་ཛཿའི་མཐའ་ཅན་གྱི་རང་གི་ལྷའི་སྔགས་ལན་བདུན་ཡོངས་སུ་བཟླས་པར་བྱའོ། །གར་མཁན་དང་ཀླུ་མཁན་དང་ལམ་དུ་འགྲོ་བས་བུས་པའི་མེ་བླངས་ལ་ཡི་གེའི་ཛཿའི་མཐའ་ཅན་གྱི་རང་གི་སྔགས་ལས་བྱུང་བར་བདག་ཉིད་དང་ཐབ་ཁུང་ན་གནས་པའི་རྣམ་པར་བསྒོམས་ཏེ། སྟན་ལས་ཆེར་བལྟས་པས་བསང་གཏོར་བྱས་ལ། ལྷག་མ་དབང་དུ་བྱ་བའི་ཆོ་ག་བཞིན་དུ་བྱའོ། །དེ་ནི་དགུག་པ་མདོར་བསྟན་པའོ།། །།མངོན་སྤྱོད་ལ་ནི་ས་གཞི་རྩུབ་མོ་ཚྭ་སྒོ་ཅན་སེར་ག་གས་པ་ཐོག་གཡོགས་མེད་པར་ཐབ་ཁུང་གྲུ་གསུམ་སོར་ཉི་ཤུ་ཡོད་པ། མགོ་བྱང་དུ་བལྟས་པ་དབུས་སུ་སོར་བཅུ་དྲུག་པའི་ལྕེ་གསུམ་གྱི་སྟེང་དུ། ཁྲོ་བོའི་རྡོ་རྗེ་སོར་བརྒྱད་པས་མཚན་པ། དེའི་སྟེང་དུ་སོར་གསུམ་དོར་ལ་རྒྱ་དང་འཕང་དག་དུ་སོར་གསུམ་པ་ཁ་ཁྱེར་གྱེད་པའི་ཁ་ཁྱེར་གྱིས་བསྐོར་བ། བདུད་རྩི་ལྔ་དང་བཅས་པའི་ས་ནག་པོ་དང་རོ་བསྲེགས་པའི་ཐལ་བ་དང༌། །བོང་བུ་དང་རྔ་མོ་ལ་སོགས་པའི་སྤངས་ཇི་སྙེད་པས་བྱུགས་ལ་དྲི་མི་ཞིམ་པ་དང་དྲི་ང་བའི་མེ་ཏོག་སྔོན་པོའམ་དམར་པོ་རྣམས་སམ། དེ་ལྟ་བུའི་འབྲུ་ལ་སོགས་པ་རྣམས་མངོན་པར་བཀྲམ་པ་བྱའོ། །


DTG041_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཡམ་ཤིང་ནི་ནིམ་པ་དང༌། སེང་ལྡེང་དང་ཡོངས་སུ་བརྟོལ་དང༌། བེ་ལུ་ཏ་ཀ་དང༌། འདོད་པའི་ཤིང་རྣམས་སམ། ཚ་བ་དང༌། ཁ་བ་དང༌། ཚེར་མ་ཅན་གྱི་ཤིང་རྣམས་སམ། རོ་བསྲེགས་པའི་ཤིང་གི་རྩ་བའི་ཆ་ལས་བྱུང་བ་ཀུན་དུ་བཅག་པ། སོར་བཅུ་པ། དུག་དང་ཁྲག་དང་ཉུངས་མར་ལ་སྤངས་པ་རྩེ་མོ་གཉིས་རྣོ་བའོ། །བསྲེག་རྫས་ནི་ཡུངས་ཀར་དང༌། ཡུངས་མར་ཚ་བ་དང༌། ཁྲག་དང༌། ལན་ཚྭ་དང༌། སྐེ་ཚེ་དང༌། ནིམ་པ་དང༌། རོ་བསྲེགས་པའི་ཐལ་བ་དང༌། རྐང་པའི་པཾ་སུ་དང༌། བོང་བུ་དང་རྔ་མོ་ལ་སོགས་པའི་སྤངས་དང༌། སྐྲ་གཏུབས་པ་དང༌། ཞག་དང༌། བྱ་རོག་ལ་སོགས་པའི་སྒྲོ་དང༌། བཤང་བ་དང་གཅི་བ་དང༌། ཚེར་མ་དང༌། རུས་པའི་ཕྱེ་མ་དང༌། ཁྱི་སྨྱོན་པའི་ཤ་ལ་སོགས་པ་ཇི་སྙེད་པའམ། རེ་རེའོ། །རྫས་དེ་རྣམས་སམ་རོལ་པ་དང་བཅས་པའི་བཏུ་ཤ་ལ་སོགས་པ་རྣམས་ལས་བྱས་པའི་དགྲ་བོའི་གཟུགས་བརྙན་དུག་དང་ལན་ཚྭ་དང་བཅས་པའི་ཁྲག་ལ་སྤངས་པའི་རྐང་པ་གཡོན་པའི་ཀ་ནི་ཡས་བརྩམས་ཏེ་མཚོན་རྣོན་པོས་དུམ་བུར་གཏུབས་ནས་སྦྱིན་སྲེག་བྱའོ། །བུད་ཤིང་ནི་ཚ་བ་དང༌། ཚེར་མ་ལ་སོགས་པ་དང་ལྡན་པ་དང༌། དྲི་མི་ཞིམ་པའི་ཤིང་རྣམས་སམ། དུར་ཁྲོད་ནས་བྱུང་བའམ། བོང་བུ་དང་རྔ་མོ་ལ་སོགས་པའི་སྤངས་ཤིན་ཏུ་སྐམ་པོ་བླང་བར་བྱའོ། །ཁྲོ་བོ་གོས་དང་རྒྱན་སྔོན་པོ་ཅན་ནམ་ཁྲག་གི་ཆུ་ལ་སྤངས་པའི་གོས་གྱོན་པ་སྟན་སྔོ་བ་ལ་ཁ་ལྷོར་བལྟས་པས་འདུག་པའམ། བསྒྲུབ་བྱའི་གཟུགས་བརྙན་གྱི་བྲང་ལ་འདུག་པའམ། སྟན་མེད་པ་རྐང་པས་རྐང་པ་མནན་ཏེ། སོ་ཡིས་སོ་མནན་པ། མིག་མི་གཡོ་བ་བཞིན་ཁྲོ་གཉེར་དང་ལྡན་པས་མར་ངོའི་ཉིན་ཞག་དག་ལས་གང་ཡང་རུང་བའི་ཉིན་ཞག་ལ་ཁྲོ་བོ་ཉིད་དབང་པོར་བཞག་སྟེ། ཉི་མ་ཕྱེད་དམ་མཚན་ཕྱེད་ཀྱི་དུས་སུ་བྱའོ། །བདུད་རྩི་ལྔ་དང་བཅས་པའི་བྲ་བོ་དང༌། བ་ལང་གི་ཆུ་དང༌། དྲི་མི་ཞིམ་པ་ལ་སོགས་པའི་ཆུ་ལ་ཕཊ་ཀྱི་མཐའ་ཅན་གྱི་རང་གི་སྔགས་བཟླ་བར་བྱ་ཞིང༌། སྐུ་མདོག་སྔོན་པོ་དང་ལྡན་པའི་འཕགས་པ་བདུད་རྩི་ཞེས་བྱ་བ་དང༌། རིགས་ཀྱི་རིག་མ་དག་བཟླས་པའི་ལས་ཐམས་ཅད་པའི་སྣོད་དང་མཆོད་ཡོན་གྱི་སྣོད་གཡས་ཕྱོགས་སུ་བཞག་ལ། སྦྱིན་སྲེག་གི་ཡོ་བྱད་རྣམས་གཡོན་དུ་


DTG041_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པར་བྱའོ། །དུར་ཁྲོད་དང་རུས་པ་དང་རྡོ་བ་ལས་བྱུང་བའམ་གདོལ་བའི་ཁྱིམ་ནས་བྱུང་བའི་མེ་བླང་བར་བྱའོ། །དེ་ནས་ཁ་ཁྱེར་ཀུ་ཤ་ཁ་བྱང་དུ་བལྟ་བ་ལ་སོགས་པ་གཡོན་སྐོར་དུ་བཞག་ལ་ཐབ་ཁུང་ཀུ་ཤ་ཁ་བྱང་དུ་བལྟས་པར་གཡོགས་པར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་ཆུ་སྐྱེས་སྔོན་པོའི་གདན་ལ་བཞུགས་པའི་མེ་ལྷ་བསྐྱེད་ལ། སྤྱན་དྲང་བ་ལ་སོགས་པ་བྱས་ཏེ། བགེགས་བསྐྲད་པ་དང༌། བསྲུང་བ་ལ་སོགས་པ་དང༌། ཕྱོགས་བཅིང་བ་ལ་སོགས་པ་དང༌། མཆོད་ཡོན་དང༌། ཞབས་བསིལ་དབུལ་བ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། དམ་ཚིག་ལ་དགོངས་དང༌། བསྒོ་བ་ལ་སྦྱར་བ་དང༌། ཡང་མཆོད་ཡོན་དབུལ་བ་དང༌། ཁ་དོག་སྔོན་པོ་དང་ལྡན་པའི་དྲི་མི་ཞིམ་པ་ལ་སོགས་པའི་མཆོད་པ་རྣམས་དང༌། མཱ་མ་ཀཱི་ལ་སོགས་པ་སྤྲོ་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། བསང་གཏོར་བྱས་ཏེ། འཐོར་འཐུང་དང༌། ལྕེ་ལ་སོགས་པ་ལ་ས་བོན་རྣམ་པར་དགོད་པ་བྱ་ལ། པུས་མོའི་ཕྱི་རོལ་དུ་ལག་པ་དག་བཞག་ནས་དང་པོར་ལག་པ་གཡོན་པའི་སྡིག་མཛུབ་ཀྱིས་བཟུང་བའི་བླུགས་གཟར་གྱིས་ཞལ་ཤིན་ཏུ་གདངས་པར་བདུད་རྩི་དང་བཅས་པའི་ཏིལ་མར་ཆེན་པོའི་སྲེག་བླུགས་གསུམ་མམ་བདུན་ནམ་གཅིག །ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་བྷཱ་ཏ་ཛྭ་ལ་ཡ་བྷ་སྨིཾ་ཀུ་རུ་སརྦ་དུཥྚཱཾ་ཧཱུཾ་ཕཊ་ཅེས་བྱ་བའི་མེ་ལྷའི་སྔགས་ཀྱིས་ཕུལ་ལ། བརྟགས་ཏེ་བགེགས་བསལ་བ་བྱས་ལ། བསང་གཏོར་བྱས་ཏེ། ཤིན་ཏུ་དགང་བླུགས་དབུལ་བར་བྱའོ། །དེ་ནས་འཐོར་འཐུང་དང་བསང་གཏོར་བྱས་ལ། མེ་འབར་བ་སྔོན་པོའི་རྣམ་པ་ཡོངས་སུ་གྱུར་པར་བསམ་པར་བྱའོ། །དེ་ནི་མེ་ལྷའི་བྱ་བའོ། །དེ་ནས་བདག་པོའི་རིགས་ཀྱི་རིག་སྔགས་ཀྱི་སྦྱིན་སྲེག་གི་ཡོ་བྱད་རྣམས་ཀྱང་ལན་གསུམ་བསང་གཏོར་བྱས་ཏེ་མེའི་དབུས་སུ་དཀྱིལ་འཁོར་པ་རྣམས་དང་བཅས་པ། རིག་མ་ཀུན་དུ་སྔོ་བ་དང་ཡང་དག་པར་སྦྱོར་བར་ཞུགས་པ། ཤིན་ཏུ་འཇིགས་སུ་རུང་བའི་ཁྲོ་བོ་འབར་བ། གདན་དང་ན་བཟའ་དང༌། རྒྱན་དང་འོད་སེར་པོ་དང་ལྡན་པ། ཡི་གེ་ཧཱུཾ་གི་མཐའ་ཅན་གྱི་རང་གི་སྙིང་པོ་ལས་བྱུང་བའི་རང་གི་བདག་པོ་རྣམ་པར་བསམས་ལ། སྔ་མ་བཞིན་དུ་ཡེ་ཤེས་


DTG041_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་གཞུག་པ་ལ་སོགས་པ་དབང་བསྐུར་བ་ལ་ཐུག་པའི་ཆོ་ག་བྱས་ནས། དྲི་མི་ཞིམ་པ་དང༌། དྲི་ང་བ་ནག་པོ་རྣམས་དང༌། བིལ་བ་དང༌། ཨརྒ་དང༌། སྔོན་པོ་དང༌། ཕྱི་དྲོའི་དུས་སུ་ཁ་འབྱེ་བ་དང༌། འོལ་མ་སེའི་མེ་ཏོག་ལ་སོགས་པ་རྣམས་དང༌། སརྫ་ར་ས་ལ་སོགས་པ་སྤོས་རྣམས་དང༌། ཉ་ལ་སོགས་པའི་མར་ཁུ་གསུམ་གྱི་མར་མེ་རྣམས་དང༌། ཚ་ཞིང་ཁ་བ་ལ་སོགས་པའི་ལྷ་བཤོས་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་མཆོད་ཡོན་དང་འཐོར་འཐུང་དང་བསང་གཏོར་བྱས་ནས། ལྗགས་དང་དགང་གཟར་དང་བླུགས་གཟར་གྱི་ཁ་ལ་རང་གི་ས་བོན་སྔོན་པོ་འབར་བ་རྣམ་པར་བཀོད་ལ། རང་གི་སྔགས་ཀྱི་མཐའ་མར་ཆེ་གེ་མོ་མཱ་ར་ཡ་ཨུ་ཙ་ཏ་ཡ། ཞེས་བྱ་བ་ལ་སོགས་པ་བརྗོད་ནས་མཐའ་ནི་ཧཱུཾ་ཕཊ་ཅེས་བྱ་བ་ཡོད་པའི་སྔགས་ཀྱིས་སྔ་མ་བཞིན་དུ་དགང་བླུགས་དང༌། རྫས་སོ་སོའི་སྲེག་བླུགས་ཕུལ་ནས། བདུད་རྩི་ལྔ་དང་བཅས་པའི་ཏིལ་མར་ཆེན་པོ་བླུགས་གཟར་ལ་སོགས་པས་བརྒྱ་འམ་སྟོང་ངམ་དཔག་ཏུ་མེད་པ་སྦྱིན་སྲེག་བྱའོ། །དེ་ལྟར་རང་གི་རྟོག་པ་ལས་བཤད་པའི་ཆོ་ག་རྣམས་ཀྱིས་ཇི་སྲིད་རྫོགས་ཀྱི་བར་དུ་སྦྱིན་སྲེག་བྱས་ལ། རིགས་ཀྱི་སྙིང་པོས་མར་ཁུའི་སྲེག་བླུགས་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གིས་གཟི་བརྗིད་བསྐྱེད་ནས། ཡང་དགང་བླུགས་དང་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་སྔ་མ་བཞིན་དུ་བསང་གཏོར་ལ་སོགས་པ་བྱས་ལ་གསད་པའི་དོན་དུ་བསྐུལ་ཏེ་བཟོད་པར་གསོལ་ལ་ཐམས་ཅད་བྱས་ནས་དེ་ཁོ་ན་བཞིན་དུ། རང་གི་བདག་པོ་དང༌། མེ་ལྷ་གཤེགས་སུ་གསོལ་ལོ། །དེ་ནི་མངོན་སྤྱོད་མདོར་བསྟན་པའོ།། །།ལས་ཐམས་ཅད་པའི་ཐབ་ཁུང་ཡང་ཞི་བའི་ཐབ་ཁུང་དང་མཚུངས་ཏེ། འོན་ཀྱང་པདྨ་ཁ་བྱེ་བའི་རྣམ་པ་ཅན་གྱི་ཁ་ཁྱེར་དང་ལྡན་པ། རྡོ་རྗེའི་ཕྲེང་བས་བསྐོར་བ། དབུས་ན་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེའི་དབུས་ན་གནས་པའི་འཁོར་ལོའི་ཕྱག་རྒྱས་མཚན་པའོ། །དེ་ལ་སྲེག་རྫས་ཀྱི་གོ་རིམས་ནི་ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པར་བྱས་ཏེ། འོན་ཀྱང་ལས་ཐམས་ཅད་པའི་ཡམ་ཤིང་ནི། པ་ལ་ཤ་དང༌། པྲཀྴ་དང༌། ཨུ་དུམྺཱ་ར་དང༌། སེང་ལྡེང་དང༌། ཨརྒ་དང༌། ནྱ་གྲོ་དྷ་དང༌། ཅེ་ཀང་ཀ་ཏ་དང༌། ཨ་མྲ་


DTG041_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཤ་མི་དང༌། ཀྵྨ་རྫྱ་དང༌། ཨ་པ་མརྒ་དང༌། ཨ་ཤྭདྠ་ལས་བྱུང་བ། རེ་རེ་ཞིང་རྩེ་མོ་གཅིག་པ། དྲང་པོ་མཐོ་གང་ཙམ་པ། བདུད་རྩི་དང་བཅས་པའི་དྲི་ཞིམ་པོའི་ཆུ་ལ་སྤངས་པ། རྩེ་མོ་གཉིས་ལོ་མ་དང་བཅས་པ། རྩེ་མོ་གཉིས་མར་ལ་སྨྱུགས་པ་རྣམས་སོ། །དཀྱིལ་འཁོར་རམ་ལྷའི་ཁང་པར་ཤར་ཕྱོགས་སུ་ནི་ཞི་བའི་ཐབ་ཁུང་དང༌། དབང་དུ་བྱ་བའི་ཐབ་ཁུང་ངོ༌། །ལྷོ་ཕྱོགས་སུ་ནི་རྒྱས་པའིའོ། །ནུབ་ཕྱོགས་སུ་ནི་དགུག་པའིའོ། །བྱང་ཕྱོགས་སུ་ནི་མངོན་སྤྱོད་ཀྱི་ཐབ་ཁུང་ངོ༌། །དེ་ནི་སྦྱིན་སྲེག་གི་ཆོ་གའོ།། །།དེ་ལྟར་སྦྱིན་སྲེག་གི་ཆོ་ག་བསྟན་ནས། ད་ནི་སློབ་མ་གཞུག་པའི་ཕྱིར། །རྣམ་པར་སྣང་མཛད་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ལ་སོགས་པའི་ཡི་གེ་གསུམ་གྱིས་སློབ་མ་རྣམ་པར་སྣང་མཛད་དུ་བྱས་ལ། གནས་ཇི་ལྟ་བ་བཞིན་དུ་ཡི་གེ་གསུམ་པོ་ཉིད་ཀྱིས་བྱིན་གྱིས་བརླབས་ཏེ། ཐུགས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་བཞིན་དུ་སྐུའི་དཀྱིལ་འཁོར་བཅུག་ལ། དེའི་ཐུགས་ཀ་ན་གནས་པའི་ལྟེ་བའི་ནང་ན་བཞུགས་པའི་བདེ་བ་ཆེན་པོ་རྣམ་པར་བསམས་ཏེ། དེའི་རབ་ཏུ་སྦྱོར་བའི་བསྐྱོད་པ་ལས་རྣམ་པར་བྱུང་བའི་ཡི་གེ་ཨཱཿ་ཁ་དོག་དམར་པོ་མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་རྣམས་སུ་ཟླ་བའི་དཀྱིལ་འཁོར་དམར་པོ་ལ་གནས་པ་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་དམར་པོའི་ཚོགས་རྣམས་ཀྱིས་ཀྱང་དེའི་ལུས་ཀུན་དུ་ཁྱབ་པར་བསམ་པར་བྱའོ། །རྡོ་རྗེ་གཟུང་བར་བྱ་ཞེས་བྱ་བ་ནི། སྐུ་རྡོ་རྗེས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཉེ་བར་མཚོན་པ་ཡིན་ཏེ་ཐུགས་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་རྣམས་སུ་ཡང༌། སློབ་མ་ཡི་གེ་གསུམ་ལས་བྱུང་བའི་དཀྱིལ་འཁོར་གྱི་བདག་པོར་རྣམ་པར་བསམས་ལ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པ་ཡང་བྱས་ཏེ། ཡི་གེ་ཨཱཿ་འདས་མ་ཐག་པ་བཞིན་དུ་བསམ་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང༌། །ཞེས་བྱ་བ་གསུངས་ཏེ། ཐུགས་ཀྱི་དཀྱིལ་འཁོར་གྱི་བདག་པོའི་གཟུགས་སུ་རྣམ་པར་བསྒོམས་པའི་སློབ་མ། དཔལ་རྡོ་རྗེ་སེམས་དཔས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བརྟགས་ལ།


DTG041_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་གཟུགས་སུ་ཡང་རྣམ་པར་བསྒོམ་པ་ཡིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ཆེན་པོར་གཞུག་པའི་ཕྱིར་ཡི་གེ་ལྔ་བའི་སྔགས་གསུངས་སོ། །འདི་ནི་ཞེས་བྱ་བ་འདི་ནི་བཤད་མ་ཐག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདའ་བར་མི་བྱ་བ་ཉིད་ཡིན་པའི་ཕྱིར་དམ་ཚིག་ཐམས་ཅད་དོ། །སློབ་མ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་འདོད་པའི་ལྷའི་གཟུགས་ཀྱི་བདག་ཉིད་དུ་བྱིན་གྱིས་རློབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ལུས་དང་ངག་དང་སེམས་ཀྱི་སྙིང་པོའོ། །མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །ཤེས་པ་དང་སྐྱོབ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྔགས་སོ། །ལྔའི་བདག་ཉིད་ཅན་གྱི་སློབ་མའི་ལྐོག་མ་དང་མགོ་བོ་དང་ལག་པ་གཡས་པ་དང་གཡོན་པའི་རྩ་བ་དང་སྙིང་ག་རྣམས་སུ། གོ་རིམས་བཞིན་དུ་སེམས་ཀྱི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་རེ་རེ་རྣམ་པར་བཀོད་ལ། དེ་ཉིད་བརྗོད་པས་འཇུག་པར་བྱ་ཞིང་སློབ་མ་ཡང་གཞུག་པར་བྱའོ། །དབང་བསྐུར་བའི་དོན་དུ་དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་ཕྱེད་པའི་གོ་འཕང་ཐོབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རྡོ་རྗེའོ། །རྒྱུད་གོང་མ་གོང་མ་རྣམས་ལས་མཆོག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་ཆེན་པོའོ། །རྟོག་པའི་ཉེས་པའི་དྲི་མ་མ་ལུས་པ་རྣམ་པ་ཐམས་ཅད་དུ་རབ་ཏུ་འཁྲུད་པར་བྱེད་པའི་ཕྱིར་ཆེན་པོའོ། །སྤྱོད་པ་ལ་སོགས་པའི་ཚུལ་ལ་བརྟེན་པ་རྣམས་ལ་བསྟན་པར་མི་བྱ་བ་ཉིད་ཡིན་པའི་ཕྱིར་གསང་བའོ། །མཆོག་ཏུ་དགའ་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཡེ་ཤེས་མཆོག་ཏུ་གསང་བའོ།། དེ་ཉིད་ནི་སངས་རྒྱས་ཀྱི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྐབས་འདིར་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་བ་རྣམས་ཀྱིས་སོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་ཉིད་དོ། །རྡོ་རྗེའི་རིགས་ནི་ཡེ་ཤེས་ཀྱི་རིགས་ཡིན་ཞིང༌། དེ་འཛིན་པར་བྱེད་པ་དང་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱང་དེར་སྐྱེད་པར་བྱེད་པས་ན་རྡོ་རྗེའི་རིགས་འཛིན་པ་སྟེ། སློབ་དཔོན་ནོ། །སིལ་སྙན་དྲིའི་སྤྲིན་རྣམས་ཞེས་བྱ་བ་འདི་ནི་ཉེ་བར་མཚོན་པ་ཡིན་ཏེ། བདེ་བ་ཆེན་པོ་དབང་བསྐུར་བའི་མཆོད་པའི་ཡོ་བྱད་


DTG041_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་ལྡན་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ །རྡོ་རྗེ་དམ་ཚིག་གསུམ་སྔགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ། མཐུ་དང་ལྡན་པས་ཡི་གེ་བརྒྱ་རྩ་བརྒྱད་མངོན་པར་བཟླས་པའི་ཉུངས་ཀར་དཀར་པོ་རྣམས་ཀྱིས་དེ་ཉིད་བརྗོད་ཅིང་དཀྱིལ་འཁོར་བའི་ལྷའི་འཁོར་ལོ་ལ་གདབ་པར་བྱའམ། བདག་ཉིད་དེ་དེ་བཞིན་གཤེགས་པ་ལ་སོགས་པ་དཀྱིལ་འཁོར་བ་རྣམས་དང༌། ནམ་མཁའི་དབྱིངས་ན་བཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བར་གྱུར་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཕྱག་ན་བསྣམས་པ་རྣམས་ཀྱིས་ཇི་སྐད་བཤད་པའི་བུམ་པ་རྣམས་ལ་འདེབས་པར་མཛད་པ་སྟེ། ཡི་གེ་གསུམ་གྱིས་བསྐུལ་བའི་དབང་གིས་བདག་ཉིད་དབང་བསྐུར་བར་མཛད་དོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སོ། །སངས་རྒྱས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དམ་ཚིག་མཆོག་རྣམས་ཀྱིས་ཞེས་བྱ་བ་ནི། འཕགས་མ་སྤྱན་ལ་སོགས་པ་ལྷ་མོ་རྣམས་ཀྱིས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། དཀྱིལ་འཁོར་གྱི་བདག་པོ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་བུམ་པའི་ནང་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཐབས་དང་ཤེས་རབ་ཀྱི་བདེ་བ་ཆེན་པོའི་སེམས་མར་གྱི་བུམ་པ་བཞིན་དུ་ཞུ་ནས། ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་ཡོངས་སུ་གྱུར་པར་བལྟས་ལ། འཕགས་མ་སྤྱན་ལ་སོགས་པ་ལྷ་མོའི་ཚོགས་ཀྱིས་བཟུང་བའི་བུམ་པ་དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པའི་སློབ་མ་ལྷའི་འཁོར་ལོ་མ་ལུས་པ་བཀོད་པ་ལ་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་ཡང་བྱས་ལ་དབང་བསྐུར་བར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། རྡོ་རྗེ་རྣམ་པར་སྣང་མཛད་བསམ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བློ་བརྟན་པ་སྟེ་སློབ་དཔོན་གྱི་སྐུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཕྱིར་སློབ་མ་སྐུའི་དཀྱིལ་འཁོར་གྱི་བདག་པོར་བསམ་པའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི། བུམ་པ་ལ་སོགས་པའི་དབང་བསྐུར་བའི་དུས་སུ་བརྗོད་པར་བྱ་བའི་ཚིགས་སུ་བཅད་པ་


DTG041_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། དབང་བསྐུར་བ་ནི་བཤད་ཟིན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སེམས་ཅན་རྣམས་ཀྱི་རྒྱུད་ལ་འཕོ་བར་གྱུར་པར་བྱེད་པས་ན་འཁོར་ལོ་ཆེན་པོའོ། །དེ་ཉིད་ཀྱི་ཕྱིར་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱིས་ཕྱག་བྱས་པའོ། །ཇི་སྐད་བཤད་པའི་སྐུ་དང་གསུང་དང་ཐུགས་གསང་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་གསང་བ་གསུམ་མོ། །ཡང་དག་པར་སྦྱོར་བ་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་ལས་བྱུང་བའོ། །སངས་རྒྱས་ཀུན་ལ་སྦྱིན་པར་བྱ། །ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པར་དམིགས་པའི་སློབ་མ་རྣམས་ལའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བའི་དོན་དུ་སློབ་མས་གསོལ་བ་གདབ་པར་བྱ་སྟེ། བྱང་ཆུབ་རྡོ་རྗེས་ཞེས་བྱ་བ་ནི་རིག་མ་དང་ཡང་དག་པར་ལྡན་པའི་བདེ་བ་ཆེན་པོས་སོ། །སངས་རྒྱས་ལ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ལའོ། །མཆོད་ཆེན་ནི་དབང་བསྐུར་བའོ། །ཇི་ལྟར་སྩལ་བ་བཞིན་ཞེས་བྱ་བ་ནི། རྣམ་པ་ཇི་ལྟ་བུར་རོ། །བདག་ཀྱང་མངོན་པར་གདོན་པའི་དོན་དུ་རྣམ་པ་དེ་ཁོ་ན་བཞིན་དུ། ཀྱེ་ནམ་མཁའི་རྡོ་རྗེ་བདག་ལ་སྩོལ་ཅིག་ཅེས་བྱ་བའི་དོན་ཏོ། །ཐུགས་ཀྱི་དཀྱིལ་འཁོར་ལས་གསོལ་བ་གདབ་པ་ལ་སོགས་པ་གོ་རིམས་བཞིན་དུ་བཤད་ཟིན་པས་དེའི་ཕྱིར་ཡང་བརྗོད་པར་མི་བྱའོ། །གཞན་ནི་གོ་སླའོ། །ལྷ་ཡི་གཟུགས་ཀྱིས་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་སློབ་མའི་སྙིང་གར་སྙོམས་པར་འཇུག་པས་བཞུགས་པའི་རང་གི་བདག་པོ་བསམ་པར་བྱའོ། །སྔགས་ཀྱི་ཡི་གེའི་ཚིག་བྱིན་ལ། ཞེས་བྱ་བ་ནི་དེའི་མིག་ལ་ཡི་གེ་ཨོཾ་ཡེ་ཤེས་འབར་བ་དང༌། དཔྲལ་བར་ཡི་གེ་རཾ་བསམས་ལ། ཡི་གེ་ལྔས་མིག་དབྱེ་ཞིང་དཀྱིལ་འཁོར་བསྟན་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་བཞིན་དུ་སློབ་མ་འདུས་བྱ་བ་སྔོན་དུ་འགྲོ་བ་ཅན་གྱི་དམ་ཚིག་དང་སྡོམ་པ་གཟུང་བར་ཁས་ལེན་པར་བྱེད་དུ་བཅུག་སྟེ། ཕྱག་བཞི་བྱ་བ་ལ་སོགས་པ་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་ཐུག་པའི་རྗེས་ཐོགས་ལ། གསང་བའི་དབང་བསྐུར་བ་སྦྱིན་པའི་དུས་སུ་དམ་ཚིག་དང་སྡོམ་པ་དཔོག་པར་བྱའོ། །རྡོ་རྗེའི་ལམ་


DTG041_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་མི་ཕྱེད་པའི་གོ་འཕང་ཐོབ་པར་བྱེད་པའོ། །འདི་དག་གིས་ཞེས་བྱ་བ་ནི་བཤད་མ་ཐག་པ་ཡིས་སོ། །བསྐུལ་བར་བྱ་ཞེས་བྱ་བ་ནི་དེའི་སྣོད་དུ་རུང་བར་ངེས་པར་སྦྱར་བར་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དོ། །སྔགས་ཀྱིས་བསྐུལ་བ་ཞེས་བྱ་བ་ལ་སོགས་པས་ནི་གསང་བ་ལ་སོགས་པའི་དབང་བསྐུར་བའི་ཐ་མར། ད་ནི་དཀྱིལ་འཁོར་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་ཡིད་དུ་འོང་བ་བརྗོད་པའི་རྗེས་ཐོགས་པ། བསྐྱེད་པ་དང་རྫོགས་པའི་རིམ་པ་གང་ཡང་རུང་བའི་ཏིང་ངེ་འཛིན་བསྒོམ་པ་སྦྱིན་པ་སྔོན་དུ་འགྲོ་བ་ཅན་གྱིས་དཀྱིལ་འཁོར་དུ་བཟླས་པ་བྱས་ལ། བཅོམ་ལྡན་བདག་གིས་སྩལ་ལགས་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྔགས་ཀྱིས་བསྐུལ་བ་བརྗོད་པའི་སྒོ་ནས་སྔགས་སྦྱིན་པ་བསྟན་ཏོ། །གསང་བ་ཞེས་བྱ་བ་ནི་གསང་བའི་དབང་བསྐུར་བའོ། །བརྩམ་པར་ཞེས་བྱ་བ་ནི་སྨན་སྦྱིན་པ་ལ་སྔོན་དུའོ། །རྡོ་རྗེ་བློ་ཅན་ཏེ་མི་ཕྱེད་པའི་བློ་དང་ལྡན་པ་ཐེ་ཚོམ་མེད་པའི་སློབ་མ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་བཅུག་ལ། སྔར་མངོན་པར་འདུས་བྱས་ཤིང་དུང་ཕོར་ཆེན་པོ་ན་གནས་པའི་བདུད་རྩི་ལྔ་ཡི་གེ་ཨོཾ་གྱི་འབར་བ་ལས་བྱུང་བར་བསམས་ནས་ཟར་གཞུག་གོ །རྣམ་པ་འདི་བཞི་གསང་ཆེན་ཏེ། །ཞེས་བྱ་བ་ནི་མཱ་མ་ཀཱི་ལ་སོགས་པ་ལྷ་མོ་བཞིའོ། །དེ་ཉིད་ཀྱི་ཕྱིར་མི་བསྐྱོད་པ་ལ་སོགས་པ་རྣམས་དང་འབྲེལ་པ་ཡིན་ཞིང༌། ཉན་ཐོས་ལ་སོགས་པ་རྣམས་བསྟན་པར་བྱ་བ་མ་ཡིན་ནོ། །དེ་ཉིད་ནི། སྔགས་ཀྱི་འཁོར་ལོ་བུད་མེད་གཟུགས། །ཞེས་བྱ་བས་རྣམ་པར་འགྲེལ་ཏེ། རང་གི་རིགས་ཀྱི་དཀྱིལ་འཁོར་རྣམས་ན་བདག་པོར་གྱུར་པའི་ལྷ་མོའི་གཟུགས་འགྲོ་བ་མ་ལུས་པའི་དོན་བྱ་བའི་སྤྱོད་པས་རྣམ་པར་གནས་པ་རྣམས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་མཉེས་པར་བྱ་བའི་གསང་བ་གསུངས་སོ། །གླང་པོའི་ཤ་ལ་སོགས་པ་བདག་ཉིད་ཀྱང་བཟའ་ཞིང་ལྷ་རྣམས་ལ་ཡང་དབུལ་བར་བྱའོ། །དེ་ལྟར་བྱས་ན་ཇི་སྐད་བཤད་པའི་བཀའ་བ་བཞིན་བྱེད་པ་ལ་མགོན་པོ་སྟེ་དཀྱིལ་འཁོར་གྱི་བདག་པོ་ཐམས་ཅད་མཉེས་པར་འགྱུར་རོ། །ཡིད་ཆེས་པ་མེད་པ་དབང་


DTG041_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ནས། ཡིད་ཆེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་གཅི་ཞེས་བྱ་བ་ལ་སོགས་པས་ནི། མཐུ་ཐོབ་པའི་སློབ་དཔོན་གྱིས་སྔར་མངོན་པར་འདུས་བྱས་པའི་བདུད་རྩི་ལྔ་ལ། རྡོ་རྗེ་གསང་བའི་ཚིག་ཡི་གེ་ཨོཾ་གྱི་འབར་བ་ལྔས་ཁྱབ་པར་བསམས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་བར་བསྟན་ཏོ། །གཞན་ནི་བཤད་ཟིན་ཏོ། །ཇི་སྐད་བཤད་པའི་ཆོ་ག་བཞིན་དུ་དབང་བསྐུར་བའི་སློབ་མ་རྣམས་ལ་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ཉེ་བར་བསྟན་པར་བྱ་བ་ཡིན་པས་དེའི་ཕྱིར་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི། མི་སྣང་བ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །དམ་ཚིག་ཆེན་པོ་ནི་ལྷ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེའི་སྒྲུབ་པ་ནི་དམ་ཚིག་ཆེན་པོ་སྒྲུབ་པའོ། །སངས་རྒྱས་བྱང་ཆུབ་ཉིད་ཀྱང་ཞེས་བྱ་བ་ནི། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་འབྲས་བུ་ཡང་ངོ༌། །ནན་ཏན་དུ་ནི་བསྒྲུབ་པར་བྱ། །ཞེས་བྱ་བ་ནི་གཡེང་བ་མེད་པའི་རྣལ་འབྱོར་གྱིས་སོ། །མི་སྣང་བ་ནི་བཤད་ཟིན་ཏོ། །སྟོབས་ནི་མངོན་པར་འདོད་པའི་དོན་སྒྲུབ་པའི་མཐུ་ཉིད་དོ། །བརྩོན་འགྲུས་ནི་ཉིན་དང་མཚན་དུ་རྩོམ་པའོ། །རྡོ་རྗེ་དགུག་པ་བཤད་ཟིན་ཏོ། །དེ་ནི་ཉེ་བར་མཚོན་པ་ཡིན་ཏེ། མངོན་པར་ཤེས་པ་ལ་སོགས་པ་དངོས་གྲུབ་ཐམས་ཅད་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་མན་ངག་ཐོབ་པའི་དཀྱིལ་འཁོར་སྒོམ་པ་པོས་བསྒྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཚན་མ་ཐོབ་པས་རྣལ་འབྱོར་པས་བཤང་གཅི་དང་ཤ་ཆེན་ཆ་མཉམ་པར་བྱས་ཏེ། ཁམ་པོར་ཁ་སྦྱར་དུ་བཞག་ལ་ཡི་གེ་གསུམ་གྱིས་མངོན་པར་འདུས་བྱས་ཏེ། དེ་ཉིད་དང་རང་གི་སྔགས་བཟླས་ན་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའི་གཟུགས་ཅན་གྱི་སྔགས་གཞུག་པ་སྒྲུབ་པ་གསུངས་ཏེ། ཧྲཱིཿ་ནི་འབར་བ་འོད་བཟང་པོའོ། །ཞེས་བྱ་བ་ནི་འོད་ཟེར་ལྔ་འབར་བའོ། །ནམ་མཁའ་རྡོ་རྗེའི་དབུས་སུ་ཞེས་བྱ་བ་ནི། བཙུན་མོའི་པདྨའི་དབུས་སུའོ། །ནམ་མཁའི་ཁམས་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་སོ། །གཞན་ནི་ཤེས་པར་ཟད་དོ། །དེ་ཡི་སྐུ་གསུང་ཐུགས་ཀྱི་གནས། །ཞེས་བྱ་བ་ནི།


DTG041_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རྣམས་དང་འབྲེལ་བའོ། །དེར་ནི་སྔགས་ཀྱིས་གདབ་པར་བྱ། །ཞེས་བྱ་བ་ནི། ཡི་གེ་ཧྲི་ལའོ། །སྐུ་དང་གསུང་དང་ཐུགས་ཀྱི་སྔགས། །རྡོ་རྗེ་བྱིན་གྱིས་བརླབ་པའི་ཚིག །ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ནོ། །ཨཱ་ཁཾ་དྷཱི་ཞེས་བྱ་བ་ཡི་གེ་གསུམ་ནི་དེས་མཚན་པའི་སྒོ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པའི་གཟུགས་ཅན་གྱི་མངག་གཞུག་པ་བསྐྱེད་པའི་རྒྱུ་ཡིན་ཞིང༌། མན་ངག་གཞུག་པའི་གཟུགས་སུ་གྲུབ་པའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་ཡང་དེ་ཉིད་ཀྱིས་བྱའོ། །གསང་བའི་གནས་གཞག་གོ་ཞེས་བྱ་བ་ལ། ཕྱག་ན་རྡོ་རྗེའི་གཟུགས་ཅན་གྱི་མངག་གཞུག་པའི་མགོ་ལ་ནི་ཉི་མའི་དཀྱིལ་འཁོར་ལ་བཞུགས་པའི་མི་བསྐྱོད་པ་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །དེ་བཞིན་དུ་ཕྱག་ན་པདྨོའི་གཟུགས་ཅན་གྱི་མགོ་ལ་འོད་དཔག་ཏུ་མེད་པ་དང༌། དེ་བཞིན་དུ་གཞན་གྱིས་མི་ཐུབ་པའི་གཟུགས་ཅན་གྱི་སྤྱི་བོར་ནི་རྣམ་པར་སྣང་མཛད་བསམ་པར་བྱའོ། །དེ་ཉིད་ནི། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཐམས་ཅད་སྙིང་པོས་བསྐུལ་བར་བྱ། །ཞེས་བྱ་བ་ནི། ཇི་སྐད་བཤད་པའི་མངག་གཞུག་པ་རྣམས་སོ། །འོད་ཆེན་ཞེས་བྱ་བ་ནི་དེ་རྣམས་ཁོ་ན་ལའོ། །སྡུག་བསྔལ་ཆེན་པོ་ཡིན་ཞེས་བྱ་བ་ནི་འཆད་པར་འགྱུར་བ་རྣམས་ཀྱིས་སོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་མངག་གཞུག་པ་ཐམས་ཅད་བསྐུལ་བའི་སྙིང་པོ་གསུངས་སོ། །མདུང་རྩེ་ཆེ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ནི་རང་གི་ལག་ན་གནས་པའི་ཡི་གེ་ཨ་ལས་བྱུང་བའི་མདུང་དང་ལྕགས་ཀྱུ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་དེ་རྣམས་ཀྱི་ཐུགས་ཀར་གདབ་པ་སྟོན་ཏོ། །ཆོ་ག་འདིས་བསྐུལ་བས་རང་མངོན་པར་འདོད་པའི་མངག་གཞུག་པ་འགྲུབ་པར་འགྱུར་ཏེ། དངོས་གྲུབ་དེའི་སྒོ་ནས་ཕྱིས་རྫོགས་པའི་བྱང་ཆུབ་ཀྱང་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉམས་དགའ་ཞེས་བྱ་བ་ལ་སོགས་པས་ནི་མངག་གཞུག་པ་སྒྲུབ་པའི་གནས་གསུངས་ཏེ་དེ་ནི་ཤེས་པར་ཟད་དོ། །ཟླ་བ་ཕྱེད་ནི་ཚུན་ཆུད་ཀྱིས། །ཞེས་བྱ་བ་ལ་སོགས་


DTG041_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི། འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་སྐད་བཤད་པའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པ། ཕྲ་མོའི་རྣལ་འབྱོར་སྒོམ་པའི་སྒོ་ནས་སེམས་བརྟན་པར་བྱས་པའམ། བཟླས་པ་མང་པོ་སྔོན་དུ་འགྲོ་བ་ཅན་གྱི་ལྷས་རྗེས་སུ་གནང་བའི་སྒོ་ནས་བཟླས་པ་འབུམ་བྱས་པ་ཡང་མངག་གཞུག་པ་བསྒྲུབ་པའི་རྗེས་སུ་གནང་བ་ཐོབ་པས། རི་ལ་སོགས་པའི་གནས་སྔ་མ་བཞིན་མངོན་པར་འདུས་བྱས་པར་སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ། དཔལ་རྡོ་རྗེ་སེམས་དཔའ་དང་གསུང་རྡོ་རྗེ་དང་སྐུ་རྡོ་རྗེ་རྣམས་ལས་གང་ཡང་རུང་བའི་རྣལ་འབྱོར་བྱས་ལ། དེ་ཁོ་ན་བཞིན་དུ་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་མཆོད་པའི་ཆོ་ག་ལ་ཐུག་པར་བྱས་ཏེ། ལྷ་མོའི་ཚོགས་རང་གི་རིག་མའི་པདྨར་བཅུག་ལ། འདོད་ཆགས་ཀྱི་མེས་ཞུ་བས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་ཡོངས་སུ་གྱུར་པར་བསམས་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་དེ་ལ་ཇི་སྐད་བཤད་པའི་ཡི་གེ་ཧྲཱི་མགོ་གྱེན་དུ་བལྟས་པ་བསམས་ལ་དེ་ལས་བྱུང་བའི་འོད་ཟེར་ཚོགས་རྣམས་ཀྱིས་ནམ་མཁའི་དབྱིངས་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་དུ་རེག་ནས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཨཱ་ཁཾ་དྷཱི་ཞེས་བྱ་བ་ཡི་གེ་གསུམ་གྱི་བདག་ཉིད་ཅན་བསྡུས་ཏེ། ཡི་གེ་ཧྲཱི་ལ་བཅུག་ལ། དེ་གྱུར་པར་བྱས་ནས། ཕྱག་ན་རྡོ་རྗེ་དང་འཇིག་རྟེན་དབང་ཕྱུག་དང་གཞན་གྱིས་མི་ཐུབ་པ་རྣམས་ལས། གང་ཡང་རུང་བའི་མངག་གཞུག་པའི་གཟུགས་བསྐྱེད་ལ། ཡི་གེ་གསུམ་པོ་དེ་ཉིད་ཀྱིས་དེའི་ལུས་དང་ངག་དང་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་དུ་བྱིན་གྱིས་བརླབ་སྟེ། དེ་ཉིད་བརྗོད་ཅིང་ཕྱུང་ལ། མདུན་ན་ཐལ་མོ་སྦྱར་ཏེ་འདུག་པར་བསམས་ཏེ། དེའི་མགོ་བོར་གསང་བའི་གནས་བསམས་ལ། ལག་པ་ན་གནས་པའི་མདུང་ལ་སོགས་པ་ཇི་སྐད་བཤད་པ་རྣམས་ཀྱིས་མངག་གཞུག་པའི་སྙིང་གར་གདབ་ཅིང་ཐུན་བཞིར་བསྒོམས་ན། གདོན་མི་ཟ་བར་ཟླ་བ་ཕྱེད་ཀྱི་ཚུན་ཆད་ཁོ་ནས་མངག་གཞུག་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རི་རབ་སུམ་ཅུ་རྩ་དྲུག་གི །ཞེས་བྱ་བ་ལ་སོགས་


DTG041_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གོ་སླའོ། །འདའ་བར་བྱ་བ་མ་ཡིན་ཞིང་མི་ཕྱེད་པའི་མངག་གཞུག་པ་སྒྲུབ་པ་སྟོན་པར་མཛད་པའི་ཕྱིར་དམ་ཚིག་རྡོ་རྗེ་བཞད་པ་ཆེན་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གང་ཡང་རུང་བའི་རང་བཞིན་ཅན་གྱི་བདག་ཉིད་དགོད་པ་དང༌། མངག་གཞུག་པ་བསྐྱེད་པའི་གཟུགས་སུ་བསྐྱེད་པའི་ལུས་དང་ངག་དང་སེམས་རྣམ་པར་དགོད་པ་ཡང་བྱས་ལ་བསྐུལ་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གཞན་གསུངས་ཏེ། མི་ཕྱེད་པའི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ནི་རྡོ་རྗེ་ཡེ་ཤེས་འཁོར་ལོ་སྟེ། དེར་མངག་གཞུག་པ་སྒྲུབ་པ་འདའ་བར་མི་བྱ་བའི་དོན་ཤེས་ཤིང་རྟོགས་པར་བྱེད་པས་ན་དམ་ཚིག་གི་ཚིག་གོ །དེ་ནི་རྣམ་པ་བཞི་སྟེ། དམ་ཚིག་བསྐུལ་བ་ཞེས་བྱ་བ་ནི་ཡི་གེ་ཨ་ལས་བྱུང་བའི་ལྕགས་ཀྱུ་འབར་བ་ལ་སོགས་པ་རང་གི་ལག་ན་གནས་པ་རྣམས་ཀྱི་སྙིང་གར་གདབ་ཅིང་ཨཱ་ཁཾ་དྷའི་ཞེས་བྱ་བ་བརྗོད་པས་བསྐུལ་བའོ། །དམ་ཚིག་གཏོང་བ་ཞེས་བྱ་བ་ནི་ཁྲོ་ཞིང་སྔོ་ལ་འབར་བའི་སྐུ་ཅན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོས་ལ། དེ་རྣམས་ཀྱིས་ཡན་ལག་ཐམས་ཅད་གང་བར་ཡང་དང་ཡང་དུ་བསམ་པའོ། །དམ་ཚིག་བོད་པ་ནི་དངོས་གྲུབ་ཀྱི་དོན་དུ་སྔགས་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིས་བསྐུལ་བའོ། །དམ་ཚིག་བཅིང་བ་ནི་གྲུབ་པའི་མངག་གཞུག་པའི་རང་གི་བསྒོ་བ་ལ་ངེས་པར་སྦྱར་བའོ། །མཁའ་དབྱིངས་རྒྱ་ཆེན་ཞེས་བྱ་བ་ལ་སོགས་པས་ནི། དངོས་པོ་མེད་པ་ཡང་གཟུགས་ཅན་དུ་བྱེད་དོ་ཞེས་ཕུལ་དུ་བྱུང་བ་བསྟན་པའི་སྒོ་ནས་སྒྲུབ་པ་པོ་རྣམས་ཡིད་ཆེས་པར་བྱ་བ་ཉིད་གསུངས་སོ། །བཅོམ་ལྡན་འདས་གང་ལ་སངས་རྒྱས་ཐམས་ཅད་བུ་གཅིག་པ་དང་འདྲ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའམ། སངས་རྒྱས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་བསྐྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ད་ནི་འཕགས་པ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་གྱི་དབང་དུ་བྱ་བ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །རྡོ་རྗེ་འཇམ་པ་སྟོབས་པོ་ཆེ། །ནམ་


DTG041_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་རྡོ་རྗེ་དབུས་སུ་བསམ། །ཞེས་བྱ་བ་ནི། ཇི་སྐད་བཤད་པའི་ཆོས་འབྱུང་གི་ནང་དུ་ཆུད་པའི་རང་གི་དཀྱིལ་འཁོར་གྱི་དབུས་ན་འདུག་པའི་པདྨ་དམར་པོའི་སྟེང་གི་ཟླ་བ་ལ་བཞུགས་པའི་འཇམ་པའི་རྡོ་རྗེ་སྐུ་མདོག་དམར་པོ་ཆགས་པའི་བསམ་པ་ཅན། དེའི་རང་བཞིན་ཅན་གྱི་ལྷའི་འཁོར་ལོས་ཡོངས་སུ་བསྐོར་བར་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་བསམ་པར་བྱའོ། །མདའ་ལྔའི་སྦྱོར་བདག་གིས་ནི། །ཞེས་བྱ་བ་ལ། མདའ་ལྔའི་སྦྱོར་བ་ནི་གཞུ་དང༌། ལྷན་ཅིག་སྦྱོར་བ་དེ་འཛིན་པར་བྱེད་པས་ན་མདའ་ལྔའི་སྦྱོར་བ་སྟེ་དེ་ཡིས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། མྱོས་པར་བྱེད་པ་དང༌། རྨོངས་པར་བྱེད་པ་དང༌། གདུང་བར་བྱེད་པ་དང༌། བརྒྱལ་བར་བྱེད་པ་དང༌། མི་འགུལ་བར་བྱེད་པའི་རང་བཞིན་ཅན། ཡི་གེ་མཾ་ལས་བྱུང་བ། ཁ་དོག་དམར་པོ་སྟོང་གི་ཆའི་ཡི་གེ་ཨོཾ་གྱིས་མཚན་པ། སྨྱུག་མའི་ཆའི་ཡི་གེ་ཨཱཿ་ཡིས་མཚན་པ། ཡི་གེ་ཧཱུཾ་གིས་མཚན་པའི་ཨུཏྤལ་དམར་པོ་ཁ་མ་བྱེ་བ་ལྟ་བུའི་མ་དེའུའི་ཆ་དང་ལྡན་པའི་མདའ་ལྔ་རྣ་རྩའི་བར་དུ་བཀང་བའི་གཞུ་བསྣམས་པའི་འཕགས་པ་གཤིན་རྗེ་མཐར་བྱེད་སྐུ་མདོག་དམར་པོ་རྗེས་སུ་ཆགས་པའི་བསམ་པ་དང་ལྡན་པ། བྱིས་པའི་གཟུགས་ཅན་རྣམས་རང་གི་སྤྱི་བོ་ན་བཞུགས་པའི་འོད་དཔག་ཏུ་མེད་པ་དང་ཡང་དག་པར་སྦྱོར་བ་ལས་སྤྲོ་བར་བྱའོ། །གནས་ལྔ་དག་ཏུ་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པ་རྣམས་ཀྱི་མགོ་དང་སྙིང་ག་དང་ལྟེ་བ་དང་གསང་བ་དང་རྐང་པའི་མཐིལ་ལོ། །རྡོ་རྗེ་ཁྲོ་བོས་རབ་ཏུ་དབབ། །ཅེས་བྱ་བ་ལ་རིགས་བརྗོད་པར་འདོད་པའི་སྒོ་ནས་གཅིག་གི་ཚིག་ཅན་དུ་བྱས་ཏེ། དེས་ན་ཇི་ལྟ་བ་བཞིན་དུ་སྤྲོས་པའི་འཕགས་པ་གཤིན་རྗེ་གཤེད་རྣམས་ཀྱིས་ཇི་སྐད་བཤད་པའི་མདའ་རྣམས་ཀྱིས་གོ་རིམས་བཞིན་དུ་བཤད་མ་ཐག་པའི་གནས་རྣམས་སུ་དབུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྔངས་ཤིང་བརྒྱལ་བར་བསྒོམ་པ་ནི། །ཞེས་བྱ་བ་ནི་རང་གི་བཤད་པའི་དམ་ཚིག་ལས་འདས་པའི་འཇིགས་པས་སྔངས་ཤིང་གནས་སྐབས་དགུ་པ་ཐོབ་པའོ། །བྱིས་པའི་བློ་ནི་གྲགས་ཆེན་གྱིས། །ཞེས་བྱ་བ་ལ་སོགས་པ་འཕགས་པ་འཇམ་དཔལ་གྱི་ཅོད་པན་ལས་བྱུང་བའི་འཕགས་པ་གཤིན་རྗེའི་གཤེད་


DTG041_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པས་ནི་སེམས་བརྟན་པ་ལ་སོགས་པ་སྔ་མ་བཞིན་དུ་བསྟན་ཏོ། །གསང་བ་བསྐུལ་བ་དག་ཏུ་ཞེས་བྱ་བ་ནི་བཤད་མ་ཐག་པ་རྣམས་སུའོ། །སྔགས་རྣམས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །མི་ཕྱེད་པའི་ངེས་པར་འབྱེད་པའི་ཤེས་རབ་ཀྱི་འབྲས་བུ་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་སྟོན་པར་མཛད་པས་ན་རྡོ་རྗེ་དོན་གྱི་བློ་སྟེ་དཔལ་རྡོ་རྗེ་སེམས་དཔའ་དེ་ཡིས་སོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། སེམས་ཅན་རྣམས་ཀྱང་ཏིང་ངེ་འཛིན་དེ་ཉིད་ཀྱི་སྒོ་ནས་དབང་དུ་བྱའོ། །ཐུགས་རྡོ་རྗེའི་རྣལ་འབྱོར་གྱིས་ཀྱང་དབང་དུ་བྱ་བ་སྒྲུབ་པ་ཡིན་པས། དེའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་ནི་སངས་རྒྱས་དཀྱིལ་འཁོར་ཏེ་དེ་ཉིད་མཆོག་ཡིན་ནོ། །དང་པོའི་རྡོ་རྗེ་རྩེ་ལྔ་པ་དམར་སྐྱ་སྐྱེད་པའི་སྔགས་ནི་རྡོ་རྗེའི་སྔགས་ཏེ། ཡི་གེ་ཧཱུཾ་ཡིན་ཞིང་ཡི་གེ་ཨོཾ་ལ་སོགས་པ་གང་དག་ལ་དེ་ཉིད་སྔོན་ན་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱས་ཏེ་དེ་རྣམས་ཀྱིས་སོ། །རྡོ་རྗེ་གསུམ་ལ་སོགས་པ་བསྒོམ། །ཞེས་བྱ་བས་ནི་འདི་སྐད་བསྟན་པ་ཡིན་ཏེ། ཡི་གེ་གསུམ་ལ་སོགས་པ་རྣམས་ཀྱིས་འཇམ་པའི་རྡོ་རྗེ་བཞིན་དུ་ཐུགས་རྡོ་རྗེ་ལ་སོགས་པ་སྐུ་མདོག་དམར་པོ་རྗེས་སུ་ཆགས་པའི་བསམ་པ་ལ་སོགས་པ་དང་ལྡན་པ་རྣམས་རྣམ་པར་བསྒོམས་ལ། དེ་ཁོ་ན་བཞིན་དུ་རང་གི་སྤྱི་བོ་ན་བཞུགས་པའི་རང་གི་བདག་པོ་ལས་གནོད་མཛེས་རྒྱལ་པོ་ལ་སོགས་པ་རང་གི་རིགས་ཀྱི་ཁྲོ་བོ་རྣམས་སྤྲོས་ནས་སངས་རྒྱས་ལ་སོགས་པ་རྣམས་དབང་དུ་བྱའོ། །ཨོཾ་ནི་ཞེས་བྱ་བ་ནི་གདོང་གཡོགས་དགྲོལ་བ་ན་མིག་གཉིས་སུ་ཡི་གེ་ཨོཾ་བསམས་ལ། དཀྱིལ་འཁོར་བསྟན་པར་བྱ་བའོ། །ཆོ་ག་བཞིན་དུ་ཞེས་བྱ་བ་ནི་ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བྱ་བ་ལ་སོགས་པའི་ཆོ་གས་སོ། །སྔགས་རྣམས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཀུན་གྱི་ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱིའོ། །གཟུགས་དག་ཅེས་བྱ་བ་ནི་སྒྱུ་མ་ལྟ་བུ་ལ་སོགས་པ་སྣང་བ་ཙམ་གྱི་སྐུ་ལྟ་བས་ཆོག་མི་ཤེས་པའོ། །དཀྱིལ་འཁོར་པ་གང་དག་ལ་སྐུ་གསུམ་དང་རྡོ་རྗེ་གསུམ་ཡོད་པ་ནི་སྐུ་གསུམ་རྡོ་རྗེ་ཅན་ཏེ་དེ་རྣམས་མཐོང་


DTG041_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །བཀྲེས་སྐོམ་ལ་སོགས་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པ་པོ་ལ་སོགས་པ་ལ་ཞུགས་པའི་བཀྲེས་པ་ལ་སོགས་པ་སྤོང་བའི་རྣལ་འབྱོར་གསུངས་ཏེ། གཞན་ནི་གོ་སླའོ། །དོན་རྣམས་ཐམས་ཅད་འབྱོར་ཞེས་བྱ་བ་ནི། རོ་རྣམ་པ་ཐ་དད་པ་དང་ལྡན་པའི་བསམ་གཏན་གྱི་ཟས་དང༌། སྐོམ་ལ་སོགས་པའི་འབྱོར་བ་སྒྲུབ་པར་བྱེད་པའོ། །བ་ནི་ཁའི་ནང་དུ་ཞེས་བྱ་བ་ནི། བུམ་པ་བཟང་པོའི་གཟུགས་སེར་པོ་རང་གི་མཆུ་ལ་མངོན་དུ་ཕྱོགས་པར་རོ། །ཨོཾ་ནི་ལྕེ་ལ་འདུག་པར་ཞེས་བྱ་བ་ནི་དེའི་རང་བཞིན་དུ་གྱུར་པའི་ལྕེའི་རྣམ་པར་རོ། །བཟའ་བར་བྱ་བ་ཀུན་གྱི་གནས་ནི། བདེ་བ་ཐམས་ཅད་སྟེར་བ་སྒྲུབ་པར་བྱེད་པའོ། །ཡིད་བཞིན་ནོར་བུས་བརྒྱན་པ་སྟེ། །ཞེས་བྱ་བ་ནི་དེའི་ཁ་ཟླ་བ་ཕྱེད་པ་ལྟ་བུའི་ཁ་གབ་ཀྱི་ཅུང་ཟད་བཀབ་ཅིང༌། དེའི་ཞབས་ལ་གནས་པའི་རྗེས་སུ་འཇུག་པའི་དབྱངས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀྱང་བརྒྱན་པའོ། །བསམ་གཏན་གྱི་ཟས་ཉིད་ཡིན་པའི་ཕྱིར་ཞི་བའོ། །བཀྲེས་པ་ལ་སོགས་པ་འཇོམས་པའི་སྡུག་བསྔལ་ཐམས་ཅད་སེལ་བའོ། །མི་ཕྱེད་པའི་ཡེ་ཤེས་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་རྡོ་རྗེ་ལས་བྱུང་བའོ། །ཇི་ལྟར་མངོན་པར་འདོད་པའི་ཟས་ལ་སོགས་པ་སྒྲུབ་པར་བྱེད་པའི་རྣལ་འབྱོར་སྟོན་པར་མཛད་པས་ན་ཡིད་བཞིན་ནོར་བུ་རྡོ་རྗེ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །དེ་བཞིན་གཤེགས་པ་དཔའ་བོ་རྡོ་རྗེའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་བཞི་ཕམ་པར་མཛད་པ་དང༌། །མི་ཕྱེད་པའི་རེ་བཞིན་ཉིད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཕྱིར་དཔའ་བོ་ཆེན་པོ་རྡོ་རྗེ་དེ་བཞིན་གཤེགས་པའོ། །མི་ཕྱེད་པའི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་པས་ན་རྡོ་རྗེ་བསྒོམ་པའི་ཚིག་གི་མཆོག་སྟེ། ཡི་གེ་དྷཱི་ཕྱུང་ངོ༌། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་སྐུ་གསུམ་སྦྱོར་བ་ཡིས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་བསྐྱེད་པའི་ཚུལ་གྱིས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་སྐད་བཤད་པའི་རང་གི་དཀྱིལ་འཁོར་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་དང་


DTG041_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས། དེ་ཁོ་ན་བཞིན་དུ་རྗེས་སུ་རྣལ་འབྱོར་ལ་སོགས་པ་ཆོ་ག་ཐམས་ཅད་བྱས་ལ། རང་གི་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ལ་ཡི་གེ་དྷཱི་རྣམ་པར་བཀོད་དེ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་དུ་རེག་ནས། དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བོ་ཆེན་པོའི་རྣམ་པར་བསམས་ལ། བསྡུས་ཏེ་ཡི་གེ་དྷཱི་བཅུག་ལ། ཐམས་ཅད་གྱུར་པར་བྱས་ནས་བདག་ཉིད་དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བོ་ཆེན་པོར་བསམ་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅུང་ཟད་སེར་བ་རྡོ་རྗེ་འགྱིང༌། །ཞེས་བྱ་བ་ལ། རྩ་བའི་ཞལ་དང་སྐུ་ནི་གསེར་གྱི་མདོག་ཅན་ནོ། །ཞལ་གཡས་པ་དང་གཡོན་པ་ནི་སྔོན་པོ་དང་དཀར་པོའོ། །ལྷག་མ་ཅོད་པན་དང་རྒྱན་དང་མཚོན་ཆ་དང་གདན་དང་འོད་རྣམས་ནི་རྣམ་པར་སྣང་མཛད་དང་མཚུངས་པའོ། །ཏིང་ངེ་འཛིན་གང་ལ་ཡི་གེ་དྷཱི་ལས་བྱུང་བའི་འོད་ཟེར་སྤྲོས་པའི་རླབས་ཀྱི་ཕྲེང་བ་རྣམས་ཀྱིས་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བོ་ཆེན་པོའི་གཟུགས་ཅན་རྣམས་བསྡུས་ནས། དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བོ་ཆེན་པོར་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་མངོན་སུམ་དུ་མཛད་ནས་སོ། །རྡོ་རྗེ་ཆེན་པོ་བསྒོམ་པའི་ཚིག་ནི་མི་ཕྱེད་ཅིང་ཕུལ་དུ་བྱུང་བའི་ཏིང་ངེ་འཛིན་གྱི་རྒྱུའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་འདས་མ་ཐག་པ་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་རང་གི་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཉི་མ་ལ་ཡི་གེ་ཙུཾ་ཁ་དོག་དཀར་པོ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པའི་སྤྲིན་རྣམས་ལ་ཀུན་དུ་རེག་སྟེ། འཕགས་པ་སྐུལ་བྱེད་མའི་གཟུགས་སུ་ཡོངས་སུ་གྱུར་པར་བྱས་ནས། ཡང་དེ་རྣམས་བསྡུས་ཏེ་རང་གི་ས་བོན་ལ་གཞུག་པར་བྱའོ། །དེ་ནས་དེ་གྱུར་པར་བྱས་ཏེ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་


DTG041_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཕགས་མ་སྐུལ་བྱེད་མ་བསམས་ལ། ཡི་གེ་ཙུཾ་ཉིད་བརྗོད་ཅིང་ཕྱུང་སྟེ། དེ་འགྲོ་བ་རྣམས་ཞི་བར་བྱེད་དུ་བཅུག་ལ། དེ་བཀུག་སྟེ་རང་གི་ལུས་ལ་བཅུག་ལ། ཐམས་ཅད་གྱུར་པར་བྱས་ནས་བདག་ཉིད་འཕགས་མ་སྐུལ་བྱེད་མར་བསམ་པར་བྱའོ། །དེ་ཅི་ལྟ་བུ་ཞེ་ན། རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཐམས་ཅད་དུ་སངས་རྒྱས་སྤྱན་སྐུ་མདོག་དཀར་པོ་དང་མཚུངས་ཏེ། འོན་ཀྱང་རྩ་བའི་ཕྱག་གཉིས་ན་པར་བུ་དཀར་པོ་བསྣམས་པ་དང༌། ཉི་མའི་གདན་དང་འོད་དང་ལྡན་པ་དང༌། རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བ་དང་ལྡན་པའོ། །དེ་ཉིད་ནི། རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །བསམས་ལ་ཞེས་བྱ་བས་བསྟན་ཏེ། མགོ་བོའི་སྟེང་དུ་དབང་བསྐུར་བའི་དོན་དུའོ། །སྔགས་ཀྱི་ཚིག་དགོད་དོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀར་ཟླ་བ་ལ་ཡི་གེ་ཙུཾ་རྣམ་པར་བཀོད་ནས། ཕྱུང་པོ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔ་མ་བཞིན་དུ་བྱ་བའོ། །གང་ལ་ཡི་གེ་ཙུཾ་ལས་བྱུང་བའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་གྱི་འཕགས་མ་སྐུལ་བྱེད་མ་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་ལ། མངོན་པར་འདོད་པའི་རྣམ་པ་ནི་བསམ་པ་ཐམས་ཅད་དོ། །དེའི་དོན་གྱི་རྡོ་རྗེའི་ལོངས་སྤྱོད་ནི་འགྲོ་བ་མ་ལུས་པའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་ཅིང་མི་ཕྱེད་པའི་འཕགས་པ་ཛཾ་བྷ་ལའི་སྐུ་སྟེ་དེ་སྐྱེད་པར་བྱེད་པའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡིན་ཞིང༌། དེ་ལ་སྙོམས་པར་ཞུགས་ནས་སོ། །འཕགས་པ་ཛཾ་བྷ་ལའི་ཏིང་ངེ་འཛིན་དང༌། དེའི་དཀྱིལ་འཁོར་བསྐྱེད་པའི་ས་བོན་ནི་ཏིང་ངེ་འཛིན་འཁོར་ལོའི་ཚུལ་ལོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པ་སྟེ། དེ་ཉིད་ཀྱི་སྐུ་ལ་སོགས་པ་ལས་ཕྱུང་ངོ༌། །སངས་རྒྱས་དཀྱིལ་འཁོར་རོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་དཀྱིལ་འཁོར་ཏེ་དེ་ཉིད་དམ་པའོ། །ནམ་མཁའ་རྡོ་རྗེའི་དབུས་སུ་ཞེས་བྱ་བ་ནི། བཙུན་མོའི་པདྨའི་དབུས་སུའོ། །གནོད་སྦྱིན་ཆེན་པོ་བསྐྱེད་པར་བྱ། །ཞེས་བྱ་བ་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ། བཙུན་མོའི་ནམ་མཁའི་དབྱིངས་སུ་ཡི་གེ་ཛཾ་གྱིས་འཕགས་པ་ཛཾ་བྷ་


DTG041_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ལའི་དཀྱིལ་འཁོར་བསྐྱེད་ལ། དེའི་དབུས་སུ་པདྨའི་སྟེང་གི་ཟླ་བའི་གདན་ལ་བཞུགས་པའི་རྡོ་རྗེ་འཆང་ཆེན་པོའི་ང་རྒྱལ་དང་ལྡན་པས་དེ་ཁོ་ན་བཞིན་དུ་རྗེས་སུ་རྣལ་འབྱོར་ལ་སོགས་པ་ཆོ་ག་ཐམས་ཅད་བྱས་ཏེ། རང་གི་རིག་མའི་པདྨ་ན་གནས་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ལ། ཟླ་ཚེས་དང་ཐིག་ལེ་དང་རྩེ་མོ་འབར་བ་དང་ལྡན་པའི་ཛཾ་སེར་གྱིར་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་སེར་པོའི་ཆོས་རྣམས་ཀྱིས་ནམ་ཁའི་དབྱིངས་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཀུན་དུ་རེག་སྟེ། འཕགས་པ་ཛཾ་བྷ་ལའི་རྣམ་པར་ཡོངས་སུ་གྱུར་པར་བྱས་ནས་བསྡུས་ནས། ཡི་གེ་ཛཾ་དེ་ལ་བཅུག་ལ། དེ་གྱུར་པར་བྱས་ནས་འཕགས་པ་ཛཾ་བྷ་ལར་བསྐྱེད་ལ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཡི་གེ་ཛཾ་སྙིང་བརྗོད་ཅིང་ཕྱུང་ལ། དེ་རིན་པོ་ཆེ་ལ་སོགས་པའི་ཆར་རྣམས་ཀྱིས་སེམས་ཅན་གྱི་ཁམས་འབྱོར་པ་ཆེན་པོའི་གནས་ལ་འོག་ཏུ་བཅུག་སྟེ། དེ་བཀུག་ནས། རང་གི་ལུས་ལ་བཅུག་སྟེ་བདག་ཉིད་འཕགས་པ་ཛཾ་བྷ་ལར་བསམ་པར་བྱའོ། །དེ་ནས་བཤད་མ་ཐག་པ་བཞིན་རིག་མའི་པདྨའི་ཟླ་བ་ལས་ཡི་གེ་ཛཾ་ལས་བྱུང་བའི་འཕགས་པ་ཛཾ་བྷ་ལ་ས་བོན་གསུམ་གྱིས་མཚན་པ་ཕྱུང་ལ། མདུན་ན་འདུག་པའི་པདྨའི་སྟེང་གི་ཟླ་བའི་གདན་ལ་མངོན་དུ་ཕྱོགས་པར་གནས་པར་བསམ་པར་བྱའོ། །དེ་ནས་རང་གི་ལག་པ་གཡོན་པ་ལ། ཡི་གེ་ཨ་དང་པཾ་དག་ལས་པདྨ་དང་ཟླ་བ་དག་བསམས་ཏེ། དེ་ལ་ཇི་སྐད་བཤད་པའི་ཡི་གེ་ཛཾ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་འཕགས་པ་ཛཾ་བྷ་ལའི་རྣམ་པ་ཅན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བ་དང་གཞུག་པའི་སྒོ་ནས་འཕགས་པ་ཛཾ་བྷ་ལར་བསྐྱེད་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། ཞི་བ་གནོད་སྦྱིན་གཟུགས་འཛིན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བོང་ཐུང་ཞིང་གསུས་པ་ཆེ་བ། ཞལ་གསུམ་པ་ཕྱག་དྲུག་པ། སྐུ་མདོག་སེར་པོ། ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དཀར་པོ་མངའ་བ། འཕགས་མ་ནོར་འཛིན་མ་དང་སྙོམས་པར་ཞུགས་པ། རྡོ་རྗེས་མཚན་པའི་ས་བོན་གྱིས་གང་བའི་འབྲས་བུ་དང་བཅས་པའི་གཡས་པའི་རྩ་བའི་


DTG041_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གིས་འཁྱུད་པ། དྲིལ་བུས་མཚན་པའི་ནེའུ་ལེ་དང་བཅས་པའི་གཡོན་པས་རིག་མའི་ནུ་མ་གཡོན་པ་འཛིན་པ། གཡས་པ་དག་ན་འཁོར་ལོ་དང་པདྨ་བསྣམས་པ། གཡོན་པ་དག་ན་ནོར་བུ་དང་རལ་གྲི་བསྣམས་པ། རལ་པའི་ཅོད་པན་དང་ལྡན་པ། ཞི་བ། རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བ་དང་ལྡན་པ། པདྨའི་སྟེང་གི་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཞབས་གཡས་པ་བུམ་པ་བཟང་པོ་ལ་གཞག་པའོ། །ནོར་འཛིན་མ་ཡང་དེ་དང་འདྲ་སྟེ། འོན་ཀྱང་གཡས་དང་གཡོན་པའི་རྩ་བའི་ཕྱག་དགན་མཆོད་སྦྱིན་དང་འབྲས་ཀྱི་སྙེ་མ་བསྣམས་ལ། སྐེག་པའི་སྐུ་ཅན། མེ་ཏོག་སྣ་ཚོགས་བཅིངས་པའི་དོ་ཀེར་ཅན། དཀོན་མཆོག་དཔལ་གྱི་དབང་བསྐུར་བ་དང་ཡང་ལྡན་པའོ། །སངས་རྒྱས་ལྔ་ཡི་ཆོ་ག་ཡིས། །གནས་ལྔ་དག་ཏུ་རྣམ་བསྒོམ་བྱ། །ཞེས་བྱ་བ་ལ་མགོ་དང་སྙིང་ག་དང་ལྟེ་བ་དང་གསང་པ་དང་རྐང་པའི་བར་དུ་གོ་རིམས་བཞིན་དུ་ཟླ་བ་དང་ཉི་མ་དང་རིན་པོ་ཆེ་དང་པདྨ་དང་འོད་ཀྱི་དཀྱིལ་འཁོར་སེར་པོ་ལ་གནས་པའི། ཨོཾ་ཧཱུཾ་སྭཱ་ཨཱ་ཧཱ། ཞེས་བྱ་བ་གསེར་གྱི་མདོག་ཅན་རྣམས་ཀྱིས་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་དཀོན་མཆོག་དཔལ་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་པར་གྲུབ་པ། རང་གི་རིག་མ་དང་གཉིས་སུ་མེད་པར་གྱུར་པ། ལྷ་མོ་བཞིས་ཡོངས་སུ་བསྐོར་བ། ཐམས་ཅད་ཀྱང་སྐུ་མདོག་སེར་པོ་དང་ལྡན་པ་རྣམས་རང་དང་མདུན་ན་འདུག་པ་དང༌། ལག་པ་ན་གནས་པའི་ཛཾ་བྷ་ལའི་ལུས་དང་ནོར་འཛིན་མའི་ལུས་ལ་བསམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །དེ་ལ་རྡོ་རྗེ་བདུད་རྩི་ཆུ། །བསམ་གཏན་གནས་ལ་འདུག་པས་དབུལ། །ཞེས་བྱ་བ་ལ་རང་གི་དབང་བསྐུར་བའི་གནས་ན་བཞུགས་པའི་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་ཀུན་དུ་སེར་པོའི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཁ་དོག་སེར་པོ་ཡི་གེ་ཛཾ་གྱིས་མཚན་པས། བདག་ཉིད་ཀུན་དུ་བཀང་སྟེ། ཡི་གེ་ཛཾ་གྱིས་མཚན་པ་དེ་རང་གི་ཡང་དག་པར་སྦྱོར་བ་ལས་ཀུན་དུ་ཕྱུང་ལ། ལག་པ་ན་གནས་པའི་དབང་བསྐུར་བའི་རྡོ་རྗེ་འཆང་ཆེན་པོའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་བཅུག་སྟེ། དེ་ཡང་དེ་ཁོ་ན་བཞིན་དུ་


DTG041_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་ནས། འཕགས་པ་ཛཾ་བྷ་ལ་ཀུན་དུ་བཀང་སྟེ། ཡང་ཕྱུང་ནས་མདུན་ན་གནས་པའི་དབང་བསྐུར་བའི་དཔལ་རྡོ་རྗེ་སེམས་དཔའི་ཅོད་པན་དུ་བཅུག་སྟེ། ཡང་དག་པར་སྦྱོར་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་གསེར་གྱི་མདོག་ཅན་གྱི་ཡི་གེ་ཛཾ་གྱིས་མཚན་པས་འཕགས་པ་ཛཾ་བྷ་ལ་ཀུན་དུ་གང་བར་བྱས་པར་ཡང་དང་ཡང་དུ་བསམ་པར་བྱའོ། །ཕྱི་རོལ་གྱི་བདུད་རྩི་ལྔ་འམ། ཆུའང་མོས་པ་འདི་ཉིད་ཀྱི་སྒོ་ནས་དབུལ་བར་བྱའོ། །ཆོ་ག་ཡིས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གིས་སོ། །དེ་ལྟར་བྱས་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྡོ་རྗེ་ནི་དཔལ་རྡོ་རྗེ་སེམས་དཔའོ། །དེ་ཉིད་ཕྱག་རྒྱ་དང་ལྷན་ཅིག་བཞུགས་པས་ན་ཕྱག་རྒྱ་དང་བཅས་པའོ། །དེའི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་དབང་བསྐུར་བ་སྦྱིན་པའི་སྒོམ་པའི་སྒོ་ནས་རྫས་ཀྱི་དོན་དུ། འཕགས་པ་ཛཾ་བྷ་ལ་མཉེས་པར་བྱ་བ་ཡིན་པས་ན་རྫས་མཉེས་པའོ། །དེ་ཉིད་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྒྲེང་བ་བཞིན་དུ་འགྲོ་བ་མ་ལུས་པའི་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཕྱིར་ཏོག་སྟེ་གང་ལ་དེའི་དཔལ་དེ་ཡོངས་སུ་དག་པའི་ནོར་ཐམས་ཅད་འབྱོར་བའི་རང་བཞིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་པ་རྣམས་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་དཔལ་ནི་གནོད་སྦྱིན་མ་སྟེ། དེ་ལ་དམིགས་པ་དང༌། དེའི་མིང་ཅན་གྱི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །གནོད་སྦྱིན་མ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ནི་སྐྱེད་པའི་ས་བོན་ནོ། །ནམ་མཁའི་རྡོ་རྗེའི་དབུས་གནས་བསམ། །ཞེས་བྱ་བ་ལ། མདུན་ན་འདུག་པའི་ནམ་མཁའ་ལ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་འབྱུང་བར་འགྱུར་བའི་གནོད་སྦྱིན་མའི་གནས། ཤར་ཤེལ་ལས་བྱས་པ། ལྷོ་ཨིནྡྲ་ནཱི་ལའི་མདོག་ཅན། ནུབ་པདྨ་རཱ་ག་དམར་པོ་དང་ལྡན་པ། བྱང་མ་ར་ཀ་ཏའི་རང་བཞིན་ཅན་དབུས་བཻ་ཌཱུཪྻའི་རྣམ་པ་ཅན་བས་མ་མོ་ཞེས་བྱ་བ་མན་ངག་ཡིན་ནོ། །ཀུན་དུ་འཁྲིགས་ཞེས་བྱ་བ་ནི་དུས་ཐམས་ཅད་པའི་མེ་ཏོག་ལ་སོགས་པ་མཆོད་པ་རྣམས་ཀྱིས་ཁྱབ་པའོ། །རྡོ་རྗེ་གསུམ་གྱི་སྦྱོར་བས་དབབ། །ཞེས་བྱ་བས་ནི་འདི་སྐད་དུ་བསྟན་པ་ཡིན་ཏེ།


DTG041_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་བཤད་པའི་རང་གི་དཀྱིལ་འཁོར་དབུས་ན་བཞུགས་པའི་རྡོ་རྗེ་རྩེ་གསུམ་གྱི་བདག་ཉིད་ཅན་གྱི་འཕགས་པ་འཇམ་དཔལ་གྱི་རྣལ་འབྱོར་དང་ལྡན་པས་མདུན་ན་འདུག་པའི་བཤད་མ་ཐག་པའི་གནས་ཀྱི་དབུས་ན་གནས་པའི་པདྨ་དང་ཟླ་བ་སེར་པོའི་སྟེང་དུ་ཟླ་ཚེས་དང་ཐིག་ལ་དང་རྩེ་མོ་དང་ལྡན་པའི་ཡི་གེ་ཀྵིཾ་རང་མངོན་པར་འདོད་པའི་གནོད་སྦྱིན་མ་དང་རྗེས་སུ་མཐུན་པའི་མདོག་ཅན་བསམས་ལ་དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་ནམ་མཁའ་ཀུན་དུ་གང་བའི་སྤྱན་ལ་སོགས་པའི་ལྷ་མོའི་ཚོགས་རྣམས་ལ་ཀུན་དུ་རེག་སྟེ། མངོན་པར་འདོད་པའི་གནོད་སྦྱིན་མའི་གཟུགས་སུ་བྱས་ནས་བསྡུས་ཏེ་ཡི་གེ་ཀྵིཾ་ལ་བཅུག་ལ་ཐམས་ཅད་གྱུར་པར་བྱས་ནས་མངོན་པར་འདོད་པའི་གནོད་སྦྱིན་མའི་རིག་མ་གཅིག་ཏུ་བསྐྱེད་པར་བྱའོ། །དེ་ལ་རེ་ཞིག་བཅོམ་ལྡན་འདས་མའི་གཟུགས་ལ་སོགས་པ་མངོན་པར་བརྗོད་པར་བྱ་སྟེ། གསེར་གྱི་མདོག་ཅན་ལྷའི་བུད་མེད་ཀྱི་ཆ་བྱད་འཛིན་པ། ན་ཚོད་གཞོན་པ་སྒེག་པའི་རོ་དང་ལྡན་པ། ཡན་ལག་གཙང་བ། ནེ་ཙོའི་མདོག་ཅན་གྱི་གོས་གྱོན་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལག་པ་གཡས་པས་གདུགས་དཀར་པོ་འཛིན་པ། གཡོན་པས་དཔག་བསམ་གྱི་ཤིང་ལ་བརྟེན་པ། བཞིན་གཡོ་ཞིང་འཛུམ་པ་དང་བཅས་པས་རྣམ་པར་སྒེག་པ། མགོ་ལ་མེ་ཏོག་ཁ་དོག་སྣ་ལྔ་ལས་བྱས་པའི་མེ་ཏོག་གི་ཕྲེང་བ་ཕྱེད་འཕྱང་བ་བཅིངས་པ། དཔག་བསམ་གྱི་ཤིང་ལ་སོགས་པས་ཉེ་བར་སྤྲས་པའི་རིན་པོ་ཆེའི་རིའི་ཕུག་གི་ནང་ན་གནས་པའི་པདྨ་དང་ཟླ་བ་སེར་པོའི་སྟན་ལ་འདུག་པ་བསམ་པར་བྱའོ། །ས་བོན་འདི་ནི་གནོད་སྦྱིན་མ་ཐམས་ཅད་ཀྱི་ཐུན་མོང་པ་ཡིན་ཏེ། དེའི་ཕྱིར་གནོད་སྦྱིན་མ་གཞན་རྣམས་ཀྱང་དཔལ་འབྱུང་བོ་འདུལ་བ་སོགས་པ་ལས་གཟུགས་ལ་སོགས་པ་ཤེས་པར་བྱས་ནས་བསྒྲུབ་པར་བྱའོ། །རྡོ་རྗེ་ལས་གསུམ་བྱེ་བྲག་གིས། །ཞེས་བྱ་བ་ལ། འཇམ་དཔལ་གྱི་རྣལ་འབྱོར་དང་ལྡན་པས་རང་གི་སྙོམས་པར་འཇུག་པ་ལས་དཔལ་གཤིན་རྗེ་མཐར་བྱེད་ཕྱུང་སྟེ། དེའི་སྤྱི་བོར་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་དབང་བསྐུར་བ་རབ་ཏུ་སྟེར་བ་ལྟ་ཞིང༌། རང་གི་སྙིང་གའི་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་རང་གི་ཁ་ནས་བྱུང་བ་དེའི་ཁ་རུ་བཅུག་ལ།


DTG041_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ན་གནས་པའི་པདྨའི་སྟེང་གི་ཟླ་བ་ལ་རྣམ་པར་བཀོད་ནས། དེ་དང་ལྷན་ཅིག་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་བྱའོ། །དེ་ཉིད་ནི། རྡོ་རྗེ་འཇམ་པའི་ཏིང་འཛིན་གནས། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །གང་ལ་གནོད་སྦྱིན་མ་ཐམས་ཅད་བསྐྱེད་པ་ལ་ཐུན་མོང་དུ་གྱུར་པ་ཉིད་ཡིན་པའི་ཕྱིར། གནོད་སྦྱིན་མ་ཐམས་ཅད་མཉམ་པ་ཉིད་དེ་ས་བོན་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་གནོད་སྦྱིན་མ་ཐམས་ཅད་ཀུན་ནས་བསྡུས་ཏེ་གནོད་སྦྱིན་མ་གཅིག་ཏུ་བསྐྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་རྡོ་རྗེ་ཐམས་ཅད་དེ་ལྷ་ཐམས་ཅད་ཀྱི་སྔགས་ཀྱི་རྣམ་པར་འཕྲུལ་པ་སྟེ། སྐུ་དང་གསུང་དང་ཐུགས་རྣམ་པར་དག་པ་ལ་དམིགས་པ་རྡོ་རྗེ་ལྟར་མི་ཕྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་གྲུབ་པ་རྣམས་ཇི་ལྟ་བུར་འགྱུར་ཞེ་ན། ལུས་དང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སངས་རྒྱས་གཟུགས་འཛིན་འོད་བཟང་པོ་ནི་དེ་བཞིན་གཤེགས་པའི་འོད་ཀྱི་དཀྱིལ་འཁོར་དང་ལྡན་ཞིང་གསེར་གྱི་མདོག་ཅན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམན་པ་ནི་འོག་ན་ཡིན་ཞིང༌། དམན་པ་མ་ཡིན་པ་ནི་མི་དམན་པ་སྟེ། དངོས་གྲུབ་མཆོག་ཡིན་ཞིང་དེ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ །མི་སྣང་བ་ལ་སོགས་པ་གྲུབ་པ་ནི་འཇམ་དཔལ་དང་འདྲ་བར་འགྱུར་རོ། །གནོད་སྦྱིན་རྒྱལ་པོ་ནི་འཕགས་པ་ཛཾ་བྷ་ལ་སྟེ། དེ་གྲུབ་ན་རིག་པ་འཛིན་པ་རྣམས་ཀྱི་དབང་པོར་འགྱུར་རོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་ལ། ཐམས་ཅད་ནི་བཤད་མ་ཐག་པ་དང་འཆད་པར་འགྱུར་བ་རྣམས་སོ། །མཛེས་པའི་གཟུགས་རྣམས་ཞེས་བྱ་བ་ནི། བཟང་པོ་རྣམས་སོ། །ཡིད་འོང་བ་ཞེས་བྱ་བ་ནི་ཡིད་དགའ་བར་བྱེད་པ་རྣམས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་སྐལ་བ་དང་ལྡན་པ་རྣམས་ཀྱིས་མཐོང་བ་ཙམ་ཁོ་ནས་དགའ་བ་སྐྱེད་པར་བྱེད་པའོ། །གཙུག་ཏོར་ཞེས་བྱ་བ་ནི་གཙུག་ཏོར་ལ་སོགས་པ་འཁོར་ལོས་སྒྱུར་བ་བརྒྱད་ཀྱི་གཟུགས་སོ། །ཐམས་ཅད་གྲུབ་པའི་ཡིད་བཞིན་ནོར་བུའི་བདག་པོར་འགྱུར། །ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་


DTG041_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བཞིན་དུ། །ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་བྱེད་པའི་བདག་པོར་འགྱུར་བའོ། །རྡོ་རྗེ་འཆང་ཆེན་པོའི་མངོན་པར་བྱང་ཆུབ་པ་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར། སངས་རྒྱས་བྱང་ཆུབ་བྱེད་པའི་མཆོག་གོ །སངས་རྒྱས་རྡོ་རྗེ་ནི་ཐབས་དང་ཤེས་རབ་ཀྱིས་མངོན་པར་བྱང་ཆུབ་པ་སྟེ། དེའི་རྣམ་པ་ལས་བྱུང་བ་ནི་སངས་རྒྱས་རྡོ་རྗེ་ལས་བྱུང་བའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བའི་དངོས་གྲུབ་ཀྱི་འབྲས་བུ་ཐམས་ཅད་སྟོན་པར་མཛད་པས་ན་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྡོ་རྗེ་སྟེ། དཔལ་རྡོ་རྗེ་སེམས་དཔའོ། །ད་ནི་སྔོན་དུ་བྱ་བ་བྱས་པའི་རིག་པའི་བརྟུལ་ཞུགས་ཟླ་བ་དྲུག་པ། དེ་ནས་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་གོ་སླའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ། །བསྒོམ་པ་ཞེས་བྱ་བ་ནི། བདག་ཉིད་ཀྱི་ལུས་དང་ངག་དང་སེམས་སུ་བསྒོམ་པའོ། །དེ་ནི་དངོས་སུ་བྱ་བ་ཉིད། །ཅེས་བྱ་བ་ནི་རང་གི་རིགས་ཀྱི་བུ་མོ་དང་ཡང་དག་པར་སྦྱོར་བ་དང་བདུད་རྩི་ལྔ་བཟའ་བ་ལ་སོགས་པ་དངོས་སུ་བྱ་བ་ཁོ་ན་སྟེ། དེ་ནི་འདིར་དྲང་བའི་དོན་ཡིན་གྱི། ཏིང་ངེ་འཛིན་གྱིས་དམིགས་པ་ཙམ་ནི་མ་ཡིན་པའོ། །དེ་ལྟར་བྱས་ན་དངོས་གྲུབ་འཐོབ། །ཅེས་བྱ་བ་ནི་དེ་ལྟར་བྱས་ན་འགྲུབ་པར་འགྱུར་གྱི། མ་བྱས་ན་ནི་མི་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། ཐོར་ཚུགས་དབུ་རྒྱན་ཅན་གྱི་གཟུགས། །ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཐུན་མོང་པ་ཁྱད་པར་གྱིས་གནོད་པར་གྱུར་པ་མེད་པའོ། །ཆེན་པོ་སྐུ་མདོག་དཀར་པོར་སྣང༌། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེའི་རིགས་ཅན་རྣམས་འོད་དཔག་ཏུ་མེད་པ་ལ་སོགས་པ་རྣམས་ཀྱིས་ནི་རང་གི་ཁ་དོག་ཇི་སྐད་བཤད་པ་ཁོ་ན་གཟུང་བར་བྱའོ། །སྔགས་ཀྱི་སྡོམ་པ་ནི་འཆད་པར་འགྱུར་བ་ཡིན་ཞིང་དེས་བསྡམས་པས་ཏེ་ལྡན་པས་སོ། །ཆོ་ག་བཞིན་དུ་ཐམས་ཅད་བྱ། །ཞེས་བྱ་བ་ནི་སྐུ་རིས་སུ་བྱས་པ་དང་ལུགས་སུ་བླུགས་པ་དང༌། འབུར་དུ་བརྐོས་པ་དང༌། རི་མོར་བྲིས་པ་རྣམས་ལས་གང་ཡང་རུང་བ། །ཞལ་གསུམ་པ་ཕྱག་དྲུག་པ། ཕྱག་མཚན་དང༌། གདན་དང་འོད་དང་ཅོད་པན་དང་ལྡན་པ་བྱ་བའོ། །ལོ་གྲངས་


DTG041_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་ལོན་པ་ཞེས་བྱ་བ་ནི། ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི། བཙོ་བླག་མཁན་གྱི་བུ་མོ་འཕགས་མ་སངས་རྒྱས་སྤྱན་དུ་རྣམ་པར་བསྒོམས་ཤིང་ཕྱག་མཚན་ལ་སོགས་པ་རྣམས་དང་ལྡན་པའོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཕྱག་རྒྱ་བཞིའོ། །སྔགས་ནི་ཡི་གེའི་རྣམ་པ་ཅན་དང་ལྷའི་གཟུགས་ཏེ་དེའི་ཆོ་ག་ཡོངས་སུ་ཤེས་པའོ། །སྔགས་ཀྱི་རྒྱུད་ནི་ལེགས་པར་བསླབས། །ཞེས་བྱ་བ་ནི་སྔགས་དང་སྨན་གྱི་མཐུས་ཕན་པ་དང་གནོད་པ་བྱེད་པར་ནུས་པ་དང་མང་དུ་ཐོས་པའོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་དེ། དེའི་བཙུན་མོ་ནི་སངས་རྒྱས་སྤྱན་ནོ། །སངས་རྒྱས་བྱང་ཆུབ་ལ་གནས་ན། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྒོ་ནས་གཉིས་སུ་མེད་པར་གྱུར་པ་སྟེ། དེ་དང་ལྷན་ཅིག་སྒྲུབ་པ་པོས་སྒྲུབ་ཐབས་ལས་བཤད་པའི་ཆོ་ག་བཞིན་དུ་དུས་བཞིར་ཡང་དག་པར་སྦྱོར་བའི་མཆོད་པ་བྱའོ། །སྡོང་བུ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བཟའ་བའི་བྱེ་བྲག་ཐམས་ཅད་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བྱས་ན་ཟླ་བ་དྲུག་ཚུན་ཆད་ཁོ་ནས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པའི་བདག་པོར་འགྱུར་རོ། །རྟག་ཏུ་གཞན་གྱི་ཞེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་སྡོམ་པ་གསུངས་ཏེ། དེ་ནི་ལེའུ་དགུ་པར་རྣམ་པར་བཤད་ཟིན་ཏོ། །འདོད་ཆགས་རྡོ་རྗེའི་སྐྱོ་བ་མོ་ནི་དཀར་མོ་ཞེས་བྱ་བའོ། །ཡོན་ཏན་སྐེ་རགས་ཞེས་བྱ་བ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་བརྒྱན་པའི་མཱ་མ་ཀཱིའོ། །ངག་གི་རྡོ་རྗེ་མཆོག་སེམས་ལ། །ཞེས་བྱ་བ་ནི་གསུང་རྡོ་རྗེ་ལ་གོས་དཀར་མོ་དང༌། ཐུགས་རྡོ་རྗེ་ལ་མཱ་མ་ཀཱི་རྣམ་པར་སྣང་མཛད་བཞིན་དུ་སྦྱར་བར་བྱའོ། །རྡོ་རྗེ་ཅན་གྱི་ཞེས་བྱ་བ་ལ་སོགས་པས་ནི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་དཀོན་མཆོག་དཔལ་ལ་སོགས་པའི་རྣལ་འབྱོར་གྱིས་རང་གི་རིགས་ཀྱི་བུ་མོ་ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ལྷ་མོའི་གཟུགས་སུ་བསམ་པ་བསྟན་ཏོ། །དེ་ལྟར་བྱེད་པའི་རྣལ་འབྱོར་པ་ལ་དེ་བཞིན་གཤེགས་པ་རྣམས་ཤིན་ཏུ་


DTG041_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པར་གྱུར་ནས་མྱུར་དུ་དངོས་གྲུབ་རབ་ཏུ་སྩོལ་བར་འགྱུར་རོ། །རིག་པའི་བརྟུལ་ཞུགས་འཛིན་པའི་རྣལ་འབྱོར་པའི་དངོས་གྲུབ་ཀྱི་འབྲས་བུ་ལ་ཐུག་གི་བར་དུ། ཟས་ཀྱི་ངེས་པ་བསྒྲུབ་པ་ནི་ཞེས་བྱ་བ་ལ་སོགས་གསུངས་ཏེ། སྒྲུབ་པ་པོ་ནི་བློ་བརྟན་པས། །ཞེས་བྱ་བ་ནི་ངེས་པར་བསྒྲུབས་ན་ཐམས་ཅད་འགྲུབ་པར་འགྱུར་རོ་སྙམ་པའི་ངོས་པའི་བློ་ཅན་ཏེ། སེང་གེའི་སྤྱོད་པ་སྤྱོད་པས་སོ། །དེ་ནས་དེར་ནི་ཤིང་རྒྱལ་པོ། །བསྒྲུབ་པའི་དཔའ་བོའི་གཟི་བྱིན་གྱིས། །དམ་ཚིག་འཇིགས་པས་ཁ་ཟས་ནི། །བཟང་པོ་བསྟར་བ་སྟེར་བར་འགྱུར། །གལ་ཏེ་འདའ་བར་བྱེད་ན་ནགས་ཚལ་གྱི་ལྷ་སངས་རྒྱས་དང་འདྲ་བ་ཡིན་ཡང༌། རྡོ་རྗེའི་ཡི་གེ་བཞིན་དུ་མི་ཕྱེད་པར་གསུངས་པའི་དམ་ཚིག་ལས་འདས་པས་མ་རུངས་པར་འགྱུར་རོ། །ལྷ་མོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་པར་ཟད་དེ་འོན་ཀྱང་སྔར་བཤད་པའི་ཁྲོ་བོ་ལ་སོགས་པ་རྣམས་ཀྱིས་ཞགས་པ་དང་ལྕགས་ཀྱུ་རྣམས་ཀྱིས་བཀུག་ནས་བསྒྲུབ་པའི་རིག་མ་རྣམས་དང་ལྷན་ཅིག་བརྟུལ་ཞུགས་སྤྱད་པར་བྱའོ། །སྐུ་རྡོ་རྗེ་ལ་སོགས་པའི་ཡེ་ཤེས་དོན་དུ་གཉེར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སྔོན་གྱི་དུས་སུ་འདི་ཉིད་ཁོ་ན་བསྟེན་པ་ཡིན་པས་ན། རྡོ་རྗེ་གསུམ་གྱི་ཡེ་ཤེས་བསྟེན་པའོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་བཤད་མ་ཐག་པའོ། །སྔགས་རྣམས་ཐམས་ཅད་ཀྱིས་ཏེ། ལྷ་ཐམས་ཅད་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པོ་རྣམ་པར་བསྒོམས་ན། གོ་འཕང་ཆེན་པོ་འཐོབ་པར་བྱེད་པས་ན་དེ་ཉིད་གསང་བའི་ཚུལ་ཆེན་ཡིན་ནོ། །སྐུ་རྡོ་རྗེ་ལ་སོགས་པ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་འཁོར་ལོ་རྡོ་རྗེ་གསུམ་འབྱུང་བའོ། །དེ་ཉིད་ཀྱི་ཕྱིར། སངས་རྒྱས་བྱང་ཆུབ་རབ་འཇུག་པའོ། །རིག་པའི་བརྟུལ་ཞུགས་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྟོན་པར་མཛད་པས་ན་དཔལ་རྡོ་རྗེ་སེམས་དཔའ་ལ་དེ་སྐད་ཅེས་བྱའོ། །དངོས་གྲུབ་ཐམས་ཅད་ཀྱི་ཆེད་ཀྱི་དཀྱིལ་འཁོར་གྱི་གནས་དེར་མི་ཕྱེད་ཅིང་མངོན་པར་ཏེ། རྣམ་པ་ཐམས་ཅད་དུ་བྱང་ཆུབ་བསྒྲུབ་པར་བྱ་བ་ཡིན་པས་ན། རྡོ་རྗེ་མངོན་པར་བྱང་ཆུབ་པ་སྟེ། གང་ལ་མིང་དེ་སྐད་ཅེས་བྱ་བ་ཉིད་ཡོད་པ་དེ་ནི་དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། །།


previousབཅུ་དྲུག་པ། དངོས་གྲུབ་ཐམས་ཅད་ཀྱི་དཀྱིལ་འཁོར་རྡོ་རྗེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་ལེའུའི་རྣམ་པར་བཤད་པ།next