Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་གཉིས་པ།


   
   
   
   
ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་བ།  སངས་རྒྱས་ཡེ་ཤེས་ཞབས།
   
   
   
   
   
   
   
   
   
   
   
   


 
previousཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་བ། སངས་རྒྱས་ཡེ་ཤེས་ཞབས།next

ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་བ།
སངས་རྒྱས་ཡེ་ཤེས་ཞབས།


DTG042_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙ་ཏུ་རཱཾ་ག་སཱ་དྷ་ནཱཾ་ནོ་པི་ཀ་ས་མནྟ་བྷ་དྲཱི་ནཱ་མ། བོད་སྐད་དུ། ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་དུ་བཟང་མོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཁྲུལ་པ་ཀུན་བསལ་དྲི་མ་མེད་པ་ཡི། །གཟི་བརྗིད་མཐའ་ཡས་རིགས་ཀྱི་སྤྲུལ་པས་རྣམ་བརྒྱན་པ། །ཤེས་རབ་མ་ཡིས་ལུས་འཁྱུད་མཛེས་པས་ཀླུབས་པ་གང༌། །འཇམ་དཔལ་དེ་ལ་དེ་མཆོད་དོན་དངོས་ཆོ་ག་འདི་བཤད་བྱ། །དཔལ་ལྡན་འདུས་པའི་ཚུལ་གྱིས་དམ་པའི་བཤེས་གཉེན་གསོལ་གདབ་བྱེད་བྲོད་པས། །འགྲོ་བའི་དོན་ཀུན་ཕུན་སུམ་ཚོགས་གཞི་དངོས་པོ་ཆོ་ག་བཤད་པར་བྱ། །སྐབས་ལྡན་གཡོ་བ་འདི་དང་དམ་པའི་སྐྱེ་བོ་དང་འགྲོགས་ཤིན་ཏུ་ཐོབ་དཀའ་འཇིག་རྟེན་ལ། །དེ་ཕྱིར་ཐབས་དང་ཤེས་རབ་མཐར་ཕྱིན་བྱེད་འདོད་སེམས་ནི་མཆོག་ཏུ་གྱུར་པ་ཡིན། །དེ་ནས་སྙིང་རྗེའི་མཐུ་ལས་བྱུང་བའི་བྱང་ཆུབ་ཡིད་ལྡན་གསང་སྔགས་པ། །གཏོང་བ་


DTG042_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཡོན་ཏན་བརྒྱད་པ་ཟབ་མོའི་ཚུལ་ལ་མོས་པའམ། །དཔལ་ལྡན་གསང་འདུས་དཀྱིལ་འཁོར་ཆོ་གས་ཤིན་ཏུ་དབང་བསྐུར་ཕུན་སུམ་ལྡན། །ཆོ་ག་བཞིན་དུ་ལུང་སྩལ་ཐོབ་པ་བཞི་སྔགས་བསྙེན་པ་བློ་ལྡན་པས། །གང་ཞིག་དྲི་མེད་ཆུ་སོགས་ལྗོན་ཤིང་མཆོག་གི་ཕྲེང་བ་ཀླུབས་པ་ཡི། །གོམས་པའི་རི་ལ་བཅོམ་ལྡན་འཇམ་དབྱངས་ཞེས་བྱ་རབ་ཏུ་བསྒྲུབ་པར་བྱ། །དང་པོ་ཐོ་རངས་སྙིང་གའི་དབུས་སུ་དྲི་མེད་འོད་འཕྲོ་དེ་ཉིད་བསམ། །བཀོད་ནས་སྙིང་རྗེ་ཅན་གྱིས་སྒོ་ལ་སོགས་པ་ཡང་དག་པར་ཡང་བྱ། །དམ་པའི་ཙནྡན་སོགས་བཀྲུས་དྲི་ཞིམ་མེ་ཏོག་བཀྲམ་པའི་མཆོག་ཆ་ལ། །བསམ་གཏན་གནས་སུ་བདེ་བའི་གནས་སུ་འདུག་ནས་དུས་གསུམ་སངས་རྒྱས་རྣམས། །དམིགས་ཏེ་སྣ་ཚོགས་མཆོད་སྤྲིན་སྤྲོ་སོགས་སྔོན་དུ་བྱས་ནས་བློ་ལྡན་པས། །སྡིག་པ་ལ་སོགས་འདི་ལྟར་བྱའོ་དགེ་བ་འཕེལ་དོན་དུ། །ཐོག་མ་མེད་ལྡན་སྲིད་པའི་རྒྱུན་ལ་རྟོག་པས་བསགས་པའི་སྡིག་ཀུན་གང༌། །སྙིང་རྗེ་ཆེན་པོའི་མདུན་རིམ་བཞིན་ཏེ་ཐམས་ཅད་བཤགས་པར་བགྱི། །ཡང་དག་སངས་རྒྱས་བྱང་ཆུབ་འཕགས་དང་གཞན་རྣམས་མཛད་པའི་དགེ་བ་གང༌། །མ་ལུས་བདག་གིས་ཡི་རང་ཡང་དག་དེ་ནི་བྱང་ཆུབ་ཕྱིར་བསྔོའོ། །སེམས་རྒྱས་ཟླ་བ་དྲི་མ་མེད་ལས་གྲུབ་པས་མཐའ་ཡས་སྙིང་རྗེ་གནས། །བདག་གི་ཡིད་ལ་གནས་པའི་བདེ་བར་གཤེགས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་ཀུན་ལས་ངེས་གྲོལ་མ་ལུས་དམ་པ་སེམས་དཔའི་བཀྲ་ཤིས་གཞི། །དངོས་པོ་ཀུན་གྱི་ངོ་བོར་ཆོས་ལ་བདག་ཉིད་སྐྱབས་སུ་མཆི། །བཅིངས་པས་ཡང་དག་སྤངས་པའི་སྙིང་རྗེ་མཆོག་གིས་དྲངས་པའི་དཔལ་ལྡན་པ། །རབ་དགའ་ལ་སོགས་ས་ལ་གནས་པ་དམ་བཅས་ཚོགས་ལ་སྐྱབས་སུ་མཆི། །བསམ་པ་རྣམ་སྨིན་དག་པས་སྒྲིབ་ཀུན་བག་ཆགས་མ་ལུས་བཅོམ་པ་སྟེ། །མོས་པས་རྣམ་པར་བརྒྱན་པའི་སེམས་ཀྱིས་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བདེ་གཤེགས་སྲས་བཅས་ལམ་གཅིག་སྦྱིན་སོགས་བཅུ་པོ་དཀར་པོ་ཡོན་ཏན་ངོ་བོ་ལ། །རྫོགས་སངས་རྒྱས་དག་ཀུན་གྱི་རང་བཞིན་བློ་ཡིས་དེ་ལྟར་བསྟེན་པར་བགྱི། །འཇིག་རྟེན་འདི་དག་ལྟ་བའི་དྲ་བས་བཀབ་ལ་སྙིང་རྗེས་དམིགས་ནས་སུ། །ཡང་དག་བྱང་ཆུབ་སེམས་ཀྱི་གཞལ་མེད་བསྒོམ་རིམ་འདི་ནི་སྔགས་པས་བྱ། །སྟོང་པ་རང་བཞིན་མེད་ཕྱིར་རྒྱུ་འབྲས་ཕྱིར་ནི་རང་བཞིན་མཚན་མ་མེད། །རྗེས་


DTG042_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དཔག་པ་བསལ་བས་མ་ལུས་གཞི་ཡི་སྨོན་པ་ངེས་བྲལ་ལོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་འོག་སྟོན་ཟླ་དཀར་བོ་མཐའ་མེད་ཕྱོགས་འཁོར་གནས་པ་སྣ་ཚོགས་འོད། །འཕགས་པར་གནས་པའི་གྲུ་གསུམ་ནང་གི་མཁའ་ཡི་རང་བཞིན་རྡོ་རྗེ་འཛིན། །ཆོས་ཀྱི་འབྱུང་ཞེས་ཕྱག་རྒྱ་དབུས་གནས་པདྨ་སྣ་ཚོགས་རྡོ་རྗེས་བརྒྱན། །ཧཱུཾ་གིས་རྡོ་རྗེ་བརྒྱན་པའི་ས་ལ་ཀུན་དུ་བཟང་པོ་ལས་བྱུང་བསྒོམ། །བྷྲཱུཾ་ཡིག་འཁོར་ལོ་ལས་བྱུང་རིག་མ་དང་བཅས་སྣང་མཛད་སྐུར་གྱུར་པ། །གསལ་བ་ཐུབ་དབང་དཀྱིལ་འཁོར་སྣ་ཚོགས་འོད་ཟེར་གྱིས་ཁྱབ་ཕྱོགས་འཁོར་ཀུན། །གྲུ་བཞི་མཉམ་པའི་ཕྱིར་ན་མཆོག་བཞིས་དྲན་པ་དབང་པོ་སྒོ་རྣམས་ཀྱིས། །བསམ་གཏན་བཞི་ཡི་ཏྭ་ར་ཎ་ཏིང་འཛིན་མུ་ཁྱུད་བཞི་ཡིས་ཡོངས་བསྐོར་བ། །མུ་ཁྱུད་དེ་ལ་གནས་པ་དམ་པའི་མཆོད་པས་འབྲེལ་བའི་གཟུགས་རྣམས་རྒྱུན། །སྣ་ཚོགས་རྒྱན་རྣམས་བཀོད་པ་འགྲོ་བའི་བསམ་པ་ཐམས་ཅད་ཡོངས་རྫོགས་ཕྱིར། །འདུལ་བས་བསྐྱོད་པ་གསུང་རབ་ཡན་ལག་དགུ་ཡི་དམ་ཆོས་ཀུན་འགྲོ་ཅི་ཡི་ཕྱིར། །རླུང་གིས་བསྐྱོད་པ་རྒྱལ་མཚན་ཕྲེང་དང་དྲིལ་སྒྲ་གྲག་པས་ཕྱོགས་སྒོ་ཀུན། །མེ་ལོང་ཡེ་ཤེས་རྟག་ཏུ་དྲི་མེད་བྱང་ཆུབ་ཡན་ལག་མེ་ཏོག་སྦོས་བཀྲམ་ཞིང༌། །དྲ་བ་དྲ་ཕྱེད་མེ་ལོང་མེ་ཏོག་ཕྲེང་བ་སྣ་ཚོགས་བརྒྱན་པའི་གཟུགས། །རྣམ་པར་ཐར་བརྒྱད་རྣམ་པར་དག་པས་ཀ་བ་བརྒྱད་ཀྱིས་ཀླུབས་པའི་མཆོག །རྡོ་རྗེ་ཚུལ་གྱིས་ཆོས་ཀྱི་འཁོར་ལོས་སྒྱུར་ཕྱིར་རྡོ་རྗེའི་ཐིག་ལྡན་ལ། །གཟུགས་ལ་སོགས་པའི་སྤྱོད་ཡུལ་དག་པས་བླ་མེད་མཐའ་ཡས་འདོད་པའི་ཡོན་ཏན་ལྔ། །ཟས་ལྔས་བརྒྱན་པས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་རྒྱུ་མཐུན། །སྣ་ཚོགས་པདྨ་ལ་གནས་ཉི་མ་ཟླ་བར་བཅས་པ་ལྷ་ཡི་གདན། །མ་ལུས་རིན་ཆེན་བཀོད་པའི་གཞལ་ཡས་བརྩེགས་པ་དེ་ལ་བསྒོམ། །བཅུ་དྲུག་ཆ་ཤས་སྡེ་པ་ལས་བྱུང་ཟླ་བའི་དཀྱིལ་འཁོར་བ་ཡི་དབུས། །དབུས་ཀྱི་གདན་ལ་ཆོ་ག་བཞིན་དུ་འོད་དཔག་མེད་གཞི་བསམ་པར་བྱ། །མཆོག་གི་དང་པོའི་སྙིང་པོ་ལས་བྱུང་རྡོ་རྗེ་དམ་པ་ཡེ་ཤེས་གཟུགས། །གྲངས་མེད་ཐུག་པའི་འོད་ཟེར་ཕྲེང་བས་གྲུབ་པའི་ཕྱོགས་སྒོ་ཀུན། །བསམས་ནས་དང་པོའི་སྙིང་པོར་བཅས་པའི་ང་རྒྱལ་ལྡན་པས་སྦྲུལ་པ་མཐའ་ཡས་ཀྱིས། །འགྲོ་བའི་དོན་མཆོག་རབ་མཛད་པ་ཡི་ཐུགས་མཆོག་རྡུལ་ཕྲན་རྣམ་བཀོད་གཟུགས་


DTG042_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ཅན། །གཡས་གཡོན་ཞལ་ནི་གནག་དང་དམར་པོ་ཟླ་བ་རྫོགས་ལྟར་དཀར་བའི་མདོག །གསལ་བས་རྣམ་པར་བཀོད་པས་བརྒྱན་པའི་ཕྱག་གཉིས་དམ་པའི་རིག་མ་འཁྱུད། །ལྷག་མའི་ཕྱག་ཟུང་གཉིས་བརྒྱན་རྡོ་རྗེ་རལ་གྲི་རིན་ཆེན་པདྨ་འཛིན། །འཇིག་རྟེན་གསུམ་ཁོང་བརྒྱན་པའི་འོད་ཟེར་རྣམ་པ་བདེ་འགྲོ་ཐུབ་པའི་དབང༌། །རྣམ་ཐར་གསུམ་དག་ཤེས་རབ་བདག་ཉིད་སྙིང་རྗེའི་མཆོག་གི་ཐབས་ལྡན་པས། །འགྲོ་ཀུན་དེ་ཉིད་གཅིག་པ་རྒྱལ་བ་སྐྱེད་བྱེད་སྐུ་བཞི་མངོན་སུམ་བྱ། །མཆོག་ཏུ་རྗེས་ཆགས་ཕུན་སུམ་ཚོགས་པས་འཇིག་རྟེན་ཐམས་ཅད་འདུལ་དམིགས་ནས། །དགའ་བའི་རྫུ་འཕྲུལ་སྒྲ་ཡིས་རྒྱལ་བའི་ཚོགས་རྣམས་རང་གི་ལུས་ནང་བཞུགས། །དེ་ནི་སྤྱན་ལ་སོགས་པའི་ལྷ་མོ་གཟུགས་སོགས་ཡུལ་གྱི་རང་བཞིན་པས། །ཕྱུང་ནས་རིག་མ་ཐམས་ཅད་གཞི་ཡི་རིག་མའི་ནང་དུ་ཐིམ་པར་བྱ། །དེ་ཡི་པདྨའི་སྙིང་པོའི་དབུས་སུ་དཀྱིལ་འཁོར་དྲི་མེད་ཟླ་འོད་ལས་བྱུང་བ། །བློ་ཡིས་བསམས་ནས་རྫོགས་པར་བདེ་ལ་སྐྱེ་བོའི་ཚོགས་རྣམས་གཞུག་པར་བྱ། །དམ་པ་གསང་བའི་རྡོ་རྗེ་དཀྱིལ་འཁོར་རྣམ་སྣང་མཛད་སོགས་རྒྱལ་བའི་རྒྱན་ཞུགས་ནས། །ཟླ་བ་ཞུ་བའི་ངོ་བོར་གྱུར་པས་དབང་བསྐུར་བྱས་ཏེ་དེ་འོག་ཏུ། །ས་སྙིང་ཕྱག་ན་རྡོ་རྗེ་ནམ་སྙིང་འཇིག་རྟེན་དབང་ཕྱུག་སྒྲིབ་པ་སེལ། །དཔལ་ལྡན་ཀུན་དུ་བཟང་པོ་དེ་དག་མིག་ལ་སོགས་པའི་གྲངས་སུ་གྱུར། །གཟུགས་སྒྲ་དེ་དང་རོ་དང་རེག་བྱ་ཆོས་དབྱིངས་རྡོ་རྗེ་ཡང༌། །ས་ཆུ་མེ་རླུང་རང་བཞིན་གྱུར་པ་སྤྱན་ལ་སོགས་པའི་གྲངས་འགྱུར་རོ། །གཟུགས་དང་མྱོང་བ་མཚན་མ་དེ་བཞིན་ཁོ་ན་འདུ་བྱེད་ཡིད་བརྗོད་པས། །རྣམ་སྣང་མཛད་སོགས་བདེ་གཤེགས་རྣམས་ཏེ་དེ་འོག་ས་བོན་གྱིས་དབྱུང་བྱ། །ཀྵིཾ་ཛྲཱྀཾ་ཁཾ་གཾ་ཥྐཾ་སཾ་བརྗོད་པ་དེ་དག་མིག་ལ་སོགས་རྣམས་སོ། །མྱོང་བ་མཚན་མ་དེ་བཞིན་ཁོ་ན་འདུ་བྱེད་ཡིད་བརྗོད་པ། །རྣམ་སྣང་མཛད་སོགས་བདེ་གཤེགས་ཛཿ་ཧཱུཾ་བཾ་ཧོཿ་ཁཾ་རཾ་བརྗོད་པས་གཟུགས་ཀྱི་རྡོ་རྗེ་ལ་སོགས་སོ། །ལཾ་མཱཾ་པཾ་ཏཱཾ་ཞེས་ཀྱང་གསུངས་པ་དེ་བཞིན་སྤྱན་ལ་སོགས་པའོ། །བྷྲཱུཾ་ཨཱཾ་ཛྲཱྀཾ་ཧཱུཾ་ཞེས་པས་རྟག་པ་ལ་སོགས་སོ། །ཨོཾ་ཨཱཿ་ཧཱུཾ་ཞེས་སེམས་འབར་ཧོ་ཡི་བར་དུ་ཞུགས་པ་ཆོ་ག་བཞིན། །པདྨའི་ནང་གནས་མཉམ་མེད་ཤེས་རབ་ཆགས་པས་ཞུ་བ་བྱེད་མཐོང་སྟེ། །དེ་ཡི་འོད་ཀྱི་མཐུ་ཡིས་ཀྱང་ནི་ཟླ་བ་ཞུ་བར་བྱེད་མཐོང་སྟེ། །འདི་ལྟར་སྤྱན་ལ་


DTG042_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ལྷ་མོའི་དབྱངས་ཀྱི་སྒྲ་ཡིས་བསྐུལ་བར་བསམ། སེམས་ཅན་ཁམས་ན་གནས་པའི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོས་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་སྒྲུབ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་པའི་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོངས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོས་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེའི་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་བདག་ནི་དེ་རིང་གསོལ་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །དེ་ལྟར་དབྱངས་ཀྱིས་བསྐུལ་བས་སྒྱུ་འཕྲུལ་དྲ་བར་དངོས་ཀུན་ལེགས་བསམས་ནས། །འོད་ཟེར་འབར་བས་བསྐོར་བའི་གཞི་ཡི་སྔགས་ཀྱིས་ལུས་སུ་རང་བསྒྱུར་བྱ། །དེ་ལ་འོད་ཀྱིས་མ་ལུས་ལྷ་རྣམས་རྒྱལ་བའི་ཐུབ་དབང་རྣམས། །ནང་དུ་ཐིམ་ནས་འོད་ཀྱིས་དཔལ་ལྡན་འཇམ་པའི་རྡོ་རྗེར་གྱུར་པར་བྱ། །གུར་ཀུམ་མཆོག་འོད་དམར་འདྲ་གཡས་གཡོན་ཞལ་ནི་གནག་དང་དཀར་བའི་མདོག །སྣ་ཚོགས་རྒྱན་གྱིས་བརྒྱན་པའི་ཕྱག་གཉིས་དམ་པའི་ཤེས་རབ་འཁྱུད། །གསལ་བའི་རལ་གྲི་མདའ་དང་ཨུཏྤལ་མཐིང་ག་གཞུ་ནི་མཐའ་ཡས་འོད། །མ་ལུས་རིགས་རྣམས་འཕྲོ་བས་བརྒྱན་པའི་མཁའ་ཀུན་དཀྱིལ་འཁོར་ལྡན་སྐྱོབ་པ། །གཟུང་འཛིན་བྲལ་བས་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་ཤེས་ནས་སུ། །རྣམ་པར་བྱང་བ་མངོན་བཞུགས་ཟབ་དོན་བྱིན་རླབས་འདི་ལྟར་བྱ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །དེ་འོག་གཞི་ཡི་ས་བོན་འོད་ཀྱིས་ཇི་ལྟར་རང་ལ་གང་སྟེ་མིག་སོགས་རྣམས། །ས་སྙིང་ལ་སོགས་དྲི་མེད་རང་སྙིང་ཟླ་བའི་རྡོ་རྗེ་བུམ་


DTG042_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་གནས་པ། །ཧཱུཾ་གི་ཐུགས་ཀྱི་རྡོ་རྗེ་ཁ་དང་མགོ་ལ་པདྨ་འཁོར་ལོའི་དཀྱིལ་དུ་ཡང༌། །ཨཱཿ་དང་ཕྱག་མཚན་གཉིས་ཀྱིས་གསུང་གི་རྡོ་རྗེ་སྐུ་ཡི་རྡོ་རྗེའང་བསམ་པར་བྱ། །དེ་ཐུགས་འོད་ཟེར་རྒྱུན་གྱིས་རང་གི་ཤེས་རབ་དང་སྦྱོར་སྣང་བས་ཀུན་དུ་ནི། །རྒྱལ་བའི་དབང་པོ་རྣམས་ལ་མཆོད་ནས་ཐུགས་ཀྱི་རྡོ་རྗེ་ལ་སོགས་བྱིན་གྱིས་བརླབ། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཆང༌། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་ལ་བྱིན་བརླབས་ནས། །ཐུགས་ཀྱི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེ་རིང་བདག་ལ་བྱིན་བརླབས་ནས། །ཐུགས་ཀྱི་རྡོ་རྗེས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དཔལ་ལྡན་ཆོས་ཀྱི་གསུང་གི་ལམ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་ལ་བྱིན་བརླབས་ནས། །གསུང་གི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་ལ་བྱིན་བརླབས་ནས། །གསུང་གི་རྡོ་རྗེས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཆང༌། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་ལ་བྱིན་བརླབས་ནས། །སྐུ་ཡི་རྡོ་རྗེས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེ་རིང་བདག་ལ་བྱིན་བརླབས་ནས། །སྐུ་ཡི་རྡོ་རྗེས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་གསུམ་ནི་ནམ་མཁའི་རང་བཞིན་མཚན་མ་སྤངས་པ་མཚོན་བྱས་ཏེ། །སེམས་ཀྱི་འོད་ཟེར་རྣམས་ཀྱིས་བསྐུལ་ནས་ཐམས་ཅད་ཚོགས་སུ་གྱུར་པའི་ཐུབ་པའི་སྡེ། །ཐུབ་མཆོག་འོད་ཟེར་ལས་བྱུང་རིག་མའི་ཚོགས་ཀྱིས་ཡང་དག་འཛིན་པ་ཡི། །བུམ་པའི་ཡེ་ཤེས་ཆུ་ཡིས་བླུགས་པས་རང་རིག་གཙོ་བོ་སྣང་བས་དབུ་བརྒྱན་གྱུར། །དེ་བཞིན་རང་གི་ལྷ་མོ་འདྲ་བར་རང་གི་སྙིང་པོའང་བསྒོམས་ནས་རིག་མར་སྤྲུལ། །མིག་ལ་སོགས་པ་གང་ནས་ཡིག་འབྲུ་གསུམ་བཀོད་འབར་བའི་ལུས་ལྡན་པ། །འོག་སྙིང་ལྟེ་བ་གསང་བ་དེ་བཞིན་བརླ་གཉིས་སོགས་ལ་དེ་ཉིད་ཤེས་པར་བྱ། །ཨོཾ་ཧཱུཾ་སྭཱ་ཨཱཿ་ཧཱ་ཞེས་བྱ་བས་ལུས་ཡིད་རྡོ་རྗེ་དམ་པའི་


DTG042_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཚོགས་ཀྱི། །དེ་ལྔའི་བྱིན་རླབས་ལུས་ནི་འགྲོ་གསུམ་ཁྱབ་པས་དམ་པའི་འོད་ཚོགས་བསམ། །ཨཱཿ་ས་བསྐྱེད་རྣམ་པར་བཀོད་པའི་སྙིང་པོ་ཧཱུཾ་ལས་སྦྲུལ་པའི་པདྨ་འདབ་བརྒྱད་པ། །པདྨའི་ཤེས་རབ་རྒྱུ་མཐུན་རང་བཞིན་ཐབས་དང་བཅས་པར་གྱུར་པའི་གཞི་ཡི་ལུས་བསྔགས་པ། །དེ་དང་ལྷན་ཅིག་བདེ་གཤེགས་རྣམས་ལ་རྗེས་སུ་ཆགས་པར་བགྱི་ཞེས་བརྩམས། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །སེམས་ཀྱི་ཟླ་བའི་འོད་ཀྱིས་མ་ལུས་སངས་རྒྱས་ཚོགས་ནི་བཞུགས་གནས་ཏེ། །ཧཱུཾ་གི་རྡོ་རྗེར་བྱུང་ནས་དྲི་མེད་པདྨ་ལ་གནས་དམ་པའི་ཡིད་ཀྱི་གཟུགས། །བསམས་ནས་རང་གི་སྙིང་པོས་བསྐྱེད་པ་ཐམས་ཅད་གཞི་ཡི་དཀྱིལ་འཁོར་ལྷ་གཟུགས་སུ། །མཚག་གི་རྗེས་སུ་དཀར་མོ་ཞེས་པར་མཐའ་ཡས་ཡོན་ཏན་རིན་ཆེན་མ། །རིན་ཆེན་དབང་ཕྱུག་དྲ་བའི་དངོས་བོ་སྒྲོལ་བ་བཛྲ་ར་ཏཱི་ཞེས་བསྐུལ་བས། །དྲི་མེད་རིན་ཆེན་ཕྲེང་བས་བསྒོམས་པའི་ཕྱོགས་འཁོར་བྱེད་མ་དབང་ལྡན་ལ། །དམ་པའི་འཁོར་ལོ་ཨུཏྤལ་དམར་པོ་པདྨ་ཨུཏྤལ་སེར་པོ་རྣམས་ཀྱིས་མཚན། །དེ་དག་གི་ནི་རིམ་པའི་ངེས་པའི་ལྷག་མའི་ཇི་ལྟར་འདོད་པའི་ཕྱག་བསྣམས་ཡིན། །དཀྱིལ་འཁོར་གྲྭ་བཞི་དང་ནི་ཤར་གྱི་སྒོ་གཉིས་ལ་ནི་བསམ་བྱ་བ། །གཟུགས་སོགས་རྡོ་རྗེ་ལྷ་མོ་སྐུ་ལ་སོགས་དང་གསུམ་གྱིས་སོ། །ཤར་གྱི་སྒོ་རུ་གྲགས་པ་བསམ་པ་ཐམས་ཅད་འགྲུབ་མཐའ་ཡས་པས་འཇིགས་པའི་འོད། །འབར་ལ་ཡ་མཱནྟ་ཀྲྀ་ཏ་ཅེས་བས་ཟད་དུས་དྲག་སྤྲིན་དཀྱིལ་འཁོར་དངོས་པོ་སྟེ། །ཐུགས་བདག་རྒྱལ་པོ་མཉམ་པའི་སྐུ་ནི་དུ་མའི་ཁྲོ་བོ་རིགས་ཀྱི་འོད་ཕྱུང་བ། །གཤིན་རྗེ་མཐར་བྱེད་ཅེས་བྱ་མི་བཟད་པ་ཡི་སྦྲུལ་གྱིས་སྐུ་བརྒྱན་དཔལ་ལྡན་པའོ། །ལྷོ་ཕྱོགས་ཀྱི་སྒོར་གནས་པ་པྲཛྙཱནྟ་ཀྲྀ་ཏ་ཅེས་པས་བླ་ན་མེད་ལྡན་པ། །སྐུ་ཡི་དབང་ཕྱུག་བཞིན་དུ་ཕྱག་ལ་སོགས་པ་དྲག་པོ་གཞན་གྱིས་མི་ཐུབ་གསལ། །དེ་ནས་རྟ་མགྲིན་ནུབ་ཀྱི་ཕྱོགས་སུ་སྒོ་རུ་འོད་ཟེར་འཁྲིགས་པས་ཕྱོགས་བསྐོར་བ། །པདྨཱནྟ་ཀྲྀ་ཏ་ཅེས་པས་འབར་བའི་འཇིག་པའི་མེ་ལྟར་འཇིགས་པའི་གཟུགས། །གསུང་གི་བཞིན་དུ་ཕྱག་ལ་སོགས་པ་དུ་མས་སྡང་བ་འཇིགས་བྱེད་ཞལ། །གད་སྒྲོགས་བཞད་པས་རི་རྣམས་གཡོ་བར་བྱེད་དང་ཐུབ་པའི་དབང་རྣམས་སོ། །དེ་ནས་མི་བསྐྱོད་འདྲ་བའི་ཞལ་སོགས་བིཤྣཱ་ནྟ་ཀྲྀ་ཏ་ཅེས་བྱ་བྱང་སྒོ་རུ། །ཟད་དུས་བྱིན་ཟ་ལྟ་བུ་


DTG042_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་བདུད་རྩི་འཁྱིལ་པ་དཔའ་བའོ། །རྣམ་སྣང་མཛད་དང་ཐུབ་དབང་སྣང་བ་མཐའ་ཡས་ཐུགས་ཀྱི་དབང་ཕྱུག་དབུ་རྒྱན་དང༌། །རིམ་པར་ཐོ་བ་བེ་ཅོན་པདྨ་རྡོ་རྗེ་ལ་སོགས་ཕྱག་ཀྱང་དེ་བཞིན་ནོ། །དེ་ལྟར་རྫོགས་པར་བསྐྱེད་པར་དཀྱིལ་འཁོར་མཐོང་ནས་དངོས་པོ་ཐམས་ཅད་ཀྱིས། །སྙིང་པོ་སྔགས་ཀྱི་འོད་ཟེར་ལྕགས་ཀྱུས་བདེ་གཤེགས་སྤྱན་དྲངས་བསྒོམ་པར་བྱ། །ཐབས་དང་ཤེས་རབ་དངོས་བོ་དྲི་མེད་ཏིང་འཛིན་ལས་བྱུང་དམ་པའི་བདེ་བས་གསང་བར་ནི། །དཀྱིལ་འཁོར་བསམས་ཏེ་དེ་ནས་ཐར་བྱེད་ལ་སོགས་བསྲུང་བྱས་ནས། །རང་སྙིང་བཟླས་པའི་ཙནྡན་སོགས་དང་མེ་ཏོག་མཛེས་པ་ཕུལ་ཏེ་ཐིམ། །རང་དང་འདྲ་བའི་ཆོ་གས་དབང་བསྐུར་བྱས་ནས་འདི་ལྟར་ནན་ཏན་མཆོད་པར་བྱ། །པདྨའི་ནང་གི་རང་གི་ས་བོན་འོད་ཀྱིས་དྲངས་ནས་གཟུགས་སོགས་ཐམས་ཅད་ནི། །པདྨའི་འོད་ཟེར་དཀྱིལ་འཁོར་ཡང་དག་བྱང་ཆུབ་ཡིད་ཀྱི་ས་བོན་བསམ་པར་བྱ། །ཤེས་རབ་སོ་སོའི་བ་སྤུའི་ལས་བྱུང་སྣ་ཚོགས་རྣམ་པའི་འོད་ཟེར་རྒྱས་པའི་ཚོགས། །མ་ལུས་ཁྱབ་པའི་མཁའ་གཞི་ཐམས་ཅད་དེ་ནས་བློ་དང་ལྡན་པས་སྤྲོ་བར་བྱ། །འོད་ཟེར་སྒོ་ནས་བྱུང་བའི་དྲི་མེད་ཐམས་ཅད་རྒྱན་གྱིས་ཤིན་ཏུ་བརྒྱན་སྐུ་དང༌། །མེ་ལོང་པི་ཝང་དྲི་དང་རོ་ཡི་སྣོད་དང་ན་བཟའ་ཆོས་འབྱུང་ལ་སོགས་དང༌། །མཚན་མ་རྣམས་ཀྱི་རིམ་པས་མཛེས་པས་ལྡེམ་བག་ཕྱག་ནི་ལོ་མ་འོད་དང་བཅས། །གསལ་བའི་འོད་ཟེར་སྦྲུལ་པ་མང་པོ་སྣ་ཚོགས་མཆོད་པའི་སྤྲིན་གྱི་དྲ་བ་རྣམས་འབྱུང་དང༌། །སྒྱུ་མ་ལ་སོགས་དྲ་བའི་དངོས་པོ་སོ་སོ་ཡང་དག་རིག་པའི་འཇིག་རྟེན་ལྟ་དགེ་དང༌། །རྟོག་པ་ཐམས་ཅད་ངེས་གྲོལ་མཆོག་གི་བདེ་བ་འབྱུང་རྒྱུའི་དངོས་ལྡན་པའི། །གཟུགས་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་དེ་བཞིན་ཕྱི་མའི་དྲི་སོགས་ཐམས་ཅད་ཀྱིས། །དབྱེ་བའི་རྟོག་པ་གྲོལ་བས་རྒྱལ་བའི་དབང་པོ་རྣམས་ལ་ཡང་དག་མཆོད་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ཡི་འོག་ཏུ་སྒྲ་བརྙན་འདྲ་བར་སྒྲ་ཡུལ་ཐམས་ཅད་ལ་ནི་ཡོད་བསམས་ན། །རང་ཡིད་རིག་པའི་ལྷ་ཡི་སྟོད་པའི་སྒྲ་དང་ལྡན་པའི་ཆོས་རྣམས་ཞེས་སུ་གསུངས། །གཟུགས་ལ་སོགས་པ་གཅིག་མིན་རྡུལ་ཕྲན་ཆ་ཡང་མ་མཐོང་དུ་མའི་གཟུགས་ཀྱང་མ་ཡིན་ཞེས་པའང་དེ་བཞིན་ནོ། །ཡན་ལག་མེད་པའི་རྡུལ་ཕྲན་ཉིད་ལ་དུ་མའི་རྡུལ་ཕྲ་རབ་ཀྱི་རྗེས་འབྲང་མེད་ཕྱིར་དང༌། །ས་ཡི་དཀྱིལ་འཁོར་ལ་


DTG042_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཟུགས་ཀྱི་དབྱེ་བས་དེ་ལ་འགའ་ཡང་མི་འགྱུར་རོ། །དེ་བས་འཛིན་པ་ལ་སོགས་བྲལ་བས་རང་དབང་གཟུགས་ལ་སོགས་པ་ཀུན་བརྟགས་ངོ་བོ་ཡིན། །མ་ལུས་གཡོ་དང་མི་གཡོའི་དངོས་བོ་དྲི་ཟའི་གྲོང་ཁྱེར་དག་དང་འདྲ་བ་ཡིན། །བདག་གིར་འཛིན་པའི་རྟོག་པའི་རྒྱུན་གྱི་ངོ་བོས་འཁོར་བ་འདི་དག་སྟེ། །དག་པ་ཡང་ནི་དེ་ལས་ལྡོག་པའི་ངོ་བོ་ཙམ་ལ་རྣམ་པར་ཤེས་པར་བྱ། །ཆོས་ཉིད་ཀྱིས་ནི་སྲིད་དང་ཞི་བའི་ངོ་བོ་འདིར་ནི་དབྱེ་བ་འགའ་ཡང་མེད། །ཅིའི་ཕྱིར་འཛིན་པ་ལ་སོགས་རྣམ་པར་བྲལ་བ་རྟག་ཏུ་ཀུན་ལ་སྒྲུབ་པའི་ཕྱིར། །ཐམས་ཅད་འགའ་ཡང་མེད་དེ་སོ་སོར་སྣང་བའི་རང་བཞིན་རྟོག་པ་ལས། །སེམས་ལས་གཞན་དུ་གྱུར་པའི་ང་ཞེས་འགའ་ཡང་མེད་དེ་དེ་ཕྱིར་བདག་ཀྱང་དེ། །གང་གི་ངོ་བོ་གང་ཡིན་དེ་ཡིས་དེ་ཉིད་རྟོགས་པའི་གཞི་སྟེ་ཅི་ཕྱིར་དངོས། །དེ་བས་ཐམས་ཅད་དབྱེར་མེད་ཤེས་ཏེ་དངོས་པོ་ཐམས་ཅད་དབྱེར་མེད་བ་ཉིད་ཡིན། །ཁ་ཅིག་ཡུལ་དང་ཁ་ཅིག་གཞན་དུ་སྣང་བར་རྟོགས་པ་ཕུན་སུམ་ཚོགས་པ་གང་ཞིག་གིས། །དེ་དང་དེ་ཡི་བྲལ་དང་བྲལ་བའི་ཕྱིར་ཏེ་དེ་ཕྱིས་ཐམས་ཅད་མ་ཡིན་ནོ། །དང་དང་བརྩོན་འགྲུས་རྣམ་པར་དག་པ་དེ་བཞིན་དྲན་པ་བསམ་གཏན་དག་པས་ཀྱང༌། །དམ་པའི་སྒོ་སྲུང་གཟུགས་ཏེ་ཤེས་རབ་རྣམ་པར་དག་པས་ཐམས་ཅད་ཡུལ་དུ་སྣང༌། །མཚན་མ་མེད་པའི་དག་པ་ཐམས་ཅད་དག་པས་ལྷ་མོ་ཚོགས་ཀྱི་རང་བཞིན་དང༌། །ཐམས་ཅད་དོན་དང་བདག་པོ་རྣམ་པར་རྟོག་པ་རབ་ཏུ་འཇུག་པ་རྣམ་པར་དག་པ་ཡིས། །མེ་ལོང་ལ་སོགས་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མེ་རྟོག་ནམ་མཁའི་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་འབར་བས་བྱིན་གྱིས་བརླབས་པའི་རླུང་མེའི་དཀྱིལ་


DTG042_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གནས་འབར་བའི། །བདུད་རྩི་ལྔ་ལ་དེ་ནས་འབྲུ་གསུམ་བཟླས་པའི་དཀྱིལ་ནས་གྲངས་མེད་ཐུབ་པའི་དབང༌། །ཡེ་ཤེས་བདུད་རྩིའི་རང་བཞིན་བརྩམས་ཏེ་ཡི་གེ་ཧཱུཾ་བཀོད་རྡོ་རྗེ་དམ་པའི་ལྕེ། །སྙིང་གའི་ཟླ་བའི་དབུས་སུ་མ་ལུས་རྒྱལ་བའི་དཀྱིལ་འཁོར་དེ་ཡིས་ཚིམ་པར་བྱ། །ཀུན་དུ་འཁྲུལ་པ་སྤངས་པའི་སྙིང་གི་འོད་ཟེར་ལས་བྱུང་ཐུབ་དབང་མཐའ་ཡས་ཀྱི། །འགྲོ་བ་མ་ལུས་ཡང་དག་སངས་རྒྱས་བྱེད་པ་བཞི་ཡི་སྔགས་ནང་ཐིམ་པར་བྱ། །གཟུགས་ལ་སོགས་པའི་རྣམ་པར་གྲོལ་བས་མངོན་སུམ་གྱིས་ནི་མཐོང་མིན་དེ་འཛིན་པ། །གཟུང་བ་འགའ་ཡང་མེད་དེ་གཞན་ཡང་ཡོད་པ་མ་ཡིན་འབྲེལ་པ་མ་མཐོང་བས། །སིམ་པ་ལ་སོགས་རང་གི་ལས་ཀྱང་འགའ་ཡང་མཐོང་དེ་ཡོངས་བཟུང་བས་ན། །དུས་གཅིག་འབྲེལ་བར་གྱུར་པ་གཟུགས་ལ་སོགས་པ་བཞིན་དུ་དེ་དག་གཟུང་འཛིན་མེད། །དཀར་པོ་ལ་སོགས་གང་གིས་དང་པོར་མཐོང་བ་དེ་ཉིད་དུས་གཞན་མཐོང་བ་མིན། །དེ་གཉིས་ཕན་ཚུན་དུ་ཡང་མི་མཐུན་ཕྱིར་ན་རྟག་ཏུ་སིམ་ལ་སོགས་པ་བཞིན། །དེ་ནས་བཟླས་པ་བྱེད་འདོད་སེམས་ཀྱིས་དངོས་ཀུན་བདག་ཉིད་རང་སེམས་བདག་པོར་ནི། །བྱས་ནས་སེམས་ཀྱི་འོད་ཟེར་ལྡན་པ་བཞི་ཡི་སྔགས་ནི་མཁས་པས་བསྒོམ་པར་བྱ། །འཕྲོ་བས་སྔགས་ཀྱི་རྒྱལ་པོ་གསལ་བར་གཏོང་དང་དགག་པའི་དབང་དུ་བྱས་ནས་བཟླས་ནས་སུ། །སྐུ་ལ་སོགས་པ་རྣམས་ཀྱི་སྤྲོ་བའི་རིམ་གྱིས་སམ་ནི་དུས་གཅིག་བྱས་པ་ཡིས། །ནམ་མཁའི་ནང་དུ་སྐུ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་བཀང་བྱ་སྟེ། །གོང་མ་བཞིན་དུ་སྣ་ཚོགས་མཆོད་སྤྲིན་ཚོགས་རྣམས་དེ་ནས་ཀུན་དུ་དབྱུང་བར་བྱ། །མཆོག་གི་རིག་མ་འཁྱུད་པ་བདེ་བ་ཆེན་པོ་ཆགས་པས་གཞན་དབང་མཐོང་ནས་སུ། །རྒྱས་པ་ཐུབ་པའི་དབང་པོའི་རྒྱུན་ནི་རང་གི་ལུས་ལ་མཐར་ནི་ཐིམ་པར་བྱ། །གཞི་ཡི་སྙིང་པོ་དེ་ཉིད་སེམས་དཔས་ལུས་ཉམས་ཞན་པས་སེམས་ཀྱི་སྤྱོད་ཆུང་བ། །རིག་མ་མཆོག་གི་དབྱངས་ཀྱིས་རབ་ཏུ་གསོལ་བ་བཏབ་ནས་དཀྱིལ་འཁོར་མཆོད་པར་བྱའོ། །དམ་པའི་སེམས་ཀྱི་ཆུ་རྒྱུན་འགགས་པའི་དབུགས་ཀྱི་འོད་ཟེར་ལྕགས་ཀྱུས་དྲངས་ནས་སུ། །ལུས་ཉམ་ཆུང་ན་ཆོ་ག་བཞིན་དུ་སྐུ་ཡི་རྡོ་རྗེ་སོགས་ལ་དབབ་པར་བྱ། །དེ་ལྟར་སྐད་ཅིག་འདུག་ནས་གོང་ནས་གསུངས་པའི་ཆོ་ག་ཡིས་ནི་དེ་བཞིན་ཉིད་ཤེས་པས། །དམ་པའི་སྔགས་ཀྱིས་བཟླས་པ་


DTG042_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མཚན་མེད་པར་བྱའོ་སྔགས་ཀྱང་མ་འདྲེས་པའོ། །གསུངས་པའི་བསྟོད་དང་མཆོད་ལ་སོགས་པ་རྫོགས་པར་བསྐྱེད་པ་བརྩོན་པའི་སྔགས་པ་ཡིས། །ཕྱག་འཚལ་ལ་སོགས་བཀོད་པའི་དཀྱིལ་འཁོར་སྐུ་ལ་སོགས་པར་རྟོག་པ་བསྒོམ་པར་བྱའོ། །དེ་འདྲའི་ཆོ་ག་དེ་ཉིད་མཐོང་བས་སེམས་ཅན་ཁམས་ནི་ངེས་དགྲོལ་དམིགས་ནས་སུ། །སྙིང་རྗེས་འགྲོ་ལ་ཕན་དོན་བརྟན་པའི་སེམས་ཀྱིས་ཆོ་ག་འདི་ཡིས་འཇིག་རྟེན་ཕན་པའི་རྒྱུ་ཕྱིར་འབྱུང་བར་བྱ། །བཛྲ་དྷྲྀཀ་ཅེས་བསྐུལ་ནས་ཐུགས་ཀྱི་རྡོ་རྗེ་འགྲོ་བའི་དོན་མཆོག་བྱེད་པ་ནི། །གཡས་གཡོན་ཞལ་ནི་དཀར་དམར་འབར་བའི་མཐིང་ག་དམ་པ་ནོར་བུ་འདྲ་བའི་མདོག །མཆོག་གི་དང་པོ་བཞིན་དུ་ཕྱག་དང་ལྡན་པ་དུ་མའི་མདོག་གི་འོད་ཀྱི་ཚོགས། །འདུས་ནས་བདག་ལ་བློ་དང་ལྡན་པས་དངོས་པོ་ཀུན་གྱིས་ཐིམ་པར་བྱ། །ཛི་ན་ཛི་ཀ་ཅེས་བསྐུལ་བའི་རྡོ་རྗེ་འཛིན་ལྟར་མདོག་དང་ཞལ་སོགས་ལྡན། །ཤར་གྱི་ཟླ་བ་པདྨའི་དབུས་སུ་འཁོར་སོགས་མཚན་པ་དེ་བཞིན་བསམ། །རཏྣ་དྷྲྀཀ་ཅེས་ལྷོ་རུ་རིན་ཆེན་དབང་ཕྱུག་ཞལ་རྣམས་གཞོན་ནུའི་མདོག་འདྲ་བ། །བཙོ་མའི་གསེར་དང་འདྲ་བ་མརྒད་རིན་ཆེན་ལ་སོགས་མཛེས་པའི་ཕྱག་དྲུག་པ། །ཨཱ་རོ་ལྀ་ཀ་ཅེས་པདྨ་རཱ་ག་བཞིན་དུ་དམར་ལ་ཞལ་གཉིས་དེ་བཞིན་ཏེ། །སྣང་བ་མཐའ་ཡས་འབར་བ་འོད་ལྡན་ནུབ་ཏུ་པདྨ་ལ་སོགས་མཚན་པའི་ཕྱག །མ་ར་ག་ཏའི་ནོར་བུ་ལྟ་བུ་སྔོན་བཞིན་ལ་སོགས་ཕུན་སུམ་ཚོགས་ལྡན་པ། །བྱང་དུ་དོན་ཡོད་ཅེས་པ་པྲ་ཛྙཱ་དྷྲྀཀ་ཅེས་རལ་གྲིལ་སོགས་རྣམ་ལྡན་པ། །མཛེས་པའི་རལ་པའི་དབུ་རྒྱན་སྣ་ཚོགས་རིན་ཆེན་འོད་ཀྱིས་རབ་བརྒྱན་པ། །རིག་མ་དང་བཅས་ལུས་ཅན་ཐམས་ཅད་ཉི་མའི་དཀྱིལ་འཁོར་ལ་ནི་བསམ་པར་བྱ། །མེ་ཡི་ཕྱོགས་མཚམས་སུ་ནི་མོ་ཧ་ར་ཏཱི་ཞེས་པས་ལྷ་མོ་སྤྱན་མར་གྱུར། །བཟླས་པ་རྫོགས་པའི་དཀྱིལ་འཁོར་ལ་གནས་མཆོག་གི་འཇོ་སྒེག་སྐུ་ཡི་རྡོ་རྗེའི་མདོག །བདེན་བྲལ་དག་ལ་སྒེག་མོ་ཐུགས་ཀྱི་དབང་ཕྱུག་ལྟ་བུར་མཛེས་པའི་ཞལ། །དྭེ་ཥ་ར་ཏཱི་ཞེས་པས་དགའ་བ་མཆོག་ཏུ་སྤྲོ་བ་མཱ་མ་ཀཱི་ཞེས་བྱ། །ངག་དབང་དྲི་མེད་སྐུ་ནི་རཱ་ག་ར་ཏཱི་ཞེས་ནི་རེ་ཞིག་བསམ་པ་ལ། །སེམས་ཀྱི་དྲི་མེད་ངོ་བོ་ཉིད་པས་སངས་རྒྱས་ཀུན་གྱི་གཟུགས། །དེ་ཉིད་དག་དང་སྦྱོར་བས་དཀྱིལ་འཁོར་བདག་པོ་ཉིད་དུ་ཆེར་གནས་དེ་དག་གོ །གཟུགས་སོགས་འཁྲུལ་དང་བྲལ་


DTG042_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བས་དྲི་མེད་ལ་སོགས་དངོས་གྲུབ་པའོ། །སེར་སྣ་ལ་སོགས་འདས་པས་གྲུབ་པའི་ཕ་རོལ་ཕྱིན་དང་ས་དང་དཀར་བའི་ཆོས་ཀྱི་དབྱིངས། །རྣམ་པར་རྟོག་མེད་བདག་གཞན་འབྱུང་བའི་རྐྱེན་ཉིད་རིམ་པ་ལའོ། །ཟབ་ཅིང་རྒྱ་ཆེ་ཉིད་ཀྱང་ཐབས་དང་ཤེས་རབ་བདག་ཉིད་དུ་ནི་སེམས་པའོ། །དོན་དམ་པར་ཡང་དབྱེར་མེད་དབྱེར་མེད་མ་ཡིན་ཁ་ཅིག་འདོད་དེ་གཞན་ཕྱིར་ན། །གཞན་དུ་གཟུང་བའི་གནས་མེད་ཕྱིར་དང་དེ་བཞིན་དབྱེ་སོགས་རྟོགས་པའི་མི་འབྱོར་ཕྱིར། །དེ་ལྟར་བརྟགས་ནས་ཞི་བའི་སྙིང་པོ་དྲི་མེད་ཟླ་བར་གནས་པའི་མཚན་མའི་དབུས་གནས་པའི། །དམ་པའི་སྔགས་ཀྱི་ཐིག་ལེའི་གཟུགས་སུ་རང་གི་སེམས་ནི་འོད་ལྡན་བསྒོམ་པར་བྱ། །སེམས་དེའི་འོད་ཟེར་ཕྲེང་བས་སྐུ་གསུང་རྡོ་རྗེ་མཆོག་གི་ལུས་ལ་གསལ་བྱས་ནས། །དེ་ནས་ལུས་ནང་ཐམས་ཅད་གསལ་བར་བྱས་ནས་ཀུན་དུ་དེ་ཉིད་མཐའ་ཡས་པས། །སོ་སོར་བ་སྤུ་ལས་བྱུང་འོད་ཀྱིས་དེ་ཡིས་སྣ་ཚོགས་ཀུན་དུ་གང་བྱས་ཏེ། །སླར་ཡང་དེ་ཉིད་དུ་ནི་ཐིམ་སྟེ་ཡེ་ཤེས་བདུད་རྩིའི་རྒྱུན་ནི་བསྒོམ་པར་བྱ། །ཡང་ན་རང་གི་ཕྱག་མཚན་ཕྲ་མོ་གསལ་བ་སྣ་རྩེ་ར་གནས་པར་བསྒོམ་པར་བྱ། །ནང་དུ་ཐུབ་པའི་དཀྱིལ་འཁོར་སྙིང་རྗེ་ཅན་གྱིས་ཉིན་མཚན་དམ་པའི་ཤེས་རབ་ལྡན། །བརྟན་པའི་མཚན་མ་མཐོང་ནས་སྤྲོ་བ་དེ་ཡི་འོད་ཟེར་ཐུབ་དབང་ལས་བྱུང་དང༌། །རྣམ་པ་སྣ་ཚོགས་ཕྱག་མཚན་རྣམས་ཀྱང་ཡང་དང་ཡང་དུ་བློ་དང་ལྡན་པར་བྱ། །བསྡུ་བ་བསྔོ་དང་སྨོན་ལམ་རྣམས་ནི་སྔོན་དུ་བྱ། །ལངས་ནས་དག་པའི་སེམས་དཔའ་རང་གི་ལྷ་ཡི་རྣམ་པ་འཛིན་པའི་སེམས་ལྡན་པ། །ཡུལ་ལས་གསལ་བ་ལ་གནས་གོང་མ་བཞིན་དུ་ཡོངས་སུ་བསྒོམས་ནས་ཡུལ་རྣམས་ཀྱང༌། །སྐུ་ལ་སོགས་པའི་རྡོ་རྗེར་གྱུར་པ་གོ་རིམས་རང་གི་རང་བཞིན་དག་པ་ཡིས། །ཆོས་ཉིད་ཀྱིས་ནི་དཔལ་ལྡན་རྡོ་རྗེ་འཛིན་པ་ལྟ་བུར་གཞན་དང་གཞན་དུ་དབྱེར་མེད་ཆོས། །ཐམས་ཅད་བྱ་བ་བྱའོ་ཕྱིན་ཅི་ལོག་པའི་རྟོག་པ་ལས་ནི་གྲོལ་བ་ཡི། །ཐུབ་པའི་དཀྱིལ་འཁོར་ཐམས་ཅད་མཆོད་པའི་མཆོག་འདི་དག་གིས་རྟག་ཏུ་དེ་ཡིས་སོ། །བཟའ་བའི་དུས་ན་སྙིང་ག་རུ་ནི་གཞི་ཡིས་བོན་རྣམས་ནི་དམིགས་ནས་སུ། །བྱང་ཆུབ་སེམས་དང་ལྡན་པའི་རང་བཞིན་ཀུན་དུ་འོད་ཟེར་འབར་བ་བསམ་པར་བྱ། །ཐམས་ཅད་མཉམ་ཉིད་དག་པའི་བཟའ་བ་དེ་ཉིད་གསུམ་གྱི་སྔགས་ནི་གདབ་བྱས་ཏེ། །དེས་ནི་སྐུ་ཡི་


DTG042_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལ་སོགས་ལྷ་རྣམས་རབ་ཏུ་ཚིམ་པར་བྱ། །ཕྱི་ཡི་སྦྱིན་སྲོག་ཆོ་ག་རྗེས་སུ་དཔག་ཙམ་ཡིད་ལས་བྱུང་བའི་སེམས་ཉིད་དེ། །ཕུང་པོ་ལ་སོགས་བུད་ཤིང་བསྲེགས་ནས་ཡེ་ཤེས་མེ་སྦར་བ་ནི་བླ་མེད་གསུངས། །དེ་ལྟར་ཐམས་ཅད་འདོད་པ་རྣམས་ཀྱིས་བདག་ལ་རང་རང་ལྷ་ཡི་གཟུགས་ཉིད་ལ། །མཆོད་པར་བྱ་བ་གཞན་ཡང་དམ་ཚིག་དེར་ནི་བདེ་བར་གཤེགས་རྣམས་འདོད་པ་ཡིན། །རྗེས་སུ་རིག་པ་འགྲོ་བའི་དོན་དང་བདེ་གཤེགས་ཀུན་ལ་མཆོད་པ་ཡང་བྱས་ཏེ། །ལུས་ལ་སོགས་པའི་ལས་ཀྱང་དེ་བཞིན་རྟག་ཏུ་མཉམ་པར་གཞག་པར་བྱ་བ་ཡིན། །དེ་འདྲའི་རྣམ་པའི་སེམས་ལ་འགའ་ཞིག་ལུས་ངག་དངོས་ཀྱི་ལས་ནི་གང་ཡིན་པ། །དེ་དག་ཐམས་ཅད་ཕྱག་རྒྱའི་སྔགས་ཀྱི་རྣམ་པར་སངས་རྒྱས་ཀྱིས་ནི་གསུངས་པ་ཡིན། །གཅིག་པུ་ཁོ་ནའི་གཞི་ལ་སྣ་ཚོགས་རྟོག་པས་བསགས་པའི་རྣམ་པ་དེ་རྣམས་ནི། །སྡུག་བསྔལ་བདེ་བ་གྲོལ་བ་བསྐྱེད་པ་ལས་ནི་ཁྱད་པར་ཅི་ཡི་ཕྱིར། །དགེ་དང་མི་དགེའི་རྣམ་པས་ལུས་ལ་སོགས་པ་སེམས་ཀྱི་དབང་གི་ཕྱིར་ཞེས་གསུངས། །བདེ་བས་ཉེས་པ་ཐམས་ཅད་སྤངས་པའི་སེམས་ལ་ནག་པོའི་ལུས་སུ་གྱུར། །དམ་ཚིག་ཟད་མ་ཐག་ཏུ་ཇི་བཞིན་སྙིང་ཟླར་བཞག་པའི་རྡོ་རྗེ་རྒྱ་གྲམ་སེམས། །དཔལ་ལྡན་དམ་ཚིག་རྡོ་རྗེའི་སྦྱོར་བས་རང་བཞིན་རྣམ་དག་འགྲོ་བ་བསམས་ནས་ནི། །སྣ་ཚོགས་པདྨའི་དབུས་སུ་གོང་མའི་རིམ་པས་དབང་བསྐུར་བ་ནི་བསྒོམ་པར་བྱ། །ཕྱི་ཡི་ཁྲུས་ཀྱི་ཆོ་གལ་ཡང་རིམ་པ་འདི་དག་ཁྱད་པར་དུ་ནི་བསམ་སྲིད་ཀྱི། །མཚམས་ལའང་དེ་བཞིན་མཆོད་པ་ལ་སོགས་སྔོན་དུ་བྱས་ནས་བཟླས་བྱས་ཏེ། །སེམས་ཀྱི་ནང་དུ་གནས་པའི་འཁོར་ལོས་ཤེས་རབ་སྙིང་རྗེར་ལྡན་པས་ཉལ་བར་བྱ། །ཐོ་རངས་ལངས་པའི་དུས་ན་ལྷ་མོ་རྣམས་ཀྱི་དབྱངས་ཀྱིས་བསྐུལ་ནས་དཔལ་ལྡན་པས། །བྱས་ནས་ལངས་ཏེ་ཐུབ་པས་བཟླས་པ་ལ་སོགས་གོང་མའི་ཆོ་ག་ཉིད་ཀྱིས་བྱ། །གྲུབ་པའི་མཚན་མ་ཐོབ་བས་དེ་ཉིད་གསུམ་གྱི་མཆོད་པའི་ཆོ་ག་བྱས་ནས་ཞི་སེམས་ལ། །གོང་ནས་གསུངས་པའི་དཀྱིལ་འཁོར་ལ་གནས་པས་ནི་འདོད་པའི་དངོས་གྲུབ་འགྲུབ། །བདུད་རྩི་ཞེས་པའི་དཀྱིལ་འཁོར་ལ་ནི་དབང་བསྐུར་བྱས་ཏེ་ནན་ཏན་དགྲ་གཞོམ་བྱ། །གང་ཞིག་དེ་ཡི་དབུས་ལ་གནས་ཏེ་གྱུར་པ་དེ་ནི་དེ་ཡི་འཁོར་ལོ་ཡིན། །སྒྱུ་མ་རྣམ་པར་རྟོག་པར་གྱུར་ལས་


DTG042_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འགའ་འང་སྲིད་པའི་སྡུག་བསྔལ་ཡོད་པ་མེད། །དེ་དང་མི་མཐུན་པ་ནི་དེ་དག་སེམས་དཔའ་མངོན་སུམ་དུ་ནི་བྱང་ཆུབ་ཤེས་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་དེ་ལ་གང་ཡང་སྣང་བ་མ་ཡིན་རྟོག་མེད་པས། །ཀུན་རྫོབ་པ་ལས་ལྷག་པ་གཞན་ནི་མེད་དོ་ཞེས་ཏེ་གྲུབ་པར་སྔར་བྱས་སོ། །གང་དག་གང་ཞིག་མི་མཐུན་དུས་གཅིག་འགྱུར་བདེ་གསལ་མཆོག་གྱུར་ཅི་ཡི་ཕྱིར། མཐོང་བ་གོམས་པ་འཕེལ་བའི་ཕྱིར་ན་རང་གི་མི་མཐུན་གཏན་དུ་འགག་པ་ཡིན། །རྒྱུ་ཡི་གཞི་ཡི་ངོ་བོ་རྣམས་ལ་བདག་མེད་ལྡན་ཡང་སྦེན་ལ་སོགས་པ་ནི། །འགོག་པ་མ་ཡིན་ཅིའི་ཕྱིར་བདེན་ཡང་དེ་ལས་ལོག་པར་མི་བྱེད་དོ། །དེ་ལྟར་ཤེས་ནས་སྙིང་རྗེ་ལྡན་པས་རྫོགས་ཆེན་ཡེ་ཤེས་རབ་ཏུ་འགྲུབ་པའི་སེམས། །དཔལ་ལྡན་ཀུན་དུ་བཟང་པོ་གཞི་ཡི་དངོས་པོ་གང་གིས་བསྒོམ་པར་མི་བྱའོ། །དྲི་མེད་བློ་གྲོས་འོད་ཟེར་གྱིས་ནི་མུན་པ་ཐམས་ཅད་སྤོང་བར་བྱེད་རྣམས་ཀྱིས། །རྣམ་པར་མཛད་ལ་དེ་ནི་བདག་འདྲའི་གོ་སྐབས་ག་ལ་ཡིན་ཏེ་གཞག་པར་བྱ། །སྐྱེ་བོ་བླ་མའི་འདོད་པ་གང་ལ་འགའ་ཞིག་དང་པོར་དེ་ནི་གཟུང་བྱས་ནས། །བཅིངས་པ་གྲོལ་འདོད་ཅི་ཡི་ཕྱིར་ན་དེའི་ཕྱིར་བདག་གིས་སེམས་ཁྲལ་འདི་བྱས་སོ། །དེ་ལྟར་བྱས་པ་ལས་བྱུང་དགེ་བ་དྲི་མེད་གང་ཡིན་དེ་ཡིས་འགྲོ་ཡིད་ནི། །སངས་རྒྱས་ཡེ་ཤེས་མགོན་པོ་དེ་ལ་གནས་པའི་གོ་འཕང་རྟག་ཏུ་བསམ་གྱུར་ཅིག །བསྙེན་བསྒྲུབ་ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་དུ་བཟང་མོ་ཞེས་བྱ་བ། དཀྱིལ་འཁོར་ཆེན་པོའི་སློབ་དཔོན་སངས་རྒྱས་དཔལ་ཡེ་ཤེས་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟིས་བསྒྱུར་བའོ།། །།


previousཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་ཏུ་བཟང་མོ་ཞེས་བྱ་བ། སངས་རྒྱས་ཡེ་ཤེས་ཞབས།next