Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།  མར་མེ་མཛད་བཟང་པོ།
   
   
   


 
previousདཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། མར་མེ་མཛད་བཟང་པོ།next

དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།
མར་མེ་མཛད་བཟང་པོ།


DTG042_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤེས་བྱ་སོགས་སྒྲིབ་ལས་ངེས་གྲོལ། །མེ་ལོང་ཡེ་ཤེས་ལ་སོགས་ལྡན། །འཇམ་དཔལ་གསང་བའི་འཁོར་ལོ་མཆོག །བཏུད་དེ་བདག་དྲན་ཕྱིར་དེ་བཤད། །དཔལ་ལྡན་འདུས་པའི་གཞུང་དམ་པ། །འཁོར་ལོའི་མན་ངག་རིམ་པ་འདིས། །ཆུ་ཐོག་རྗེས་གནང་ཐ་མ་ཡིས། །གང་ཞིག་དབང་བསྐུར་དེ་ནས་བླང༌། །གསང་བའི་ཁོར་འདིར་དེ་ཉིད་ཐོབ། །གསང་དང་ཤེས་རབ་དབང་བསྐུར་བས། །གསང་ཤེས་རྣལ་འབྱོར་དེ་ཉིད་ཤེས། །ཐེག་གསུམ་དགོངས་པའི་དེ་ཉིད་ཤེས། །རིགས་དང་སྙིང་པོ་སྔགས་ཕྱག་རྒྱ། །ཏིང་ངེ་འཛིན་ནི་གསུམ་དག་དང༌། །ཐུན་མོང་ཅིག་ཤོས་དངོས་གྲུབ་དང༌། །རྒྱུད་གཞུང་གི་ནི་རྣམ་དབྱེ་ཤེས། །དམ་ཚིག་ལྡན་ཞིང་སྡོམ་ལ་


DTG042_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ཤས་རབ་རྣལ་འབྱོར་ལ་རབ་བརྩོན། །སྔགས་དང་རྒྱུད་ཀྱི་སྦྱོར་བ་མཁས། །སེམས་ཅན་དོན་སྒྲུབ་འོས་པ་ཡིན། །གཏོང་བརྟན་ལ་སོགས་ལྡན་གྱུར་ཀྱང༌། །སྔར་བཤད་ཡོན་ཏན་མི་ལྡན་ན། །འདི་ནི་འགྲོ་དོན་འོས་མིན་ཏེ། །དེ་ཡི་ཡོན་ཏན་འདི་མཆོག་ཡིན། །བརྩེར་ལྡན་བརྟུལ་ཞུགས་བཟང་བློས་ལྡན། །དང་ལྡན་ཟབ་མོ་དེ་ཉིད་ཤེས། །རང་གི་འཁོར་གནས་སྔོན་བསྙེན་པ། །བྱས་ནས་དཀྱིལ་འཁོར་བྲི་བར་བྱ། །ཡིད་དང་རྗེས་མཐུན་གནས་ལ་ལར། །ཙནྡན་མཆོག་ལ་སོགས་པས་བྱུག །མེ་ཏོག་དྲི་བཟང་གཅལ་བཀྲམ་པར། །ནང་བར་དང་པོར་འདུག་ནས་ནི། །རྣམ་ཐར་སྒོ་ནི་ལེགས་དག་ཕྱིར། །སྙིང་གར་མཾ་ནི་འོད་འབར་བ། །བསམས་ནས་དགེ་བ་མངོན་འཕེལ་ཕྱིར། །བཤགས་ལ་སོགས་པ་རབ་ཏུ་བྱ། །ཕྱོགས་བཅུར་དུས་གསུམ་བྱུང་བ་ཡི། །སངས་རྒྱས་རྣམས་ཀྱི་མདུན་གནས་ཏ། །སྙིང་པོའི་འོད་བྱུང་གཟུགས་ལ་སོགས། །མཆོད་པ་ཆོ་ག་བཞིན་དུ་བྱ། །རང་གི་ལོག་རྟོག་ཙམ་ལས་བྱུང༌། །ཉེས་བྱས་དུས་གསུམ་བྱས་པ་རྣམས། །རྨི་ལམ་རྨི་ལམ་སོགས་བཞིན་ཀུན། །ལན་གསུམ་དག་ནི་འཆགས་པར་བགྱིད། །རྫོགས་སངས་སྲས་མཆོག་འཕགས་རྣམས་དང༌། །གཞན་གྱི་དགེ་བ་དམ་པ་གང༌། །མ་ལུས་ལ་བདག་ཡི་རང་ཞིང༌། །རྫོགས་བྱང་ཆུབ་ཏུ་རྗེས་བསྔོ་བགྱི། །ཀུན་འདོད་དབུགས་འབྱིན་སྩོལ་མཛད་པའི། །སངས་རྒྱས་ཀུན་ལ་བདག་བསྐུར་ལ། །བསྟན་པ་ནམ་མཁའི་མཐའ་མཉམ་པ། །འཇིག་རྟེན་ཀུན་སྡིག་མེད་སྣང་མཛོད། །ཀུན་རྟོག་མ་ལུས་དག་གྱུར་ཅིང༌། །རང་རིག་དགའ་བ་ཐུགས་ཆུད་ལ། །རང་གཞན་དོན་གྱི་འབྲས་བུ་སྩོལ། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །སེམས་མཆོག་དམ་ཆོས་མ་ལུས་པ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དམ་པའི་ཕུན་ཚོགས་གནས་བསམ་ཡས། །བདག་ནི་ཡང་དག་སྐྱབས་སུ་མཆི། །མི་ལྡོག་དབུགས་འབྱིན་འཐོབ་གྱུར་ཅིང༌། །རྒྱུ་མཐུན་ལ་སོགས་འབྲས་བུར་ལྡན། །གསང་བའི་དབང་བསྐུར་ལས་བྱུང་ཉིད། །ཚོགས་ལའང་བདག་ཉིད་སྐྱབས་སུ་མཆི། །ཐུབ་དབང་སྲས་ཀྱི་ལམ་གྱི་མཆོག །སྤྱོད་པ་ཐོག་མཐའ་མེད་རྟོགས་བྱེད། །


DTG042_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སངས་རྒྱས་བདག་བློ་མཆོག་གིས། །དེ་བས་ད་ནི་གནས་པར་བགྱི། །སྒྲིབ་པ་ཐམས་ཅད་ཡང་དག་སེལ། །ཡེ་ཤེས་མཐའ་ཡས་བདུད་རྩིའི་གནས། །འཁྲུལ་པའི་ལྟ་བ་རབ་རྟོགས་ཕྱིར། །རྣམ་ཀུན་བྱང་ཆུབ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དང་སངས་རྒྱས་ཉིད། །རྒྱུ་དང་འབྲས་བུར་མ་ཆགས་ཉིད། །སོ་སོ་རང་རིག་ཆོས་ཡིན་ཕྱིར། །སྟོང་པའི་ཡེ་ཤེས་བདག་ཅན་བདག །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧཱུཾ་མཛད་ཡང་ན་གཙུག་ཏོར་རམ། །རྣམ་པར་སྣང་མཛད་ལ་སོགས་ཉིད། །ཁྲོ་བོའི་འཁོར་ལོར་གནས་སྲུང་ཕྱིར། །བསམས་ལ་བགེགས་ནི་རབ་ཏུ་གཞོམ། །དེ་ནས་ཆོས་ཀྱི་དབྱིངས་བསམས་ཏེ། །ཟུར་གསུམ་དཀར་ཞིང་གྱེན་དཀར་གནས། །ཕྱོགས་ཀྱི་འཁོར་ལོར་སྣ་ཚོགས་འོད། །མཁའ་ནང་འོག་པད་རྡོ་རྗེ་གནས། །དེར་བྷྲཱུཾ་འཁོར་ལོ་ལས་བྱུང་བའི། །རིག་བཅས་རྣམ་སྣང་ལས་བྱུང་བ། །སངས་རྒྱས་སྤྲོས་ཚོགས་མཁའ་ཁྱབ་པ། །ཟུར་བཞི་ལ་སོགས་ཡང་དག་ལྡན། །སྣ་ཚོགས་པདྨ་ལྷ་ཡི་གདན། །ཟླ་བ་ཉི་མས་ལེགས་མནན་པ། །རིན་ཆེན་དམ་པ་ཀུན་གྱིས་བརྒྱན། །གཞལ་ཡས་ཁང་པ་རབ་བསམ་བྱ། །དབྱངས་ཡིག་མཚན་དང་ཡང་དག་ལྡན། །ཀ་སོགས་དཔེ་བྱད་འོད་ཟེར་ཅན། །དབུས་མའི་ཟླ་བའི་གདན་ལ་སེམས། །ཡེ་ཤེས་ཟླ་བ་རྣམ་བསྒོམས་དེང༌། །དང་པོའི་སྙིང་ལས་བྱུང་རྡོ་རྗེ། །དམར་ཞིང་དང་པོའི་སྙིང་པོར་ལྡན། །སྤྲུལ་པས་འགྲོ་བའི་དོན་བྱས་ནས། །བདག་ཉིད་དེ་ཡི་ང་རྒྱལ་ལྡན། །སྐུ་དང་ཞལ་མཆོག་ཤེལ་ཟླ་འདྲ། །གཡས་པ་སྔོ་ལ་ཅིག་ཤོས་དམར། །རྣམ་པ་ཀུན་མཆོག་རྒྱ་ཆེ་ཞིང༌། །ཡོན་ཏན་ན་བཟའ་རྒྱན་མཆོག་ལྡན། །རྡོ་རྗེ་སྐྱིལ་ཀྲུང་ལེགས་པར་བཞུགས། །ཕྱག་གཉིས་ཤེས་རབ་མཆོག་ལ་འཁྱུད། །ཕྱག་གཡས་རྡོ་རྗེ་རལ་གྲི་སྟེ། །གཡོན་ན་རིན་ཆེན་པདྨར་ལྡན། །དཔལ་ལྡན་ཤེས་རབ་ཐབས་བདག་ཉིད། །འགྲོ་བའི་ཕུན་ཚོགས་རྣམས་ཀྱི་གནས། །ཀུན་དུ་བཟང་པོ་འོད་འཕྲོ་བར། །བདག་ཉིད་རྣམ་པར་བསྒོམ་པར་བྱ། །དེ་ནས་འདོད་ཆགས་ཆེས་འདུལ་བའི། །སྣོད་ཀྱི་འཇིག་རྟེན་མཐོང་བ་དང༌། །དགའ་བའི་སྒྲ་ཡིས་རང་ནང་དུ། །རྒྱལ་བའི་ཚོགས་རྣམས་གཞུག་པར་བྱ། །དེར་ནི་སྤྱན་སོགས་རིགས་


DTG042_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང༌། །གཟུགས་སོགས་ཡུལ་གྱི་བདག་ཉིད་ཀྱི། །ལྷ་མོ་དགུ་རུ་ཕྱུང་ནས་ནི། །རང་གི་རིག་པའི་ནང་དུ་གཞུག །རང་རིག་པདྨའི་ལྟེ་བ་རུ། །རབ་དགའ་ལས་བྱུང་དཀྱིལ་འཁོར་ནི། །སྤྲུལ་ནས་འདིར་ནི་འགྲོ་བ་ཀུན། །དབུགས་དབྱུང་ཕྱིར་ནི་གཞུག་པར་བྱ། །མཁའ་ཁྱབ་སངས་རྒྱས་བཤེས་གཉེན་མཆོག །རང་རྡོ་རྗེ་ནང་ཞུ་ལས་བྱུང༌། །མི་ལྡོག་ཕྱིར་དང་དེ་ཉིད་ཀྱི། །ཡེ་ཤེས་འབྲས་ཐོབ་ཕྱིར་དབང་བསྐུར། །དབུགས་ཕྱིར་འགྲོ་བ་དེ་མཐོང་ནས། །དེ་ཡི་དངོས་དབྱུང་ས་བོན་གྱིས། །སེམས་ཅན་ཐམས་ཅད་ཕྱུང་ནས་ནི། །འགྲོ་བ་སེམས་བདག་དངོས་ལས་བྱུང༌། །ས་ཡི་སྙིང་པོ་ལ་སོགས་དྲུག །མིག་སོགས་རང་གི་ངོ་བོར་བྱུང༌། །ལཾ་ལཱཾ་པཾ་ཏཱཾ་འདི་དག་གིས། །འགྲོ་ཆོས་བདག་ཉིད་དེ་ཉིད་སྐྱེས། །རྟག་པ་ལ་སོགས་རྫོགས་སངས་རྒྱས། །གཟུགས་སོགས་ཕུང་པོའི་ངོ་བོར་བྱུང༌། །ཛིཿ་ཧཱུཾ་བཾ་ཧོཿཁཾ་འདི་དང༌། །རིམ་གྱིས་ས་བོན་ཕྱི་རོལ་གནས། །སྤྱན་ལ་སོགས་པའི་རིག་པ་དེ། །ས་ལ་སོགས་པའི་ངོ་བོར་བྱུང༌། །ལཾ་མཱཾ་པཾ་ཏཱཾ་འདི་དག་གིས། །འགྲོ་ཆོས་བདག་ཉིད་དེ་ཉིད་སྐྱེས། །རྟག་པ་ལ་སོགས་རྫོགས་སངས་རྒྱས། །གཟུགས་སོགས་ཕུང་པོའི་ངོ་བོར་བྱུང༌། །བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་ཡང་དག་དབྱུང༌། །དེ་ནས་ཨོཾ་ཨཱཿ་ཧཱུཾ་ཞེས་བྱའི། །སེམས་ནི་འོད་ལྡན་ཧོཿ་གཉིས་སྤེལ། །གསང་བའི་ཆུ་སྐྱེས་ཁོང་ནང་གནས། །རྒྱུ་མཐུན་ཆུང་དུ་དག་ཕྱིར་རོ། །འདོད་ཆགས་མེ་དེ་འབར་བ་ཡིས། །སྐུ་གཉིས་དག་ནི་ཞུ་བར་བྱས། །བཤེས་མཆོག་ལྟར་སྣང་ཕྱོགས་ལྷ་མོ། །གླུ་ཡི་གསོལ་བས་ལེགས་པར་བསྐུལ། །སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་དོན་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་


DTG042_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་དུ་བཟང་པོས་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེའི་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །སློང་བར་བྱེད་པའི་ངོར་བྱས་པས། །ཞུ་བ་རྒུད་པ་ལྟར་མཐོང་སྟེ། །དངོས་རྣམས་སྒྱུ་མ་ལྟར་རིག་ནས། །རང་སྔགས་དོན་དུ་སླར་ཡང་གྱུར། །ཞལ་མཆོག་གུར་ཀུམ་ལྟ་བུ་སྟེ། །གཡས་པ་སྔོ་ལ་ཅིག་ཤོས་དཀར། །རྒྱན་དང་ཆ་ལུགས་གཞོན་ནུ་འདྲ། །ཤེས་རབ་དགའ་བས་ཅིག་ཅར་མཛེས། །རང་སྣང་ཤེས་རབ་ལྡན་གྱུར་ཅིང༌། །ཕྱག་གཉིས་ཤེས་རབ་དམ་པ་འཁྱུད། །རལ་གྲི་འོད་ལྡན་མདའ་ཡི་མཆོག །ཨུཏྤལ་སྔོན་གཞུ་ཕྱག་ན་བསྣམས། །སངས་རྒྱས་སྤྲིན་གྱི་སྤྲུལ་འཕྲོ་བས། །འགྲོ་བ་གསུམ་གྱི་དོན་རྫོགས་པ། །རང་གི་ས་བོན་མཚན་ལས་བྱུང༌། །འཇམ་པའི་རྡོ་རྗེ་རང་ཉིད་འགྱུར། །སྲིད་པར་ཆགས་པས་མཐའ་ཡས་ཤིང༌། །ཞི་བར་ཆགས་ན་འབྱོར་ཉམས་འགྱུར། །སྒྱུ་མས་བསྙེན་པ་ཡང་དག་བྱས། །ཆོས་དབྱིངས་བདག་ཉིད་ཅན་དུ་འགྱུར། །ཨོཾ་དྷརྨ་དྷཱ་ཏུ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བཤེས་གཉེན་དམ་པས་རྒྱུ་མཐུན་བྱས། །སྨིན་ལས་ཐམས་ཅད་མཁྱེན་ཉིད་འགྱུར། །དེ་ནི་མིག་སོགས་བྱིན་བརླབ་པ། །ཉེ་བར་བསྒྲུབ་པ་ཡིན་པར་འདོད། །ས་སྙིང་རྡོ་རྗེ་ཅན་མཁའ་སྙིང༌། །འཇིག་དབང་སྒྲིབ་སེལ་ཀུན་དུ་བཟང༌། །དེ་ནི་ས་བོན་རྣམས་ཀྱིས་ནི། །མིག་ལ་སོགས་པ་ཡང་དག་དགང༌། །སྐྱེས་བུ་བསྐྱེད་པ་ཆོས་ལོངས་སྤྱོད། །སྦྲུལ་བ་ལས་བྱུང་འགྲོ་དོན་ཉིད། །ཐུགས་ཀྱི་གསང་སོགས་བྱིན་གྱིས་བརླབ། །དེ་བས་སྒྲུབ་པའི་དོན་དུ་འགྱུར། །རང་ཉིད་ལྐོག་མ་སྤྱི་བོའི་ཟླར། །ཧཱུཾ་ཨཱཿ་ཨོཾ་ལས་བྱུང་བའི་གཙོ། །རྡོ་རྗེ་ཆུ་སྐྱེས་འཁོར་ལོ་ཡི། །དབུས་གནས་ཐུགས་སོགས་གསང་བ་བསྒོམ། །དེ་ཐུགས་ཤེས་རབ་ཡན་ལག་འདུས། །


DTG042_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་གཟུགས་ནི་རྡོ་རྗེ་སོགས། །འོད་ཀྱིས་ཕྱོགས་དུས་ཀུན་མཆོད་ཅིང༌། །མ་ལུས་གཙོ་ལ་ཁྱབ་པར་གྱུར། །གང་ཞིག་སྙིང་ལྐོག་སྤྱི་བོར་ཞུགས། །དེ་ཡི་མཛད་དོན་རྫོགས་པར་བྱས། །དེ་ནི་ཐུགས་ཀྱི་རྡོ་རྗེ་སོགས། །བྱིན་བརླབས་དེ་ནི་རབ་ཏུ་བསྒྲུབ། །དང་ལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བ་སྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ནས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཱ་ག་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རྗེས་དྲན་བཅུ་དྲུག་དག་པས་ནི། །བྱེད་པ་ཡིན་ཞེས་ངེས་གསུངས་པས། །དེ་ནི་ཐུགས་སོགས་བྱིན་བརླབ་པའི། །གནས་སྐབས་མིན་ཕྱིར་མ་བཤད་དོ། །སྒྱུ་མའི་ཤེས་རབ་ཡང་དག་འདུས། །གསང་བ་གསུམ་གྱི་མཚན་ཉིད་བལྟ། །དབང་འབྲས་ཆུང་དུ་རྣམ་དག་ཕྱིར། །སྒྲུབ་པ་ཆེན་པོ་ཡིན་པར་འདོད། །ཡེ་ཤེས་སེམས་ཐུགས་སྙིང་འོད་ཀྱི། །ཕྱོགས་བཅུའི་མགོན་པོ་ཡང་དག་བསྐུལ། །དེ་འོད་ལས་བྱུང་རིག་པ་རྣམས། །བདུད་རྩིའི་ཆུས་བཀང་བུམ་བསྣམས་པས། །གཙོ་བོ་དཔལ་ལྡན་རང་དབང་བསྐུར། །རིགས་དབང་ཅོད་པན་དམ་པ་ཡིན། །དེ་བཞིན་རྒྱུ་མཐུན་སོགས་པར་མས། །རང་རིག་ཤེས་རབ་རྣམ་པར་སྦྱོང༌།།


DTG042_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོ་སྙིང་ག་ལྟེ་བ་གསང༌། །རྐང་མཐར་ཐུག་པའི་ཆ་རེ་ལ། །ཨོཾ་ཧཱུཾ་སྭཱ་ཨཱཿ་ཧཱ་སྙིང་པོ། །རྟགས་སོགས་རིགས་ཀྱི་བདག་ཉིད་ཅན། །རྫོགས་སངས་རྒྱས་ལྔས་དགང་བར་བྱ། །ཧཱུཾ་ཨ་ཆུ་སྐྱེས་འདབ་བརྒྱད་པ། །ཡང་དག་སྦྱངས་དེས་སངས་རྒྱས་རྣམས། །ཧཱུཾ་གི་རྡོ་རྗེ་མཆོག་མཉེས་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྙིང་ཟླའི་རལ་གྲི་སྙིང་པོའི་འོད། །སངས་རྒྱས་དཀྱིལ་འཁོར་མཁའ་ཁྱབ་པ། །བདག་ཉིད་ལ་བཞུགས་སེམས་མཆོག་གི །གཟུགས་སུ་རྡོ་རྗེའི་པད་ལེགས་གནས། །རྒྱལ་བའི་འཁོར་ལོ་ས་བོན་གྱིས། །དེར་བསྐྱེད་ནས་ནི་བརྟན་བྱས་ལ། །འགྲོ་བའི་མི་ཤེས་དག་བྱའི་ཕྱིར། །རང་གི་ཆོ་གས་དབྱུང་བར་བྱ། །ཞེ་སྡང་ཆེན་པོའི་དོན་མཛད་རྒྱལ། །བདག་པོ་མི་བསྐྱོད་ཡང་དག་བསྐུལ། །བཛྲ་དྷྲྀཀ་ཅེས་བྱ་བས་དབྱུང༌། །ནོར་བུ་ཨིནྡྲ་ནཱི་ལའི་མདོག །གཡས་པ་དཀར་ལ་ཅིག་ཤོས་དམར། །དཔལ་མཆོག་དང་པོའི་ཕྱག་དང་ལྡན། །དཔལ་ལྡན་ལེགས་བསྡུས་བདག་ཉིད་ཀྱི། །དངོས་པོ་ཀུན་གྱིས་གཞུག་པར་བྱ། །ཛིན་ཛིཀ་གིས་དང་པོ་འདྲ། །གཏི་མུག་ཆེན་པོས་དོན་མཛད་གཙོ། །འཁོར་ལོ་བཟང་སོགས་དཔལ་དེ་བཞིན། །ཤར་གྱི་ཟླ་དཀྱིལ་དག་ལ་བསྒོམ། །རཏྣ་དྷྲྀཀ་གིས་རིན་ཆེན་དབང༌། །གསེར་མདོག་མཉམ་ཉིད་བརྩོན་འགྲུས་ཅན། །མགོན་པོ་རིན་ཆེན་མཆོག་སོགས་བསྣམས། །གཞོན་ནུའི་ཞལ་འདྲ་ལྷོ་ཕྱོགས་སུའོ། །ཨཱ་རོ་ལྀ་ཀ་གིས་གསུང་དབང་བོ། །འདོད་ཆགས་ཆེན་པོས་དོན་མཛད་གཙོ། །པདྨ་རཱ་གའི་མདོག་པད་སོགས། །གཞོན་ནུའི་ཞལ་འདྲ་ནུབ་ཕྱོགས་སུའོ། །པྲཛྙཱ་དྷྲྀ་ཀ་གིས་དོན་ཡོད་དབང༌། །གཏུམ་ཆེན་ཕྲག་དོག་དོན་མཛད་པ། །བཻ་ཌཱུ་ཪྻ་སྣང་གཞོན་ནུའི་ཞལ། །རལ་གྲི་སོགས་བསྣམས་བྱང་དུ་བསམ། །ཀུན་ཀྱང་རལ་པ་ཅོད་པ་ན་བཅས། །རང་རིག་གཉིས་སུ་མེད་པར་སྦྱོར། །རྒྱན་དང་ན་བཟའ་མཆོག་ཀུན་ལྡན། །པདྨ་ཉིད་དཀྱིལ་དག་ལ་བསམ། །མོ་ཧ་ར་ཏཱིས་ཤ་ར་ལྷོ་རུ། །སྙིང་རྗེ་ཐབས་ཀྱིས་འགྲོ་དོན་སྩོལ། །རང་གི་ངོ་བོ་སྐུ་དབང་འདྲ། །སྤྱན་ནི་ཟླ་དཀྱིལ་དག་ལ་བསམ། །དྭེ་ཥ་ར་ཏཱིས་ལྷོ་ནུབ་ཏུ། །བྱམས་དང་སྨོན་ལམ་འདོད་སྩོལ་བ། །དགའ་ལྡན་ཐུགས་


DTG042_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་པོ་འདྲ། །མཱ་མ་ཀཱི་ནི་ཟླ་དཀྱིལ་བསམ། །རཱ་ག་ར་ཏིས་ནུབ་བྱང་དུ། །དགའ་དང་སྟོབས་དང་ཏིང་འཛིན་སྩོལ། །གསུང་གི་དབང་འདྲ་དོན་དག་བསམ། །གོས་དཀར་མོ་ནི་ཟླ་དཀྱིལ་བསམ། །བཛྲ་ར་ཏཱིས་བྱང་ཤར་དུ། །བཏང་སྙོམས་ཡེ་ཤེས་ཏིང་འཛིན་སྩོལ། །རང་གི་ངོ་བོར་རིན་དབང་འདྲ། །ཡིད་འོང་སྒྲོལ་མ་ཟླ་དཀྱིལ་བསམ། །འདི་རྣམས་མཚན་མ་རིམ་བཞིན་དུ། །འཁོར་ལོ་ཨུཏྤལ་དམར་པོ་མཆོག །པདྨ་ཨུཏྤལ་སེར་པོ་སྟེ། །ལྷག་མ་རང་བདག་ལྟ་བུར་བསྟན། །མེ་ལ་སོགས་པའི་མཚམས་བཞི་དང༌། །ཤར་སྒོ་ཡི་ནི་ངོས་གཉིས་སུ། །དེ་ཉིད་གསུམ་གྱི་གཟུགས་སོགས་པ། །མེ་ལོང་སོགས་བསྣམས་སྐུ་སོགས་འདྲ། །ཡ་མཱནྟ་ཀྲྀ་ཏ་ཀྱིས་ཡམས་འཇོམས། །ཕུང་པོ་ཞེས་བྱ་རྣམ་འཇིག་པ། །ཐུགས་ཀྱི་དབང་འདྲ་ལྟར་བ་འབར། །ཤར་སྒོར་ཁྲོ་བོའི་སྐྱིལ་མོས་གནས། །པྲཛྙཱ་ནྟ་ཀྲྀ་ཏ་ཀྱིས་སྲིད་འཇོམས། །ཉོན་མོངས་བདག་ལྟ་འཇིག་བྱེད་བ། །གཏུམ་ཞིང་འཇིགས་ལ་ཀུན་དང་འདྲ། །གཞན་གྱིས་མི་ཐུབ་ལྷོ་སྒོར་རོ། །པདྨཱནྟ་ཀྲྀ་ཏ་ཀྱིས་འདོད་འཇོམས། །འཆི་བདག་སྐྱེས་པའི་ཚོགས་འཇིག་པ། །གཏུམ་ཞིང་སྒྲ་ཟབ་གསུང་དབང་འདྲ། །རྟ་མགྲིན་ནུབ་ཀྱི་སྒོ་རུ་བསམ། །བིགྷྣཱ་ནྟ་ཀྲྀ་ཏ་ཀྱིས་བགེགས་འཇོམས། །བྱ་བ་ལྷ་ཡི་བདུད་དག་ཉིད། །གཏུམ་ལ་མི་བསྐྱོད་མདོག་འདྲ་བ། །བདུད་རྩི་འཁྱིལ་པ་བྱང་སྒོར་བསམ། །སྨིན་འདེགས་དབུ་སྐྲ་གྱེན་དུ་འབར། །སྨ་ར་སྨིན་མ་སྤྱན་དམར་སེར། །ཞལ་གདངས་ལྗགས་ནི་རྣམ་པར་བསྐྱོད། །མཆེ་བར་བཅས་ཤིང་རྟག་ཏུ་བཞད། །འདི་རྣམས་ཕྱག་ན་ཐོབ་དྲག། དབྱིག་པ་པདྨ་རྡོ་རྗེ་ཐོགས། །ཁྲོས་པའི་སྤྲུལ་གྱིས་སྐུ་ལ་བརྒྱན། །རང་རིག་ཤེས་རབ་ཡན་ལག་ལུས། །རྫོགས་པའི་འཁོར་ལོ་ལ་བལྟས་ནས། །ཀུན་ནས་རང་གི་དངོས་པོ་ཡིས། །སྙིང་པོའི་ས་བོན་འོད་ལྕགས་ཀྱུས། །སངས་རྒྱས་འཁོར་ལོ་འདྲ་བ་བསྡུ། །མཐོང་བར་གྱུར་ནས་བགེགས་རྣམས་ནི། །ཀུན་ཏུ་བསྐྲད་དེ་མངོན་པར་བསྲུང༌། །ཟླ་སོགས་མེ་ཏོག་ལྡན་པ་ཡི། །གསང་སྔགས་མཆོག་བཟླས་མཆོད་ཡོན་དབུལ། །འཁོར་ལོ་དེ་འཁོར་ལོ་ལ་གཞུག །མིག་དང་སྐུ་སོགས་བྱིན་གྱིས་བརླབ། །སྔོན་བཞིན་དབང་བསྐུར་དེ་ལ་བསམ། །རྒྱུ་མཐུན་ལ་སོགས་ཆེན་པོ་ཉིད། །


DTG042_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཅོད་པན་མི་བསྐྱོད་པ། །ལྷག་མ་རང་བདག་དབང་བསྐུར་བ། །སྐུ་དབང་མི་བསྐྱོད་གསུང་དབང་པོ། །ཐུགས་དབང་སྒོ་བ་རྣམས་ལ་འདོད། །དེ་ལྟར་དབང་བསྐུར་རང་སྙིང་པོའོ། །འོད་ཀྱིས་ཤེས་རབ་པད་དེར་གཞུག །གཟུགས་སོགས་སྤུ་ཁུང་ལས་བྱུང་བའི། །གཟུགས་ཀྱི་རྡོ་རྗེ་སོགས་འོད་ནི། །གཞལ་ཡས་ཁང་འོད་ལས་འདས་ནས། །ནམ་མཁའི་མཐའ་ནི་རབ་ཁྱབ་པས། །ཐུབ་དབང་རང་ནི་ལེགས་མཆོད་པའི། །མཆོད་དང་མཆོད་པའི་བདག་ཅན་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་རྣམས་ཀུན་གྱི་འཁོར་ལོ་བསྟོད། །རང་གི་བདག་ཉིད་རྫོགས་སངས་སྐུས། །ཡེ་ཤེས་ལྔ་དང་ཕྱག་རྒྱ་དང༌། །རིགས་བརྒྱ་ལྔ་དང་གསུམ་གྱིས་སོ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །དཀྱིལ་མཆོག་གསུམ་པ་ཡི་གེ་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཟླ་བ་ཉི་མ་ཆུ་དང་སྨན། །དྲི་ནི་རླུང་མའི་འཁོར་ལོར་གནས། །ཨོཾ་གྱིས་བྱིན་བརླབས་འོད་བཅས་པ། །དེ་ཉིད་གསུམ་གྱིས་མངོན་པར་བཟླས། །རྡོ་རྗེའི་ལྕེ་མཆོག་ཧཱུཾ་བཀོད་པ། །བསམས་ནས་ཡེ་ཤེས་བདུད་རྩི་བླང༌། །སྙིང་གའི་ཟླར་ཆུད་མ་ལུས་པའི། །འཁོར་ལོ་དེས་ནི་ཚིམ་པར་བྱ། །སྙིང་པོའི་འོད་ཀྱིས་སྤྲུལ་མགོན་པོས། །རང་གི་ལོག་རྟོག་རྣམ་སྤངས་ཏེ། །འགྲོ་བ་སངས་རྒྱས་བདག་ཉིད་བྱས། །སྙིང་པོའི་ས་བོན་ནང་དུ་གཞུག །སྙིང་གར་མཚན་མའི་ལྟེ་ནང་གནས། །ཟླ་སྙིང་ཐིག་ལེའི་གཟུགས་ཅན་དུ། །རང་ཡིད་འོད་ལྡན་བསྒོམས་ནས་ནི། །ཡེ་ཤེས་སེམས་དཔའ་


DTG042_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བསྒོམ། །ཐུགས་གསུང་སྐུ་ཡི་རྡོ་རྗེ་ཡང༌། །འོད་ཀྱི་ཕྲེང་བས་རབ་སད་བྱ། །དེ་ནི་སྙིང་གར་ཞུགས་བསམ་པ། །རང་གི་ཡེ་ཤེས་བདུད་རྩི་འབབ། །དེ་ནས་ནང་གི་ལུས་ཐམས་ཅད། །བ་སྤུ་ལས་བྱུང་འོད་ཟེར་ཚོགས། །དེ་ཡིས་ཀུན་ནས་སྣང་བྱས་ལ། །འགྲོ་བའི་དོན་ནི་རབ་རྫོགས་བྱ། །ཡང་ན་རང་རྟགས་ཕྲ་བསྒོམ་པ། །རིག་པའི་སྣ་ཡི་རྩེ་མོར་གནས། །ཐུབ་པའི་འཁོར་ལོ་རང་རིག་པ། །ཤེས་རབ་དམ་པ་འདུས་འོད་ལྡན། །བརྟན་པའི་མཚན་མ་མཐོང་བ་དང༌། །དེར་རྟོགས་འོད་ཟེར་སྤྲོ་བྱ་ཞིང༌། །སྣ་ཚོགས་མཚན་མ་སངས་རྒྱས་ནི། །ཡང་དང་ཡང་དུ་སྤྲོ་བར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག །ཡེ་ཤེས་ལྔ་ཡི་འོད་ཟེར་ཅན། །སྤྲོས་ཏེ་སྔགས་ནི་བཟླ་བྱ་བ། །ཅིག་ཅར་ཡང་ན་རིམ་གྱིས་སོ། །རྡོ་རྗེ་གསལ་ཆོས་འཁོར་ལོ་སྟེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གཏོགས། །གནས་སུ་དེ་ནི་བརྟན་བྱས་ལ། །ཡེ་ཤེས་སྐུ་ནི་སྤྲོ་ཞིང་བཟླ། །བརྗོད་ཅིང་སྲོག་གིས་སྤྲོ་བྱ་ཞིང༌། །སྔགས་ནི་རྩོལ་བས་བསྡུ་བར་བྱ། །སྐུ་སོགས་སྤྲོ་དང་བསྡུས་པ་ཡིས། །རིམ་བཞིན་རིམ་བཞིན་བཟླས་བརྗོད་བྱ། །དེ་ལྟར་བརྗོད་དེ་མཁའ་ཁྱབ་པའི། །སྐུ་ལ་སོགས་ཏེ་རང་འོད་ཀྱིས། །སྔོན་བཞིན་སྣ་ཚོགས་མཆོད་མཆོག་འོས། །སྲོག་ལས་རིག་པའི་ཚོགས་རྣམས་སྤྲོ། །རིག་པ་སྒེག་པས་ཡོངས་འཁྱུད་པའི། །བདེ་བ་བབས་པས་དབང་བྱས་པའི། །རྩོལ་བས་ཡེ་ཤེས་སངས་རྒྱས་ཚོགས། །མཐར་ནི་རང་གི་ནང་ལ་གཞུག །ཐིག་ལེ་ཕྲ་མོ་གསང་གསུམ་དབྱུང༌། །ལྷག་མར་མོས་པ་རྒྱུ་མཐུན་སོགས། །ཆུང་ངུ་ལ་སོགས་ཀྱིས་ཕྱེ་ལྟར། །རྣལ་འབྱོར་བསྙེན་སོགས་དེ་བཞིན་བསྒོམ། །རང་སྙིང་དེ་ཉིད་མཆོག་བརྟགས་པས། །སེམས་ཀྱི་འཇུག་པ་ཞུམ་གྱུར་ན། །སྤྱན་སོགས་ཚོགས་ཀྱི་གླུ་ཡིས་ནི། །འཁོར་ལོ་གསོལ་བཏབ་མཆོད་པར་བྱ། །སྤྱི་བོར་ཟླ་བ་ཨོཾ་རླན་ཅན། །དམ་པའི་སེམས་ཀྱི་ཆུ་འཛག་པས། །སྐུ་གསུང་ཐུགས་ནི་ཚིམ་བྱེད་པ། །ཆོ་ག་བཞིན་དུ་དབབ་པར་བྱ། །དེ་ལྟར་ངལ་བསོ་བཟླས་བྱས་ཤིང༌། །མཁས་པས་མཆོད་ལ་སོགས་བྱས་ནས། །དེ་ཉིད་གསུམ་བསྡུས་སངས་རྒྱས་རྣམས། །བཞུད་པའི་སྐབས་སུ་གཤེགས་སུ་གསོལ། །འདི་ནི་དེ་ཉིད་མཐོང་བར་བཤད། །འགྲོ་བ་མ་


DTG042_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བལྟས་ནས་ཀྱང༌། །སྙིང་རྗེས་དེ་ལ་ཕན་པའི་ཕྱིར། །སྨོན་ལམ་རྣམས་ནི་མངོན་དུ་བྱ། །ཏིང་ངེ་འཛིན་ལས་ལངས་ནས་ཀྱང༌། །བདག་པོའི་ང་རྒྱལ་མངོན་དུ་བྱ། །འཇུག་པར་རྟོགས་ཆོ་རྫོགས་སངས་རྒྱས། །ཡུལ་གྱིས་ཡང་དག་མཆོད་པར་བྱ། །འཇམ་དཔལ་རྡོ་རྗེ་ཀུན་བདག་ཉིད། །ངོ་བོ་ཉིད་ཀྱིས་ཡུལ་རྗེས་འགྲོ། །དེ་ལྟར་ཡུལ་རྣམས་བསྒོམ་པ་ནི། །རང་རང་དག་པར་རྣམ་པར་གནས། །རྟག་པ་ལ་སོགས་ངོ་བོ་དེ། །རང་རིག་ཆོས་སུ་ཡང་དག་གནས། །དཔལ་ལྡན་རྡོ་རྗེ་འཆང་འདྲ་བར། །དག་པའི་སེམས་དཔར་ཡང་དག་ལྡན། །རང་གི་ལོག་རྟོག་རྣམ་སྤངས་པས། །བྱ་བ་ཐམས་ཅད་རྫོགས་པར་བྱ། །རྟག་ཏུ་ཚད་མེད་རབ་སྦྱོར་བས། །འཁོར་ལོ་མཆོག་འདི་མཐའ་ཡས་མཆོད། །རང་སྙིང་ཟླ་བར་རང་འཁོར་གཙོ། །རང་གིས་བོན་རང་ཟས་ལ། །ལེགས་དམིགས་རང་སྙིང་དེ་ཉིད་ཀྱིས། །བདུད་རྩིས་སངས་རྒྱས་ཀུན་ཚིམ་བྱ། །ཆོས་ཉིད་ཀུན་གྱིས་དག་པ་དང༌། །དེ་ཉིད་གསུམ་གྱིས་མངོན་བཟླས་ལ། །རང་གི་ལྷ་ཡི་འཁོར་ལོ་མཆོག །ཚིམ་བྱ་དེས་ནི་མཆོད་པར་བྱ། །ཕྱི་ཡི་སྦྱིན་སྲེག་དགེ་ཚུལ་གྱི། །སེམས་ཙམ་གྱིས་ནི་ཡིད་ཀྱིས་བྱ། །ཡེ་ཤེས་མེ་ཡིས་ཕུང་པོའི་ཤིང༌། །བསྲེགས་པས་འདི་ནི་བླ་མེད་ཡིན། །དེ་ལྟར་འདོད་པ་མ་ལུས་པས། །བདག་ཉིད་རང་ལྷའི་དངོས་གྱུར་དང༌། །གཞན་ཡང་དེ་མཆོད་བྱ་བ་ཡིན། །དམ་ཚིག་བདེ་གཤེགས་བཞེད་པ་ཡིན། །ལུས་སོགས་ལས་གང་དེ་དང་དེས། །སངས་རྒྱས་ཐམས་ཅད་མཆོད་པ་དང༌། །རྗེས་མཐུན་འགྲོ་བའི་བྱ་བ་རྣམས། །རྟག་ཏུ་མཉམ་པར་གཞག་པས་བྱ། །ལུས་ངག་ལས་ཀྱི་རང་བཞིན་གང༌། །ཕྱག་རྒྱ་སྔགས་ཀྱི་བདག་ཉིད་ཆེ། །དེ་དང་དེ་ཡི་ལས་སྒྲུབ་པས། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དངོས་གཅིག་ལ་ཡང་ཀུན་རྟོག་པ། །རྣམ་པ་སྣ་ཚོགས་སྣང་གྱུར་ཏེ། །གྲོལ་དང་སྡུག་བསྔལ་བདེ་བསྐྱེད་པའི། །ལས་ནི་མ་ལུས་འབྱུང་བར་འགྱུར། །དེ་བས་ལུས་ལ་སོགས་པའི་ལས། །དགེ་དང་མི་དགེ་རྟོག་ལས་བྱུང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །ཡེ་ཤེས་ལས་ནི་རྟོག་དེ་ཅི། །དམ་ཚིག་དག་ལས་བསླང་བ་ནི། །དོན་ཡོད་རྡོ་རྗེའི་འཁོར་ལོ་བཟང༌། །


DTG042_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་ལས་ཀྱི་རྡོ་རྗེ་ཁ། །བསམས་ནས་ཐམས་ཅད་བདག་དབང་བསྐུར། །བླ་མ་བརྙས་ལ་སོགས་ཉེས་པ། །སྦྱིན་དང་བཅས་པའི་མཆོད་སྟོན་བྱ། །ཕྱི་ཁྲུས་རང་གི་འཁོར་ལོར་གནས། །དབང་བསྐུར་བ་ཡི་ཆོ་གས་བྱ། །ཐུན་མཚམས་སུ་ཡང་མཆོད་ལ་སོགས། །བཟླས་པ་སྔ་མ་བཞིན་དུ་བྱ། །སྙིང་གར་འཁོར་ལོ་མཆོག་ཆུད་བྱས། །ཤེས་རབ་སྙིང་རྗེས་ལྡན་པས་ཉལ། །ལྡང་ཚེ་དཔལ་ལྡན་ལྷ་མོ་ཡིས། །གླུ་བླངས་པས་ནི་བསྐུལ་བར་བྱ། །ནང་པར་ལངས་ནས་སྔར་བཞིན་ནི། །ལེགས་ཟློས་དང་པོའི་ལས་ཅན་ཡིན། །ཡེ་ཤེས་ཅུང་ཟད་བབས་གྱུར་པས། །སྔགས་ཀྱི་ཚུལ་ཁྲིམས་བརྟུལ་ཞུགས་ལྡན། །མིག་དང་སྐུ་སོགས་བྱིན་གྱིས་བརླབ། །ཐུན་མཚམས་སུ་ནི་རབ་བསྒྲིམས་བཟླས། །རྣམ་པ་ཀུན་དུ་རབ་རྫོགས་པར། །སྤྲོ་དང་བསྡུ་བ་བྱེད་པ་པོ། །ཡེ་ཤེས་དབང་བ་ཅུང་ཟད་འཐོབ། །ཉིན་མཚན་རྣལ་འབྱོར་ཡང་དག་བསྟེན། །ཡང་དག་ཡེ་ཤེས་དབང་ཐོབ་བསྒོམ། །ཁམས་ཀྱི་རྡུལ་ནང་ཁམས་གསུམ་མཆོག །གཟུགས་བརྙན་བདག་ཉིད་སྐུ་ཅན་གྱི། །འགྲོ་བའི་དོན་གྱི་བྱ་བ་བྱེད། །རྣལ་འབྱོར་མཚན་མ་དགེ་བ་ཡང༌། །དུ་མ་ཐོབ་ཅིང་ཡང་དག་འགྲུབ། །དེ་ཉིད་གསུམ་ནི་ཆོ་ག་བཞིན། །མཆོད་བྱས་དཀྱིལ་འཁོར་བྲི་བར་བྱ། །རང་ངམ་གཞན་གྱིས་གསོལ་བཏབ་བམ། །གཞན་དོན་འབད་པར་བྱེད་པས་ཀྱང༌། །འཁོར་ལོ་ལ་གནས་ཚུལ་བཞིན་བཟླས། །མཚན་མ་ཐོབ་ནས་ཡང་དག་བྲི། །འཁོར་ལོ་ཅན་སྔགས་འབུམ་བཟླས་སམ། །ཡང་ན་རང་གི་ལྷ་ཡི་འབུམ། །གཞན་གྱི་ཁྲི་སྟེ་ཡང་ན་ནི། །འཁོར་ལོ་ཅན་གྱི་བཀས་གནང་བྲི། །འབྱིན་པ་དེ་ཉིད་གསུམ་དང་སྤེལ། །གཞན་དག་སྙིང་པོའི་ས་བོན་སྤེལ། །མིང་གི་ཡི་གེ་དང་པོ་ནི། །ཀླད་ཀོར་བཅས་པས་སྔགས་རྣམས་བཏུ། །སྐུ་དང་གསུང་ཐུགས་རྡོ་རྗེར་བཤད། །ལས་ཆོས་ཆེན་པོའི་བདག་ཉིད་ཅན། །གསང་གསུམ་དམ་ཚིག་ཕྱག་རྒྱ་ཡིན། །ས་བོན་སྙིང་པོ་ཡིན་པར་བཤད། །ཞི་ལ་སོགས་པ་རབ་བསྐུལ་བས། །ལས་རྣམས་བྱེད་པ་རིག་པར་བཤད། །ཕྲེང་བའི་སྔགས་ཀྱང་རིག་བཤད་དེ། །མཁས་པས་དེ་རྣམས་ཀུན་དུ་བཟླ། །ཅི་རིགས་པར་ནི་བཟླས་བྱས་དང༌། །རང་བདག་ལ་སོགས་བཀའ་


DTG042_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་བམ། །འགོག་པའི་འཁོར་ལོ་གོམས་པ་ཡིས། །རང་སེམས་དག་ནས་བྲི་བར་བྱ། །ཏིང་འཛིན་གསུམ་པོ་བྱས་ནས་ནི། །སངས་རྒྱས་ལ་སོགས་ལྷག་གནས་བྱ། །བགེགས་རྣམས་བསལ་ཏེ་ཕུར་བུས་གདབ། །བསང་བྱུགས་ས་ལ་གསོལ་བ་གདབ་། མཆོད་ཡོན་མཆོད་དང་གཏོར་སྦྱིན་ནས། །སྦྱིན་སྲེག་ཚིམ་བྱས་མཁའ་ལ་དགོད། །བགེགས་མེད་ས་ནི་བརྐོས་ནས་སུ། །ཁུང་བུ་དགང་བའང་རིམ་འདི་ཡིན། །འཇམ་རྡོ་རྗེ་བདག་རྣལ་འབྱོར་ལྡན། །སྔོན་དུ་བསྙེན་པ་རྫོགས་བྱས་ལ། །གྲོགས་དང་མཆོད་པ་དང་ལྡན་པར།། དཀྱིལ་འཁོར་གནས་ནི་ཡང་དག་སྦྱང༌། །བགེགས་དགྲའི་འཁོར་ལོའི་སྦྱོར་ལ་གནས། །རང་གི་དབང་བསྐུར་ཡང་དག་བླང༌། །དེ་ལྟར་གདུག་པ་ཚར་གཅད་པ། །ཡང་ན་རང་ལྷའི་སྦྱོར་བས་བྱ། །ཨོཾ་བྷུ་ཁཾ་གི་སྔགས་ཀྱིས་ནི། །ས་ནི་ནམ་མཁར་གྱུར་པར་བྱ། །ཧཱུཾ་ལཾ་ཧཱུཾ་གིས་རྡོ་རྗེའི་བདག །ས་བྱས་དེ་ནི་བྱིན་གྱིས་བརླབ། །ཨོཾ་མེ་དི་ནཱི་བཛྲའི་བྷ་བ་བཛྲ་བནྡྷ་ཧཱུཾ། སྔར་བཞིན་བགེགས་གཞོམ་སྦྱོར་བའི་བདག །བསྙེན་སོགས་རྗེས་ཆགས་མཐར་ཐུག་པའི། །དང་པོའི་སྦྱོར་ལྡན་རང་འཁོར་ལོ་འང༌། །རང་བྱུང་བདུད་རྩིའི་མཐར་ཐུག་དེ། །འཁོར་ལོའི་རྒྱལ་མཆོག་སྦྱོར་བའི་བདག །འཁོར་ལོའི་ལས་ནི་ལས་མཆོག་བྱེད། །ལས་རྒྱལ་མཆོག་གི་སྦྱོར་ལྡན་པས། །ཏིང་འཛིན་གསུམ་པོ་དམ་པ་ཡིན། །དེ་ལྟའི་སྦྱོར་གནས་སློབ་དཔོན་ནི། །སངས་རྒྱས་ཀུན་བདག་ལུས་ཅན་ཏེ། །ངོ་བོ་ཉིད་བདག་རྡོ་རྗེའི་བདག །འཁོར་ལོའི་ས་གཞི་དབུས་ལེགས་གནས། །རྡོ་རྗེ་དྲིལ་འཛིན་དཔའ་བོ་ལ། །རྡོ་རྗེ་དྲིལ་མཆོག་འཛིན་པའི་གྲོགས། །རྟག་སོགས་བདག་ཉིད་གཟུགས་ཅན་གྱིས། །འཁོར་གསུམ་སྤྲུལ་ལ་གསོལ་པ་གདབ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་མེད་པའི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་ལ། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་


DTG042_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དམ་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་འཁོར་ལོས་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་འགྲོ་ཁམས་མུན་ནག་བསྟེན། །འཇམ་རྒྱལ་ཁྲོས་པས་བལྟས་པ་ནི། །ཧཱུཾ་བརྗོད་ཏིཥྛ་ས་རང་མིག་དང༌། །སྤྲུལ་པའི་འཁོར་ལོ་འདེགས་པར་བྱ། །ཡི་གེ་མ་ཊས་ཉི་ཟླའི་མིག །ཕྱོགས་དུས་ཐམས་ཅད་སྦར་བ་དང༌། །བློ་ལྡན་འགྲོ་ལ་བལྟས་ནས་ནི། །འཁོར་ལོའི་ས་ནི་ཡོངས་སུ་བསྐོར། །རྐང་འོག་རྡོ་རྗེ་འབར་བ་དང༌། །རྡོ་རྗེ་གསོར་བར་ཤིན་ཏུ་བརྩོན། །རོལ་པའི་རྡོ་རྗེ་འགྲོས་ཀྱི་གར། །མཆེ་བ་གཙིགས་བཅས་ཧཱུཾ་སྒྲོགས་ཤིང༌། །ལྷ་སོགས་བགེགས་ཀྱི་དཀྱིལ་འཁོར་རྣམས། །རབ་གདུག་བགེགས་སོགས་བསྐྲད་པར་བྱ། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ནི་ཐམས་ཅད་ཉོན། །ང་ནི་དཔལ་ལྡན་འཇམ་དབྱངས་ཏེ། །སྤུང་བའི་འཁོར་ལོ་རབ་སྦྱོར་བས། །གལ་ཏེ་བདག་བསྒོམ་ལས་འདས་ནས། །རྡོ་རྗེ་འབར་བའི་གཟུགས་ལྡན་པས། །སྐུ་གསུམ་འབྱུང་བས་དགས་བྱ་སྟེ། །འཇིག་པར་འགྱུར་བར་གདོན་མི་ཟ། །ས་ནི་ཡོངས་སུ་གཟུང་བྱས་ནས། །བགེགས་མེད་ཕྱིར་ནི་ཕུར་བུ་གདབ། །སྔགས་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། །སརྦ་དུཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་བཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི། ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། སྨད་དུ་རྩེ་གཅིག་སྟོད་བགེགས་དགྲ། །བསམ་ནས་དབུས་སུ་ཕུར་བུས་གདབ། །ཕྱོགས་བཅུ་ཀུན་དུ་གནས་པ་ཡི། །བགེགས་ཚོགས་ཐམས་ཅད་གཞོམ་པར་བྱ། །ས་ནི་ཀུན་དུ་བགེགས་བྲལ་ཞིང༌། །འབར་བའི་ཟེར་རྣོས་ཁྱབ་བསམས་ལ། །མཚམས་དང་ར་བ་ཕྱོགས་བཅིང་བ། །བློས་བྱས་ནས་ནི་ལྷག་གནས་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ།


DTG042_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ས་གཞི་དྲི་ཞིམ་སོགས་བྱུགས་ཤིང༌། །མེ་ཏོག་སྣ་ཚོགས་སིལ་མ་དགྲམ། །ཟླ་སོགས་འཁོར་ལོ་ཅན་གནས་སུ། །མཁས་པས་དཀྱིལ་འཁོར་རབ་ཏུ་བྱ། །དེ་ལ་འཁོར་ལོ་སྤྱན་དྲང་བ། །བྱས་ནས་མཚམས་ལ་སོགས་བཅིངས་ཏེ། །མཆོད་བསྟོད་བདུད་རྩི་མྱང་བྱས་ནས། །བུམ་བ་ལྷག་པར་གནས་པར་བྱ། །མགྲིན་པ་གོས་མཆོག་གིས་དཀྲིས་ལ། །ཨ་སྨྲ་སོགས་འདབ་ཀྱིས་ཁ་དགབ། །དཀྱིལ་འཁོར་པ་ཡི་བུམ་པ་ནི། །དེ་ཡི་སྔགས་ཀྱིས་ལྷག་གནས་བྱ། །འབྲུ་སྨན་རིན་ཆན་ལྔ་རྣམས་དང༌། །དྲི་བཟངས་ཆུ་དང་འཁོར་ལོའི་ཚོགས། །མེ་ཏོག་ཕྲེང་བཏགས་རྡོ་རྗེ་ནི། །སྟེང་བཞག་འཁོར་ལོའི་གཙོ་རྒྱལ་ལ། །མཆོད་ཡོན་ཕུལ་ཏེ་ཡང་དག་མཆོད། །མེ་ཏོག་དཀར་པོ་གཞུག་པར་བྱ། །དེར་ནི་སྤོས་སོགས་དྲིས་བསྒོས་པའི། །པད་སྣོད་དྲི་བཟངས་སོགས་ལྡན་བྱ། །ཉིན་རེ་བཞིན་དུ་ཐུན་གསུམ་དུ། །གཏོར་མ་བྱིན་ལ་དེ་བཞིན་བཟླ། །དེ་ཡང་འཁོར་ལོའི་ཕྱི་མཚམས་སུ། །རྣམ་རྒྱལ་འཁོར་གཙོའི་གཡས་སུའོ། །དེ་ལས་མཆོད་ཡོན་སྣོད་དུ་ཆུ། །བཅུག་ནས་དེ་ཡིས་དབང་བསྐུར་ན། །བདག་དང་སློབ་མ་ཐམས་ཅད་ནི། །ཆུ་ཡི་དབང་གིས་བསྐུར་བར་འགྱུར། །སླར་ཡང་འཁོར་ལོ་མཆོད་བྱས་ལ། །ལག་པར་བདུག་སྤོས་ཐོགས་ནས་ནི། །བློ་ལྡན་པུས་བཙུགས་འཁོར་ལོའི་གཙོ། །བདེ་གཤེགས་རྣམས་ལ་གསོལ་བ་གདབ། །བཅོམ་ལྡན་འཇམ་པའི་རྡོ་རྗེ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་ཅག་རྣམས་ལ་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །དཀྱིལ་འཁོར་བདག་ནི་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བ་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གང་གཞན་གསང་སྔགས་ལྷ་རྣམས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་ཡང་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་


DTG042_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མིང་འདི་ཞེས་བགྱི་བ་ཡིས། །དཀྱིལ་འཁོར་འཇམ་དཔལ་འབྱུང་བ་ནི། །འགྲོ་བ་དག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་པས་འདྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །དེ་ལྟར་ལན་གསུམ་དེ་གསོལ་གདབ། །གཙོ་བོ་མཆོད་ལ་སོགས་བྱས་ཏེ། །ཡང་དག་བསྲུངས་ལ་ཕྱིར་ཕྱུང་ནས། །མེ་ཏོག་ཕྲེང་ཐོགས་རང་སློབ་མ། །ཡིད་གཞུངས་སྤྲོ་བ་ཆེ་བ་དང༌། །བྱས་པ་གཟོ་ཞིང་ང་རྒྱལ་མེད། །རིགས་མཐོ་ཡོན་ཏན་ལྡན་ཞིང་དང༌། །གཟུགས་དང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་གསང་བ་ནི། །བསྒྲུབ་ལ་དོན་གཉེར་མངོན་བརྩོན་ན། །གཟུགས་ངན་ཡོན་ཏན་མེད་པའམ། །དམན་པའང་ལྷག་པར་གནས་པར་བྱ། །དཀྱིལ་འཁོར་གྱི་ནི་ཆོ་ག་ལས། །འཁོར་བཞི་ཆར་ཡང་རྗེས་སུ་གནང༌། །རང་གི་བསླབ་དང་ཤིན་ཏུ་ལྡན། །ཐེག་ཆེན་ལ་དགའི་བདག་ཉིད་ཅན། །ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ནི་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །དེ་སྐད་བརྗོད་ནས་སློབ་མ་དེ། །བློ་ཡིས་རང་གི་ནང་དུ་གཞུག །སྔོན་བཞིན་རྡོ་རྗེ་ཆུ་སྐྱེས་ཀྱིས། །དག་བྱས་ཁྱིམ་སྒོར་གསོལ་པ་འདེབས། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །སློབ་མ་དེས་ནི་ལན་གསུམ་བརྗོད། །རབ་གུས་བཤེས་གཉེན་ཤེས་ནས་ནི། །སློབ་མ་གཙོ་བོ་གཅིག་ལ་ནི། །དམིགས་བཅས་ཚིག་འདི་


DTG042_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱེད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །བཤགས་སོགས་ལན་གསུམ་བརྗོད་ནས་ནི། །དེ་ནས་བླ་མས་བྱང་ཆུབ་སེམས། །མ་བསྐྱེད་པ་ནི་བསྐྱེད་པར་བྱ། །བསྐྱེད་པ་སླར་ཡང་དྲན་དུ་གཞུག །ལས་ཀུན་བྱེད་པས་བསྲུངས་ནས་ནི། །སྙིང་ག་ལྐོག་མ་སྤྱི་བོ་རུ། །རྡོ་རྗེ་པདྨ་འཁོར་ལོ་དག །ཧཱུཾ་ཨཱཿ་ཨོཾ་ལས་དེ་རུ་དགོད། །རྡོ་རྗེ་སྤོས་ཆུ་ཁུ་ཚུར་མཆོག །སྙིང་ག་སྤྱི་བོ་ལྐོག་མར་གཏུགས། །དེ་བཞིན་ཧཱུཾ་ཨོཾ་ཨཱཿ་བརྗོད་བྱ། །མེ་ཏོག་ལ་སོགས་རིམ་བཞིན་སྦྱིན། །སྤྱི་བོར་མེ་ཏོག་མདུན་དུ་སྤོས། །མར་མེ་དྲི་ཡང་ཐུགས་ཀ་རུ། །ཀུན་བྱེད་བཟླས་ནས་གུས་པ་ཡིས། །སློབ་མ་རྣམས་ལ་སྦྱིན་པར་བྱ། །ཨ་ཤྭད་ཨུ་དུམྺཱ་ར་ཡི། །སོ་ཤིང་སོར་ནི་བཅུ་གཉིས་པ། །མ་ཡོ་མ་གས་སྲོག་ཆགས་མེད། །རྩེ་མོར་མེ་ཏོག་བཅས་པ་སྦྱིན། །ཤར་རམ་བྱང་དུ་ཁ་བལྟས་བཞག །བཅས་ནས་ལྟོས་པ་མེད་པར་ནི། །བ་ཀོ་ཙམ་ནི་བྱུག་པར་དོར། །ཞི་ལ་སོགས་པའི་དངོས་གྲུབ་བསྟན། །འཐོར་འཐུང་སྐྱོར་ཆུ་ལན་གསུམ་བླུད། །ཕྱི་རོལ་དུ་ནི་ངེས་བཞག་སྟེ། །སྟན་དང་སྔས་ཕྱིར་ཀུ་ཤ་སྦྱིན། །དཔུང་པར་སྐུད་པས་བསྲུང་བར་བྱ། །སྐྱོར་ཆུ་ལན་གསུམ་བླུད་པའི་སྔགས། །ཨོཾ་ཧྲཱིཿ་བི་ཤུདྡྷ་དྷརྨྨཱ་སརྦ་པཱ་པ་ནི་ཤྩ་སྱ་ཤོ་དྷ་ཡ་སརྦ་བི་ཀཝཾ་ཨ་པ་ན་ཡ་ཧཱུཾ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་བྱུང་བ། །དེ་བས་ཀྱང་


DTG042_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འབྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་འཚལ། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེ་རིང་དོང་བས་ན། །རབ་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །དོན་བཤད་བསྲུང་བ་བྱས་ནས་ནི། །ཀུ་ཤའི་སྟན་ལ་ཉལ་དུ་གཞུག ། རྨི་ལམ་གང་དག་ཅི་མཐོང་བ། །དེ་ཀུན་ནང་པར་ང་ལ་ཟློས། །སྲུང་དང་བྱིན་རླབས་སོགས་གང་དག །དེར་ནི་ལས་ཀུན་བྱེད་པ་བཟླ། །རིགས་ལྔ་འཁོར་ལོ་གསུམ་གྱི་ནི། །ལས་ཀུན་བྱེད་པ་ཐབས་སྦྱོར་ཡིན། །རྨི་ལམ་བཟང་ངན་དྲིས་ནས་ནི། །མི་དགེ་ཐབས་སྦྱོར་དག་གིས་གཞོམ། །སློབ་མ་ལེགས་བསྲུངས་སྐལ་ལྡན་པ། །དེ་ནས་སྡོམ་པ་འཛིན་དུ་གཞུག །མི་ལྡོག་འཁོར་ལོའི་དབང་བསྐུར་བ། །སྩལ་ནས་མགོན་པོ་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་དང་གསང་བ་དམ་པ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སློབ་དཔོན་བདག་འགྱུར་གསུངས། །སློབ་མ་སློབ་དཔོན་ཉིད་དོན་གཉེར། །སྡོམ་པ་རྣམས་ཀྱང་འཛིན་དུ་གཞུག །རྣལ་འབྱོར་མཉམ་གཞག་འཁོར་ལོ་མཆོག །ལེགས་མཆོག་བློ་ཡིས་མཁའ་ལ་བཞག །རྟག་པ་ལ་སོགས་དངོས་འདྲ་


DTG042_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །དེ་མདོག་ས་བོན་ལས་བྱུང་བ། །ཡེ་ཤེས་ལྔ་ལྡན་སྲད་བུ་ནི། །ཉི་ཤུ་རྩ་ལྔར་རྣམ་ཕྱེ་བ། །ཛཿ་ལས་ཉི་མ་ཟླ་བའི་མིག །འཇམ་པའི་རྡོ་རྗེ་བདག་གཟུགས་ཀྱིས། །འབར་བའི་བལྟ་བའི་ལྕགས་ཀྱུས་དགུག །རང་གི་མདོག་ནི་ནང་དུ་གཞུག །རྣམ་སྣང་ལ་སོགས་ཐུགས་ཡེ་ཤེས། །སྲད་བུ་ཐམས་ཅད་བྱེད་དང་བཅས། །རང་གི་འཁོར་ལོ་ཐིག་གདབ་ཕྱིར། །རྟག་པའི་ཐིག་ནི་སྩལ་དུ་གསོལ། །ཇི་སྲིད་མི་བསྐྱོད་མཐར་ཐུག་པ། །འདི་དག་དེ་ཉིད་གསུམ་དང་སྤེལ། །ཨ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཱ་ཞེས་བྱ་སོགས་དྲན་བྱ། །ཆུར་ནི་འཁོར་ལོའི་ཉིས་འགྱུར་ལ། །སྦོམས་སུ་སྒོ་ཡི་ཉི་ཤུའི་ཆ། །མི་འཆི་བཅུ་ཕྱེད་དྲི་བཟངས་ཀྱིས། །སྤངས་ནས་ཀྱང་ནི་བསྲུང་བར་བྱ། །ཡིག་གསུམ་ཆུད་པར་རྣལ་འབྱོར་པས། །ཐིག་འཛིན་པ་དང་བསྒྲིལ་བར་བྱ། །ཛྫ་གསུམ་གྱིས་ནི་དེ་བཏང་ཞིང༌། །རང་ཡང་ཛྫ་ཛྫ་ཛྫ་ཞེས་ཟློས། །ཁུ་ཚུར་གཡོན་པས་ལྟེ་བར་ནི། །བཟུང་སྟེ་ནུབ་དང་ལྷོ་ཕྱོགས་གནས། །བློ་ལྡན་ནམ་མཁའི་ཐིག་གདབ་སྟེ། །དེ་བཞིན་འོག་ཏུ་ཐིག་རབ་གདབ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ནམ་མཁའ་གང་བའི་བདེ་གཤེགས་རྣམས། །ཁྱོད་ཀྱི་འགྲོ་དོན་མཛད་དུས་ལགས། །ཐིག་གི་སྒྲ་ཡིས་བསྐུལ་ནས་ནི། །དེ་རྣམས་འདིར་ནི་གཤེགས་སུ་གསོལ། །གནོད་སྦྱིན་ཡི་དགས་དབང་པོ་ཀླུ། །ཕྱོགས་བལྟས་མེ་དང་རླུང་ལ་བརྟེན། །དང་པོ་ཤར་དང་ནུབ་བྱང་ལྷོར། །ཕྱོགས་ཀྱི་ཕྱི་རོལ་སྲད་བུ་གདབ། །མེ་དང་བདེན་བྲལ་ཕྱོགས་གནས་ཏེ། །མཚམས་ཀྱི་སྲད་བུ་འང་ཡང་དག་གདབ།། ཤར་ལྷོ་ནུབ་བྱང་དེ་བཞིན་དུ། །བྱས་པས་དཀྱིལ་འཁོར་བརྒྱད་དུ་འགྱུར། །ཐིག་དེ་ཉིས་རིམ་བྱས་ནས་ནི། །འཁོར་ལོའི་དབུས་སུ་བཞག་ནས་སུ། །འཁོར་ལོའི་རྣམ་པ་དེ་རྒྱབ་ཏུ། །རྡོ་རྗེའི་སྲད་བུ་གཉིས་ཀྱང་གདབ། །དབང་ལྡན་ལས་ནི་ལྕགས་རི་དག །རང་དང་རྗེས་མཐུན་གཡས་ནས་བསྐོར། །མཁས་པས་ཐིག་གིས་ཐིག་བཏབ་ནས། །ཕྱོགས་ཀུན་མཉམ་པ་ཉིད་དུ་བྱ། །ལྟས་ངན་བྱུང་ན་དངོས་མི་འགྲུབ། །སྲད་བུ་ཆད་ན་བླ་མ་འཆི། །རིང་ཐུང་ཁྱེར་ན་ན་བར་འགྱུར། །ཕྱོགས་འཁྲུལ་སློབ་མ་མྱོས་པར་འགྱུར། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་


DTG042_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་ཕྱོགས་རྣམས་ཐམས་ཅད་དང༌། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་སྦས་པར་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་བོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་འདྲ་བ་ལ། །ཕྱི་ཡི་འཁོར་ལོའི་ཕྱེད་ཀྱི་ཚད། །ཀུན་ནས་ཡོངས་སུ་ཟླུམ་པོར་བྱ། །ཀ་བ་འཁོར་ལོ་ལ་སོགས་སྦྲས། །རྡོ་རྗེ་ཕྲེང་བ་བཟང་པོས་བསྐོར། །དེ་ནས་ཧཱི་ལས་ཁྲོ་བོ་ཡི། །བལྟ་བས་སྒོ་ནི་རྣམ་པར་དབྱེ། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ཁ་ཁྱེར་མེད་པ་ཉིད་དུ་འདོད། །སྒོ་ཁྱུད་སྒོ་ཡི་ཚད་ཡིན་ཏེ། །ལྷ་ཡི་སྣམ་བུའང་དེ་ཡི་ཚད། །དེ་ཕྱེད་ཁ་ཁྱེར་ཀུན་ནས་བསྐོར། །ལོགས་དང་འགྲམ་ནི་དེ་བཞིན་ཏེ། །དྲ་བ་དྲ་ཕྱེད་ཉི་ཟླ་དང༌། །དར་སོགས་སྣམ་བུ་ཚད་དེ་བཞིན། །ཚོན་གྱི་ས་ནི་དེ་ཡི་ཕྱེད། །རྩ་བའི་ཐིག་སའི་ཕྱི་རོལ་དུའོ། །འཁོར་ལོ་ལ་སོགས་ཀ་བའི་ཐིག །ཚོན་གྱིས་དང་ས་གཞི་མཉམ། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །བ་དན་ཕྲེང་བ་རྣམས་དང་ལྡན། །དྲིལ་བུ་མཆོག་ནི་རླུང་གིས་བསྐྱོད། །བ་དན་ཕྱི་ཡི་མཚམས་སུ་བྱ། །གཞན་དག་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རྣམ་པར་བརྟགས། །རྫོགས་སངས་ཡེ་ཤེས་སྐུ་ཡིན་ཕྱིར། །ཆོས་སྐུའི་བདག་ཉིད་ཤིན་ཏུ་དག །གསུང་དབང་རྡོ་རྗེའི་རིགས་སུ་བཤད། །འདི་ནི་ཐུགས་ཀྱི་འཁོར་ལོ་ཡིན། །སེམས་ཅན་བསམ་པ་ལ་བརྟེན་ནས། །ཚད་ལ་སོགས་པ་ངེས་མཛད་ཀྱི། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། །ཚད་སོགས་ངེས་པས་ཅི་ཞིག་བྱ། །དེ་ནི་ཁྲུ་གཅིག་ནས་བརྩམས་ཏེ། །ཇི་སྲིད་ཁྲུ་སྟོང་བར་དུའོ། །དེ་ལྟར་འཁོར་ལོ་དེ་ཐིག་གདབ། །ཚོན་ལ་འབར་བའི་བལྟ་བས་ཀྱང༌། །སྔ་མའི་རིམ་གྱིས་ཡེ་ཤེས་སྦར། །ཡང་དག་གཟི་བསྐྱེད་གསང་སྔགས་བཟླ། །ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་གྲོལ་བྱེད་པ། །འཇམ་དབྱངས་རྒྱལ་པོ་རང་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རབ་གྲོལ་བའོ། །འཁོར་ལོའི་ནང་ན་ཡང་དག་གནས། །བླ་མས་གཡོན་པའི་ཁུ་ཚུར་གྱིས། །དབང་ལྡན་ཕྱོགས་ནས་བརྩམས་ནས་ནི། །


DTG042_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དང་སེར་དང་དེ་བཞིན་དམར། །ལྗང་གུ་དང་ནི་ནག་པོ་ཉིད། །མཉམ་ཞིང་གཡས་སྐོར་རྒྱུན་མཆད། །མ་ཡོ་བར་ནི་ཚོན་རྩི་དགྱེ། །སྒོ་ཡི་ཉི་ཤུ་ཆ་རུ་ནི། །རི་མོ་མཉམ་པར་དགྱེ་བར་བྱ། །སྦོམ་པོར་བཀྱེ་བས་ནད་ཀྱིས་འདེབས། །ཕྲ་མོས་ནོར་ནི་རྣམ་པར་འཇིག །ཡོན་པོས་རྣམ་འགྲས་ཆད་པ་ཡིས། །བླ་མ་དང་ནི་སློབ་མ་འཆི། །གཡས་སྐོར་མིན་པར་བཀྱེ་བ་ཡིས། །ཚོན་རྩི་ཕུར་བུས་བཏབ་པར་འགྱུར། །དཀར་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་ཏེ། །དེ་བཞིན་གཞན་དག་མརྒད་ཡིན། །ནག་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་བཤད། །དཀར་པོ་ཆེན་པོ་ཤར་ཕྱོགས་སུ། །ལྷོ་རུ་སེར་དང་ཡང་དག་ལྡན། །ནུབ་ཀྱི་ཆ་ནི་དམར་པོ་སྟེ། །བྱང་ནི་ལྗང་དང་ཡང་དག་ལྡན། །དབུས་ཀྱི་ས་གཞིའི་ཆ་དག་ནི། །ཨིནྡྲ་ནཱི་ལའི་འོད་གསལ་འབར། །རྟག་པར་ཤེས་རབ་ཐབས་བདག་ཉིད། །ཤིན་ཏུ་མཉམ་གཞག་ལེགས་པར་བྲི། །རི་མོ་ཕན་ཚུན་ནས་གང་གིས། །མ་རེག་པར་ནི་བྲི་བར་བྱ། །བདུད་རྩི་ཐབ་སྦྱོར་རྡོ་རྗེ་ཡིས། །གདུག་པ་ཐམས་ཅད་རྣམ་པར་གཞོམ། །འདི་ནི་རྒྱ་ཆེན་ཆེ་བར་བཤད། །གདུག་པའི་དགྲ་སྟེ་གསང་སྔགས་རྒྱལ། །ན་མཿ་ས་མནྟ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོདྷཱ་ཡ་མ་ཧཱ་དཾཥྚྲོ་ཏྐ་ཊ་བྷཻ་ར་བ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གཛྫ་གཛྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱ་ན་བི་ནཱ་ཡ་ཀཱ་ན་མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏཱནྟ་ཀ་ར་ཡ་ཧཱུཾ་ཕཊ། དེ་ལྟར་དཀྱིལ་འཁོར་ཀུན་བྲིས་ནས། །ཟླ་བ་ཉི་མའི་གདན་བྱས་ཏེ། རལ་གྲི་སྔོ་བསངས་དབུས་བྲི་བ། །ཤིན་ཏུ་རྣམ་དག་སོགས་འོད་ལྡན། །ཤ་དུ་འཁོར་ལོ་རྩིབས་བརྒྱད་མཆོག །མེ་ལོང་ལ་སོགས་ཡང་དག་འབར། །ལྷོ་རུ་རིན་ཆེན་སྔོ་བསངས་འོད། །ཆ་དགུ་པ་མཐོ་མཉམ་པ་ཉིད། །ནུབ་ཏུ་པདྨ་འདབ་བརྒྱད་པ། །སོ་སོར་རྟོག་ལ་སོགས་ལྡན་དམར། །བྱང་དུ་རལ་གྲི་དམ་པ་ནི། །བྱ་བ་ལ་སོགས་ཀྱིས་རབ་བརྒྱན། །ཤར་ལྷོར་སྤྱན་དེ་ཐབས་ཡིན་ལ། །ལྷོ་ནུབ་རྡོ་རྗེ་སྨོན་ལམ་སྟེ། །ནུབ་བྱང་ཁ་ནི་བྱེ་བ་ཡི།


DTG042_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་སྡོང་བུ་བཅས་པ་སྟོབས། །བྱང་ཤར་ཨུཏྤལ་ཡེ་ཤེས་ཏེ། །སེར་དང་སྤྲིན་སྔོན་ལྟ་བུར་མཛེས། །མེ་ལ་སོགས་པའི་མཚམས་བཞི་དང༌། །ཤར་སྒོ་ཡི་ནི་ངོས་གཉིས་སུ། །མེ་ལོང་དེ་བཞིན་པི་ཝང་དང༌། །དྲི་ཡི་དུང་དང་བཅུད་ལེན་སྣོད། །གོས་དང་ཆོས་འབྱུང་ཉིད་དག་སྟེ། །སྦྱིན་དང་ཚུལ་ཁྲིམས་སོགས་པས་བརྒྱན། །དད་སོགས་ཐོ་བ་དབྱིག་པ་དང༌། །པདྨ་རྡོ་རྗེ་བཞི་པ་ཡིན། །རྣམ་གསལ་ཀུན་དར་ཤེས་བྱས་ལ། །རང་གི་འཁོར་ལོ་རབ་གསལ་བསྒོམ། །སྔར་བཞིན་ཤེས་རབ་ཡང་དག་འདུག །སངས་རྒྱས་རྣམས་ནི་རང་ནང་གཞུག །སེམས་བཟང་ནམ་མཁའ་ཁྱབ་བྱས་པའི། །འཁོར་ལོའི་ངོས་སུ་གནས་བྱའོ། །དེ་དང་ལྷན་ཅིག་འོངས་པའི་བགེགས། །དེ་ནི་ཀུན་བསྐྲད་མངོན་པར་བསྲུང༌། །གཤིན་རྗེའི་དགྲ་སོགས་ཀྱིས་བཀུག་ལ། །བཅུག་སྟེ་བཅིངས་ནས་དབང་དུ་བྱ། །མིག་དངས་ཀུ་སོགས་བྱིན་བརླབས་ལ། །མཆོད་ཡོན་དབང་བསྐུར་མངོན་མཆོད་པ། །བྱས་ནས་བསྟོད་དེ་ཚིམ་བྱ་ཞིང༌། །རྣམ་བསྒོམས་བཟླས་པས་མཉེས་པར་བྱ། །སྔོན་བཞིན་པད་སྣོད་དམ་པར་ཡང༌། །བདུད་རྩི་ཡེ་ཤེས་བདུད་རྩིར་བྱ། །ཕྱོགས་སྐྱོང་རང་རང་སྦྱོར་ལ་གནས། །རབ་ཏུ་མཆོད་དེ་དཀྱིལ་འཁོར་འཇུག །འཇིག་རྟེན་གསུམ་ལས་རྒྱལ་གྱུར་པས། །གོས་དང་རྒྱན་ནི་ཇི་སྙེད་དང༌། །འཁོར་ལོ་བསྐོར་བ་བྱས་ནས་ནི། །ཕྱག་བྱས་སྦྱིན་སྲེག་དག་གིས་མཆོད། །ཀུན་ནས་སོར་བཞི་དོར་བར་དུ། །ཁ་ཁྱེར་དེའི་ཚད་པད་ཁ་བྱེ། །ཁྲུ་ཕྱེད་པ་དང་ཁྲུ་གང་པ། །འཁོར་ལོ་ལྟ་བུ་ལས་ཀུན་བྱེད། །རལ་གྲི་ཆུ་དང་དབངས་སུ་ནི། །སོར་བརྒྱད་སོར་གཅིག་པ་ཡི་ཚད། །ཐབ་ནང་འཁོར་ལོ་རིན་ཆེན་དང༌། །པདྨ་རལ་གྲི་དབུས་ཆུད་བྲི། །ཕྱི་རོལ་རྡོ་རྗེ་ཕྲེང་བས་བསྐོར། །སྔགས་པ་ཤར་དུ་ཁ་བལྟས་ཏེ། །ཀུན་བྱེད་བཟླས་པས་ཀུན་དུ་བསྲུང༌། །མཆོད་ཡོན་སོགས་གཡོན་དེ་ལས་གཞན། །ཡོ་བྱད་གཡས་བཞག་བསངས་ནས་ནི། །འཇམ་པའི་རྡོ་རྗེའི་འབྱོར་བདག་ལྡན། །འོ་མ་ཅན་ཤིང་གིས་སྦར་བའི། །མེ་ནི་ཡི་གེ་གསུམ་གྱིས་བསང༌། །རླུང་ཡབ་གཡབས་པས་རབ་སྦར་ལ། །གཡས་ནས་བསྐོར་ཞིང་ཀུ་ཤ་དགྲམ། །དང་པོའི་སྙིང་བྱུང་རཾ་གྲུ་གསུམ། །པད་གནས་ས་བོན་


DTG042_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་ལས་བྱུང༌། །སེར་ཞིང་ཞལ་སེར་གསུམ་པ་ལ། །ཤེས་རབ་ཡན་ལག་རྒྱས་དང་ལྡན། །སྤྱི་བླུགས་མི་འཇིགས་དབྱིག་པ་ཕྲེང༌། །ཕྱག་ན་བསྣམས་པ་འདིར་མེ་བསམ། །སྔར་བཞིན་དེ་ཉིད་གསུམ་འདོན་པས། །ཡེ་ཤེས་དམ་པའི་མེ་སྤྱན་དྲངས། །དེ་ལ་བསང་གཏོར་ལ་སོགས་པ། །བྱས་ནས་གདན་ལ་བཞུགས་སུ་གསོལ། །དགང་གཟར་བླུགས་གཟར་ཡུ་བ་ཁྲུ། །འོག་ཏུ་རྡོ་རྗེ་རིན་ཆེན་བྱ། །དེ་སྟེང་དགང་གཟར་རྒྱར་སོར་བཞི། །ཟབས་སུ་སོར་གཉིས་ནང་རྡོ་རྗེ། །སོར་བཞིའི་མཐར་ནི་རྡོ་རྗེ་སྟེ། །བར་དུ་པདྨའི་འདབ་མའི་དབྱིབས། །བླུགས་གཟར་པདྨའི་དབྱིབས་སོར་གཉིས། །ཟབས་སུ་སོར་གཅིག་ནང་རྡོ་རྗེ། །དགང་གཟར་བླུགས་གཟར་ཁར་རང་གི །ལྷ་ཡི་ས་བོན་རབ་འབར་བསམ། །དེའི་ཁར་ཡི་གེ་རཾ་བཀོད་ལ། །དེ་ལ་དགང་བླུགས་སྦྱིན་པར་བྱ། །མེ་ལྷ་འབྱོར་ལྡན་ཡམ་ཤིང་སྟེ།། ཡམ་ཤིང་མེ་ལ་མར་དང་ཏིལ། །མ་གྲུགས་དཱུར་བ་འབྲས་ཆན་ཞོ། །ཀུ་ཤ་ཆོ་གའི་རིམ་པ་ཡིན། །དེ་ཉིད་ཡེ་ཤེས་དམ་པའི་མེ། །ཐུགས་ཟླར་མཾ་སྐྱེས་བདག་པོ་ནི། །འཁོར་ལོ་མཆོག་བསམས་ཕྱི་མཆོད་སོགས། །སྔོན་དུ་འགྲོ་བས་སྦྱིན་སྲེག་བྱ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། །ཏིལ་གྱིའོ། །བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པའིའོ། །ཨོཾ་སརྦ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་དང་འབྲས་ཆན་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །རྒྱས་དང་ཞི་དང་དབང་དགུག་བཅིང༌། །སྡང་དང་བསྐྲད་དང་མངོན་སྤྱོད་ལ། །ཨོཾ་སྭཱ་ཧཱ་ཧོཿ་ཛཿ་ཧཱུཾ་ཧཱུཾ་ཕཊ། སྔགས་ཀྱི་མཐར་ནི་བསྐུལ་བའང་བྱ། །རང་བདག་སྙིང་གའི་སེམས་དཔའ་ཡི། །ལྷ་ཀུན་ཚིམ་པ་ཉིད་དུ་བྱ། །ཟླ་སོགས་དེ་ལས་གཞན་པའི་རྫས། །སྙིང་ཟླའི་འཁོར་ལོའི་ལྗགས་ཀྱི་མཆོག །བསྒོམས་ནས་སྔོན་བཞིན་ཚིམ་པར་བྱ། །མཐར་ནི་དེ་བཞིན་དགང་བླུགས་དབུལ། །བསང་དང་འཐོར་འཐུང་མཆོད་ཡོན་དག །ཕུལ་ནས་མཆོད་དེ་གཤེགས་སུ་གསོལ། །རྣལ་འབྱོར་པ་ཡི་རྫས་ལྷག་མ། །མེ་ལ་ཕུལ་ལ་དེ་བཞིན་དུ། །ཆོ་ག་སྔ་མས་


DTG042_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་གསོལ་ལ། །འཁོར་ལོ་མཆོད་དེ་ཡང་དག་གཞུག །སློབ་མ་འཇུག་པའི་ཆོ་ག་ཡིས། །དང་པོར་ཞུགས་ལ་རང་གི་ནི། །དབང་བསྐུར་བྱ་བ་རྫོགས་བྱས་ཤིང༌། །རིགས་བདག་རྗེས་གནང་ཐོབ་པ་དང༌། །འདོད་ཆགས་ཆེ་ལས་བྱུང་དེ་ཉིད། །འཁོར་ལོའང་གཟུགས་བརྙན་ལྟ་བུ་ཡི། །གྲོང་དུ་སློབ་མ་འཇུག་བྱའི་ཕྱིར། །བདེན་པ་འདི་ནི་བསྒྲག་པར་བྱ། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །འཇམ་པའི་རྡོ་རྗེར་དེང་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པའང་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་མཆོག་གིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག །སེམས་ཅན་ཀུན་གྱི་སྙིང་ཁྱབ་ཅིང༌། །སེམས་ཅན་ཀུན་གྱི་སྙིང་ལ་བཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་མཆོག་དམ་ཚིག་མཆོག་གྱུར་པའོ། །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་དག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱེད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །སློབ་མ་སྤྱི་ཡི་སྡོམ་པ་དང༌། །སྔོན་བཞིན་སྐུ་སོགས་འོད་གསལ་བྱ། །ཀུན་བྱེད་བུམ་པའི་ཆུ་ཡིས་ནི། །ཡོལ་བའི་མཐར་ནི་བསང་གཏོར་བྱ། །དེ་ནས་གོས་དམར་གྱིས་གདོང་གཡོགས།།


DTG042_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་པ་ཁྱོད་ནི་སུ་ཞེས་དྲི། །དེ་ནས་སླེབ་མས་ཚིག་ཏུ་ནི། །བདག་ནི་སྐལ་བ་བཟང་ཞེས་བརྗོད། །སྒོར་ནི་ཕྲེང་ཐོགས་ཡང་དག་མཆོད། །དེ་བཞིན་ཡོན་ནི་ཕུལ་བ་དང༌། །རྣལ་འབྱོར་སེམས་ནི་ཡང་དག་བསྐྱེད། །སྙིང་གར་རྡོ་རྗེ་སྙིང་པོ་བསམ། །སྔགས་ལ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི་ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གཤིན་རྗེ་གཤེད་སོགས་རང་སྔགས་ནི། །དམ་པས་དགུག་དང་གཞུག་པར་བྱ། །ཡི་གེ་ལྔ་དང་དེ་བཞིན་དུ། །བརྗོད་དེ་དམ་ཚིག་འཛིན་དུ་གཞུག །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག་དམ་ཚིག་ཉམས་པར་གྱུར་ཏ་རེ། དེའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །པད་གནས་ཡི་གེ་གསུམ་གྱིས་སྦར། །མི་འཆི་ལྡང་འཐུང་དུ་གཞུག །འདི་ནི་དམ་ཚིག་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཨོཾ་བཛྲད་ཀ་ཋ་ཋ་ཋ། དམ་བཅའ་བ་བརྟན་པར་འདི་སྐད་ཅེས་བརྗོད་དོ། །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ནི་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། དེ་ནས་སློབ་མ་ལ་འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་


DTG042_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་པར་བསྒོའོ། །དེ་སྐད་བརྗོད་ནས་དེའི་སྙིང་གར། །དབང་ཆེན་དཀྱིལ་འཁོར་མཚམས་སུ་ནི། །རྡོ་རྗེས་མཚན་པ་ཁ་དོག་སེར། །ལཾ་ལས་བྱུང་བའི་ཧཱུཾ་བསྒོམ་བྱ། །བཾ་བྱུང་ཆུ་ནི་ཁ་དོག་དཀར། །བུམ་པས་མཚན་ཅིང་ཡོངས་སུ་ཟླུམ། །ཡཾ་ལས་བྱུང་བའི་གཡོ་བའི་རླུང༌། །བ་དན་དངོས་མཚན་གཞུ་ཡི་དབྱིབས། །དེ་ལ་སྐུ་གསུང་ཧ་ཨ་བསྒོམ། །རྐང་འོག་ཛྷཻཾ་ནི་རབ་འབར་བ། །རླུང་ལས་རཾ་བྱུང་གྲུ་གསུམ་པར། །གནས་པས་སྦར་ལ་སློབ་མ་དབབ། །ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུཾ་ཧ་ཨ་ཛྷཻཾ། ལྕེ་ལ་ཨ་ནི་དམར་པོ་ཞིག །བསམས་ཏེ་བབས་ལ་སླར་ཡང་བསྒོ། །འདོད་ཆགས་རྡོ་རྗེ་དེ་གནས་པ། །སྨྲོས་ཤིག་རྡོ་རྗེ་དགེ་མི་དགེ །བབས་པ་དེ་ནི་བརྟན་བྱ་བ། །དེ་ལ་ཏི་ཥྛ་བཛྲ་བརྗོད། །མེ་ཏོག་ཕྲེང་བ་འཁོར་ལོར་དོར། །པྲ་ཏཱི་ཙྪ་བཛྲ་ཧོ་ཞེས་བརྗོད། །དེ་ནི་སྤྱི་བོར་བཅིང་བར་བྱ། །པྲ་ཏི་གྲྀ་ཧྞ་ཏྭ་མི་མཾ་སཏྭ་མ་ཧཱ་བ་ལ། བླངས་པའམ་མ་བླངས་པ་གཉིས་ནི། །མཚན་མའམ་མཚན་མ་ཉེ་བ་རུ། །བབས་སམ་དད་ཀྱང་དེའི་སྦྱོར་བ། །སྐལ་ཅན་ཉིད་ལ་སྦྱིན་པར་བྱ། །མིག་ཏུ་འབར་བཅས་ཨོཾ་བསམས་ལ། །རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །དེ་ནས་འཁོར་ལོ་བསྟན་པར་བྱ། །འཁོར་ལོའི་བདག་པོ་ནས་བརྩམས་ཏེ། །བདུད་རྩི་ཐབ་སྦྱོར་བར་དུའོ། །བཛྲ་ཨ་བྷི་ཥི་ཉྩ་ཞེས། །བརྗོད་དེ་སྤྱི་བོར་ཆུས་དབང་བསྐུར། །སྔོན་བཞིན་ཅོད་པན་གྱིས་རང་བདག །ལྷ་ཡི་དབང་བསྐུར་སྦྱིན་པར་བྱ། །སྙིང་གར་རྡོ་རྗེ་དེ་འཛིན་ལ། །རྡོ་རྗེ་ཡིས་ཀྱང་དབང་བསྐུར་བྱ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ནི་བསྐུར་བར་འགྱུར། །སངས་རྒྱས་ཀུན་དུ་རབ་གྲུབ་པའི། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །རྡོ་རྗེ་དྲིལ་བུས་འཁྱུད་ནས་ནི། །རང་གི་བདག་པོས་དབང་བསྐུར་སྦྱིན། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥི་ཉྩཱ་མི་ཏི་ཥྛ་བཛྲ་ས་མ་ཡ་སྟྭཾ། སྤྱི་བོར་མིང་གི་སྟེ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥི་ཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་ཆེ་གེ་མོ་རྡོ་རྗེ། །རང་གི་དངོས་པོ་གང་གང་སྣང༌། །གཙོ་ཆེར་དེར་ནི་འཇམ་


DTG042_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རང༌། །ཆོས་རྣམས་རང་བཞིན་གྱིས་དག་པས། །སངས་རྒྱས་ཡེ་ཤེས་གང་ཡིན་དེར། །རང་ཉིད་འཁོར་ལོས་སྒྱུར་ཉིད་པས། །མཚན་གྱི་ཐོག་མར་དཔལ་གྱི་སྒྲ། །ཀུན་ལའང་བདག་པོ་ཐམས་ཅད་ལས། །ཀྱེ་དང་རྡོ་རྗེ་མཐའ་མར་སྦྱར། །ཆུ་ཁམས་དག་པ་མི་བསྐྱོད་པ། །ཅོད་པན་མཉམ་པའི་བདག་ཉིད་ཅན། །རྡོ་རྗེ་སོ་སོར་རྟོག་མཆོག་བདག །བདག་པོ་བྱ་སྒྲུབ་དོན་སྩོལ་བ། །ཡེ་ཤེས་རིགས་ཡིན་འདིར་རྡོ་རྗེ། །རྒྱུ་དང་རིགས་ཀྱི་དབང་བྱས་པ། །བརྟུལ་ཞུགས་ལུང་བསྟན་དབུགས་འབྱིན་པ། །རིགས་དབང་བསྐུར་ལའང་འདི་མིང་ཡིན། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏི་ཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུཾ། རྡོ་རྗེ་བརྟུལ་ཞུགས་ཀུན་བྱིན་ནས། །རྡོ་རྗེ་དེ་ཉིད་ཀྱིས་འཛིན་གཞུག །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག །དྲིལ་བུ་དེ་ཉིད་ཀྱིས་བཟུང་བ། །ཆོས་ཀྱི་སྒྲ་ཡིས་དཀྲོལ་དུ་གཞུག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་སྒྲ་ཡི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །དེ་ཆོས་ཀྱིས་དཀྲོལ་དུ་གཞུག་སྟེ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་འགལ་སྲིད་བྱས། །རང་བཞིན་གྱིས་དག་སེམས་དཔའ་མཆོག ། སྲིད་པ་མཆོག་ཏུ་བྱེད་པར་འགྱུར། །བསྙེན་སོགས་སྙིང་པོར་བཤད་པ་ཡིས། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ལ། །གཟུགས་སོགས་འདོད་པའི་དམ་ཚིག་གིས། །གསང་སྔགས་མ་ཚང་མེད་པར་བཟླ། །རང་གི་རིག་པའི་ངོ་བོ་དེ། །ཕྱོགས་བཅུར་དུས་གསུམ་བཞུགས་པ་དེ། །རང་གི་ལྷ་ཡི་སྦྱོར་བ་ཡི། །བདག་དང་གཞན་ལ་མཆོད་པར་བྱ། །དཀའ་ཐུབ་སྔོམ་པ་མི་ཟད་པ། །བསྟེན་ན་མི་སྣང་མངོན་ཤེས་དང༌། །མཁའ་ལ་རྒྱུ་དང་ལུས་ངག་ཡིད། །ལས་བྱུང་དངོས་གྲུབ་འགྲུབ་མི་འགྱུར། །དེ་བས་སངས་རྒྱས་སེམས་དཔའ་མཆོག །སྔགས་


DTG042_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྱོད་མཆོག་སྤྱོད་པ་རྣམས། །འདོད་པ་ཐམས་ཅད་བསྟེན་པ་ཡིས། །ཆོས་ཀྱི་ཡི་གེ་མཆོག་བརྙེས་སོ། །བད་དང་སྡུག་བསྔལ་དེ་བདག་མིན། །འདོད་པའི་ཡོན་ཏན་ལྔ་རྣམས་བསྟེན། །ཡེ་ཤེས་དོན་གཉེར་འདོད་ཆགས་ཅན། །སྦྱོར་བས་བསྒྲུབས་ན་མྱུར་དུ་འགྲུབ། །སྐུ་གསུང་ཐུགས་ནི་ཡང་དག་འགྲུབ། །གང་གཞན་སྨན་པར་བཤད་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་འགྱུར་བ། །སྐུ་གསུང་ཐུགས་ནི་བསྒོམས་པས་སོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་གང་བཤད་པ་དེ་ཡི་ཕྱིར། །དེ་སྐད་ཅེས་བཤད་པ་ཡིན་ནོ། །སློབ་མ་སྡོམ་པ་གཟུང་བ་དང༌། །དེ་བཞིན་ཡོན་ནི་ཕུལ་བ་ཡིས། །དབང་བསྐུར་ཕྱིར་ནི་གསོལ་འདེབས་ཤིང༌། །ཚིགས་བཅད་འདིས་ཀྱང་ཕྱག་བྱའོ། །བྱང་ཆུབ་རྡོ་རྗེ་སེམས་སངས་རྒྱས་ཀྱིས། །མཆོད་ཆེན་ཇི་ལྟར་གསོལ་བ་བཞིན། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །འཇུག་སྒོར་པདྨ་འདབ་བརྒྱད་པར། །རང་ལྷའི་སྦྱོར་བས་ཁྲི་ལ་གནས། །དུས་གསུམ་ཕྱོགས་ཀུན་ནམ་མཁའ་ཁྱབ། །སངས་རྒྱས་འཁོར་ལོ་རང་སྙིང་བྱུང༌། །རོལ་མོ་དྲིལ་སོགས་ལྡན་ཞེས། །སྔ་མ་བཞིན་དུ་རིག་དབང་བསྐུར། །རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཚིགས་བཅད་འདིས་ནི་དབང་བསྐུར་རོ། །རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང༌། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །མི་ལྡོག་དབང་བསྐུར་བྱིན་ནས་ནི། །འཁོར་ལོ་དེ་ཉིད་སྦྱིན་པར་བྱ། །མི་མཉམ་མེད་པ་ཟུར་བཞི་པ། །སངས་རྒྱས་སངས་རྒྱས་མི་མཉམ་ཉིད། །ལུས་ཚོར་སེམས་དང་ཆོས་རྣམས་ཀྱིས། །གཅིག་དང་སྣ་ཚོགས་སྦྱོར་བྲལ་ཉིད། །དེ་དྲན་དེ་ལ་དད་པ་གང༌། །ཤར་སྒོར་བྱང་ཆུབ་ཕྱིར་འདོད་དོ། །དེ་ནས་བྱུང་དང་འབྱུང་འགྱུར་བའི། །ཕྱིན་ཅི་ལོག་སྤང་མ་སྐྱེས་བྱ། །མ་སྐྱེས་སྐྱེས་པའི་ཡང་དག་ཀྱང༌། །བསྐྱེད་པ་དང་ནི་གནས་བྱ་བ། །བརྩོན་འགྲུས་རྣམ་བཞི་ལྷོ་ཡི་སྒོ། །མདུན་དང་སྤྲོ་དང་གནས་དང་བློ། །རྫུ་འཕྲུལ་རྐང་དང་དྲན་པ་འདིར། །ནུབ་ཀྱི་སྒོ་ནི་ཡིན་པར་བཤད། །དད་དང་


DTG042_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་དྲན་བསམ་གཏན། །ཤེས་རབ་དབང་སྟོབས་མཉམ་མེད་དེ། །ཏིང་ངེ་འཛིན་ཡང་བྱང་དེ་ལྟར། །དྲན་ནས་དབང་པོ་སྒོ་བཞི་ཡིན། །དང་པོ་ལ་སོགས་བསམ་གཏན་བཞི། །རྟ་བབས་བཞིར་ནི་བྱུང་བ་ཡིན། །དཔའ་བར་འགྲོ་དང་མཁའ་མཛོད་སོགས།། ཏིང་འཛིན་ཁ་ཁྱེར་ཡིན་པར་བཤད། །ལག་ན་མཆོད་ཐོགས་གཡེན་སྤྱོ་རྣམས། །ཚིག་ལ་སོགས་པའི་གཟུངས་སོགས་ཡིན། །གང་ཕྱིར་སྣ་ཚོགས་རྒྱན་ལྡན་པ། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱ་བསྐྱོད་པའི་དམ་པའི་ཆོས། །ཡན་ལག་དགུ་སྒྲ་ཀུན་དུ་སྒྲོགས། །བ་དན་སྣ་ཚོགས་རླུང་གིས་བསྐྱོད། །རྩེ་མོར་དྲིལ་བཏགས་སྒྲ་སྒྲོགས་ཡིན། །ཡེ་ཤེས་མེ་ལོང་བྱང་ཡན་ལག །ཕྱོགས་ཀུན་དུ་ནི་འོད་རབ་གསལ། །དྲ་བ་དྲ་ཕྱེད་ཉི་ཟླ་དང༌། །རྔ་ཡབ་མེ་ལོང་མེ་ཏོག་ཕྲེང༌། །འཁོར་ལོ་རིན་ཆེན་སོགས་ཀ་བ། །རྣམ་ཐར་བརྒྱད་ཀྱིས་སྦྱངས་པ་ཡིན།། དེ་ཡི་ནང་གི་འཁོར་ལོ་དེ། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན། །ཕྱོགས་ཀུན་དུས་གསུམ་རྫོགས་སངས་རྒྱས། །རྡོ་རྗེ་ཐེག་པ་རབ་སྟོན་པས། །ཀུན་ནས་ཡོངས་སུ་ཟླུམ་པོར་ནི། །རྡོ་རྗེ་ཐིག་གིས་བསྐོར་བ་ཡིན། །ཡེ་ཤེས་ཀྱིས་འགྲོ་ལ་ཞེན་པས། །ཚོན་ནི་རྫོགས་སངས་རྒྱས་ལྔ་ཡིན། །དབང་པོ་དོན་སོགས་རྣམ་དག་པ། །རང་གི་མཚན་ཉིད་དབེན་པ་ཉིད། །ཤེས་རབ་ཡེ་ཤེས་བདུད་རྩི་ནི། །རྡོ་རྗེ་ཅན་གསོལ་བུམ་པའང་དེ། །ཚོགས་རྫོགས་པ་ཡི་རྒྱུ་མཐུན་པ། ཐུགས་རྗེས་བརླན་ཞིང་བུམ་པ་གང༌། །དཀྱིལ་འཁོར་གང་དུ་མེ་ཏོག་སྤོས། །མར་མེ་ཆེ་དང་དྲིར་བཤད་པ། །བྱང་ཆུབ་ཡན་ལག་ཡིད་རབ་ཚིམ། །ཆོས་ཀྱི་སྣང་བ་གྲགས་བསྡུས་ཡིན། །ཆོས་ཀྱི་ཟས་ནི་ལྷ་བཤོས་ཡིན། །ངོ་ཚ་ཁྲེལ་ཡོད་པ་ཡི་གོས། །གླུ་སྙན་གར་དང་རོལ་མོ་རྣམས། །བདེ་བ་ཆེན་པོ་རྣམས་འཕེལ་བའོ། །གྲོང་ཁྱེར་ཐར་པའི་གྲོང་ཁྱེར་པས། །དཀྱིལ་འཁོར་སྙིང་པོ་བསྡུས་པ་ཡིན། །འཁོར་ལོའི་དེ་ཉིད་ལེགས་བསྟན་ནས། །ལྷ་ཡི་དེ་ཉིད་བསྟན་པར་བྱ། །དད་དང་བརྩོན་འགྲུས་དྲན་བསམ་གཏན། །རྣམ་དག་སྒོ་སྲུང་མཆོག་གི་གཟུགས། །སྐུ་སོགས་རྣལ་འབྱོར་འཛིན་པའི་སེམས། །ཤེས་རབ་དག་པས་རབ་དྲི་མེད། །


DTG042_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སོགས་དྲུག་པོས་ཕྱི་རོལ་དག །གཟུགས་རྡོ་རྗེ་སོགས་རང་བཞིན་ཅན། །ས་ཐབས་ལ་སོགས་མཚན་མེད་ཕྱིར། །སྤྱན་ལ་སོགས་པའི་ངོ་བོ་ཉིད། །དོན་དང་སེམས་ཅན་བདག་ཀུན་རྟོག །འཇུག་པའི་ཤེས་པ་རྣམ་དག་པ། །མེ་ལོང་ལ་སོགས་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་ངོ་བོ་ཡིན། །མ་སྐྱེས་ཡེ་ཤེས་སྦྱོར་བ་ཡིས། །འཁོར་ལོའི་གཙོ་བོ་ལྟ་བུར་སྣང༌། །གཟུགས་སོགས་འཁྲུལ་པ་ལེགས་དག་པ། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སོ། །སེར་སྣ་ལ་སོགས་གནས་གྱུར་པ། །མཆོག་དང་སར་ནི་ཤིན་ཏུ་བསྟན། །རང་གི་རྣམ་རྟོག་གནས་གྱུར་པ། །སྟོབས་སོགས་ཚང་ཞིང་དྲི་མ་མེད། །རྣམ་པར་མི་རྟོག་ཟབ་པ་དང༌། །རྒྱ་ཆེ་བ་ནི་རང་གཞན་འབྱུང༌། །ཟབ་དང་རྒྱ་ཆེན་འདི་དག་ཉིད། །ཤེས་རབ་ཐབས་བདག་ཉིད་གང་སྟེ། །སོ་སོར་རང་རིག་ཆོས་ཡིན་ཕྱིར། །དབྱེ་ཡོད་དབྱེ་མེད་སོགས་མི་གནས། །དེ་ལྟར་སྤྲོས་པར་གྱུར་པ་ནི། །ཕ་རོལ་ཕྱིན་སོགས་འབྲས་བུར་སྣང༌། །དེ་ནས་རྣལ་འབྱོར་དམ་ཚིག་མཆོག །གཟུགས་དང་ལང་ཚོ་ཡོན་ཏན་ལྡན། །སྦྱོར་བྱས་སློབ་དཔོན་དེ་འདུག་ལ། །ཡེ་ཤེས་དབབ་པ་རབ་ཏུ་བརྟག །རྡོ་རྗེ་ཆུ་སྐྱེས་ཁ་ཕྱེ་ལ། །སངས་རྒྱས་རང་སྣང་གཞུག་པར་བྱ། །པདྨ་ལ་གནས་བརྟན་བྱས་ཏེ། །རིགས་བདག་སྣང་བ་ཐོབ་པ་དང༌། །རྡོ་རྗེའི་བདག་ཉིད་རང་མིང་བརྗོད། །འཁོར་ལོའི་སྦྱོར་བས་སྤྲོ་བར་བྱ། །རྡོ་རྗེ་ཆུ་སྐྱེས་སྒྲས་སངས་རྒྱས། །སྤྱན་དྲངས་འཁོར་ལོའི་ཕྱོགས་ལོགས་སུ། །བགེགས་རྣམས་བསམས་ལ་ཡང་དག་བསྲུང༌། །མཆོད་ཡོན་ཕུལ་ལ་རབ་ཏུ་འང་མཆོད། །ཡང་དག་བསྟོད་དེ་སྒོ་བས་སྒོར། །ལས་རྣམས་བྱས་ནས་བསྒྲུབ་པར་བྱ། །མིག་དང་སྐུ་སོགས་བྱིན་བརླབས་ལ། །དབང་བསྐུར་མཆོད་པ་ལ་སོགས་བརྟག །དངོས་གྲུབ་ཀུན་ཕྱིར་སེམས་ཅན་དོན། །མཛོད་ཅིག་ཅེས་ནི་གསོལ་བ་གདབ། །འཁོར་ལོ་ཡང་དག་བྲིས་ནས་ནི། །དང་པོ་རབ་གནས་ཆོ་ག་འདི། །སྐུ་གཟུགས་གླེགས་བམ་ལ་སོགས་ལ། །སྐྱེས་བུའི་མཐར་ཐུག་པས་དབང་བསྐུར། །བུམ་པ་མཆོད་ཡོན་བླ་རེ་སོགས། །བསྲུངས་ནས་སྦྱིན་སྲེག་སོགས་བཤད་གང༌། །ཡི་གེ་སྔགས་གསུམ་སྔགས་མཆོག་གམ།


DTG042_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཏུས་པ་ཡི་སྔགས་ཀྱིས་བྱ། །ཕྱི་ཡི་ཁྲུས་ནི་བྱས་བདག །འཁོར་ལོས་སྒྱུར་འདྲ་དེ་རང་ཉིད། །ཤེས་རབ་ཐབས་ཀྱི་བདག་ཉིད་གང༌། །བདག་ཉིད་མཆོག་ནི་དེ་ཉིད་ཡིན། །རྒྱུ་མཐུན་ཆུ་དང་ཕྲེང་བ་སྟེ། །རྣམ་སྨིན་རྡོ་རྗེའི་བདག་པོར་བཤད། །སྐྱེས་འབྲས་རྫོགས་སངས་རྒྱས་དབང་བསྐུར། །དབང་འབྲས་གསང་བའི་སྦྱོར་བ་ཉིད། །དེ་ནས་གཟུགས་སོགས་ཡོན་ཏན་ལྡན། །འཁོར་ལོའི་རྣལ་འབྱོར་ཤིན་ཏུ་གོམས། །དམ་ཚིག་སྡོམ་ལ་གནས་པ་ཉིད། །འཁོར་ལོའི་ཕྱག་རྒྱ་འང་བྱིན་གྱིས་བརླབ། །ཐུབ་པའི་དབང་ཚོགས་རྡོ་རྗེའི་མཐར། །ཡང་དག་དབབ་སྟེ་བདེ་མཆོག་སྟེ། །ཐུ་པོ་ཐ་མ་མིན་པར་བསྡམ། །སྣོད་གྱུར་སྒོར་ནི་ངེས་པར་དབབ། །བརྟན་པའི་བློ་ལྡན་སྣོད་ཀྱིས་ཀུན། །རྣམ་སྣང་བདག་ཉིད་ཅན་འཐུངས་ལ། །སྣ་ཚོགས་བཞིན་ཏེ་སྣ་ཚོགས་གྱུར། །ཀྱེ་མ་ཤིན་ཏུ་བདེན་ཚིག་བརྗོད། །ཤེས་རབ་ཡན་ལག་འདུས་དཔལ་ལྡན། །དེ་ཉིད་ཉེ་བར་ཤེས་པར་བྱ། །གཟུངས་འདི་ཤིན་ཏུ་ཡིད་འོང་སྟེ། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་གྱིས་རབ་སྦྱོར་བས། །བདེ་བ་དམ་པ་ཡང་དག་སྤྱོད། །རྡོ་རྗེའི་སྐྱིལ་ཀྲུང་ཉིད་དང་སེམས།། ནོར་ལྡན་ཁོངས་སུ་གཏོགས་པར་བསམ། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དག །རབ་གསང་ཤེས་རབ་མཆོག་གི་ནི། །དབང་བསྐུར་དེ་ཉིད་ཡང་དག་བཤད། །དབང་བསྐུར་འདི་ནི་ཇི་ལྟ་བར། །བྱང་ཆུབ་སྤྱོད་གཞན་དེ་བཞིན་དུ། །དགེ་བའི་ཚུལ་ནི་གཞན་གསུངས་པ། །སངས་རྒྱས་ཀུན་སོགས་འཐོབ་མི་འགྱུར། །དམ་ཚིག་དང་ནི་བསྲུང་བ་དང༌། །རྟག་ཏུ་སྡོམ་པ་བསྐྱང་བར་བྱ། །བཅུ་ཕྱེད་སྒྲོན་མ་མི་འཆི་སྤྱད། །དམ་ཚིག་གཞན་ཡང་བསྲུང་བ་ནི། །དཀོན་མཆོག་གནོད་གཞོམ་བུད་མེད་ཀུན། །མཆོག་མྱང་ལོག་པའི་ངག་མ་ཡིན། །འདི་དག་ཆོ་ག་བཞིན་བསྲུང་བ། །རྣལ་འབྱོར་རྒྱུད་དུ་གང་བཤད་པའོ། །དེ་ནས་དེ་བཞིན་གཤེགས་གྱུར་ལ། །གཟེངས་བསྟོད་འདི་དང་ལུང་བསྟན་ཏེ། །གཡོན་པ་སྙིང་གར་ཁུ་ཚུར་དང༌། །ཆོས་གོས་འཛིན་ཚུལ་གཡས་མཆོག་སྦྱིན། །ཨོཾ་ད་


DTG042_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་འདི་ལྟར་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་མཐའ་ནི་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་སིདྡྷི་བྷུར་བྷུ་བ་སྭཿ། །འདི་ཡིས་དབང་བསྐུར་གྱུར་པ་ཡི། །སྔགས་པ་འགྲོ་བ་ཀུན་གྱི་བདག །བླ་ན་མེད་པའི་བྱང་ཆུབ་ཏུ། །བདེ་གཤེགས་ཀྱིས་ཀྱང་ལུང་བསྟན་མཛད། །ངོ་བོ་ཉིད་ཀྱི་སེམས་ཅན་རྣམས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་བས་སེམས་ཅན་དོན་བྱའོ། །ཉིན་རེ་བཞིན་དུ་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པར། །གྱུར་པས་ཐུན་མོང་ཅིག་ཤོས་ཀྱི། །དངོས་གྲུབ་ཐོབ་པ་བསྒྲུབ་པར་བྱ། །མི་སྣང་བ་ནི་སྟོང་ཡིན་ཏེ། །མངོན་ཤེས་ལྡན་པ་ཉིས་སྟོང་ཡིན། །རིག་པ་འཛིན་པ་སུམ་སྟོང་གིས། །རྡོ་རྗེ་ཅན་ནི་འགྲོ་ཀུན་བདག །ཞི་དང་རྒྱས་སོགས་ལས་གང་དང༌། །དེ་ལས་གཞན་པ་ཅི་འདོད་པ། །འཁོར་ལོ་རྗེས་མཉེས་སྦྱོར་བ་ཡིས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །ད་ཡང༌། རྡོ་རྗེ་བདག་པོ་ཐམས་ཅད་ནི། །འདོད་ཆགས་དེ་ཉིད་དོན་སེམས་པ། །སེམས་ཅན་ཀུན་ལ་ཕན་བཞེད་པ། །འདོད་ཆགས་ལས་བྱུང་བྱང་ཆུབ་བྱེད། །དེ་བས་བྱང་ཆུབ་འདོད་ཆགས་པས། །ལུས་ངག་ཡིད་ཀྱི་སྤྱོད་པ་རྣམས། །ཐམས་ཅད་བྱང་ཆུབ་པར་འདོད་པས། །ཆོ་ག་བཞིན་དུ་ལས་རྣམས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་དབུགས་དབྱུང་བ་དཔལ་མཆོག་དང་པོ་ལས་བྱུང་བ། །ཇི་བཞིན་བཞུགས་པའི་སློབ་མ་དང་། །ཕན་དོན་གཉེར་བ་རྣམས་ལ་ཡང༌། །གང་ཕྱིར་དབུགས་འབྱིན་དམ་ཚིག་གསུམ། །ཆོ་ག་བཞིན་དུ་སྦྱིན་པར་བྱ། །མཆོག་གསང་དཀྱིལ་འཁོར་དམ་པ་འདི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས།། བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོད་མིན་ཏེ། །མི་ཚུགས་པ་དང་མི་གསོད་པས། །ཅིས་ཀྱང་མི་ཚུགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་


DTG042_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དམ་ཚིག་སྔོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་གཏམ་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །དམ་པའི་ཆོས་ནི་མི་སྤང་ཞིང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་མ་གདུངས་ཤིང༌། །ཅི་བདེ་བར་ནི་བདེ་བར་གཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་འདོར་ཞིང༌། །སློབ་དཔོན་སྤང་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཚུལ་མཚུངས་བླ་མ་ཡིས། །སློབ་དཔོན་ལ་ནི་གང་སྨོད་པ། །དེས་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་དང༌། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང༌། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང༌། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་གྱུར། །གང་ཕྱིར་འདིར་ནི་ལེགས་གནས་པས། །དེང་ཁྱོད་སྐྱེ་བ་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །དེང་ཁྱོད་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བསྟན་པ་ཡིས།།


DTG042_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནི་བདུད་ལས་རྣམ་རྒྱལ་ཏེ། །རྒྱལ་པོའི་བདག་པོར་བསྟན་པ་ཡིན། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེང་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་བསྐྱེད་བསྟེན་པར་གྱིས།། དེར་ནི་འགྲོ་ལ་མྱུར་བདེ་རྡོ་རྗེ་སེམས་དཔའ་དང༌། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །སློབ་མ་རབ་དང་མཉེས་གཤིན་པས། །བླ་མའི་ཞབས་ལ་ཕྱག་བྱས་ཏེ། །གཙོ་བོས་ཇི་སྐད་བཀའ་སྩལ་པའི། །གསུང་ནི་དེ་བཞིན་བདག་བགྱིད་དོ། །གལ་ཏེ་འབྱོར་ན་དེ་རྣམས་ཀྱིས། །མཐེ་བོ་གཡས་པ་ལག་གཡོན་གྱིས། །ལེགས་པར་བཟུང་སྟེ་རེ་རེ་ནས། །ཟི་བ་ཆོ་ག་བཞིན་དུ་བྱ། །དེ་ནས་རྒྱལ་པོའམ་ས་བདག་ཕྱིར། །སྦྱིན་བླུགས་གསུམ་མམ་བདུན་གཅིག་བྱའོ། །ཕྱོགས་སྐྱོད་བདག་ཉིད་ཞི་བྱའི་ཕྱིར། །སྲེག་བླུགས་ཕུལ་ལ་ཡོན་བླང་ངོ༌། །ཉན་པ་ལ་སོགས་རེ་རེ་ཞིང༌། །སེམས་ཅན་ཀུན་གྱི་དོན་བྱའོ། །ས་གཞི་རྒྱལ་སྲིད་གསེར་ལ་སོགས། །ཡང་ན་རང་གྲུབ་ཕྱིར་གྲོགས་ཉིད། །གང་དེ་བཏང་ནས་ལེགས་བླངས་པའི། །ཡོན་ཕུལ་བས་ནི་མགུ་བར་བྱ། །ཁ་ཟས་དང་ནི་སྤྱོད་ཀུན་གྱིས། །རང་གཞན་འཁོར་ལོ་མཆོད་པར་བྱ། །ལེགས་བཟུང་སྣོད་གྱུར་སློབ་མ་མཆོག །སྣ་ཚོགས་ཆེ་མཆོག་རྣམས་ཀྱིས་ནི། །ཚིམ་བྱས་མུ་ཡི་མཐའ་ཅན་གྱི། །ཡི་གེ་གསུམ་གྱིས་ཡང་དག་བསྡུ། །ཨ་ཀཱ་རོ་སོགས་སྔགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་དབྱི་བར་བྱ། །སློང་ལ་ཚོན་རྩི་ཅུང་ཟད་སྦྱིན། །ཚོན་རྣམས་ཆུ་བོ་ཆེན་པོར་དོར། །ཁུང་བུ་འགེངས་དང་རབ་གནས་དང༌། །སྦྱིན་སྲེག་དཀྱིལ་འཁོར་ནོར་གང་ཡིན། །དེ་ཀུན་སློབ་དཔོན་ཉིད་དབང་ཞེས། །རྡོ་རྗེ་མཆོག་ནི་འཛིན་པས་གསུངས། །དེ་ལྟར་དང་པོའི་ལས་ཅན་གྱིས། །དཀྱིལ་འཁོར་ཆོ་ག་གསལ་བར་བཤད། །ཡེ་ཤེས་དབབ་པ་ལེགས་ཐོབ་པ། །སེམས་དཔའ་དབབ་པ་ཉིད་བཤད་དེ། །ལོ་བཅུ་གཉིས་ལོན་བྱིས་པ་དང༌། །བུ་མོ་དབབ་བྱས་ཡང་དག་མཆོད། །དེ་ཉིད་ཀྱིས་བྲིས་འཁོར་ལོ་གང༌། །ཐུགས་ལ་མི་བསྐྱོད་མཱ་མ་ཀཱི། །དབབ་ཡིན་པར་ནི་ཡང་དག་བཤད། །གསུང་ལ་དཔག་མེད་གོས་དཀར་


DTG042_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །སྐུ་ལ་རྣམ་སྣང་མཛད་དང་སྤྱན། །ཐུགས་གསུང་སྐུ་ནི་ལེགས་དབབ་པས། །བྲིས་པ་འདི་ནི་རྨད་བྱུང་ཡིན། །ཐུགས་བབས་པས་ནི་ཡོངས་ཤེས་པ། །གསུང་བབས་གསང་སྔགས་སྨྲ་བའོ། །སྐུ་ཡི་བབས་པས་མཁའ་ལ་གནས། །དབབ་དང་གཡོ་བའི་ཆོ་ག་འདིའོ། །སློབ་དཔོན་སློབ་མ་དབང་བསྐུར་འདིར། །སྔ་མའི་ཚུལ་ནི་ཉིད་ཀྱིས་གནས། །ཡེ་ཤེས་དབང་ཐོབ་པ་ཡི་སེམས། །ཉིད་ཀྱིས་འཁོར་ལོ་གསུམ་པོ་བྱ། །བྱིན་བརླབས་དེས་ནི་འཁོར་ལོ་དེ། །གང་ཕྱིར་རང་བཞིན་དག་ལ་སྣང༌། །འདིར་ནི་འཇུག་དང་རྗེས་གནང་བས། །རྨི་ལམ་གསལ་བ་བཞིན་དུ་སྣང༌། །གང་ཕྱིར་སེམས་ཀྱི་ཚུལ་བསྟན་པས། །དེ་ནི་མཆོག་ཏུ་ཤེས་པར་བྱ། །རྣལ་འབྱོར་པ་གསུམ་ཆར་གྱིས་ཀྱང༌། །གསུངས་སྐུའི་གསང་བ་དག་བྱའི་ཕྱིར། །གསུང་སྐུའི་འཁོར་ལོའི་ཆོ་ག་ནི། །སྔོན་བཞིན་གནས་དེར་མི་བསྐྱོད་མཚན། །ཡེ་ཤེས་ལས་དང་པོ་ཅུང་ཟད། །ཐོབ་དང་ཡང་དག་འཐོབ་པས་ཀྱང༌། །ཡིད་ཀྱི་ཆོ་ག་ཀུན་བྱ་སྟེ། །དེ་མེད་པར་ནི་འགྲུབ་མི་འགྱུར། །རྡོ་རྗེ་སློབ་དཔོན་སློབ་མ་མཆོག །རྒྱུ་མཐུན་ལ་སོགས་དགའ་བའི་བདག །ཡིད་བཤད་ཆོ་ག་མཆོག་ཡིན་གྱིས། །ཚིག་ཙམ་གྱིས་འདིར་ཅི་ཞིག་འགྱུར། །འཇུག་པ་ཙམ་གྱིས་འཚང་མི་རྒྱ། །ཐོས་ཙམ་གྱིས་ཀྱང་མི་འགྱུར་རོ། །ཇི་སྲིད་བསམས་པར་གྱུར་པ་དང༌། །བསྒོམས་པ་ཉིད་ཀྱིས་འགག་པར་འགྱུར། །ཇི་སྐད་དུ། གསང་སྔགས་སྨྲ་རྣམས་མང་དུ་ནི། །སྤྲོས་ཏེ་སྨྲས་པས་ཅི་ཞིག་བྱ། །ཁྱད་པར་དུ་ནི་སེམས་བསྒྲུབས་ཏེ། །སེམས་ལས་རྫོགས་པའི་བྱང་ཆུབ་འབྱུང༌། །ཞེས་གསུངས་པ་དང༌། ཇི་སྐད་དུ། བྱང་ཆུབ་སེམས་ཀྱི་འབྲས་བུ་གང༌། །དེ་ནི་སངས་རྒྱས་ཡེ་ཤེས་མཆོག །རྡོ་རྗེ་སེམས་དཔའི་རང་བཞིན་དེ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ཐ་མ་རྣམ་རྟོག་མ་གཏོགས་པར། །སྲིད་སོགས་སྡུག་བསྔལ་གཞན་མེད་དེ། །དེ་ལྟར་འདི་ནི་སྔོན་འགའ་འདི། །ཤེས་རབ་ཐབས་ཀྱི་བདག་ཉིད་ཡིད། །དུས་ཆོས་ཕྱོགས་ཀུན་ཁྱབ་པ་ཡིས། །མ་ཆགས་འཁོར་ལོར་སྣང་བ་ན། །རྟོག་སྟེ་སྣང་བར་མི་འགྱུར་ན། །ལགས་


DTG042_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པར་གོམས་པས་དེ་ལྡོག་འགྱུར། །འདི་ནི་གང་གི་ལན་འགའ་ཡང༌། །མི་མཐུན་གྱུར་ཏེ་རྟག་པ་ཡིན། །གང་གི་རྒྱུན་ནི་གོམས་གྱུར་ལས། །དེ་ནི་ཤིན་ཏུ་ལྡོག་པར་འགྱུར། །གཞན་དག་ཐ་མལ་གཞོམ་པ་ནི། །འཁོར་ལོ་མཆོག་ལ་དེ་ཡོད་དེ། །ཆོས་ཀུན་བདག་ཉིད་འཁོར་ལོ་མཆོག །འགྲོ་བ་ཡོངས་དག་མངོན་གྱུར་ལས། །མངོན་སུམ་རྒྱུ་ལས་བྱང་ཆུབ་འབྱུང༌། །བསྐལ་པར་རྟོག་འདི་འབྲས་བུ་མེད། །རིམ་གྱིས་སྦྱིན་སོགས་བླང་བྱ་དང༌། །ཁྲིམས་སོགས་མ་ཆགས་ལས་ཟབ་ཡིན། །ཐ་མལ་མ་སྤངས་རྒྱ་ཆེན་མིན། །དུས་ཀྱི་ཚད་ཀྱིས་འདིར་བྱང་ཆུབ། །རང་གི་ཡུལ་དུ་བདག་ཉིད་ཅན། །མཁས་པས་ཐ་མལ་པ་རུ་བཤད། །འགྲོ་བ་རྫོགས་བྱང་འཁོར་ལོའི་བདག །སྐད་ཅིག་གིས་འདིར་བྱང་ཆུབ་སྣོད། །སྦྱིན་བྱ་ལ་སོགས་མི་དམིགས་ཀྱང༌། །སྦྱིན་སོགས་ཐ་མལ་བདག་ཉིད་ཅན། །བདག་མེད་ཐ་མལ་མི་འཇོམས་ཀྱི། །འཁོར་ལོ་མཆོག་ལ་དེ་ཡོད་མིན། །དེ་བས་ཀུན་རྟོག་རྣམ་བསལ་ཅིང༌། །ཀུན་ནས་འོད་ཟེར་རྣམ་འཕྲོ་བར། །བདག་ཉིད་ཀུན་དུ་བཟང་པོར་ནི། །བསྒོམས་པ་ཉིད་ཀྱིས་བྱང་ཆུབ་འཐོབ། །དེ་བས་འཁོར་ལོ་གསུམ་བསྟན་པ། །ཆོས་དང་ལོངས་སྤྱོད་སྤྲུལ་པའོ། །ཐུགས་དང་གསུང་དང་སྐུའི་གསང་བ། །སྐུ་གསུམ་རིམ་པ་དག་པ་ཉིད། །ཡེ་ཤེས་ལྔ་དང་སྐུ་གསུམ་ནི། །འཁོར་ལོའི་སྦྱོར་བདག་ཉིད་ཀྱིས་འགྲུབ། །རྣམ་པ་ཐམས་ཅད་མཁྱེན་གྲུབ་ན། །མི་འགྲུབ་དེ་ལས་གཞན་ཅི་ཡོད། །གང་ཕྱིར་བྱང་ཆུབ་ཕ་རོལ་ཕྱིན། །གཟུངས་དང་ས་རྣམས་གྲུབ་པ་དག །བདེ་ཆེན་རྣལ་འབྱོར་འདི་ལས་ནི། །རང་ཉིད་རྗེས་སུ་གྲུབ་པར་འགྱུར། །དེ་ལྟར་རྟོགས་པའི་དཔལ་ལྡན་དེ། །འཕགས་ཆོས་མཆོག་ཀུན་བསྡུས་པ་ཡིན། །ཕྲ་རབ་ཀུན་ནའང་འཁོར་གསུམ་མཆོག །རང་གི་ཡིད་ནི་སུ་མི་བསྒོམ། །དམ་ཆོས་རོ་མཆོག་མྱོང་གྱུར་དང༌། །ཐོས་པ་མང་པོ་གནས་བྱས་པས། །སྐྱེས་མཆོག་ཚད་མར་འདི་འགྱུར་ཕྱིར། །རང་སེམས་ཀྱིས་འདིར་ནན་གྱིས་བྱས། །བླ་མ་དམ་པའི་གཞུང་བཟུང་བ། །དད་པ་ཡིས་ནི་གསལ་བར་བྱས། །དད་སོགས་ནོར་ནི་བསྟེན་བྱ་ཡིན། །བསྟེན་འོས་སྐལ་ལྡན་སྨད་བྱ་མིན། །བདག་


DTG042_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དམན་པའམ་མཚུངས་དོན་ཡོད། །སེམས་ཅན་དམ་པས་ལེགས་བཤད་ནི། །བྱིས་པ་ལས་ཀྱང་བླང་བྱ་ཡིན། །དེ་ལྟར་རང་སེམས་ཉིད་ཀྱིས་བརྟགས། །རིམ་པས་བརྒྱུད་ཅིང་ཡང་དག་རྫོགས། །འཁོར་ལོ་བྲིས་པའི་དགེ་བ་གང༌། །འདིས་འགྲོ་འཇམ་དཔལ་རྡོ་རྗེར་ཤོག །བདག་ཀྱང་རྒྱལ་བ་ཉིད་གྱུར་ཅིག །སྡེབ་སྦྱོར་བྱས་པའི་ཚིགས་བཅད་ནི། །བཞི་བརྒྱ་ལྔ་བཅུ་པ་ཉིད་དུ། །རབ་བྱེད་འཇིག་རྟེན་ལེགས་དྲན་ཕྱིར། །དཀྱིལ་འཁོར་ཆོ་ག་འདི་བྱས་སོ། །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང༌། །ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །


previousདཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། མར་མེ་མཛད་བཟང་པོ།next