Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ།  བི་ཏ་པཱ་ད།
   
   


 
previousམཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ། བི་ཏ་པཱ་ད།next

མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ།
བི་ཏ་པཱ་ད།


DTG042_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །སུ་ཀུ་སུ་མ་ནཱ་མ་དྭི་ཀྲ་མ་ཏ་ཏྭ་བྷ་བ་ནུ་ཁ་ཨཱ་ག་མ་ས་ད་བྱ་པྲྀཏྟི། བོད་སྐད་དུ། མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བདེ་རྫོགས་ཟབ་གསལ་གཉིས་མེད་འོད་ཟེར་ལྡན། །དེ་ཡི་རང་བཞིན་ཞི་བ་བཅུ་དྲུག་ཕྱེད་ཆ་འབར། །དོན་དམ་སྙིང་པོ་དེ་སྟོན་བླ་མ་གསུམ་པོ་རབ། །དེ་ལ་བྱ་བྱེད་གསུམ་མཉམ་པ་ཡིས་རྟག་ཏུ་འདུད། །ཅེས་བྱ་བའི་ཚིག་དང་པོ་འདིས་ནི་བདག་ཅག་གི་བླ་མ་ཆེན་པོ་ལྷ་སངས་རྒྱས་དཔལ་གྱི་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་ལུང་བསྡུ་བར་བྱ་བའི་ཕྱིར་ཁྱད་པར་གྱི་རིན་པོ་ཆེ་གསུམ་ལ་སྐྱབས་སུ་འགྲོ་བས་བགེགས་ཀྱི་བར་ཆད་མི་འོང་ཞིང་བསམ་པ་རྫོགས་པར་བྱེད་པའི་ཆེད་དུ་མཆོད་པ་བརྩམ་སྟེ། ཡ་རབས་རྣམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་ལ་དཔལ་ལྡན་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་ནི་མཆོད་པའི་ཡུལ་གོ་རིམས་བཞིན་དུ་སངས་རྒྱས་དང༌། དེའི་རང་བཞིན་གྱི་ཆོས་དང༌། དེ་སྟོན་པའི་དགེ་འདུན་རིན་པོ་ཆེ་སྟོན་ཏོ། །དེ་ལ་བྱ་བྱེད་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་མཆོད་པའི་ཐབས་སྟོན་པར་བྱེད་དེ། །དེ་ལ་དང་པོ་དཔལ་ལྡན་ཞེས་པས་ནི་རྒྱུ་ཕུན་སུམ་ཚོགས་པ་གསུངས་


DTG042_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བདེ་རྫོགས་ཞེས་པ་ལ་སོགས་པའི་ཚིག་གིས་ནི་འབྲས་བུ་ཕུན་སུམ་ཚོགས་པ་གསུངས་སོ། །དེ་ཡང་བདེ་རྫོགས་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །ཟབ་གསལ་གཉིས་མེད་ཅེས་པས་ནི་ཆོས་ཀྱི་སྐུ་སྟོན་ཏོ། །འོད་ཟེར་ལྡན་ཞེས་པས་ནི་སྤྲུལ་པའི་སྐུ་སྟོན་ཏོ། །དེ་ཡི་རང་བཞིན་ཞི་བ་ཞེས་པས་ནི་རང་བཞིན་གྱི་ཆོས་སྟོན་ཏོ། །བཅུ་དྲུག་ཕྱེད་ཆ་འབར་ཞེས་པས་ནི་མཚོན་བྱེད་ཀྱི་ཆོས་སྟོན་ཏོ། །དོན་དམ་སྙིང་པོ་དེ་ཞེས་པས་ནི་ཁྱད་པར་དུ་བྱེད་པ་བསྟན་ཏོ། །བླ་མ་གསུམ་པོ་རབ་ཅེས་པས་ནི་ཁྱད་པར་དུ་བྱས་པའི་དགེ་འདུན་སྟོན་ཏོ། །དེ་ལ་བྱ་བྱེད་གསུམ་མཉམ་པ་ཡིས་ཞེས་པས་ནི་ཁྱད་པར་དུ་འཕགས་པའི་ཐབས་སྟོན་ཏོ། །རྟག་ཏུ་འདུད་ཅེས་པས་ནི་མི་འགྱུར་བའི་ཐབས་སྟོན་པར་བྱེད་དོ། །དེ་ནི་རེ་ཞིག་སྤྱིའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། དེ་ལ་དཔལ་ཞེས་པས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །དེ་ཡང་གང་ཞེ་ན། སྦྱིན་པ་ལ་སོགས་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ལུགས་སོ། །རྟེན་དང་རྟེན་ཅན་དེ་བཞིན་ཉིད་དང་བཅས་པ་སྟེ། ལས་དང་པོ་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིའོ། །ཤིན་ཏུ་ལེགས་པར་སྦྱངས་པའི་ཕྱག་རྒྱ་ཕུལ་དུ་བྱུང་བའི་ཆོག་དང་བཅས་པ་སྟེ། རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱིའོ། །འདི་ནི་གཞན་དུའང་ཤེས་པར་བྱ་བ་སྟེ། དེ་རྣམས་གང་ལ་ཡོད་པ་དེ་ལ་དཔལ་ལྡན་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཚོགས་གཉིས་ལས་བྱུང་བའི་ཕྱིར་རོ། །བདེ་རྫོགས་ཞེས་པ་ནི་བདེ་བ་ཐམས་ཅད་ཀྱི་ཕུལ་དུ་བྱུང་བ་སྟེ། དེ་ཡང་དགའ་བའི་ཡེ་ཤེས་ལས་སྐྱེས་ཤིང༌། །དེ་རྣམ་པར་དག་པ་མཚན་དང་དཔེ་བྱད་ཀྱིས་རྣམ་པར་བརྒྱན་པ་བྱང་ཆུབ་ཀྱི་སྙིང་པོའི་སྐུ་བཞིན་དུ་ཡོངས་སུ་དག་པའི་གདུལ་བྱ་རྣམས་ལ་བླ་ན་མེད་པའི་ལོངས་སྤྱོད་རྒྱུན་དུ་རྫོགས་པར་མཛད་ཅིང་རྟག་ཏུ་བཞུགས་པའོ། །ཟབ་གསལ་གཉིས་མེད་ཅེས་པ་ནི་འདུས་མ་བྱས་དང་འདུས་བྱས་གཉིས་སུ་མེད་པ་སྟེ། དེ་ཡང་ཉམས་གཅིག་གིས་རྟོགས་པའི་སྤྱོད་ཡུལ་ནི་ཡིན་གྱི། བྱེད་པ་ནི་མ་ཡིན་པ་དུས་གསུམ་དུ་ཡང་འགྱུར་བ་མེད་པ་གཏིང་དཔག་དཀའ་བ་དེ་ནི་འདུས་མ་བྱས་པའོ། །ཡེ་ཤེས་སྐད་ཅིག་མ་རྒྱུན་མི་འཆད་པར་གནས་ཤིང་རིགས་པས་རྣམ་པར་བསྐྱེད་ཅིང་རང་


DTG042_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལ་རྟག་ཏུ་འཇུག་པ་ནི་འདུས་བྱས་སོ། །དེ་གཉིས་ཆུ་དང་འོ་མ་ལྟར་ནམ་ཞིག་ན་དབྱེར་མེད་པ་དེ་ནི་དགའ་བ་བར་མའི་ཡེ་ཤེས་ཏེ་དེ་རྣམས་པར་དག་པའོ། །འོད་ཟེར་ལྡན་ཞེས་པ་ནི་སྤྲུལ་པ་ཞེས་པའི་ཐ་ཚིག་གོ །དེ་ཡང་སྲིད་པ་ཇི་སྲིད་ཡོད་པ་དེ་སྲིད་དུ་དག་པ་འང་རུང༌། མ་དག་པའང་རུང་སྟེ། དེ་རྣམས་ཀྱི་ཡིད་དང་མཐུན་པར་འཇུག་པ་སྟེ། ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་སམ། དཀྱིལ་འཁོར་གྱི་འཁོར་ལོའི་ཐབས་ལ་སོགས་པ་སྤྲོ་བ་སྟེ། དགའ་བྲལ་གྱི་ཡེ་ཤེས་རྣམ་པར་དག་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡི་རང་བཞིན་ཞི་བ་ཞེས་པ་ནི་ཆོས་ཀྱི་དབྱིངས་འདུས་མ་བྱས་པ་སྟེ། དེ་རྣམས་ཀྱི་རང་བཞིན་དུ་གནས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པའི་མཚན་ཉིད་རྣམས་གཟོད་མ་ནས་ཞི་བ་སྟེ། ལམ་གྱིས་མ་ཡིན་པའོ། །བཅུ་དྲུག་ཕྱེད་ཆ་འབར་ཞེས་པ་ནི་ཐིག་ལེ་ཞེས་པའི་དོན་ཏོ། །དེ་ཡང་བཅུ་དྲུག་ནི་དབྱངས་ཡིག་རྣམས་སོ། །དེ་ཡི་ཕྱེད་ཆ་ནི་ཐ་མའི་ཐིག་ལེ་གཅིག་ཅེས་པའི་ཐ་ཚིག་གོ །དེ་ཡང་བསྒྲུབ་པས་གནས་རྣམས་དཀྲུགས་པ་ལས་ཡི་གེ་རྣམས་བཅུ་དྲུག་པར་གྱུར། དེ་ཡང་ཉི་ཟླར་གྱུར། །དེ་ལྟ་བུའི་ཐིག་ལེར་གྱུར་ནས་རྡོ་རྗེའི་རྩེ་མོར་འགྲོ་བ་སྟེ། དེ་ཉིད་འོད་ཟེར་སྟོང་དུ་འབར་བའི་གཟུགས་སུ་རྣལ་འབྱོར་པ་རྣམས་ཀྱིས་འོག་ནས་འབྱུང་བའི་ཆོ་གས་བསྒོམས་ནས། །ཇི་སྐད་དུ་གསུངས་པའི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བའི་ཕྱིར་རོ། །དོན་དམ་སྙིང་པོ་དེ་ཞེས་པ་ནི་འདས་མ་ཐག་པའི་ཆོས་རྣམས་སོ། །དེ་སྟོན་པར་བྱེད་པའི་བླ་མ་ནི་གསུམ་སྟེ། ཕུལ་དུ་བྱུང་བའི་ལམ་སྟོན་པར་བྱེད་པས་ན་རབ་ཅེས་བྱ་སྟེ། མཆོག་ཅེས་བྱ་བའི་ཐ་ཚིག་གོ །དེ་ཡང་གསུམ་སྟེ། རྒྱུ་དང་རྐྱེན་དང༌། ལྷན་ཅིག་བྱེད་པའི་སློབ་དཔོན་ནོ། །དེ་ཉིད་བླ་མའི་ཞལ་སྔ་ནས་གཞུང་འདིས་བསྟན་ཏེ། འདི་སྐད་དུ། ཐུན་མོང་ཐུན་མིན་དམ་ཚིག་གནང༌། །ཆུ་སོགས་རིམ་པས་རང་གི་རྒྱུད། །དག་བྱེད་སློབ་དཔོན་ཉིད་དུ་བསྒྲུབ། །རྒྱུ་ཡི་སློབ་དཔོན་ཆེན་པོའོ། །དེ་དང་ལྷན་ཅིག་རྩེན་བྱེད་ཅིང༌། །བཅུ་དྲུག་ཆ་ཡི་རང་རྒྱུད་ལ། །ཞིང་དག་བྱེད་པའི་ལྷ་མོ་ཆེ། །རྐྱེན་གྱི་སློབ་དཔོན་ཉིད་དུ་བཤད། །དེ་ཡིས་གནང་བྱས་རང་གི་རིགས། །ལྷན་ཅིག་


DTG042_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྩེན་པས་བྱིན་རློབ་པས། །དགའ་བའི་ལྷན་ཅིག་སྐྱེས་རྟོགས་པས། །ལྷན་ཅིག་བྱེད་པའི་སློབ་དཔོན་ནོ། །ཞེས་གསུངས་སོ། །དེ་རྣམས་ཀྱང་དོན་དམ་པའི་སྙིང་པོས་རྣམ་པར་སྦྱངས་པ་སྟེ། ཐོས་པ་ལ་སོགས་པའི་སྟོབས་ཀྱིས་གྲོལ་བའི་ནུས་པ་རྙེད་པའོ། །ཇི་སྐད་དུ། ཤིང་ལས་འགྲེད་པའི་མི་གང་ཞིག །མི་འདོད་ཀྱང་ནི་རབ་ཏུ་ལྟུང༌། །དེ་བཞིན་བཅོམ་ལྡན་འདས་གསུངས་པའི། །སྟོབས་ཀྱིས་དེ་བཞིན་ཉིད་ཐོབ་པོ། །ཞེས་གསུངས་སོ། །དེ་རྣམས་ལ་བྱ་བྱེད་གསུམ་མཉམ་པས་ཤེས་ཏེ། །བྱ་བ་གསུམ་ནི་རིན་པོ་ཆེ་གསུམ་མོ། །བྱེད་པ་གསུམ་ནི་ལུས་ལ་སོགས་པ་གསུམ་མོ། །དེ་མཉམ་པ་ནི་གཅིག་ཏུ་འདྲེས་པས་བློས་ཟིན་པ་སྟེ། བསྒོམ་པ་ལ་སོགས་པས་ཞེས་པའི་ཐ་ཚིག་གོ །དེ་ཉིད་ཀྱིས་དེ་རྣམས་མཉེས་པར་གྱུར་པའི་ཕྱིར་རོ། །རྟག་ཏུ་འདུད་ཅེས་པ་ནི་མངོན་པར་རྟོགས་པ་ནས་བཟུང་སྟེ་མཐའ་མེད་པའི་འཁོར་བ་ཡན་ཆད་ཀྱི་བར་དུ་དབྱེར་མེད་པའི་བློས་ཟིན་པ་སྟེ། །གཞན་ལྟར་ཇི་སྲིད་འཚོའི་བར་དུ་ཞེས་པ་ནི་མ་ཡིན་ནོ། །གང་གི་ཕྱིར་རྟོག་པ་སྔོན་དུ་གཏོང་བའི་ཉན་པ་པོ་རྣམས་ཁས་མི་ལེན་པ་དེའི་ཕྱིར། །འཇིག་རྟེན་གསུམ་གྱི་སྒྲོན་མ་ལ་སོགས་པས་བཤད་པར་ཁས་འཆེས་པས་དེ་རྣམས་ཀྱི་འཇུག་པའི་ཡན་ལག་གསུངས་སོ། །འཇིག་རྟེན་གསུམ་ཞེས་པ་ནི་ས་འོག་ལ་སོགས་པ་ན་གནས་པའི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་ནང་ན་མར་མེ་ལྟ་བུ་རང་དང་གཞན་གསལ་བར་བྱེད་པའི་ཕྱིར་སྒྲོན་མའོ། །དེ་རྣམས་ཀྱིས་འདས་པ་ལ་སོགས་པའི་དུས་སུ་འདི་འབའ་ཞིག་སྟོན་པའི་ཕྱིར་རབ་ཏུ་བསྔགས་པའོ། །དེ་གང་ཞེ་ན། ཆོས་རྣམས་ཀུན་གྱི་སྙིང་པོ་ཞེས་ཏེ། གཟུགས་ལ་སོགས་པ་རྣམས་དེ་ལས་བྱུང་བའི་ཕྱིར་དང༌། །མི་འགྱུར་བའི་ཕྱིར་དང༌། འདོད་པའི་འབྲས་བུ་འབྱིན་པའི་ཕྱིར་རོ། །དངོས་ཀུན་དེ་ཉིད་ཅེས་པ་ནི། །ཆོས་ཐམས་ཅད་ལ་དུས་གསུམ་དུ་ཡང་མི་གཡོ་བའི་ཕྱིར་རོ། །སྲིད་པའི་དུག་ཆུ་ཞེས་པ་ནི་རྣམ་པར་རྟོག་པ་ནི་སྲིད་པ་སྟེ། དེ་ཉིད་ཀྱིས་ཟིན་པ་རྣམས་འཆི་བར་འགྱུར་བའི་ཕྱིར། །དུག་ཆུ་དང་འདྲའོ། །དེ་ཡང་ཐོག་མ་མེད་པའི་དུས་ནས་གཉིས་སུ་མེད་པའི་ཡེ་ཤེས་ལ་འཁྲུལ་པ་སྟེ། སྣ་ཡང་མེད་


DTG042_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དོ། །ཐབས་དང་བཅས་པའི་དེ་ཉིད་ཀྱིས་བློ་འཇིག་པར་འགྱུར་བའི་ཕྱིར་ཟློག་བྱེད་ཅེས་བྱའོ། །ཐབས་དེ་ཡང་གང་ཞེ་ན། གསུམ་ཁོང་བཾ་སྟེང་འབར་ཞེས་ཏེ། གསུམ་ནི་ཆོས་འབྱུང་གི་ཕྱག་རྒྱ་སྟོང་པ་ཉིད་ལ་སོགས་པའི་རང་བཞིན་གྲུ་གསུམ་དང་ལྡན་པ་གསང་བའི་པདྨའོ། །དེའི་ཁོང་པ་ནི་ནང་སྟེ། འདབ་མ་བརྒྱད་པ་སྟེ་ལྟེ་བ་དང་གེ་སར་གྱིས་བསྐོར་བ་ནམ་མཁའ་ལྔའི་རྒྱན་དང་ལྡན་པའོ། །བཾ་ནི་རྡོ་རྗེ་དེའི་སྟེང་ནི་ནོར་བུའི་ཆ་སྟེ། དེ་ན་འོད་ཟེར་འབར་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཇི་བཞིན་པའི་དོན་ལ་མི་སླུ་བའི་ཐིག་ལེའོ། །དེ་ཉིད་ལས་དང་པོ་ལ་སོགས་པ་བློ་གཞག་པས་ཇི་སྐད་དུ་གསུངས་པ་རྣམས་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་བཤད་པར་བྱའོ་ཞེས་སྦྱར་རོ། །གང་གིས་ཤེ་ན། འཇམ་དབྱངས་བླ་མའི་ལུང་གི་ཞེས་ཏེ་རང་བཟོ་དགག་པའོ། །འཇམ་ཞིང་མཉེན་པའི་དབྱངས་གང་ལ་ཡོད་པ་དེ་ནི་འཇམ་དབྱངས་ཏེ། དེའི་ལུང་ནི་དེ་ལས་འོངས་པའོ། །ཅིའི་ཕྱིར་བཤད་ཆེ་ན། རྟོགས་པའི་ཕྱིར་ཞེས་ཏེ། སྐལ་བ་དང་ལྡན་པ་འབའ་ཞིག་གིས་མི་བརྗེད་པའི་ཕྱིར་གཟུགས་སུ་བྱ་བའི་ཕྱིར་རོ། །དེ་རྣམས་ཀྱིས་བློ་གྲོས་ཅན་རྣམས་འཇུག་པའི་ཡན་ལག་རྣམས་སྟོན་ཏོ། །དེ་ཡང་གང་ཞེ་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐབས་དང་བཅས་པ་ནི་བརྗོད་པར་བྱའོ། །སེམས་ཅན་འགའ་ཞིག་གི་རྟོགས་པ་ནི་དགོས་པའོ། །དེ་དང་ལུང་གཉིས་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དུ་གནས་པ་ནི་འབྲེལ་པའོ། །དགོས་པ་ནན་ཏན་དུ་བྱས་པས་སྲིད་པའི་དུག་ཆུ་བཟློག་ནས་བདུད་རྩིའི་རོ་རྙེད་པ་ནི་དགོས་པའི་ཡང་དགོས་པའོ། །དེ་བས་ན་བཤད་པར་བྱ་ཞེས་ཏེ་ངེས་པའི་ཚིག་ལ་སོགས་པ་དང་ལྡན་པར་རོ། །དེ་རྣམས་དང་ལྡན་པ་ནི་ཆོས་ཡང་དག་པའོ། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་འགྲོ་བ་རྣམས་དད་པར་བྱ་བའི་ཕྱིར། རྫེ་བཙུན་བདག་ཉིད་ཀྱིས་དེ་ཁོ་ན་ཉིད་མཉེས་པའི་ལོ་རྒྱུས་གསུངས་པ། དབུས་ཀྱི་ཡུལ་ཆེན་ཞེས་པ་ལ་སོགས་པའོ། །དེ་ལ་བདག་ཅག་གི་བླ་མ་ཆེན་པོས་དང་པོར་ཡུལ་ཁམས་ནི་དབུས་ཞེས་བྱ་བ་སྟེ། ན་ལེནྡྲའི་ཕྱོགས་སོ། །ཡུལ་གྱི་མིང་ནི་ཁ་བིར་ཞེས་བྱའོ། །དེ་ན་གྲོང་ཁྱེར་


DTG042_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་འཇོག་ཅེས་བྱ་བ་ཡོད་དོ། །དེ་ཡི་ཕྱོགས་གཅིག་ན་འཕགས་པ་མང་པོས་བཀུར་བའི་སྡེ་པ་གཞུང་སྣ་ཚོགས་ཀྱིས་དུབ་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐོབ་པ། བཟང་པོ་སེང་གེ་ཞེས་བྱ་བར་གྲགས་པ་རབ་ཏུ་ཐོབ་པ་ཞིག་ཡོད་པ་དེ་མཉེས་པར་བྱས་ནས་ཕ་རོལ་ཏུ་ཕྱིན་པའི་ལུང་ཐོབ་ནས་དེ་ལས་གཞན་པའི་གཞུང་ཡང་མང་དུ་ཐོས་པས་དེ་ཉིད་ལ་འཐད་བསྒྲུབ་ཀྱིས་རྣམ་པར་དཔྱད་ཅིང་གནས་པ་ལ་ཤྲཱི་ན་ལེནྡྲ་རིག་པའི་ཆོས་གྲྭ་ཆེན་པོ་ན་གནས་པའི་དགེ་སློང་མ་ཡོན་ཏན་བཤེས་གཉེན་ཞེས་བྱ་བ། །བྲམ་ཟེའི་རིགས་སུ་སྐྱེས་པ་དད་པ་བརྟན་བ་ཞིག་ཡོད་པ་དེའི་ངོར། བླུན་བློས་ཞེས་ཏེ་ཕ་རོལ་ཏུ་ཕྱིན་པའི་བློས་གནས་པས་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་མ་རྟོགས་པའི་ཕྱིར་རོ། །རབ་ཏུ་བྱེད་པ་ཕྱོགས་འགའ་རྩོམ་བྱེད་པའི། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན་ལ་སོགས་པ་ཉུང་ཤས་ཅིག་ལ་བློ་འཕྲོད་པས་རྩོམ་པ་དང་སྟོན་པ་བྱས་ཏེ། ཕ་རོལ་ཏུ་ཕྱིན་པའི་གཞུང་དེས་ཕན་གདགས་པར་བྱ་བའི་ཕྱིར་རོ། །དེ་ནས་ཡུལ་དབུས་ལས་བྱང་དུ་དཔག་ཚད་ཉིས་བརྒྱ་སུམ་ཅུའི་ཕྱོགས་ན་ཡོན་ཏན་ཀུན་འབྱུང་ཞེས་ཏེ་མཁའ་འགྲོ་མས་བྱིན་གྱིས་རློབ་པ་ཕལ་ཆེར་དེ་ལས་འབྱུང་བའི་ཕྱིར། །ཨུ་རྒྱན་གྱི་ཡུལ་ལ་བྱའོ། །དེར་བགྲོད་ནས་དེའི་ཕྱོགས་གཅིག་ནོར་བུའི་གླིང་དུ་སྐུ་འཁྲུངས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པ། །དཔལ་སྣ་ཚོགས་གཟུགས་ཞེས་ཀྱང་གྲགས་པ། སློབ་དཔོན་ཆེན་པོ་འཇོག་སྒེག་རྡོ་རྗེ་ཞེས་བྱ་བ་ཡོད་དེ། དེ་ལ་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་མང་དུ་ཐོས་ནས། །འབད་པས་རྣམ་པར་དཔྱད་པ་ཡང་བྱས་སོ། །ཡང་གནས་དེ་ཉིད་ཀྱི་ཕྱོགས་གཅིག་ན་བསམ་གྱིས་མི་ཁྱབ་པའི་རིམ་པ་མན་ངག་ཐོབ་པ། རྣ་འབྱོར་མ་ཆེན་མོ་དེ་ཉིད་བརྙེས་པ་གུ་ནེ་རུ་ཞེས་བྱ་བ་ཞིག་གནས་པ་དེའི་དྲུང་དུ་བགྲོད་ནས་དེ་མཉེས་པར་བྱས་ཏེ། བླ་ན་མེད་པའི་རྒྱུད་མང་དུ་ཐོས་པར་བྱས་ནས། ཇི་སྐད་དུ་གསུངས་པའི་དམ་ཚིག་དང་དབང་ལ་སོགས་པས་བླ་མ་དེའི་ལུང་ཐོབ་ནས་གཟོད་བསྒོམ་པ་ལ་ཞུགས་སོ། །ལྷས་རྨི་ལམ་དུ་བསྟན་པ་ཨུ་རྒྱན་གྱི་གནས་དེ་ཡི་བྱང་ཕྱོགས་ཀྱི་ཆབ་སྒོ་ན། གདོལ་པའི་རིགས་ཛཱ་ཐིག་ཛྭ་ལ་ཞེས་བྱ་བ་ལ་བུ་མོ་ལོ་བཅུ་དྲུག་ལོན་པ་ཞིག་ཡོད་ཀྱིས། དེ་ནི་རིགས་ལས་སྐྱེས་


DTG042_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་མ་ལ་ཀྵྨཱི་ཆེན་མོ་ཞེས་བྱ་བ་ཡིན་ཡིས་དེར་སོང་དང་ཁྱོད་ཀྱི་དགོངས་པ་འགྲུབ་པར་འགྱུར་རོ་ཞེས་པ་དང༌། འཕྲལ་དུ་སོང་ནས་དེ་དང་བཤེས་སུ་འཐམས་ནས། ཟླ་བ་བརྒྱད་ཀྱི་བར་དུ་མཉེས་པར་བྱས་སོ། །དེས་ཀྱང་ཕྱག་རྒྱ་ཆེན་པོ་ལ་བྲོད་པ་ཡིན་པར་རྟོགས་ནས། ཕྲ་མོའི་ལུང་སྩལ་བ་ཙམ་གྱིས་དཔལ་ཛཾ་བྷ་ལའི་གྲུབ་པ་ཐོབ་བར་གྱུར་ཏོ། །དེ་ནས་ཡུལ་ཛཱ་ལེནྡྷ་ར་ཞེས་བྱ་བ་ན་གྲོང་ཁྱེར་ཀ་ནོ་ཛེར་ཞེས་བྱ་བ་ཡོད་དེ། དེའི་ཕྱོགས་གཅིག་ན་ཤེས་རབ་གཙོ་བོར་བྱེད་བའི་རྒྱུད་ལ་བསམ་པ་ཆུ་ཀླུང་ལྟ་བུར་གྱུར་པ་བྱིས་པ་ཆུང་བའི་ཞབས་ཞེས་བྱ་བའི་དྲུང་དུ་བགྲོད་ནས། དེ་མ་ཉེས་པར་བྱས་ནས་དེའི་གཞུང་ཐོས་ཤིང་ལུང་ཡང་ཐོབ་པར་བྱས་ཏེ་བསྒོམ་པ་ཡང་ནན་ཏན་དུ་བྱེད་དོ། །དེ་ནས་ཡུལ་དབུས་ནས་ལྷོ་ཕྱོགས་སུ་དཔག་ཚད་སུམ་བརྒྱ་ཡོད་པ་ན་ཡུལ་ཀོདྐ་ན་ཞེས་བྱ་བ་ཡོད་དེ། དེ་ལ་ནམ་མཁའི་ཤིང་ལྡན་ཞེས་བྱ་བ་སྟེ། ཅིའི་ཕྱིར་ཞེ་ན། རྩ་བ་མེད་པར་ཤིང་རྣམས་ལ་འཁྲིས་ཤིང་སྟེང་དུ་བྲེས་པ་ལྟ་བུར་གནས་པའོ། །ཡུལ་དེའི་ཕྱོགས་གཅིག་ན་ཐབས་གཙོ་བོར་བྱེད་པའི་རྒྱུད་ལ་དགོངས་པ་ཆུ་ཀླུང་ཆེན་པོ་ལྟ་བུར་གྱུར་པ་སྐྱེས་བ་གཅིག་གིས་ཐོགས་པ་གྲུབ་པའི་དབང་ཕྱུག་བསྲུང་བའི་ཞབས་ཞེས་བྱ་བ་གནས་ཏེ། དེ་ཡང་རྫུ་འཕྲུལ་དང་ལྡན་པའི་སློབ་མས་བསྐོར་བའོ། །དེ་དག་ཀྱང་གང་ཞེ་ན། བྲམ་ཟེ་ཙ་ཏྲ་ར་ཞེས་བྱ་བ་དང༌། བྲམ་ཟེ་གུ་ཧྱ་པརྟ་ཞེས་བྱ་བ་དང༌། རྒྱལ་རིགས་མཉྫུ་ཤྲཱི་ཞེས་བྱ་བ་དང་རྗེའུ་རིགས་པཱུརྞ་བྷ་དྲ་ཞེས་བྱ་བ་དང༌། དམངས་རིགས་དཱི་པཾ་ཀ་ར་ཞེས་བྱ་བ་དང༌། དམངས་རིགས་ཁ་རྞ་པུ་ཏྲ་ཞེས་བྱ་བ་དང༌། སྨད་འཚོང་མ་ཨཱ་ལོ་ཀི་ཞེས་བྱ་བ་དང༌། སྨད་འཚོང་མ་ས་དུ་ཤི་ལ་ཞེས་བྱ་བ་སྟེ། དེ་ཀུན་གྱི་ཡོ་བྱད་དང་གོས་ཟས་ནི་ལྷ་མོ་ནོར་གྱི་རྒྱུན་ཞེས་བྱ་བ་དེས་ཉི་མ་རེ་རེ་ཞིང་གསེར་གྱི་མ་ཤ་བཅུ་དང་མུ་ཏིག་གི་ཧ་ར་ཕྱེད་དང་ཀཱཪྵཱ་པ་ཎ་སུམ་བརྒྱ་སྦྱོར་རོ། །བླ་མ་དམ་པ་དེའི་དྲུང་དུ་ལོ་དགུའི་བར་དུ་འདུད་ཅིང་སྐྱེ་བ་གཅིག་གིས་ཐོགས་པར་བྱས་སོ། །འདུས་པའི་རྒྱུད་ཆེན་ཞེས་པ་ལ་སོགས་པ་ནི་བླ་མའི་དགོངས་པ་སྟེ། དེ་ལ་འདུས་པའི་རྒྱུད་ནི་རྣལ་འབྱོར་རྣམས་སོ། །དེའི་འགྲེལ་པ་ནི་རྣལ་འབྱོར་བསླབ་པ་སྨེ་ཤ་ཅན་གྱི་བུ་མོ་བི་མ་ལ་མུ་དྲིའོ། །དེ་དང་བཅས་པར་བཅོ་བརྒྱད་པར་དུ་མཉན་


DTG042_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཟླ་བ་བཅོ་བརྒྱད་ཀྱི་བར་དུ་བསྒྲུབ་པའོ། །བདག་གིས་མ་རྟོགས་པ་ཞེས་པ་ནི་རྟོགས་པའི་དབའ་རླབས་མ་འཕྲོས་པའོ། །བླ་མ་ཆེན་པོས་ཀྱང་བདག་གིས་ཀྱང་མ་རྟོགས་ཞེས་གསུངས་པ་དང༌། ཐུགས་ཅུང་ཟད་ཆད་ནས་འདི་མ་རྟོགས་པར་གཞན་ནི་དོན་མེད་དོ་པར་བསམས་ནས། རང་གི་ཕྱག་རྒྱ་འདུས་པའི་གླེགས་བམ་དུ་བྱས་ནས་མགུལ་དུ་བཏགས་ནས་དེ་ལ་བྱང་ཕྱོགས་སུ་བགྲོད་དེ། རྡོ་རྗེ་གདན་གྱི་རྒྱབ་ན་ཀུ་བ་ཙ་ཞེས་བྱ་བའི་ཚལ་ཡོད་དེ་དེར་ཕྱིན་པའོ། །དེ་ཡི་དགོངས་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ལས་ཁ་ཕྱིར་བལྟས་པའི་སེམས་ཅན་རྣམས་ཀྱི་ནང་ན་བདག་གནས་ཏེ། དེ་ན་འདོད་ཆགས་ལ་སོགས་པའི་སྟག་དང་དྲེད་ལ་སོགས་པ་མང་ཞིང་ཤིན་ཏུ་འཇིགས་པའི་ས་སྟེ། བདག་དེ་ལས་ཐར་པར་འདོད་པའི་ཕྱིར་དེར་ཟླ་བ་དྲུག་བསྐུལ་བ་དང་བཅས་པའི་བསྒྲུབ་པས་གཞན་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་རྟོགས་སོ་ཞེས་སོ། །ཇི་ལྟར་རྟོགས་ཤེ་ན། སྤྲུལ་པའི་དགེ་སློང་ཞེས་པ་ལ་སོགས་པའོ། །དེ་ཡང་རྡོ་རྗེ་འཛིན་པ་ཆེན་པོས་སྤྲུལ་པའི་དགེ་སློང་བྱི་བའི་ཤམ་ཐབས་ཅན་ཆོས་གོས་ལས་ཐོད་བྱས་པ་གཅིག་ཞིང་རྨི་ཞིང་གནས་པ་དང༌། བླ་མ་གཉིས་ཏེ་བུ་ཆུང་དང་ལྡན་པའི་བུད་མེད་ངན་པ་དང༌། ཁྱི་མོ་དཀར་བ་མཚན་མ་ཅན་ནོ། །དེ་རྣམས་དང་ཕྲད་པ་ལས་རྟོགས་པའི་རླབས་མི་མངའ་བས་བླ་མས་དེ་རྣམས་ལམ་ཁྲེལ་ཏོ། །དེ་ནས་དགེ་སློང་གིས་སྔགས་ཀྱི་སྤྱོད་པའི་མཆོག་ལ་གནས་པར་ཤེས་ནས། དེ་ལ་སྤྱན་རས་ཀྱིས་བཙའ་བའི་ཕྱིར། འཇམ་དབྱངས་ཀྱི་དཀྱིལ་འཁོར་སྤྲུལ་ལོ། །ཚེས་གང་ཞེ་ན། མགོ་དང་ལག་གཉིས་ཡོལ་དང་ཚེས་བརྒྱད་རྒྱལ་ལ་བབ་ཅེས་སོ། །རྣམ་ཟླ་གང་ཞེ་ན། །སྟོན་ཟླ་ར་བ་ཞེས་སོ། །དུས་གང་ཞེ་ན། ཐོར་རངས་སྐྱེག་རེངས་ཤར་དུ་སུ་ཞེའོ། །དེར་སྤྲུལ་པའི་དཀྱིལ་འཁོར་དང་བླ་མ་ལ་མོས་པ་དྲིས་པ་དང༌། སྤྲུལ་པའི་དཀྱིལ་འཁོར་ལ་མོས་པར་བཀའ་སྩལ་པ་དང༌། དགེ་སློང་བླ་མ་དང་བཅས་པ་དེ་ཉིད་དུ་ཀང་པ་ཆུང་དུ་ཅིག་གི་ནང་དུ་ཞུགས་སོ། །དེ་ནས་བླ་མ་ཆེན་པོས་འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་ལ་དེ་བཞིན་ཉིད་བླང་བར་བྱ་བའི་ཕྱིར་གསོལ་བ་འདི་སྐད་དུ་བཏབ་པོ། །ཁྱོད་ནི་ཞེས་པ་ལ་སོགས་པའོ། །སེམས་ཅན་ཀུན་ཞེས་པ་ནི་དག་པ་དང་མ་དག་


DTG042_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སོ། །ཡབ་སྟེ་ཞེས་པ་ནི་དེ་རྣམས་ཀྱང་དེའི་ཡེ་ཤེས་ལས་འཁྲུངས་པའི་ཕྱིར་རོ། །ཡུམ་ཡང་ཡིན་ཞེས་པ་ནི་དེའི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱིར་རོ། །བདག་ལ་སོགས་པ་ཞེས་པ་ནི་ཡེ་ཤེས་ཞབས་ནས་རིམ་པ་ལས་བྱུང་བ་ཇི་སྙེད་པའོ། །འཇིགས་པ་ཆེ་ཞེས་པ་ནི་འཁོར་བའི་རྒྱ་མཚོ་ནས་ཟབ་གསལ་གྱི་གྲུ་ཤོར་ནས་ལས་དང་ཉོན་མོངས་པའི་དབའ་རླབས་ཀྱིས་དཀྲུགས་ནས་སྐྱེ་གནས་བཞིར་དེད་དེ། མི་རྟག་པའི་སྲིན་པོའི་ཁར་འགྲོ་བའོ། །འགྲོ་བའི་དབང་པོ་ཞེས་པ་ནི་བདག་པོར་གྱུར་པའི་ཕྱིར་རོ། །རྗེ་བཙུན་ཞེས་པ་ནི་བཀུར་བའི་འོས་སུ་གྱུར་པའི་ཕྱིར་རོ། །སྡུག་བསྔལ་སེལ་ཞེས་པ་ནི་ཆོས་སྟོན་པའི་ཕྱག་གིས་གོང་དུ་སྨོས་པ་ལས་སྒྲོལ་བའོ། །ཡབ་སྟེ་ཡུམ་ཡང་ཡིན་ཞེས་བསྟན་པའི་ཕྱིར། ཁམས་གསུམ་གཏོང་བྱེད་ཅེས་སོ། །སོ་སོའི་སྐྱེ་བོ་ལས་ཆེ་བ་ནི་ཉན་ཐོས་ཏེ། དེ་ལས་རང་སངས་རྒྱས། དེ་ལས་བྱང་ཆེ་བ་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་སྟེ། དེ་ལས་ཀྱང་ཆེ་བ་ནི་འཇམ་པའི་དབྱངས་ཏེ། མཐར་ཐུག་པའི་གནས་རྟོགས་པའི་ཕྱིར་རོ། །སྐྱེ་བོ་ནི་འཕགས་པའི་ཆོས་རྣམས་མངོན་དུ་མ་བྱས་པ་རྣམས་སོ། །དེ་སྐྱོངས་ཞེས་གསོལ་བ་བཏབ་པའོ། །དེ་ལྟར་འབྱུང་བའི་གནས་སུ་བསྟན་ནས། །ད་ནི་གཉིས་པའི་ཆས་ཡི་གེ་དང་བྲལ་བར་སྟོན་པ། ཐོག་མ་ཞེས་པ་ལ་སོགས་པའོ། །ཐོག་མ་མེད་ཁྱོད་ཅེས་པ་ནི་ཟབ་མོ་སྟེ་དང་པོ་མེད་པའོ། །དེ་མེད་པས་ཟླ་བ་ཚེས་པའི་རྣམ་པ་ལྟ་བུའི་ང་རོ་མེད་པ་སྟེ། ཐིགས་པ་ནི་ཐིག་ལེའོ། །སྟེང་ཆ་ནི་ཨོཾ་སྟེ་གཞན་ཡང་རྟོགས་པར་བྱའོ། །དེ་རྣམས་མེད་པས་ཡི་གེ་མེད་ཅེས་ཏེ་དེ་རྣམས་ཀྱིས་ཁྱད་པར་དུ་བྱས་པ་རྣམས་མེད་དོ། །དེ་ལྟར་མེད་ཀྱང་དེ་རྟོགས་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་ཁམས་རྣམས་གསོ་བར་བྱེད་པས་ན། བདུད་རྩི་རབ་དགའ་བ་དེ་སྟོང་བྱེད། །ཅེས་སོ། །དེ་ཉིད་གསུངས་པ། འགྲོ་ལ་ཕན་ཕྱིར་ཞེས་སོ། །བདེ་བ་ནི་མཆོག་གི་དགའ་བའོ། །སངས་རྒྱས་རྣམ་ཀུན་ཞེས་པ་ནི་ཕུང་པོ་ལ་སོགས་པའོ། །དེ་རྣམས་ལ་རབ་དགྱེས་བདེ་བ་ཞེས་ཏེ་ཟབ་མོ་དང༌། ཡང་དག་པར་གསལ་བ་མཚོན་པ་ཉམས་དགའ་བའི་གཟི་བརྗིད་ཕུང་པོའོ། །དེ་ལ་


DTG042_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཆེན་ཁྱོད་ཀྱིས་ཞེས་ཏེ་འཁྱམ་པ་ལྟ་བུར་གནས་པའི་སྐྱབས་སུ་གྱུར་པའི་ཕྱིར་ན་འཇམ་དབྱངས་སོ། །གཏོང་བར་མཛོད་ཅེས་པ་ནི་ཐབས་ཀྱིས་སྟེར་བས་གཞན་གྱི་རྒྱུད་ལ་འཕྲོ་བར་མཛོད་ཅིག་ཅེས་པའོ། །དེ་ལྟར་རང་བཞིན་གྱིས་བསྟོད་ནས། །ད་ནི་ལམ་གྱིས་བསྟོད་པ། སྐྱོན་གྱིས་ཞེས་པ་ལ་སོགས་པའོ། །དེ་ལ་སྐྱོན་གྱིས་མ་གོས་ཞེས་པ་ནི་གཞན་གྱིས་བརྟགས་པའི་སྐྱོན་ཏེ། ཇི་བཞིན་པ་ལ་འཁྲུལ་པར་བྱེད་པའི་ཕྱིར་རོ། །ནམ་མཁའ་ལྟར་དེ་ལ་ནི་དེས་གོས་པ་མེད་པ་སྟེ། དེ་ཡང་གང་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ལམ། །ཞེས་ཏེ། གང་གོང་ན་མེད་པ་ནི་བླ་ན་མེད་པ་སྟེ་བྱང་ཆུབ་པོ། །དེའི་ལམ་ནི་དེར་འགྲོ་བ་སྟེ་རིམ་པ་གཉིས་ཐོབ་བྱེད་དང་ལྡན་པའོ། །ཇི་ལྟ་བུ་ཞེ་ན། སྣ་ཚོགས་སྡུག་བསྔལ་ཞི་མཛད་ཅེས་དེ་རྟོག་པ་མང་བའི་ཕྱིར་སྡུག་བསྔལ་ཡང་མང་བ་སྟེ། དེས་འཇུག་པ་བུལ་མྱུར་གྱིས་དེ་ཞི་བར་མཛད་པའོ། །དེ་ཉིད་ཀྱི་ཁྱད་པར་གསུངས་པ། སྐོམ་པ་ངོམས་མཛད་ཅིང་ཞེས་ཏེ། འཁོར་བའི་འབྲོག་དགོན་པ་ན་ལས་དང་ཉོན་མོངས་པའི་ཚད་སྐོམ་གྱིས་གདུངས་པ་རྣམས་ཞེས་པའི་དོན་ཏོ། །ཡང་དེ་ཉིད་གསུངས་པ། འཁོར་བ་དབའ་ཀློང་ཐར་མཛད་ཅེས་ཏེ། འཁོར་བ་ཉིད་དབའ་ཀློང་སྟེ་རྣམ་པར་གཡེང་ཞིང་དེ་ཉིད་དུ་འཁོར་བའོ། །དེ་ལས་འབྱུང་བར་བྱེད་པ་ནི། ཐར་པར་མཛད་པ་སྟེ་ལམ་མོ། །དེ་ཉིད་ཀྱི་ཁྱད་པར་གསུངས་པ། བདེ་ལ་འགོད་མཛད་པ་ཞེས་ཏེ་བདེ་བ་ནི་ལེགས་པ་ཤིན་ཏུ་བདེ་བ་སྟེ། དམ་ཚིག་ཆེན་པོ་རྡོ་རྗེ་ལྟ་བུའི་དེ་ཁོ་ན་ཉིད་དོ། །རིན་པོ་ཆེའི་གླིང་དང་འདྲ་བར་ངལ་སོས་པའི་ཕྱིར་རོ། །དེ་ལ་དགོད་མཛད་པ་ནི་ལས་དང་པོ་པ་ལ་སོགས་པའི་རིམ་པས་ཞེས་སོ། །དངོས་ཀུན་རྒྱལ་བས་མི་དཔོགས་ལམ། །ཞེས་པ་ནི་ལམ་འདི་ནི་དངོས་པོ་ཀུན་ཤེས་པའི་རྒྱལ་བས་ཀྱང་ནི་མི་དཔོགས་ཞེས་ཏེ། བླ་མའི་མན་ངག་དང་བྲལ་བས་མི་ཤེས་པར་སྟོན་པ་སྟེ། དོན་མཆོག་ཏུ་ཟབ་པར་སྟོན་པའི་ཐ་ཚིག་གོ །ད་ནི་རྗེ་བཙུན་བདག་ཉིད་ཆེ་བས་བསྟོད་པ། ཞི་བའི་ཞེས་པ་ལ་སོགས་པའོ། །ཞི་ཞེས་པ་ནི་ཁ་ན་མ་ཐོབ་ལས་སོང་བས་ཀྱང་ཕྱོགས་གཅིག་གི་གཏམ་ཡོད་དེ། དེ་ལས་ཀྱང་གོང་དུ་ཞི་བ་ནི་རྡུལ་དང་རབ་བྲལ་ཞེས་ཏེ་ཤིན་ཏུ་ཕུལ་དུ་བྱུང་བའི་ཡེ་ཤེས་ཀྱིས་ཁྱད་པར་དུ་བྱས་པས།


DTG042_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཕྲ་བའི་རྡུལ་དང་བྲལ་བ་སྟེ། ཐམས་ཅད་ཀྱིས་མཐར་ཐུག་པའི་གནས་རྟོགས་པའི་ཕྱིར་རོ། །དེ་བས་ན་འཇུམས་པས་སྤངས་ཞེས་པ་སྟེ་གུས་པ་དང་སྦྱོར་བ་ལ་སོགས་པས་སོ། །ཆོས་ཐམས་ཅད་ཡི་གེ་དམ་པའི་ངོ་བོས་རྣམ་པར་དག་པས་ན། ཚིག་དང་བྲལ་ཏེ་བསྒྲགས་ཀྱང་ཁོང་དུ་མི་ཆུད་དེ། དེ་བས་ན་སྒོམ་པ་ལས་འདས་ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར། །མཁའ་འདྲ་དྲི་མས་མ་གོས་པ། །ཞེས་ཏེ་ཐམས་ཅད་ལ་ཁྱབ་ཅིང་གདོད་མ་ནས་དག་པའི་ཕྱིར་རོ། །དེ་ཉིད་སྒྱུ་མ་ཀུན་འདས་ཞེས་ཏེ། ཀུན་རྫོབ་ཀྱི་བདེན་པའི་ཆ་རྣམས་ཟད་པའི་ཕྱིར་རོ། །འདོད་པ་ཀུན་ལ་རྒྱབ་ཀྱིས་ཕྱོགས། །ཞེས་པ་ནི་གཟུགས་ལ་སོགས་པ་རྣམས་ལ་རྒྱབ་ཀྱིས་ཕྱོགས་པ་ནི་ཡང་དག་པར་གནས་པའི་གཟུགས་ལ་སོགས་པ་སྟེ་ཡང་དག་པའི་གསལ་བ་མི་འགོག་པའོ། །དེ་རྣམས་དང་ལྡན་པའི་རྗེ་བཙུན་ནི་འཇམ་པའི་དབྱངས་ཏེ། མཐའ་མེད་པའི་འཁོར་བའི་བར་དུ་དེའི་རང་བཞིན་དུ་བཞུགས་པ་ལ་སྐྱབས་སུ་མཆི་ཞེས་སོ། །དེ་འདྲ་བའི་རྗེ་བཙུན་ལས་བྱུང་བའི་དབང་གཉིས་ཐོབ་པར་བྱེད་པ་དང་བཅས་པ་གསུངས་པ། དྲེགས་མེད་གྲགས་ཞེས་པ་ལ་སོགས་པའོ། །དྲེགས་མེད་གྲགས་ཞེས་པ་ནི་ང་རྒྱལ་མེད་པའོ།། འཇིགས་མེད་ཅེས་པ་ནི་ཡིད་ཞུམ་པར་མི་བྱེད་པའོ། །བྱང་ཆུབ་ཆེན་པོ་ཐོབ་ཀྱི་བར། །ཞེས་པ་ནི་དེ་ཐོབ་ནས་འབྲས་བུ་ལ་སྤྱོད་པ་སྟེ། དམ་ཚིག་དང་སྡོམ་པ་ནི་སྔོན་དུ་འགྲོ་བའི་ཡང་སྔོན་དུ་འགྲོ་བ་སྟེ། དེ་བས་ན་ཡང་དག་པའི་གནས་མ་རྟོགས་ཀྱི་བར་དུ་ནི་འཁོར་བར་འཚོ་བར་འགྱུར་བའོ། །དེ་ལྟར་འཚོ་བར་འགྱུར་ཡང་འཇིག་རྟེན་གྱི་དམྱལ་རྩུབ་ཏུ་ལྟུང་བར་མི་འགྱུར་ཏེ། མཐུན་པའི་གཟུགས་སུ་གནས་པས་དེའི་ས་ཉམས་དམས་པར་བྱས་པའི་ཕྱིར་རོ། །དེ་བས་ན་དེའི་དུས་སུ་ཁྱོད་ཀྱིས་གསུངས་པའི་དམ་ཚིག་ཅེས་ཏེ། སྤང་བར་བྱ་བ་བླ་མ་བརྙས་པ་ལ་སོགས་པ་ཇི་སྙེད་པ་དོར་བའི་མཚན་ཉིད་དང༌། བདུད་རྩི་ལྔ་བཟའ་ཞིང་གདུག་པ་གསད་པ་ལ་སོགས་པ་བསྲུང་བར་བྱའོ། །སྡོམ་པ་ཞེས་པ་ནི་མ་སྦྱངས་པའི་རིག་མ་སྤང་བ་ལ་སོགས་པ་དང༌། ཡུལ་གྱི་ཉེ་བར་ལོངས་སྤྱོད་པའི་བཀག་པ་སྐུ་ལ་སོགས་པའི་རྡོ་རྗེ་ཞེས་པས་རྣལ་འབྱོར་པ་སྙིང་པོའི་བསྲུང་བར་བྱ་བའོ། །


DTG042_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་མ་ཡིན་པ་རྣམས་ཞེས་པ་ནི་གང་ལ་དེ་མེད་པ་དེ་དང་ཞེས་པ་ནི་སྔ་མའི་ཚིག་གོ །བདག་ལ་སོགས་པ་ཞེས་པ་ནི་བཤད་ཟིན་ཏོ། །གར་ཆེན་ཞེས་པ་ནི་དབུགས་འབྱིན་པར་བྱེད་པའི་སྤྱོད་པ་སྟེ། སྙོམས་པར་འཇུག་པའོ། །དེ་ཡི་རྣམ་པར་རོལ་པ་ནི་པདྨའི་བསྟན་བཅོས་ཀྱི་གཞུང་གིས་གྲགས་པའི་གར་ཏེ་དེ་མཛད་ཅིང་ཞེས་སོ། །དེ་གང་ཞེ་ན། ཉེ་བར་མཚོན་པའི་དོན་དུ་གསུངས་པ། སྣ་ཚོགས་ཕྱག་ཅེས་པ་ནི་སྣ་ཚོགས་སུ་བྱེད་པའི་ཕྱག་སྟེ། གཅུ་བ་དང་མཉེ་བ་དང་འཁྱུད་པ་ལ་སོགས་པས་བསྒྲིམས་རྣམ་ཞེས་སོ། །དེས་ཅི་བྱེད་ཅེ་ན། པདྨོ་ལོ་མ་འཇམ་པོ་བརྒྱད་ཕྱེ་ནས། །ཞེས་ཏེ་ལྷའི་པདྨ་འདབ་མ་བརྒྱད་པོ་ལྟེ་བ་དང་གེ་སར་གྱིས་བསྐོར་བ་ཉི་མ་ལྟ་བུའི་ཆོ་གས་ཕྱེ་ནས་དེར་གཉིས་སུ་མེད་པའི་བདེ་བ་ནི་ཟླ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཏེ། དེ་འབྱུང་བའི་རྒྱུ་ནི་རྡོ་རྗེ་སྟེ་ཨོཾ་གྱིས་བྱིན་གྱིས་བརླབས་པས་དམར་སྐྱའི་ནོར་བུ་ལྡན་པའི་རྩེ་ལྔ་པ་སྟེ། དེ་བཞག་པར་མཛད་དེ་དེ་ལས་བྱུང་བའི་ཟླ་བས་བདག་ཅག་གི་ཞིང་དག་པར་བྱས་ནས་ས་བཅུའི་ཡེ་ཤེས་ཅན་དང་སྐལ་བ་མཉམ་པར་མཛོད་ཅིག་ཅེས་པའོ། །གསང་བའི་དབང་དེ་ཉིད་ཅེས་པ་ནི་གསང་བའི་དབང་ངོ༌། །དེ་ཉིད་སྔོན་དུ་སོང་བའི་རྒྱུ་བས་ནི་མི་ཉམས་པ་སྟེ། དེ་ལས་ཤེས་རབ་ལས་སྐྱེས་པའི་ཡེ་ཤེས་གསལ་བར་འགྱུར་ཞེས་སོ། །དེ་ཉིད་ཀྱང་གང་ཞེ་ན། རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ནི་གསང་བའི་རྡོ་རྗེའོ། །འདབ་ཅེས་པ་ནི་ཁྱད་པར་གྱི་རྒྱུ་བས་ངེས་པར་མཚོན་པ་སྟེ། གེ་སར་ཡང་ཤེས་པར་བྱའོ། །དེ་གཉིས་ལས་སྐྱེས་པ་ནི་ཟླ་བ་ཞེས་ཏེ་ཀུནད་ལྟ་བུའི་ས་བོན་ནོ། །དེ་ཡང་དག་པར་འདུ་བ་ནི་ན་ལི་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྒྲུབས་པས་བསྐུལ་བས་བཅུ་དྲུག་ཏུ་འདུས། །དེ་ཡང་གསུམ་དུ་འདུས། །དེ་ཉིད་སྙིང་གའི་པདྨར་ཕྱིན་པ་བསྐུལ་ནས་བྱ་བ་དང་རླུང་གིས་གཟུང་བའོ། །དེ་ཉིད་གསུངས་པ། ཐབས་ཤེས་ལས་བྱུང་ཞེས་པ་ལ་སོགས་པའོ། །དེ་ནི་གོ་སླའོ། །སྦས་པ་ཞེས་པ་ནི་ཡང་དག་པའི་གཞི་ལ་བརྟེན་པའི་གང་ཟག་ནི་མང་བ་མ་ཡིན་པས། བཅོམ་ལྡན་འདས་འདིས་ཚིག་དང་ཡི་གེ་དང་དོན་མི་གསལ་བར་བྱས་པ་སྟེ། དེ་ཤོད་ཅེས་བླ་མས་མ་འོངས་པའི་དོན་དུ་གསོལ་


DTG042_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏབ་པའོ། །ད་ནི་འཇམ་པའི་དབྱངས་ཀྱི་གསུང་ལ་འཇུག་པའི་ཚིག་བླ་མ་ཆེན་པོའི་ཞལ་སྔ་ནས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཞེས་པ་ནི་གསོལ་བ་བཏབ་པའི་དེ་མ་ཐག་པའོ། །འཇམ་དབྱངས་ཞེས་པ་ནི་འཇམ་ཞིང་མཉེན་པའི་དབྱངས་ཀྱིས་འགྲོ་བ་རྣམས་ཚིམ་པར་བྱེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཆེན་པོ་རྣམ་པར་དག་པའི་ཕྱིར་རོ། །དེ་ཉིད་བྱང་ཆུབ་དང་འདྲེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་ལ་དམིགས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱིས་ནི་ཆེན་པོ་ཞེས་ཏེ་ས་བཅུའི་སེམས་དཔའ་རྣམས་དགར་བའོ། །འཛུམ་པའི་བཞིན་བལྟས་ཞེས་པ་ནི་ཤིན་ཏུ་རངས་པ་སྟེ། མཐར་ཐུག་པའི་གནས་རྟོགས་པའི་ཕྱིར་རོ། །ལེགས་ཞེས་ལན་གསུམ་གསུངས་ཞེས་པ་ནི། དེ་བཞིན་ཉིད་ཐོབ་བ་དང་རྗེས་སུ་མཐུན་པའི་སྤྱོད་པ་ཇི་སྙེད་པ་དང༌། དོན་གྱི་རྗེས་སུ་འབྲང་བའི་གསུང་ཇི་སྙེད་པས་གསོལ་བ་འདེབས་པ་དང༌། ཐམས་ཅད་ཟབ་མོ་དང་ཡང་དག་པར་གསལ་བར་དམིགས་པ་ལ་ཐུགས་རངས་པའོ། །གཞན་ནི་བཤད་ཟིན་ཏོ། །སྒྲ་བརྙན་ལྟ་བུར་ཞེས་པ་ནི་བྲག་ཅ་ལྟ་བུ་སྟེ་གྲག་ཀྱང་མ་གྲུབ་ཅེས་པའི་དོན་ཏོ། །རྡོ་རྗེ་ལྟ་བུ་དང་ལྡན་པའི་གླུ་ནི་རྡོ་རྗེ་གླུ་སྟེ་དགའ་བར་བྱེད་པའི་གླུའོ། །དེ་ལྟ་བུས་བདག་ལ་བསྟན་ཞེས་བླ་མ་ཆེན་པོས་གཞན་ཡིད་བརྟན་པར་མཛད་པ་ཡིན་ནོ། །ད་ནི་ཨ་ཞེས་བྱ་བ་ལ་སོགས་པས་འཇམ་དབྱངས་ཀྱི་ལུང་ཉིད་གསུངས་ཏེ། དེ་ལ་ཨ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཏེ། མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པའི་གསུང་ལ་དཔྱད་ན། ཐམས་ཅད་འབྱུང་བའི་སྒོ་སྟེ། དེ་ཡང་གསལ་ཟབ་གཉིས་སུ་མེད་པའི་རང་བཞིན་ནམ་མཁའི་དཀྱིལ་འཁོར་ལྟ་བུ་བརྟགས་པ་ཐམས་ཅད་ཀྱིས་མ་སྐྱེས་པ་དང་པོ་ནས་ལྷུན་གྱིས་གྲུབ་པ་ཉིད་དུ་ཤེས་པར་བྱ་བའོ། །དེ་ཡི་ངོ་བོ་ལས་ཤེས་པ་ཙམ་ལྟ་བུར་སྣང་བ་ནི་བི་སྟེ། རིག་པ་ཞེས་པའི་མིང་གི་ཡི་གེ་དང་པོའོ། །ཁ་ཅིག་དེ་འབའ་ཞིག་ལས་བརྩམས་ཏེ་རྟོགས་པར་བྱེད་དེ། ཕྱི་རོལ་དོན་རྣམས་ཡོད་པ་མིན། །སྣ་ཚོགས་སྣང་བ་སེམས་ཡིན་ཏེ། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་


DTG042_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་ནི་ངས་བཤད་དོ། །ཞེས་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་གཞུང་ལ་བརྟེན་ནས་དེ་ལས་མ་རྟོགས་པའི་རྟག་པ་ཐམས་ཅད་ཀྱིས་སྟོང་པ་ཉིད་དུ་འཇུག་གོ །དེ་ལྟ་བུའི་རྣམ་པར་ཤེས་པའི་རྒྱལ་པོ་སྟེ། ཡང་ཞིང་གཡོ་བའི་རླུང་གི་རྟ་ལ་ཞོན་ནས་རང་བཞིན་ལས་བྱུང་བའི་ཕྱིར་ཡཾ་ངོ༌། །དེ་ལས་སྨིན་པར་བྱེད་ཅིང་ཚ་བའི་མེ་བྱུང་བའི་ཕྱིར་རཾ་མོ། །དེ་ལས་སྡུད་པར་བྱེད་ཅིང་བརླན་པའི་ཆུ་བྱུང་བའི་ཕྱིར་བཾ་མོ། །དེ་ལས་རྟེན་པར་བྱེད་ཅིང་སྲ་བའི་ངོ་བོ་ཉིད་ལས་བྱུང་བའི་ཕྱིར་ལཾ་སྟེ། དེ་ལས་འབྱུང་བ་བཞི་རྣམ་པར་ཤེས་པ་དང༌། བསྡུས་པ་ལས་གཟུགས་ལ་སོགས་པའི་ཕུང་པོ་ལྔ་གྲུབ་པའི་ཕྱིར་ཧཱུཾ་ངོ༌། །ཧཱུཾ་ཕུང་པོ་ལྔའི་ངོ་བོ་ཡིན་པར་སངས་རྒྱས་ལྔའི་ཚིགས་སུ་བཅད་པ་འདི་ལས་དཔྱད་པར་བྱའོ། །ཇི་སྐད་དུ། །ཟླ་ཕྱེད་ཐིག་ལེ་རྣམ་གྲགས་པ། །རྣམ་སྣང་མཛད་ཀྱི་ངོ་བོའོ། །མགོ་བོ་ཨེ་དབྱིབས་ཐུར་དུ་གནས། །མི་བསྐྱོད་པ་ཡི་ངོ་བོའོ། །དྲིལ་བུ་ལྟ་བུའི་ལུས་ཉིད་ནི། །རིན་ཆེན་ཏོག་གི་ངོ་བོའོ། །དེ་ཡི་ཕྱིར་ན་དབྱུག་པ་ནི། །ཚེ་དཔག་མེད་ཀྱི་ངོ་བོའོ། །རིང་པོ་ཨཱུ་ནི་ཕྱིན་ཕྱོགས་འགྱུར། །དོན་ཡོད་གྲུབ་པའི་ངོ་བོའོ། །ཞེས་འབྱུང་བས་དེ་རྣམས་ཕུང་པོ་ལྔ་རྣམ་པར་དག་པའི་ཕྱིར་རོ། །དེ་རྣམས་ཀྱང་རྣམ་པར་མ་ཤེས་པས་བྱིན་གྱིས་མ་བརླབས་པ་རྣམས་ནི་གནས་པའི་ཆོས་ལྟ་བུར་སྣང་ངོ༌། །དེས་གཟུང་བ་ནི་གཡོ་བའི་ཆོས་ལྟ་བུར་སྣང་སྟེ། །དེ་ལྟར་རང་བཞིན་གྱིས་དོན་གོང་མ་ལས་མ་གཡོས་ཏེ་དེའི་ངོ་བོ་རྟོགས་པར་བྱའོ། །ཇི་ལྟར་རྟོགས་པར་བྱ་ཞེ་ན། ཨ་ལ་ལ་ལ་ཧོ་ཞེས་བྱ་བ་སྨོས་ཏེ། དེ་ལ་ཨ་ཞེས་པ་ནི་མ་སྐྱེས་པའི་ཕྱག་རྒྱ་སྟེ་བདག་དང་གཞན་དབུགས་འབྱིན་པར་བྱེད་པའོ། །དེ་ཡང་ཀ་མ་ལི་ལ་སོགས་པའི་ཤེས་རབ་ལས་དང་པོ་པའི་གང་ཟག་རྣམས་འཁོར་བ་ན་འཁྱམ་པ་རྣམས་དམུས་ལོང་གིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟ་བུར་མི་སླུ་བའི་དེ་ཁོ་ན་ཉིད་ཀྱིས་དབུགས་ཕྱུང་བ་ཐོབ་པར་བྱེད་པའོ། །དེ་ལས་བརྩམས་ཏེ་དངོས་སུའམ་བསམ་པས་བྱིན་གྱིས་རློབ་པ་དང་བཅས་ཏེ་གསུམ་པར་གྱུར་པའི་དུས་སུ་དེ་དང་ལྷན་ཅིག་ཏུ་ཕུལ་དུ་བྱུང་བའི་སྤྱོད་པས་ཇི་བཞིན་པའི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའོ། །དེ་ལ་རྟོགས་པ་


DTG042_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ལ་ལ་ལ་ཞེས་བྱའོ། །དེ་ཡང་དུས་དང་པོ་རྐྱེན་ཁྱད་པར་ཅན་ལས་སྟེག་པའི་མདོག་གིས་བརྒྱན་ཞིང་ཁྱད་པར་གྱི་གཉིས་སུ་མེད་པ་འབྱུང་བ་དེས་མི་སླུ་ཞིང༌། མཚན་དང་དཔེ་བྱད་དུ་ལྡན་པར་རང་འོད་ཀྱི་རིག་མས་འཁྱུད་པ་ཡོངས་སུ་དག་པ་ལ་སྣང་བ་ནི་དང་པོའོ། །གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཐབས་ཀྱི་ཆའི་བུམ་པ་ན་གནས་པའི་བདེ་བ་ཆེན་པོ་མི་སླུ་བ་སྟེ་ནམ་མཁའི་དཀྱིལ་ལྟར་རྣམ་པར་དག་པ་གཉིས་སུ་མེད་པའི་གཟུགས་ཐོག་མ་ནས་ཞི་བར་ལྡན་པ་ནི་ལ་གཉིས་པའོ། །དེ་ཡང་ཐིག་ལེ་འགོག་པའི་ངོ་བོ་གཞན་ཡིད་དགའ་བར་བྱེད་པའི་མཚན་ཉིད་ཀྱིས་མི་སླུ་བ་རིགས་གཅིག་ལ་སོགས་པས་གདུལ་བྱའི་རྒྱུད་ལ་སྣང་བར་འགྱུར་བས་དེའི་རྒྱུད་ཡོངས་སུ་དག་པར་བྱེད་ཅིང་སྤྱི་དང་སོ་སོའི་ལས་ཀྱིས་མཐའ་མེད་པའི་བར་དུ་གནས་པ་ནི་ལ་གསུམ་པའོ། །དེ་ཡང་རྒྱུན་མི་འཆད་ཅིང་མི་འགོག་པར་སྲིད་པ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པར་ཞུགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགྱེས་པ་ཐམས་ཅད་ཀྱི་ཕུལ་དུ་བྱུང་བས་ན་ཧོ་ཞེས་བྱའོ། །ད་ནི་འཇམ་དབྱངས་ཀྱི་གསུང་གིས་དེ་ཉིད་གསལ་པོར་བསྟན་པའི་ཕྱིར། རྫེ་བཙུན་ཞེས་པ་ལ་སོགས་པའོ། །དེ་ལ་རྗེ་བཙུན་ཞེས་པ་ནི་འདས་པའི་ཡེ་ཤེས་ཅན་རྣམས་སོ། །ཐུགས་རྗེ་ཆེ་རྣམས་སོ། །ཐུགས་རྗེ་ཆེ་རྣམས་ཞེས་པ་ནི་དེའི་སྦྱོར་བ་དང་ལྡན་པས་ཉི་ཚེ་བ་ལས་འདས་པའི་ཕྱིར་རོ། །དེ་རྣམས་ཀྱིས་ཆེས་ལྷག་པའི་དེ་བཞིན་ཉིད་འདི་རྟོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོབས་བཅུ་ལ་སོགས་པ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ཏེ། དུས་གསུམ་གྱི་རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་འཛིན་པ་སྟེ་མར་མེ་མཛད་ལ་སོགས་པ་ཡང་དེ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་རྣམས་ཀྱིས་ཀྱང་སྣོད་དུ་རུང་བ་འགའ་ཞིག་གཟིགས་ནས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས། །ད་ལྟར་གྱིས་ཀྱང་གསུངས། མ་འོངས་པས་ཀྱང་གསུང་བར་འགྱུར་བ་དེ་འདི་ནི་སྣོད་དུ་རུང་བའི་དུས་ཡིན་པས་ན་ཡང་དག་པའི་སྣོད་ཅན་དེས་དོན་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ང་ཡིས་དོན་ལ་འཇུག་པའི་ངག་དང་ལྡན་པར་ཁྱོད་ལ་བསྟན་པར་བྱ་ཞེས་སོ། །དེ་བས་ན་


DTG042_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ཡིད་གཅིག་བསྡུས་ལ་མཉན་པར་གྱིས་ཞེས་ཏེ། སྣོད་ཀྱི་སྐྱོན་གསུམ་སྤོངས་ལ་ཡོན་ཏན་གསུམ་གྱིས་བླང་བར་གྱིས་ཞེས་པའི་དོན་ཏོ། །དེ་ལྟར་ཉོན་ཅིག་པར་གདམས་ནས་ད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པའི་ཡེ་ཤེས་གསུངས་པ། ཆོས་རྣམས་ཞེས་པ་ལ་སོགས་པའོ། །མཚན་ཉིད་འཛིན་པའི་ཕྱིར་ན་ཆོས་ཏེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་རྣམས་སོ། །དེ་ཐམས་ཅད་ཀྱི་དུས་གསུམ་དུ་འགྱུར་བ་མེད་པའི་རང་བཞིན་ནོ། །ནམ་མཁའི་དཀྱིལ་ལྟ་བུར་ཤིན་ཏུ་རྣམ་པར་དག་པ། ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཞེས་སྤྱིར་བསྟན་ཏོ། །དེ་ཡང་ཇི་ལྟ་བུ་ཞེ་ན་དེ་ནི་ཞེས་པ་ལ་སོགས་པའོ། །དེ་ནི་ཞེས་པ་ནི་རང་བཞིན་ནོ། །དངོས་མེད་ཅེས་པ་ནི་བརྟགས་པའི་དངོས་པོ་དང་བྲལ་བའོ། །བསྒོམ་དངོས་མེད་ཅེས་པ་ནི་དེའི་ཆ་རྣམས་བསྒོམ་པའི་དངོས་པོ་མེད་པ་སྟེ། ཡང་དག་པ་མ་ཡིན་པ་ལ་བློ་འཇོག་པ་ནི་འགལ་བའི་ཕྱིར་རོ། །དངོས་པོ་ཐམས་ཅད་ཅེས་པ་ནི་མུ་སྟེགས་པས་བརྟགས་པས་བརྟགས་པའི་ཤེད་ཅན་དང་ཤེད་བུ་ལ་སོགས་པ་སྟེ། དེ་རྣམས་དང་བྲལ་བའོ། །གཞན་གྱིས་བརྟགས་པའི་བྱེད་པ་མེད་ཅིང་མཚན་ཉིད་འཛིན་པའི་ཕྱིར་ཁམས་ཏེ་མིག་ལ་སོགས་པ་བཅོ་བརྒྱད་དོ། །རྣམ་པར་ཤེས་པ་སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་བཅུ་གཉིས་ཏེ། ཉན་ཐོས་ཀྱིས་དེ་གཟུང་འཛིན་དུ་རྟོགས་པར་བྱེད་པ་དེས་ཀྱང་རང་བཞིན་དེ་ལ་མ་ཟིན་ཞེས་སོ། །རང་བཞིན་ནི་སེམས་ཀྱི་རང་བཞིན་ཏེ། འོད་གསལ་བ་ནི་དེའི་རང་བཞིན་མ་སྐྱེས་པས་སྣང་བར་བྱེད་པའི་ཕྱིར་རོ། །མ་སྐྱེས་པའི་རང་བཞིན་ལ་རྫས་སུ་རྟོག་པ་ནི་འགལ་བའི་ཕྱིར་རོ། །གདོད་མ་ནས་དག་པ་ཞེས་པ་ནི་དེ་ཉིད་གདོད་མ་ནས་དག་པ་སྟེ། ཡེ་ཤེས་སྒྱུ་མ་ཁོ་ན་སྟེ། དེ་ལྟ་བུ་ནི་བྱེད་པ་མ་ཡིན་པས་ན་དེ་སྐད་ཅེས་དཔེར་ན་ནམ་མཁའ་བཞིན་ནོ། །དེ་བས་ན་དེ་ཉིད་ཀྱི་འཁྲུལ་པ་ལ་སེམས་ཅན་སྒྱུ་མ་ཞེས་ཁ་ཅིག་གིས་སེམས་པ་དེ་འགོག་སྟེ། འཁྲུལ་པ་ནི་མེད་པ་ཡིན་པའི་ཕྱིར་རོ། །གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཆོས་མཚན་མ་མེད་པས་ན་ཆོས་མེད་དོ། །དེ་མེད་པས་ན་དེའི་མཚན་ཉིད་གང་ལ་ཡོད་པ་དེ་མེད་པའི་ཕྱིར་ན་སྤངས་པའོ། །དཔེར་ན་ནམ་མཁའི་མེ་ཏོག་གི་དཀར་དམར་ལྟ་བུའོ། །འདུས་བྱས་


DTG042_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདུས་མ་བྱས་རྣམས་ནི་མ་སྐྱེས་པས་ན་ཆོས་མེད་པའོ། དེ་མེད་པས་ན་ཆོས་ཉིད་ཀྱང་མེད་དེ་ཆོས་རྣམས་མེད་པའི་ཕྱིར་རོ། །སྡོང་པོ་མེད་ན་དྲི་མ་མེད་པ་ལྟ་བུའོ། །དེ་བས་ན་དངོས་པོ་མེད་པ་ཞེས་ཏེ་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་ནམ་མཁའ་དང་མཚུངས་པའོ། །དེ་ཉིད་གསུངས་པ། ཚིག་དང་ཡི་གེ་ཀུན་ལས་གྲོལ། །ཞེས་ཏེ་ཀ་བ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཚིག་དང་སྟོན་པར་བྱེད་པའི་ཡི་གེ་ལས་གྲོལ་བ་ནི་ཟབ་མོ་སྟེ། རྣམ་པར་བསྒྱུར་བའི་དབྱེ་བ་ལ་འགག་པ་ནི་མ་ཡིན་ནོ། །དེ་ནི་ཞེས་པ་ནི་རང་བཞིན་ནོ། །དུས་དང་ཞེས་པ་ནི་འདས་པ་ལ་སོགས་པའོ། །ཕྱོགས་རྣམས་ཞེས་པ་ནི་ཤར་ལ་སོགས་པ་བཅུའོ། །ཆོས་ཀུན་ཞེས་པ་ནི་གཟུགས་ནས་ཀུན་མཁྱེན་གྱི་བར་རོ། །དེ་ཀུན་ངོ་བོར་སོང་བ་ནི་གོང་དུ་སྨོས་པའོ། །དེ་ཉིད་ཡང་གསུངས་པ། ལུས་མ་ཡིན་ཏེ་ཞེས་པ་གཟུགས་ཅན་མ་ཡིན་པའོ།། ངག་དང་ནི་ཞེས་པ་ནི་སྒྲ་ཇི་སྙེད་པ་མ་ཡིན་པའོ། །ཡིད་ཀྱང་མ་ཡིན་ཞེས་པ་ནི་བསམ་རྟོག་ཇི་སྙེད་པ་མ་ཡིན་པའོ། །འདོད་ཁམས་དང་ཞེས་པ་ནི་གཞན་འཕྲུལ་དབང་བྱེད་ལ་ཐུག་པ་མན་ཆད་དེ། གཟུགས་ལ་སོགས་པ་ལྷུར་ལེན་པའི་ཕྱིར་རོ། །གཟུགས་དང་ཞེས་པ་ནི་ཚངས་པ་ལ་སོགས་པ་སྟེ་གཟུགས་ཙམ་ལ་ཞེན་པའི་ཕྱིར་རོ། །གཟུགས་མེད་ཁམས་མ་ཡིན་ཞེས་པ་ནི་ནམ་མཁའ་མཐའ་ཡས་ལ་སོགས་པ་སྟེ། མིང་གི་ལུས་ལ་བརྟེན་པའི་ཕྱིར་རོ། །དེ་རྣམས་ཀྱང་མ་ཡིན་ཞེས་བཅུད་ཀྱི་སེམས་ཅན་མ་ཡིན་པར་བསྟན་ཏོ། །འབྱུང་ཆེན་བཞི་ཡང་མ་ཡིན་ཏེ་ཞེས་རྟེན་འབྲེལ་གྱི་སྟོབས་ལས་རླུང་སྐྱེ་བ་ལ་སོགས་པའི་རིམ་པར་ལྷའི་གཞལ་ཡས་ཁང་གྲུབ་པ་ཡན་ཆད་ཀྱི་བར་དུ་སྣོད་ཀྱི་འཇིག་རྟེན་གྲུབ་པ་སྟེ་དེ་ཡང་མ་ཡིན་པའོ། །འོན་ཇི་ལྟ་བུ་ཞེ་ན། དེ་བས་ཞེས་པ་ལ་སོགས་པའོ། །གང་ནའང་མི་གནས་མཉམ་པ་ཉིད། །ཅེས་པ་ནི་མཉམ་པ་ཉིད་ནི་ཉི་ཚེ་བ་མ་ཡིན་ཏེ། ཁྱབ་གནས་ཀྱི་ཚུལ་དུ་ཐམས་ཅད་ལ་བརྟེན་པའོ་ཞེས་སོ། །དོན་གྱི་དངོས་གཞི་བསྟན་པའི་ཕྱིར། དེ་འདྲ་བའི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་འཆང་ཞེས་པ་ནི། དང་པོའི་མགོན་པོ་སྟེ་མི་ཤིགས་པའི་དོན་དང་ལྡན་པའི་ཕྱིར་རོ། །མི་བསྐྱོད་


DTG042_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པས་ན་ཆེན་པོའོ། །དེ་ཉིད་ཕུང་པོ་ལ་སོགས་པའི་ཆོས་རྣམས་ཀྱི་རང་བཞིན་ལས་འགྱུར་བ་མེད་པའི་ཕྱིར་ན་ཆོས་ཉིད་དོ། །གཞན་གྱིས་བརྟགས་པའི་ཆོས་ཉིད་ལས་ཁྱད་པར་དུ་གྱུར་པའི་ཕྱིར་མཆོག་གོ །ཐབས་ཀྱིས་བསྒྲུབ་པར་བྱ་བའི་དངོས། །ཞེས་པ་ནི་ཀ་ལ་ཞེས་པའི་སྒྲས་མང་པོ་ལ་འཇུག་ཀྱང་འདིར་རིམ་པ་གཉིས་ཡན་ལག་བཞིས་རྣམ་པར་བསྡུས་པ་སྟེ། ཡང་དག་པར་གསུངས་པ་དེ་མངོན་དུ་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་རྒྱུད་ཕྱི་མ་ལས། །རྡོ་རྗེ་ཅན་གྱིས་ཆོས་བསྟན་པས། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པའི་རིམ་པ་ཁོ་ནའོ། །ཞེས་པ་དང༌། བྱང་ཆུབ་རྡོ་རྗེ་གསུངས་པ་ནི། །ཐབས་ནི་རྣམ་པ་བཞི་དག་སྟེ། །ཞེས་པ་ལ་སོགས་པས་རྒྱས་པར་གསུངས་སོ། །དེས་བསྒྲུབ་པར་བྱ་བའི་དངོས་པོ་ནི་དོན་གྱི་དངོས་གཞིའོ། །དེ་ཉིད་ཇི་ལྟར་ཟབ་མོ་ཡིན་ཞེ་ན། བརྟགས་པ་ཀུན་ལས་རབ་དབེན་པ། །ཞེས་ཏེ། རྟག་པ་དང་གཅིག་པ་དང་དུ་མ་དང་འདྲེས་པ་པོ་ལ་སོགས་པ་ཐ་དད་པར་རྟོགས་པ་དང༌། དོན་གྱི་དངོས་གཞི་ལ་རྫས་དང་མ་དག་པ་ལ་སོགས་པར་བརྟགས་པ་ལས་དབེན་པ་དེ་རྣམས་ཀྱིས་མ་སྐྱེས་པ་སྟེ། དེའི་ཕྱིར་དེ་ཉིད་ཕུན་སུམ་ཚོགས་པ་དགུ་སྟེ། དེ་ཡིད་ལ་བྱེད་པའི་གང་ཟག་ལ་སྟོབས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར་རོ། །དེ་ཉིད་དཔག་པར་དཀའ་བ་སྟེ། མཁས་པ་ལ་སོགས་པས་ཀྱང་མ་རྟོགས་པ་དང༌། ལོག་པ་དང་ཇི་ལྟ་བ་བཞིན་དུ་I་ཤེས་པའི་ཕྱིར་རོ། །ཇི་ལྟར་གསལ་བ་ཡིན་ཞེ་ན། །ཕྱག་རྒྱ་ཆེན་པོ་རབ་སྣང་བ། །ཞེས་ཏེ། ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པ་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཉིད་ཟབ་མོ་ལ་སྒྲིབ་ཅིང་མིག་གི་ཡུལ་ལ་སོགས་པར་སྣང་བའི་ཀུན་རྫོབ་ཀྱི་རྒྱུན་ནོ། །རྟེན་གྱི་དཀྱིལ་འཁོར་ལ་སོགས་པ་དང་དེ་འབྱུང་བའི་རྒྱུའི་ཡེ་ཤེས་ལ་ཡང་དེ་སྐད་ཅེས་བྱའོ། །དེའི་ལས་གསུངས་པ། ཟེར་གྱིས་རང་གཞན་སྨིན་བྱེད་པ། །ཞེས་པ་ནི་ཉོན་མོངས་པ་ཐམས་ཅད་བསལ་བའི་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུའི་འོད་ཟེར་ཏེ། དེས་རང་ཕུལ་དུ་བྱུང་ཞིང་གཞན་རྒྱུད་དག་པར་བྱེད་པའོ། །དེ་གཉིས་མེད་པའི་རང་བཞིན་མཆོག །ཅེས་པ་ནི་མཐའ་གཉིས་


DTG042_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོན་པ་མེད་པ་སྟེ། ཆོས་ཀྱི་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་དེ་ལ་བྱའོ། །རྡོ་རྗེ་འཛིན་པ་ཆེན་པོ་ནི་བཤད་ཟིན་ཏོ། །བརྗོད་དུ་མེད་པའི་སྐུ་ཆེན་པོ་ཞེས་པའི་རང་བཞིན་ནི་ཚིག་དང་ཚིག་བྱ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོས་ཀྱང་བརྗོད་པར་མི་ནུས་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་དོན་དམ་པ་ཡིན་པར་རབ་ཏུ་བསྟན་ཏོ། །དེ་ཉིད་ཅེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །རྒྱལ་བ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེའི་སྲས་ནི་དེའི་རིགས་ལ་སོགས་པའི་སེམས་དཔའོ། །དེ་རྣམས་ཀྱི་ཞིང་ནི་གདུལ་བྱ་རྣམས་ཏེ། ཞིང་དང་ཆོས་མཐུན་པའི་ཕྱིར་རོ། །སྲིད་གསུམ་ཞེས་པ་ནི་འདོད་པ་ལ་སོགས་པ་གསུམ་མོ། །རྒྱུ་བ་དང་མི་རྒྱུ་བ་ནི་སྣོད་དང་བཅུད་དོ། །དེ་ཐམས་ཅད་ཀུན་གྱི་བདག་ཉིད་དེ་ཞེས་དོན་གྱི་བཞི་པོས་ཀུན་ལ་ཁྱབ་པར་བསྟན་པའོ། །དེ་ཉིད་སེམས་ལས་གཞན་མ་ཡིན་པར་བསྟན་པའི་ཕྱིར། དངོས་ཀུན་ཞེས་པ་ལ་སོགས་པའོ། །དེ་ལ། དངོས་པོ་ཀུན་གྱི་གཙོ་བོ་ནི། །རང་གི་སེམས་ཀྱི་ངོ་བོ་ཉིད། །ཅིའི་ཕྱིར་ཞེ་ན། དེ་རྟོགས་ན་ཞེས་ཏེ། དེ་ཉིད་དང་པོར་རྟོགས་པར་བྱ་བའི་ཐབས་ལ་བརྩོན་འགྲུས་འབར་བ་དང་ལྡན་པ་རྣམས་ཀྱིས་ནམ་ཞིག་མངོན་དུ་གྱུར་ན་མི་ཤེས་པ་སྤངས་ཤིང་ཚོགས་གཉིས་ཀྱིས་གང་བའི་སངས་རྒྱས་ཀྱང་དེ་ཉིད་དེ། སྐྱེས་བུ་གཉིད་སད་པའམ། ཀུ་མུ་ཏ་བཞིན་ནོ། །དེ་ཉིད་སྙིང་རྗེ་ཆེན་པོ་དང་ཤེས་རབ་དབྱེར་མི་ཕྱེད་པས་ན་བྱང་ཆུབ་ཀྱང་དེ་ཉིད་དོ། །དེ་བཞིན་དུ་འཇིག་རྟེན་གསུམ་སྟེ། བཅུད་ཀྱི་སེམས་ཅན་རྣམས་ཀྱང་སེམས་དེ་ཉིད་དོ། །འབྱུང་ཆེན་བཞི་སྟེ་སྣོད་ཀྱི་འཇིག་རྟེན་རྣམས་ཀྱང་སེམས་དེ་ཉིད་དོ་ཞེས་སོ། །ཇི་སྐད་དུ། ཕྱི་རོལ་དོན་རྣམས་ཡོད་པ་མིན། །གང་སྣང་ཐམས་ཅད་སེམས་ཙམ་མོ། །ལུས་དང་ལོངས་སྤྱོད་གནས་འདྲ་བའི། །སེམས་ཙམ་དུ་ནི་ངས་བཤད་དོ། །ནམ་མཁའ་ས་རླུང་ཉི་མ་དང༌།། ཕྱོགས་དང་རྒྱ་མཚོ་འབབ་ཆུ་རྣམས། །ནང་གི་ཡང་དག་བྱེད་པ་ཡི། །ཆ་ཡིས་ཕྱི་རོལ་འདྲ་བར་གནས། །ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་སོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཅེས་པ་ནི་གཟུགས་ལ་སོགས་པར་སྣང་བའི་དངོས་པོ་ཐམས་ཅད་དོ།།


DTG042_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་གནས་ཏེ་ཞེས་པ་ནི་སྣ་ཚོགས་སུ་སྣང་ཡང་གཞི་ལ་འགྱུར་བ་མེད་པའི་ཕྱིར་རོ། །འོ་ན་སེམས་དེ་གང་ན་གནས་ཤེ་ན། དེ་དག་ཀྱང་ནམ་མཁའ་ལ་གནས་ཞེས་ཏེ་སྟོང་པ་ཉིད་ལ་གནས་སོ་ཞེས་སོ། །དེ་ཡང་གང་ལ་གནས་ཤེ་ན། ནམ་མཁའ་ནི་གང་དུ་མི་གནས་ཞེས་ཏེ། སྟོང་པ་ཉིད་ལ་ནི་གནས་དང་གནས་པའི་བདག་ཉིད་དམིགས་སུ་མེད་པའི་ཕྱིར་རོ། །སྟོང་པ་ཉིད་དེའི་ངོ་བོ་བསྟན་པ། འོད་གསལ་བ་ཞེས་ཏེ་དྲི་མ་དང་རྣམ་པར་བྲལ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་དེའི་རང་བཞིན་དུ་གསལ་བའི་ཕྱིར་རོ། །དྲི་མ་དང་ཇི་ལྟར་བྲལ་ཞེ་ན། གཟོད་ནས་རྣམ་དག་ཅེས་ཏེ་བཅོས་མ་མ་ཡིན་པས་ནི་དང་པོ་ནས་ཏེ་བྱེད་པས་ནི་མ་ཡིན་ནོ། །དེ་ཉིད་ཀྱང་སྟོང་པའོ་ཞེས་མཇུག་བསྡུ་བའོ། །གཅིག་ཏུ་བསྡོམས་པའི་ངོ་བོ་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་ནི་བཤད་ཟིན་ཏོ། །མྱ་ངན་ལས་འདས་པའི་ཞེས་པ་སྲིད་པ་དང་ཞི་བ་ལ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ལྟ་བུ་འཛིན་པའི་ཕྱིར་ཁམས་ཏེ་ཕྱོགས་གཅིག་ལ་དགག་པའོ། །ཀུན་བརྟགས་ཀྱི་བདག་ཉིད་མི་འབྱུང་བ་ན་སྐྱེ་མེད་དེ། དེ་བཞིན་གཤེགས་པའི་རྣམ་དག་གིས་སྐྱེ་བའི་ཕྱིར་རོ། །དངོས་པོ་ཐམས་ཅད་འཇོམས་ཤིང་མི་ཕྱེད་པའི་ཕྱིར་ན་རྡོ་རྗེའོ། །ཆོས་ཐམས་ཅད་རྣམ་པ་མེད་པར་ཐུགས་སུ་ཆུད་པས་ན། མངོན་པར་བྱང་ཆུབ་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་སོ། །བདེ་བའི་གནས་སུ་ཕྱིན་པར་གཤེགས་པའམ་ལེགས་པར་གཤེགས་པའི་ཕྱིར་བདེ་གཤེགས་ཀུན་ཏེ་མི་བསྐྱོད་པ་ལ་སོགས་པ་དུས་གསུམ་དུ་གཏོགས་པའོ། །དེ་རྣམས་ཀྱི་རྒྱུའི་ཕྱིར་རམ་མི་འགྱུར་བའི་ཕྱིར་རམ་འདོད་པའི་འབྲས་བུ་འབྱིན་པའི་ཕྱིར་ན་སྙིང་པོ་མཆོག་གོ །དེ་ཉིད་ཀྱང་གང་ཞེ་ན། གཉིས་མེད་རྟོག་བྲལ་དོན་ཆེན་ཏེ། །ཞེས་པས་བཤད་ཟིན་ཏོ། །རིམ་པ་གཉིས་པར་རབ་ཏུ་བཤད། །ཅེས་པ་ནི་ལྷན་ཅིག་སྐྱེས་པའི་རིམ་པའམ། རྫོགས་པའི་རིམ་པའམ། ཇི་བཞིན་པའི་རྣམ་གྲངས་སོ། །བསྐྱེད་པའི་རིམ་པ་ནི་སྣོད་བཅུད་རགས་པར་འཁྲུལ་པ་བཟློག་པའི་ཕྱིར་རོ། །བློས་རྣམ་པར་གཞག་པའི་རྣལ་འབྱོར་པ་སྟེ་དང་པོའོ། །དེ་ཡང་འཁོར་བའི་ས་ལ་སོགས་པ་དང་ནམ་


DTG042_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་རྩྭ་དང་ཤིང་གེལ་པ་ལྷའི་ཁང་པ་ལ་སོགས་པ་རྟེན་གྱི་དཀྱིལ་འཁོར་གྱིས་སྦྱོང་བར་བྱད་ཅིང་དེ་ན་གནས་པའི་སེམས་ཅན་སྐྱེ་གནས་བཞིས་བསྡུས་པ་ཐམས་ཅད་རྟེན་ཅན་གྱི་འཁོར་ལོས་སྦྱོང་བར་བྱེད་པའོ། །གཉིས་པ་ནི་དོན་ལ་མི་སླུ་བའི་དེ་ཁོ་ན་ཉིད་དང་གཉིས་པས་བསྒོམས་པ་ལས་ཐ་མ་ནས་ལྡོག་ཅིང་བརྟན་པ་རྙེད་དོ། །དེས་མཐུ་ཅན་གྱི་སྟོབས་རྟོགས་སོ། །དེས་རྒྱལ་ཚབ་ཀྱིས་མི་འགྱུར་བའི་རྟགས་རྙེད་དོ། །དེས་ཆོས་འབྱུང་གི་རོལ་པ་གཉིས་པའི་དང་པོས་མི་འགྱུར་བའི་དེ་ཁོ་ན་ཉིད་གོང་དུ་གསུངས་པ་ལྟ་བུའོ། །ད་ནི་གཉིས་སུ་མེད་པའི་ཡེ་ཤེས་ལས་འཁོར་བ་ཇི་ལྟར་འབྱུང་བ་བསྟན་པ་དེ་འདྲའི་ཞེས་པ་ལ་སོགས་པའོ། །དེ་ཡང་གཉིས་སུ་མེད་པ་དེ་ལྟ་བུས་དངོས་པོ་ཀུན་རྣམ་པར་ཁྱབ་སྟེ་གནས་ཀྱང་དེ་མི་གསལ་བའི་རྒྱུ་ནི་ཐོག་མེད་དུས་ནས་ཞེས་ཏེ། སྲིད་པ་གང་ལ་དང་པོ་མེད་པ་དེ་ནི་ཐོག་མ་མེད་པའོ། །དེའི་དུས་ནས་ནམ་མཁའ་ལ་སྤྲིན་འབྱུང་བ་བཞིན་དུ་རྣམ་རྟོག་ཆེན་པོ་ཞེས་ཏེ་སེམས་ཙམ་རྟོགས་པ་དང་འབྲེལ་པ་ལྟ་བུའི་ཚུལ་དུ་བྱུང་སྟེ་ཞེས་བྱའོ། །དེ་ལས་ཀྱང་ནི་འབྱུང་བ་ཆེ། །ཞེས་པ་ལ་སོགས་པ་ནི་གོང་དུ་བཤད་པར་ཟད་དོ། །བཞིས་བསྡུས་པ་ཡི་ངོ་བོ་ལས། །ཞེས་པ་ནི་སེམས་ལ་སོགས་པས་བྱིན་གྱིས་བརླབས་ཤིང་བཞིས་བསྡུས་པ་དང༌། དེ་ལས་གཞན་པ་ནི་རི་སོགས་ཞེས་པས་བསྟན་ཏེ་སྣོད་ཀྱི་འཇིག་རྟེན་ནོ། །དེ་ཡི་བྱེ་བྲག་གསུངས་པ། སྣ་ཚོགས་ཀྱི་སེམས་ཅན་གྱི་རིགས་སོ། །ཕྲ་བ་ནི་མིག་གིས་མི་བཟོད་པའོ། །སྦོམ་བོ་ནི་གླང་པོ་ཆེ་ལ་སོགས་པའོ། །སྐྱེས་པ་དང་བུད་མེད་ནི་རང་རང་གི་མཚན་མ་དང་ལྡན་ཞིང་སྐྱེ་གནས་མ་ཉམས་པའོ། །མ་ནིང་ནི་གཉི་གའི་ལུས་ཀྱི་རྒྱུ་མཐུན་པ་ཉམས་ཤིང་དབང་པོ་དང་ལྡན་ཡང་རུང་མི་ལྡན་ཡང་རུང་སྟེ་ཕྱོགས་གཅིག་པ་ལ་སོགས་པའོ། །གཞོན་ནུ་ནི་ལང་ཚོ་ལ་བབ་པའོ། །རྒན་པོ་ནི་འབྱུང་བ་བཞི་བྲི་བའོ། །ལྷ་ནི་ཚངས་པ་ལ་སོགས་པའོ། །ཀླུ་ནི་དང་པོ་ཀླུའི་རྒྱལ་པོ་ལ་སོགས་པའོ། །གནོད་སྦྱིན་ནི་གཞན་གྱི་མདངས་འཕྲོག་ཅིང་འཚེ་བར་བྱེད་པའོ། །གདོན་ནི་ཡི་དགས་ཀྱི་ཕྱོགས་གཅིག་སྟེ་བགེགས་ཀྱི་རྒྱལ་པོ་ལ་སོགས་པའོ། །སྐར་མ་ནི་གཟའ་དང་རྒྱུ་སྐར་གྱི་ཁྲོད་


DTG042_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིམ་ཞིང་རྒྱུ་བའོ། །གཤིན་རྗེ་ནི་གཞན་གྱི་མདངས་འཕྲོག་པའོ། །དམྱལ་བ་དང་ཡི་དགས་དང༌། དུད་འགྲོ་ནི་ངན་སོང་གསུམ་མོ། །དེ་ཀུན་སྤངས་པ་ནི་ཉན་ཐོས་ལ་སོགས་པའོ། །ཤེས་ཙམ་རབ་བརྟེན་པའི་འགྲོ་བ། །ཞེས་པ་ནི་ནམ་མཁའ་མཐའ་ཡས་ལ་སོགས་པ་སྟེ། གཟུགས་སྤངས་པའི་ཕྱིར་རོ། །དེ་ཀུན་རྒྱས་པར་གནས་ཞེས་པ་ནི་རྟོག་པས་བཟོ་བྱས་ནས་ཕྱོགས་བཅུ་ཀུན་དུ་སྣང་བའི་ཕྱིར་རོ། །དེ་བས་ན་རྟོག་པ་དེ་ཡིས་གོང་དུ་གསུངས་པའི་གཉིས་སུ་མེད་པ་རྟོག་པ་དང་བྲལ་བ་རབ་ཏུ་བསྒྲིབས་ཏེ་དེ་རྟོགས་པ་ལ་ཞེན་ཅིང་དོན་མ་རྟོགས་པས་ན་འགྲོ་བ་ཀུན། འཁོར་བར་རབ་ཏུ་འཁོར་བར་འགྱུར། །ཞེས་ཏེ་མ་རིག་པ་ལ་སོགས་པས་རྒྱུ་དང་འབྲས་བུའི་ཚུལ་དུ་ཡང་དང་ཡང་དུ་ཇི་སྲིད་ཉེ་བའི་ལམ་ལ་མ་ཞུགས་པའི་བར་དུ་འཁོར་བའོ། །འཁོར་བ་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་འདྲའི་ཞེས་པ་ལ་སོགས་པའོ། །འཁོར་བ་ཉིད་དུ་སྡུག་བསྔལ་ཏེ། །དེ་ཉིད་དུག་ཆུ་ལྟ་བུ་ཞེས་བཤད་དོ། །སྔོན་དུ་སོང་བའི་རྒྱུ་གང་ཞེ་ན། འཁྲུལ་པ་ཡིས་ཞེས་ཏེ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་རྣམ་པར་བསྒྲུབ་པས་ན་དེ་ལྟར་སྣང་ངོ༌། །སྣང་ཡང་མ་གྲུབ་པའི་དཔེ་བསྟན་པ་ཐག་པའི་སྦྲུལ་ལྟ་བུར་སྣང་ཞིང་མེད་པ་ཉིད་དུ་འདོད་ཅེས་སོ། །རབ་རིབ་ཀྱིས་སྦྲུལ་མེད་པ་ལ་སྦྲུལ་དུ་གཟུང་ཡང་དེ་ལ་ཡོད་པ་མ་ཡིན་ནོ། །དཀྱིལ་འཁོར་གྱི་འཁོར་ལོ་ལ་འཁོར་བའི་ཆོས་ཡེ་མེད་པ་ལ་རྟོག་པས་བཟོ་བྱས་ཀྱང་དེ་དེ་ལ་མེད་པ་ཡིན་ནོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པ། གསུང་བའི་བདག་པོ་ཐག་པའི་སྦྲུལ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་རབ་རིབ་ཀྱིས་དེ་ལྟར་སྣང་བ་ཡིན་ནོ། །སྐྱེས་བུ་གང་གིས་རབ་རིབ་སྤངས་ཏེ་བརྟགས་ན་ཐག་པར་མཐོང་ཞིང་དོན་གཞན་མེད་དོ། །གསང་བ་པའི་བདག་པོ། དེ་བཞིན་དུ་རྟག་པ་ལ་སོགས་པ་ལ་གཟུགས་ལ་སོགས་པར་འཁྲུལ་པ་དེ་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་གཟུགས་ལ་སོགས་པར་ཞེན་པའི་བག་ཆགས་ཀྱི་ཕྱིར་རོ། །སྐྱེས་བུ་གང་གིས་ངས་བསྟན་པའི་ལམ་ལ་གཞོལ་ཞིང་ཀུན་བརྟགས་ཏེ་བཟློག་ན། རྟག་པ་ལ་སོགས་པར་མཐོང་ཞིང་དོན་


DTG042_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མེད་དོ་ཞེས་གསུངས་སོ། །དེ་བས་ན་འཁོར་བ་ནི་ཀུན་དུ་བརྟགས་པའི་མཚན་ཉིད་ཙམ་དུ་སྣང་སྟེ། དེས་སྟོང་པའི་འཁོར་ལོ་ནི་ཡང་དག་པར་གསལ་བ་ཙམ་དུ་སྣང་བའོ། །སྣང་བ་དེ་ཡང་ཇི་ལྟར་གནས་ཤེ་ན། དེ་བས་ཞེས་པ་ལ་སོགས་པའོ། །དེ་ལ་རང་རིག་ཅེས་པ་ནི་གཞན་གྱིས་བརྟགས་པའི་དབང་ཕྱུག་ལ་སོགས་པས་སྟོང་པ་སྟེ། རང་གི་སེམས་ཉིད་དེ་ལྟར་གོམས་པ་ལས་སྐྱེས་པའོ། །ཇི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ནི། །བརྟན་པའི་ཕྱིར་ན་སེམས་དཔར་བརྗོད། །མཉམ་པར་གཞག་ན་ཏིང་འཛིན་ཏེ། །དེ་བརྟན་པ་ལས་རྡོ་རྗེར་འགྱུར། །སེམས་དཔའི་བྱིན་རླབས་སྦྱོར་བ་ལས། །སླར་ཡང་རྡོ་རྗེ་སེམས་དཔར་འགྱུར། །ཞེས་སོ། །རྒྱུན་དང་རྣམ་གྲངས་ཀྱིས་གནས་པ་ཞེས་པ་ནི་ཟབ་མོ་ནི་རྒྱུན་གྱིས་རྟག་པས་ན་རྟག་པའོ། །དེ་ཆུབ་པའི་ཡེ་ཤེས་ནི་རྣམ་གྲངས་ཀྱིས་རྟག་པས་ན་རྟག་པར་བལྟའོ།། ཡེ་ཤེས་ལ་ལྟོས་ནས་དེའི་ཕྱག་རྒྱལ་ཡང་རྣམ་གྲངས་ཀྱིས་རྟག་པ་ཞེས་བྱ་སྟེ། དེ་བས་ཟབ་མོ་དང་གསལ་བ་ནི་གཉིས་ཀྱི་སྒོ་ནས་རྟག་པར་གནས་པས་ན་དེའི་ངོ་བོ་རྟོགས་པར་བྱའོ་ཞེས་གདམས་པའོ། །ད་ནི་རྟོགས་པར་བྱེད་པའི་ལམ་ལ་འཇུག་པའི་སྐྱེས་བུ་གསུངས་པ། གང་ཞིག་ཅེས་པ་ལ་སོགས་པའོ། །གང་ཞིག་ཅེས་ནི་སྤྱིར་སྟོན་པའི་ཚིག་སྟེ། དེས་ཤེས་འགྱུར་ཞེས་པ་དང་སྦྱར་རོ། །དེ་ཞེས་པ་ནི་གོང་དུ་གསུངས་པའི་དོན་ཏོ། །རྟོགས་པར་འདུན་པ་ནི་དེ་ཐོབ་པར་འདོད་པའོ། །དེ་ཉིད་བསྟན་པའི་ཕྱིར། སེམས་ཀྱི་སྨོན་ལམ་ཡང་དག་ཅན། །ཞེས་སོ། །སྔོན་དུ་བསོད་ནམས་མཐུ་བསྐྱེད་དང༌། །ཞེས་པ་ནི་མཐོང་བ་དང་མ་མཐོང་བའི་དུས་སུ་ལས་ཀྱི་སྒྲིབ་པ་ཟད་པར་བྱེད་པའི་དགེ་བའི་རྩ་བ་དང་ལྡན་པའོ། །སྔོན་དུ་ཚོགས་མ་བསྐྱེད་པ་མི་གྲོལ་ལོ་ཞེ་ན། འདི་རྣམས་དང་ལྡན་ན་གྲོལ་བར་བསྟན་པའི་ཕྱིར། སྐྱེས་བུ་ཞེས་པ་ལ་སོགས་པའོ། །སྐྱེས་བུ་ཡང་དག་པ་ནི་བླ་མ་སྟེ་འོག་ནས་འཆད་དོ། །དེའི་གཞི་ལ་བརྟེན་པ་གང་ཞེ་ན། སྤྲོ་དང་གུས་དང་བསྙེན་བཀུར་དང༌། །ཞེས་སོ། །སྤྲོ་བ་ནི་བྲོད་པའོ། །གུས་པ་ནི་སྐྱེ་བ་མེད་པར་བསྒོམ་པའི་སྒོ་ནས་མཉེས་པར་བྱེད་པའོ། །དེ་ཉིད་ཡུན་རིང་དུ་གནས་པའི་ཕྱིར་བསྙེན་བཀུར་ཞེས་


DTG042_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འདུན་པར་ལྡན་ཞིང་ཞེས་པ་ནི་དེ་ཁོ་ན་ལ་ངེས་པར་འཛིན་པའི་ཕྱིར་རོ། །བསྒོམ་པ་དང་ཞེས་པ་ནི་གདམས་ངག་རྙེད་ནས་ཞེས་ཚིག་སྔ་མའོ། །བརྟན་པོ་ཞེས་པ་ནི་དོན་ལ་མོས་པ་གཅེས་སྤྲས་སུ་བྱེད་པས་གཞན་གྱིས་མི་འཕྲོགས་པའོ། །སྔགས་ཀྱི་མཐུ་ལས་བྱུང་བའི་དངོས་གྲུབ་ཇི་སྙེད་པ་ནི་ཡིད་གཉིས་སུ་འཛིན་པས་མངོན་དུ་གྱུར་པ་རྣམས་ཀྱང་ཡལ་བར་འགྱུར་བའི་ཕྱིར་སོམ་ཉི་རྣམ་སྤངས་པ་ཞེས་བྱའོ། །རྗེས་མཐུན་ཞེས་པ་ནི་དབང་གི་རྗེས་སུ་མཐུན་པ་སྟེ་འོག་ནས་འཆད་པའོ། །གཏོང་ཕོད་པ་ནི་སེམས་ཀྱིས་ཀུན་དུ་འཛིན་པ་མེད་པའོ་ཞེས་པའོ། །དེས་མཉེས་བར་བྱ་བའི་བླ་མ་ཇི་ལྟ་བུ་ཞེན་དེ་ཡིས་ཞེས་པ་ལ་སོགས་པའོ། །ཡང་དག་པ་ཞེས་པ་ནི་བླ་མ་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །ཇི་ལྟར་ཁྱད་པར་དུ་འགྱུར་ཞེ་ན། མཆོག་གི་གདམས་ངག་རྒྱུད་ལ་ལྡན། །ཞེས་ཏེ། རྡོ་རྗེ་འཆང་ཆེན་པོའི་ངོ་བོ་རང་གི་ཐུགས་ལ་མངའ་བ་རྣ་བ་ནས་རྣ་བར་འཕོ་བ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །ཐེག་ཆེན་ཞེས་པ་ནི་བྱེད་པ་ལ་སྒྲ་སྒྲུབ་པ་སྟེ་འདིས་འགྲོ་བར་བྱེད་པས་ན་ཐེག་པའོ། །བྱ་བ་ལ་སྒྲ་བསྒྲུབ་པ་ནི་འདིར་འགྲོ་བས་ན་ཐེག་པའོ། །དེས་ནི་ལམ་དང་འབྲས་བུར་བཅས་པའི་རྡོ་རྗེ་འཆང་ཆེན་པོས་གསུངས་ཏེ་དེའི་ལམ་གྱི་སྤྱོད་པ་ནི་དམ་ཚིག་དང་སྡོམ་པ་དང་བརྟུལ་ཞུགས་ལ་སོགས་པའི་རིམ་པའོ། །བསྒོམ་པ་ལ་ནི་ལྷུར་ལེན་པ། །ཞེས་པ་ནི་ལམ་ལ་མོས་པ་གཅེས་སྤྲས་སུ་བྱེད་པ་སྟོན་ཏོ། །དེ་ཉིད་བཅུ་ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་དེ་ཉིད་བཅུ་ནི་དཀྱིལ་འཁོར་དང་སྦྱིན་སྲེག་དང༌། ཏིང་ངེ་འཛིན་དང་། ཕྱག་རྒྱ་དང༌། སྟང་སྟབས་དང༌། ལ་ནི་ལྷུར་ལེན་པ་ཞེས་པ་ནི་ལམ་ལ་མོས། འདུག་སྟངས་དང༌། བཟླས་བརྗོད་དང༌། མཆོད་པ་དང༌། ལས་ལ་སྦྱོར་བ་དང༌། སླར་བསྡུ་བའོ། །རྒྱུད་འདི་ཉིད་ལས་བླ་མའི་གདམས་ངག་གིས་བསྟན་པ་ནི། གསང་དང་ཤེས་རབ་ཡེ་ཤེས་དང་། །འབྱུང་མཉེས་ཁ་སྦྱོར་འབྱེད་ཆོ་ག །རྡོ་རྗེ་བཟླས་དང་དྲག་ཤུལ་བསྒྲུབ། །བསྒོམ་དང་བྲི་བས་ཕྱིར་བཟློག་གཉིས། །དཀྱིལ་འཁོར་བསྒྲུབ་དང་རབ་གནས་ཏེ། །རྡོ་རྗེ་གོ་འཕང་རྒྱ་མཚོར་འདུས། །ཞེའོ། །གསང་དང་ཞེས་པ་ནི་བསྐྱེད་པའི་རིམ་པའོ། །རབ་གནས་ཞེས་པ་ནི་སྒྱུ་མ་ལྟ་


DTG042_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཏིང་ངེ་འཛིན་ཏོ། །ཤིན་ཏུ་གསང་ཞེས་པ་ནི་ལྷག་པའི་ལྷ་དང་དངོས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཤེས་ཤིང་ཞེས་པ་ནི་དེ་རྣམས་ལ་བློ་མ་རྨོངས་པའོ། །དེའི་དོན་གབ་པར་རབ་སྟོན་བྱེད། །ཅེས་པ་ནི་སྣོད་དུ་རུང་བའི་སེམས་ཅན་རྣམས་སོ། །མང་བ་མ་ཡིན་པས་གཞན་གྱིས་མ་རྟོགས་པར་སྟོན་པའི་བྱེད་པ་ཞེས་བྱའོ། །དེ་ལྟ་བུའི་བླ་མ་མཉེས་པར་བྱའོ། །ཇི་ལྟར་ཞེ་ན། ཡུལ་དང་ཞེས་པ་ལ་སོགས་པས་རྗེས་སུ་མཐུན་པའི་ཡོན་ཏན་གསུངས་སོ། །དེ་ལ་ཡུལ་ལ་སོགས་པས་བུམ་པའི་དབང་གི་རྗེས་སུ་མཐུན་པ་སྟེ། གཞིར་གནས་པའི་ཕྱིར་རོ། །གཞན་པ་གསེར་དང་ཞེས་པ་ལ་སོགས་པ་ནི་གསང་བའི་དབང་གི་སྟེ་རིན་ཆེ་ཞིང་བསྒྱུར་དུ་རུང་བའི་ཕྱིར་རོ། །མུ་ཏིག་གི་ཕྲེང་བ་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་སྟེ། རིན་ཆེ་ཞིང་མི་འགྱུར་བའི་ཕྱིར་རོ། །ཞིང་འདི་མཁས་པས་རབ་བཀང་སྟེ། །ཞེས་པ་ནི་མི་ནུས་པས་ཀྱང་སེམས་ཀྱིས་ནམ་མཁའི་གཏོས་ཀུན་བཀང་ནས་མཆོད་པ་སྟེ། བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ། །ལེའུ་བརྒྱད་པ་ལས་ཀྱང༌། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ལ། །དངོས་གྲུབ་འབྲས་བུ་འདོད་པ་ཡིས། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཞེས་ཏེ། སེམས་ཉིད་ཀྱིས་དབུལ་བར་མངོན་ནོ། །ཇི་སྐད་དུ་།བྱང་ཆུབ་སེམས་དཔའི་ཀུན་དུ་རྟོག །དགེའམ་གལ་ཏེ་མི་དགེ་བ། །གང་ཕྱིར་སེམས་ཀྱི་དབང་གྱུར་པས། །དེ་ཡི་ཕུན་ཚོགས་སེམས་དེ་འགྱུར། །ཞེས་སོ། །དེ་བས་ན་དངོས་སུའམ་ཡིད་ཀྱིས། །དེ་འདྲའི་རྗེ་བཙུན་དབང་པོ་མཆོད། །ཅེས་ཏེ་མཉེས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་མཉེས་བྱེད་ཐུན་མོང་བ་རྣམས་བསྟན་ནས། ད་ནི་ཁྱད་པར་མཉེས་པར་བྱེད་པས་བླ་མ་གཉིས་ཀྱིས་མཚན་ཉིད་གསུངས་པ། གསལ་ཞིང་ཞེས་པ་ལ་སོགས་པའོ། །རྣམ་པར་རྟོག་པའི་རྟོག་པ་ཐམས་ཅད་དང་བྲལ་ཞིང་རང་བཞིན་གྱིས་འོད་གསལ་བའོ། །འཁོར་བ་ཇི་སྲིད་ཀྱི་བར་དུ་ལྷན་ཅིག་སྐྱེས་པ་རྒྱུན་མི་འཆད་པས་ན་རབ་ཏུ་དགའ་བའོ། །སྤྲོས་པ་ཐམས་ཅད་དང་བྲལ་ཞིང་ཀུན་དུ་ཁྱབ་པས་ན་ནམ་མཁའ་དང་མཉམ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ནི་བསྒོམས་པ་ལས་


DTG042_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལ། །དེ་ཡང་མ་རྟོགས་པས་ན་མེད་པ་ཉིད་དེ། རྟོགས་པ་དེ་ཡང་གཞན་དུ་ཞེས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱ་ལས་གཞན་པའི་ཆོས་ཅན་གྱི་དངོས་པོ་གང་དུ་ཡང་དེ་རིགས་པར་མི་འགྱུར་ཏེ། དངོས་པོ་ཐམས་ཅད་ལ་ཁྱབ་ཀྱང་གཞན་ནི་སྦྱོར་བ་བདུན་དང་བྲལ་བས་ནའོ། །དེ་བས་ན་བུད་མེད་སྒྱུ་མའི་ཕྱག་རྒྱ་ནི་ཞེས་ཏེ་བུད་མེད་ཉིད་སྒྱུ་མ་སྟེ་དེ་ཉིད་ཕྱག་རྒྱའོ། །གང་གི་ཕྱིར་པདྨ་དང་ལྡན་ཞིང་དཀར་འཆང་དང་ལྡན་པས་ན་བུད་མེད་དེ། དག་པ་དང་མ་དག་པ་ཐམས་ཅད་དོ། །དེ་ཡང་སྒྱུ་མ་ལྟར་སྣང་ཞིང་བེམས་པོ་མ་ཡིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་རོ། །དེ་ཉིད་ཕྱག་རྒྱ་སྟེ་རྡོ་རྗེས་བཏབ་པ་དེ་ཉིད་ལྷག་པའི་ལྷས་རྒྱས་འདེབས་པའི་ཕྱིར་རོ། །ཡང་ན་ཨཱུ་རིང་པོ་ཨཽ་རིང་པོར་བསྒྱུར་ན་སྐྱེས་བུ་རྣམས་མགུ་བར་བྱེད་པས་ན་ཕྱག་རྒྱ་ཞེས་བྱའོ། །སྒྱུ་མ་ཀུན་ལས་ཁྱད་པར་འཕགས། །ཞེས་པ་ནི་གསེར་འགྱུར་རྩིས་ཟངས་མ་སྲང་སྟོང་དུས་གཅིག་ཏུ་གསེར་དུ་བྱེད་པ་དང༌། ཀླུའི་གཙུག་གི་ནོར་བུས་དཔག་ཚད་གཅིག་ནས་གླིང་བཞིའི་བར་དུ་ཟས་ལ་སོགས་པའི་ཆར་འབེབས་པར་བྱེད་པ་དང༌། དཔའ་བོ་གཅིག་འགྲེང་ལ་སོགས་པའི་སྨན་ཟམ་བདུན་འཐུངས་ནས་ལོ་སྟོང་ཐུབ་པར་བྱེད་པ་དང༌། རྩ་བའི་སྔགས་ལ་སོགས་པའམ། དེ་ལས་གཞན་པའི་སྔགས་ཀྱིས་གསོད་པ་ལ་སོགས་པའམ། དུག་ཞི་བར་བྱེད་པའམ་མི་གནས་པའི་དངོས་པོ་བསྐལ་པའི་བར་དུ་གནས་པར་བྱེད་པ་ལ་སོགས་པ་ཡོད་ཀྱང༌། གཉིས་སུ་མེད་པའི་ཡེ་ཤེས་འབྱུང་བའི་གནས་མེད་དེ་ཟབ་མོས་བྱིན་གྱིས་རློབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཐབས་དང་ཤེས་རབ་ཀྱིས་ཟབ་མོ་ཡང་དག་པར་གསལ་བ་བྱིན་གྱིས་རློབ་པ་ནི་ཐོག་མ་མེད་པའི་དུས་ཅན་ཏེ། དེ་བས་ན་དེ་རྟོགས་པར་འགྱུར་བས་ན་ཁྱད་པར་དུ་འཕགས་པའོ། །འོ་ན་ཁྱད་པར་དུ་འཕགས་པའི་སྒྱུ་མ་ཡང་གང་ཞེ་ན། སྒྱུ་མ་དེ་ཡང་ཞེས་པ་ལ་སོགས་པའོ། །འཇིག་རྟེན་འདིར་ཞེས་པ་ནི་འདོད་པའི་ཁམས་འདི་རུའོ། །དེ་ཡང་ས་ལ་སོགས་པ་རྣམ་པར་དག་པ་སྤྱན་མ་ལ་སོགས་པ་བཞི་ནི་ལྷ་མོ་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པ་སྟེ། ཇི་ལྟར་ཞེ་ན། སྲ་བའི་ཁམས་ནི་ས་ཡིན་ཏེ། །གཤེར་བའི་


DTG042_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཆུ་ཡིན་ནོ། །བསྐྱོད་པ་ལས་ནི་མེ་སྐྱེ་སྟེ། །སྐྱོད་བྱེད་རླུང་དུ་རབ་ཏུ་གྲགས། །ཞེས་པའི་ལུང་དང་སྦྱར་ན་གཞན་རྣམས་ལ་ཡང་གདགས་པའི་རྒྱུ་ཡོད་དུ་སྲིད་ཀྱང་འབྱུང་བ་ལས་བྱུང་བའི་ཕྱིར་གཙོ་མོ་མ་ཡིན་ཏེ། མཚན་མ་མེད་པའི་དགའ་བ་ལས་ཐམས་ཅད་འབྱུང་བ་དང༌། བསྙེན་པ་ལ་སོགས་པ་དང༌། དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་ཡན་ལག་རྫོགས་པའི་ཕྱིར་རོ། །དེ་བས་ན་དེ་རྣམས་རྣམ་པར་དག་པས་མི་ལ་སོས་པའི་བུ་མོ་ཐམས་ཅད་ཀྱང༌། རིགས་ནི་རྣམ་པ་བཞིར་འགྱུར་ཏེ། །ཞེས་སོ། །དེ་བས་ན་དེའི་མིང་དང་མཚན་ཉིད་བཤད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལ་མིང་གང་ཞེ་ན། ཀ་མ་ལི་ཞེས་པ་ལ་སོགས་པའོ། །དེ་ལ་ཀ་མ་ལི་ཞེས་པ་ནི། པདྨ་ཅན་ཞེས་པ་སྟེ་ཕལ་ཆེར་དེ་ལྟར་རྗོད་པར་བྱེད་དོ། །ཤཾ་ཁི་ནཱི་ཞེས་པ་ནི་དུང་ཅན་མ་ཞེས་པའོ། །ཙི་ཏྲ་ནི་ཞེས་པ་ནི་རི་མོ་ཅན་ཞེས་པའོ། །ཧ་སྟི་ནི་ཞེས་པ་ནི་བ་གླང་ཅན་ཞེས་པའོ། །དེ་རྣམས་ལ་པདྨ་ཅན་ནི་ཀླུ་མོའི་རིགས་ལས་བྱུང་བ་སྟེ། མཱ་མ་ཀཱི་ནི་ཆུའི་རང་བཞིན་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཉིས་པ་དུང་ཅན་མ་ནི་ཤིན་ཏུ་དྲག་ཅེས་རྣོ་བའི་བྱོལ་སོང་སྟག་དང་སེང་གེ་ལ་སོགས་པའི་རིགས་ཏེ་གོས་དཀར་མོ་དག་པའི་ཕྱིར་རོ། །གསུམ་པ་རི་མོ་ཅན་ནི་རི་དགས་ཀྲྀཥྞ་ལ་སོགས་པ་ཤིན་ཏུ་གཡོ་བར་སྣང་བའི་རིགས་ལས་བྱུང་བ་སྟེ་སྒྲོལ་མས་དག་པའི་ཕྱིར་རོ། །བཞི་པ་བན་གླང་ཅན་ནི་སྤྱན་མས་རྣམ་པར་དག་པས་ན་གླང་པོ་ཆེའི་རིགས་ཏེ། གླང་པོ་ཆེ་ནི་ཤིན་ཏུ་བརྟན་པར་སྣང་བའི་ཕྱིར་རོ། །དེ་ལྟར་མིང་དང་རིགས་བསྟན་ནས། ད་ནི་དབྱིབས་དང་མཚན་ཉིད་བསྟན་པ། དེ་ལ་ཞེས་པ་ལ་སོགས་པའོ། །བུ་མོ་པདྨའི་དྲི་བྲོ་ཞིང༌། །ཞེས་པ་ནི་པདྨ་ཁ་ཕྱེ་བའི་གེ་སར་གྱི་དྲི་བྲོ་བ་ཞེས་སོ། །དེ་དང་ངོ་ཟླུམ་སྣ་རྩེ་ཏིལ་འདྲ་སྟེ། །ཞེས་པ་ནི་བྱང་ཆུབ་སེམས་ལས་སྐྱེས་པའོ། །སེན་མོ་དམར་ཞིང་རྒྱབ་སྒུར་དང༌། །རྐང་མཐིལ་ཀུན་གྱིས་ས་ལ་རེག །ཅེས་པ་ནི་ཁྲག་གི་ཁམས་ཐམས་ཅད་ལས་སྐྱེས་པའོ། །བ་སྤུ་འཁྱིལ་པ་ཉིད་སེར་མོ་ཅན་ཞེས་ཏེ་ཁ་དོག་གསེར་བའོ། །དཀར་བ་ནི་འོ་མའོ། །དེ་འཆང་བ་ནི་ནུ་མ་སྟེ། དབྱིབས་ཏིལ་གྱི་འབྲས་བུ་ལྟར་རྩེ་མོ་རིང་བའོ། །དེ་ནི་མཆིལ་མ་ལས་སྐྱེས་པའོ། །གསུས་


DTG042_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉེར་མ་གསུམ་ཞེས་པ་ནི་ལྟེ་བའི་འོག་ཏུ་ཏྲི་ཤཱུ་ལ་ལྟ་བུ་ཞེས་པའོ། །བྲང་མཛེས་པ་ནི་དཀར་འཆང་དང་སྐབས་ཕྱེད་པའོ། །གླང་ཆེན་ལྟར་འགྲོས་དལ་བ་སྟེ་ཤུ་ཀྲ་ལས་སྐྱེས་པའོ། །རཀྟའི་རོ་ནི་སྒྱུར་བ་དང་ཤ་མདོག་དམར་བ་ནི་ཉི་མ་ཁྱད་པར་ཅན་ལས་སྐྱེས་པའི་ཕྱིར་རོ། །དེ་བཞིན་ཤཾ་ཁི་ནཱི་ཡང་བ་ཚའི་དྲི་བྲོ་བ་དང༌། མདོག་དཀར་སེར་དུ་གནས་པ་ནི་ཁྱབ་བྱེད་ཀྱི་དྲོད་ལས་སྐྱེས་པའོ། །སྐྲ་ཡང་རིང་ལ་སྣ་ནི་རིང༌། །ཞེས་པ་ནི་མགོ་བོའོ། །དཀར་འཆང་ན་གན་འདྲ་བ། །ཞེས་པ་ནི་ཤིང་ཏོག་རྩེ་མོ་ཆེ་ལ་རྩ་བ་ཞུམ་པ་སྟེ་དེ་འདྲ་བའོ། །དེ་ནི་སྙིང་གའི་དྲོད་ལས་སྐྱེས་པའོ། །འོ་མ་ཞོལ་རབ་ཏུ་སྲེད་པ་ནི་ཤུ་ཀྲའི་དྲོད་ལས་རབ་ཏུ་སྐྱེས་པའོ། །རཀྟའི་རོ་བྲོ་བ་ནི་དེ་ཉིད་ཀྱི་དྲོད་ལས་རབ་ཏུ་འབྱུང་བའོ། །དེ་བཞིན་དུ་ཙི་ཏྲ་ནི་ཡང་ཤ་རློན་གྱི་དྲོ་བྲོ་བ་དང༌། ངོ་ཚ་མེད་པ་དང༌། གན་རྐྱལ་དུ་ཉལ་བ་ནི་རབ་ཏུ་བཤིག་པ་དང་ས་སྙིགས་འབྱེད་པ་དང༌། ཞེས་བྱ་བ་མདོམས་ན་གནས་པ་ལས་སྐྱེས་པའོ། །དཀར་འཆང་ཤིང་ཏོག་པ་ལ་འདྲ། །ཞེས་པ་ནི་དཔལ་གྱི་འབྲས་བུ་འདྲ་ཞེས་བྱ་སྟེ་ཟླུམ་ཞིང་ཆུང་བའོ། །དེ་དང་ཁྲོ་འདོད་པ་ནི་འཐབ་མོ་ལ་དགའ་བ་ནི་རབ་ཏུ་བཤིག་པ་འཛིན་པ་ཞེས་བྱ་བ་སྙིང་ལ་གནས་པ་ལས་སྐྱེས་པའོ། །མཆུ་འཕྱང་བ་དང་ཕུག་རོན་གྱི་སྐད་འདྲ་བ་ནི་རབ་ཏུ་བཤིག་པ་བྱིན་མཉམ་ཞེས་བྱ་བ་ལྐོག་མ་ན་གནས་པ་ལས་སྐྱེས་པའོ། །བརླ་ཤིན་ཏུ་མཛེས་པ་དང་རྗེ་ངར་བྱ་རོག་དང་འདྲ་བ་ནི་རབ་ཏུ་བཤིག་པ་སྟེང་འགྲོ་ཞེས་བྱ་བ་ལྟེ་བ་ལ་གནས་པ་ལས་སྐྱེས་པའོ། །ཤ་མདོག་སྔོ་བསངས་དང་རཀྟའི་རོ་ཚབ་ནི་སྟོང་དང་སར་པ་ལྟ་བུའི་རོ་བྲོ་བ་སྟེ། ལུས་ཐམས་ཅད་ལ་རབ་ཏུ་གནས་པའི་རབ་ཏུ་བཤིག་པ་ལས་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་ཧ་སྟི་ནི་ཡང་ཆང་གི་བྲོ་བ་དང་དྲི་ང་བ་ནི་རྒྱུ་མ་ལ་སོགས་པ་དང་སྙིང་ལས་སྐྱེས་པའོ། །བྱིན་པ་སྦོམ་པ་དང་ལུས་སྦོམ་བ་ནི་མཁལ་མ་དང་མཆེར་པ་དང་སྙིང་ལས་སྐྱེས་པའོ། །སྣ་ཅུང་ཟད་ཡོ་བ་ནི་གླད་རྒྱས་ལ་སོགས་པ་དང་སྙིང་ལས་སྐྱེས་པའོ། །སྤྱོད་པ་རྩིང་བ་དང་མདོག་རྡུལ་སྐྱ་ཞེས་པ་ནི་བ་ཚ་བོང་བུའི་རྡུལ་གྱིས་གོས་པ་སྟེ། པགས་པ་དང་ཤ་དང་རུས་པ་དང་སྙིང་ལས་སྐྱེས་པའོ། །དཀར་


DTG042_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་གཡས་གཡོན་དུ་དགྱེ་བ་དང༌། ཤ་མདོག་སྨུག་པ་དང༌། རཀྟའི་རོ་བསྔལ་བ་ནི་གློ་བ་དང༌། མཆིན་པ་དང་པདྨའི་དཀྱིལ་འཁོར་དང༌། སྙིང་ལས་སྐྱེས་པའོ། །ད་ནི་དེ་རྣམས་ཀྱི་རུང་མི་རུང་གི་སྤྱོད་པ་བསྟན་པ། ད་ནི་དེ་དག་ཅེས་པ་ལ་སོགས་པའོ། །ཁོང་དུ་དགའ་ཞིང་ཞེས་པ་ནི་འདོད་ཆགས་ལའོ། །ཚིག་མང་བ་ཞེས་པ་ནི་མི་འདོད་པ་ལྟར་ཞེས་པའོ། །ཅུང་ཟད་བསྙད་ཅེས་པ་ནི་མེད་པའི་སྐྱོན་བརྗོད་པའོ། །དེ་ལ་སོགས་པ་ནི་ག་ཤའི་བདེ་བླག་མེད་པ་དང༌། དོན་ལྡན་རྣམ་པར་སྤངས་པ་དང༌། ལན་འགས་ཆོག་པ་ལྟ་བུ་ལ་སོགས་པ་ནི་མི་རུང་པས། མཁས་པས་རབ་ཏུ་སྤང་བར་བྱ། །ཞེས་ཏེ་རྗེས་སུ་མི་མཐུན་པའི་ཕྱག་རྒྱས་ལུས་སེམས་བདེ་བར་བྱེད་པའི་སྐབས་མེད་དེ། བྲམ་ཟེ་ཀེའུ་ལི་གྲོང་ཁྱེར་ཤུགས་ལྟར་འགྲོ་བའི་ཕྱིར་རོ་ཞེས་སོ། །རུང་བ་འདི་ནི་མཁས་པས་བཙལ། །ཞེས་པ་ལ་སོགས་པ་ནི་གོ་སླའོ། །མིག་གི་རྩ་མདངས་ཞེས་པ་ནི་དཀར་ནག་ཕྱེད་པའོ། །མིག་རྩ་རྒོད་པ་ནི་བླ་མ་ཞེས་པའོ། །སྐད་ཅིག་བསམ་པ་ཡང་དེ་བཞིན་དུའོ། །མི་མོ་འདི་ནི་བསྟེན་པར་བྱ། །ཞེས་པ་ནི་ལྷ་མོ་བཞིས་ཐམས་ཅད་དག་དུ་ཟིན་ཀྱང་རྗེས་སུ་མཐུན་པའི་མི་མོ་འདི་ནི་སྒྲུབ་པ་པོ་རྣམས་ཀྱི་སྨོན་ལམ་ལས་བྱུང་བའི་ཕྱིར་ཏེ་འབའ་ཞིག་དོན་དུ་གཉེར་བར་བྱའོ། །གསང་གནས་ཀྱི་རུང་མི་རུང་གི་སྤྱོད་པ་བསྟན་པ། ད་ནི་གསང་གནས་ཞེས་པ་ལ་སོགས་པའོ། །གྱོ་མོ་ལྟར་ནི་ཞེས་པ་ནི་ནང་ལྟ་བུའོ། །ཁ་སྦུབ་ནི་འོག་ན་གནས་པ་ལྟར་རོ། །དེ་ནི་རྟག་པས་སྤངས་པའོ། །ཁུང་རིང་ཞེས་པ་ནི་ཐབས་ཀྱི་ཆོས་ལོངས་མི་སྤྱོད་པ་སྟེ་དེ་དང་ཤིན་ཏུ་མི་སྡུག་པ་ནི་ཚེ་དཔག་མེད་ཀྱིས་སྤངས་པའོ། །རྟག་ཏུ་སྐམ་པོར་གནས་པ་ནི་འདོད་ཆགས་ཀྱི་མཚན་ཉིད་དང་ལྡན་ཡང་ཞེས་ཏེ་རིན་ཆེན་འབྱུང་ལྡན་གྱིས་སྤངས་པའོ། །རྟག་ཏུ་ཟིལ་པ་འཛག་པ་ནི་ཡུལ་མེད་ཀྱང་ཀེ་ལོ་ཞེས་བྱ་བའི་ཁ་ཆུ་ལྟ་བུར་འཛག་ཅིང་རྟག་ཏུ་ཡུལ་དང་འཕྲོད་པར་བྱེད་པ་སྟེ། མི་བསྐྱོད་པས་སྤངས་པའོ། །སྦལ་པའི་རྒྱབ་ལྟར་རྩུབ་པ་ནི་དོན་ཡོད་གྲུབ་པས་སྤངས་པའོ། །རུས་སྦལ་གྱི་རྒྱབ་ལྟར་འཕང་མཐོ་ཞིང་སྟེང་མཉམ་པ་ཤིན་ཏུ་འཇམ་པོ་ནི་སྤྱིའི་


DTG042_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱིན་གྱིས་བརླབས་པའོ། །བན་གླང་གི་ནི་ལྟག་པ་ལྟར། །ཞེས་པ་ནི་འགྲམ་གཉིས་དང་ཟེའུ་འབྲུ་སྟེ་ལྟག་པ་དང་དཔུང་མགོ་ལྟར་གནས་ཏེ། དེ་ཡང་སྟེང་མཉམ་ཞིང་ཐོག་གི་དབྱིབས་ཀྱང་རིང་ཞེས་པ་ནི་ཐོག་ཏུ་ཕལ་ཆེ་བར་གནས་པའོ།། དེ་ནི་སྤྱན་མས་བྱིན་གྱིས་བརླབས་པའོ། །པདྨའི་སྙིང་པོ་བཞིན་དུ་ཟླུམ་པ་ནི་འདབ་མ་འདུས་པ་སྟེ་དེ་ཡང་ཆུང་བའོ། །དེ་ནི་གོས་དཀར་མོས་བྱིན་གྱིས་བརླབས་པའོ། །འཛག་མིན་ཞེས་པ་ནི་ཉམས་སུ་མ་བླངས་ན་ཞེས་སོ། །ཉམས་སུ་བླངས་ན་ཅུང་ཟད་འབྱུང་བ་སྟེ་མཱ་མ་ཀཱིས་བྱིན་གྱིས་བརླབས་པའོ། །སྤུ་ཉུང་ཞེས་པ་ནི་སྤུ་ལངས་པ་སྟེ་ཡིད་དུ་འོང་བར་བྱེད་པའི་ཕྱིར་རོ། །དེ་ནི་སྒྲོལ་མས་བྱིན་གྱིས་བརླབས་པའོ། །ཐབས་ཀྱིས་ཤིན་ཏུ་བཙལ་ཞེས་པ་ནི་ཁ་ན་མ་ཐོ་བ་མེད་པ་ནི་འདིའི་ཐབས་ཏེ་རིན་གྱིས་སླུ་བ་དང༌། གཞན་གྱིས་མ་འཁྱུད་པ་དང་གཞན་ལ་མ་འཁྱུད་པ་ལ་སོགས་པས་སོ། །ད་ནི་འདི་དྲན་པར་བྱ་སྟེ། །ཐོག་མེད་དུས་ནས་ལོག་རྟོག་ལ། །ངང་གི་གོམས་པས་དེ་སྤྲོས་ཏེ། །དེ་བྱུང་དང་ཚུལ་ངན་རྣམས་མང༌། །འཛམ་གླིང་འདི་ནི་ཤཱཀྱ་ཡི། །སྲས་ཀྱི་གདུལ་བྱ་ཇི་སྙེད་པའོ། །དགེ་བགོམས་པ་ཉུང་ཟད་པས། །ཡང་དག་དོན་ནི་རབ་སྒོམ་པ། །ཉུང་སྟེ་མང་པོ་མ་ཡིན་པས། །འགྲོ་བའི་དོན་ནི་མི་གཏོང་ཕྱིར། །དེ་ཡང་ཐུགས་རྗེས་གཟུང་བར་བྱ། །ཞེས་པའི་ལུང་དང་སྦྱར་ན། །རྗེས་སུ་མཐུན་པའི་ཕྱག་རྒྱ་ནི་མང་བ་མ་ཡིན་ཏེ། གལ་ཏེ་དེ་དོན་དུ་གཉེར་བ་རྣམས་བར་མདོར་དུས་བྱེད་པར་འགྱུར་སྲིད་པས་ན། བླ་མའི་དྲིན་གྱིས་འཚོ་བའི་ཕྱིར་རྣམ་པ་གཞན་ཡང་གསུངས་པ། མཚན་ཉིད་དག་ཅེས་པ་ལ་སོགས་ནི་རྗེས་སུ་མཐུན་པའི་མཚན་ཉིད་དེ་དག་དང་མི་ལྡན་ཡང་ཞེས་པ་ནི། རིགས་དང་ཞེས་པ་ནི་མ་ངེས་པའོ། །ཇི་སྐད་དུ། རིགས་ངན་སྨེ་ཤ་ཅན་ལ་སོགས། །གསོད་པ་དོན་དུ་གཉེར་བ་རྣམས། །ཐེག་པ་བླ་ན་མེད་པ་ཡི། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་པ་དང༌། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང༌། །དམངས་རིགས་དག་གི་བུ་མོ་ཡང༌། །རྡོ་རྗེ་ཆོས་ཀྱིས་བསྒྲུབ་པར་བྱ། །འདི་ནི་གསང་བ་ཐོབ་པའོ། །ཞེས་གསུངས་པའི་ཕྱིར་རོ། །གཟུགས་དང་


DTG042_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བ་ནི་གཟུགས་བཟང་བའོ། །ལང་ཚོ་ཞེས་པ་ནི་བཅུ་དྲུག་པ་དང༌། ཉི་ཤུ་རྩ་ལྔ་ཞེས་གསུངས་ཀྱང༌། མྱ་ངན་སོག་ལེ་ལྟར་གཅོད་པ་ཡོད་ཀྱི་བར་ནི་ལང་ཚོ་སྟེ། ཇི་སྐད་དུ། བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ཅེས་གསུངས་པའི་ཕྱིར་རོ། །རྒྱན་མཛེས་ཞེས་པ་ནི་གདུ་བུ་ལ་སོགས་པས་མཛེས་པར་བྱས་པ་དེ་ཉིད་ལ་ཡིད་འོང་བུ་མོ་ཞེས་བྱ་སྟེ། རྒྱུ་འདི་གསུམ་དང་ལྡན་ན། གཟུང་བར་བྱའོ་ཞེས་སོ། །དེ་ཡང་གང་ཞེ་ན། ཆོས་ཟབ་ལ་ཞེས་པ་ལ་སོགས་པ་སྟེ། ཆོས་ཟབ་མོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེའི་སྤྱོད་པ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ལ་མོས་པ་ནི། དེ་ཐོབ་ན་ངེས་པར་འཛིན་པའི་སེམས་ཀྱིས་དེ་ལ་སྦྱོར་བའོ། །དེ་བས་ན་མོས་པ་གཅེས་སུ་བྱེད་པ་ནི་གཞན་གྱིས་མི་འཕྲོགས་པས་ན་ཆོས་ཀྱིས་ལོངས་པ་སྟེ། དང་པོའོ། །ལས་འབྲེལ་ཞེས་པ་ནི་ལས་ཀྱིས་འབྲེལ་པ་སྟེ། ཕ་དང་མ་དང་མིང་པོ་དང་བདག་པོ་ལ་སོགས་པའོ། །དེས་འཁྱུད་པ་མ་བྱས་པ་ནི་སེམས་ཀྱིས་ཀུན་དུ་འཛིན་པ་མེད་པའོ། །དེ་བས་ན། ཀུན་དུ་འཛིན་མེད་ནོར་གང་ཡིན། །མཁས་པ་རྣམས་ལ་དེ་མི་ལྕི། །འཛིན་བཅས་ནོར་ནི་གང་ཡིན་པ། །སོ་རངས་པ་ཡི་བུམ་བཞིན་དུ། །འབུམ་ཕྲག་གཉིས་སུ་གཞན་མི་ཕན། །ཞེས་སོ། །ལས་འབྲེལ་གྱིས་མ་བཟུང་པ་ནི་གནས་སྐབས་སྤངས་པའི་ཕྱིར་འབྲེལ་པས་ལོངས་པ་སྟེ་གཉིས་པའོ། །སྔོན་གསུངས་གྲོགས་ཞེས་པ་ནི་གོང་དུ་སྨོས་པའི་རྗེས་སུ་མཐུན་པའི་ཕྱག་རྒྱ་གང་ཞིག་གིས། ཤེས་པ་བསླུས་པ་ཞེས་ཏེ་རྗེས་སུ་མཐུན་པའི་གཏམ་གྱིས་དང་པོའི་ཤེས་པ་རྣམ་པར་བཟློག་པ་ནི་སླུ་བ་སྟེ། དད་པའི་ས་ལ་འགོད་པའོ། །ཇི་སྐད་དུ། བཟང་སྤྱོད་ངན་སྤྱོད་ཐམས་ཅད་ནི། །གྲོགས་གང་རྟེན་ལས་འབྱུང་བ་སྟེ། །གྲོགས་ཀྱི་ཚིག་ནི་སྲོག་བཞིན་འཛིན། །དེ་བས་གེགས་བཟང་ཚིག་བཟུང་ངོ༌། །ཞེས་པའི་ཕྱིར་རོ། །དེ་བས་ན་གྲོགས་ཀྱི་ཚིག་ལ་མ་ནོར་བར་འཛིན་པ་དེ་ཁོ་ན་བཞིན་དུ་སྒྲུབ་པར་བྱེད་པ་སྟེ་གྲོགས་ཀྱིས་ལོངས་པའོ། །དེ་ནི་གསུམ་པའོ། །དེ་ལྟའི་མི་མོ་མཁས་པས་སྒྲུབ། །ཅེས་ཏེ། མངོན་པར་འདུ་བྱས་པས་རང་དང་རྗེས་སུ་མཐུན་པར་


DTG042_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་ཕྱིར་རོ། །སོགས་ཀྱི་སྒྲས་བསྡུས་པ་ལྷ་མོ་དང་ཀླུ་མོ་དང་གནོད་སྦྱིན་མོ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་སོ། །གཞན་དག་ན་རེ་མི་མོ་ནི་རྟོག་པ་མང་བ་སྟེ། དེ་སྤངས་ནས་དེ་རྣམས་སྒྲུབ་པོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་མི་སླུ་བ་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེ་བས་ན་གོར་དུ་སྨོས་པའི་མི་མོ་རྣམས་ལ་བརྟེན་ཏེ། དེ་ཁོ་ན་ཉིད་ཤེས་པར་བྱེད་ལ། དེ་ཉིད་ཀྱིས་གོམས་པར་ཡང་བྱེད་ཅིང་མངོན་དུ་ཡང་བྱེད་དོ། །གཞན་རྣམས་ནི་མངོན་དུ་བྱེད་པའི་ཡན་ལག་ཙམ་ཡིན་ནོ། །འོ་ན་དེས་གང་བསྒྲུབ་ཅེ་ན། འཇིག་རྟེན་གསུམ་དུ་ཞེས་ཏེ། ཁམས་གསུམ་དུའོ། །དེར་རྙེད་དཀའ་བ་ནི་ཐ་མལ་པ་རྣམས་ལ་ལྟོས་ནས་ཕྱུག་པོ་དེ་ལས་རྒྱལ་སྲིད་དང་ནོར་བུ་ལ་སོགས་པ་ཡང་རྙེད་དཀའ་བ་སྟེ། དེ་བས་ཀྱང་རྙེད་དཀའ་བ་ནི་ལྷག་པའི་ལྷ་ཞེས་བྱ་བ་འདིའོ། །ཅིའི་ཕྱིར་ལྷག་པའི་ལྷ་ཞེས་བྱ་ཞེ་ན། ལྷ་རྣམས་ལས་མཆོག་ཏུ་གྱུར་པ་ནི་ཁ་ན་མ་ཐོ་བ་མེད་པའོ། །དེ་ལས་མཆོག་ཏུ་གྱུར་པ་ནི་བྱང་ཆུབ་སེམས་དཔའོ། །དེ་ལས་མཆོག་ཏུ་གྱུར་པ་ནི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་ཕུལ་དུ་གྱུར་པ་ནི་རྡོ་རྗེ་འཆང་ཆེན་པོ་སྦྱོར་བ་བདུན་དང་ལྡན་པའོ། །དེ་ལྟ་བུ་སེམས་ཅན་ཐམས་ཅད་ལ་མི་སླུ་བའི་ཚུལ་དུ་གནས་ཀྱང་ཡེ་ཤེས་ཀྱིས་རྒྱས་བཏབ་པའི་ཐབས་གོང་མ་དང་བྲལ་ན་མི་འགྲུབ་པས། དེ་རྣམས་དང་ལྷན་ཅིག་ཏུ་གྱུར་པའི་ལྷག་པའི་ལྷ་ཞེས་བྱ་བ་སྒྲུབ་ཅེས་བྱའོ། །ད་ནི་དེ་ལྟ་བུའི་ལྷག་པའི་ལྷ་དེ་དང་པོ་དབང་གི་སྒོ་ནས་རྟོགས་པར་བྱ་བ་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པའོ། །དེ་ཡང་ཞེས་པ་ནི་ལྷག་པའི་ལྷ་ཞེས་བྱ་བར་སྦྱར་རོ། །ཐུན་མོང་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་དང་ཐུན་མོང་དུ་གྱུར་པའི་སྔོམ་པས་ཐོབ་པ་སྟེ། རིག་པའི་དབང་ངོ༌། །དེ་དང་བཅས་པ་ནི་ཐུན་མོང་མ་ཡིན་པའི་སྔོམ་པས་ཐོབ་པ་སྟེ། རྡོ་རྗེ་སློབ་དཔོན་ཕྱིར་མི་ལྡོག་པའི་དབང་ངོ༌། །དེས་འདི་སྐད་གསུངས་པར་གྱུར་ཏེ། ཕྱིན་ཅི་ལོག་གི་ཡུལ་ལ་ཆགས་པ་དང་བྲལ་བའི་བདག་ཉིད་ཆེན་པོ་སེམས་ཅན་གྱི་ཚོགས་ཐམས་ཅད་ལ་ཕན་གདགས་པའི་བསམ་པ་དང་ལྡན་པ་དེས། ཆོས་ཐམས་ཅད་ཁྱབ་བདག་ཏུ་གནས་པའི་ཟབ་མོ་དང་ཡང་དག་པར་གསལ་བཟུང་དུ་འཇུག་པའི་རྡོ་རྗེ་འཛིན་པ་


DTG042_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གོང་དུ་གསུངས་པ་རྟོགས་པར་བྱ་བའི་ཕྱིར། གོང་དུ་སྨོས་པའི་རྗེས་སུ་མཐུན་པའི་ཡོན་ཏན་རྣམས་ཀྱིས་གོང་དུ་སྨོས་པའི་ཡོན་ཏན་དང་ལྡན་པའི་བླ་མ་དམ་པ་རྣམས་ལས་གང་ཡང་རུང་བ་ཅིག་ཡོངས་སུ་གཟུང་བས་མཉེས་པར་བྱ་སྟེ། དེས་ཀྱང་མཉེས་པ་ལས་བྱུང་བའི་དཀྱིལ་འཁོར་གཉིས་གང་ཡང་རུང་བ་ཅིག་དང་བསྒྲུབ་པར་བྱའོ། །དེ་ཡང་བླ་མ་ངེས་མཚན་མ་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་སྟེ། དང་པོར་བར་ཆད་ཞི་ཞིང་ཚོགས་འཕེལ་བར་བྱ་བའི་ཕྱིར། རང་གི་ལྷའི་འཁོར་ལོ་ལ་གནས་པས་སྔོན་དུ་བསྙེན་པ་བྱ་ཞིང་འཛབ་བཟླས་པ་དུ་མའམ་གྲངས་ཅན་དུ་བྱའོ། །དེ་ནས་རྒྱུ་སྐར་རམ་བྱེད་པ་བཟང་པོའི་ཉིན་པར་རམ། ཡང་ན་ཀུན་དགའ་བའི་བསམ་པ་དང་ལྡན་པས་དགེ་སློང་གི་དགེ་འདུན་དང་བཅས་ཏེ། གནས་ཀྱི་ཁྱད་པར་ལས་དབང་ལྡན་གྱི་ཕྱོགས་སུས་བཙལ་བར་བྱའོ། །དེར་ཇི་སྐད་དུ་གསུངས་པའི་ཆོ་གས་བརྟགས་ཏེ་ས་ལ་གནས་པ་དང་འབྱུང་པོའི་ཚོགས་ལ་གཏོར་མ་བྱིན་ལ་རང་གི་ལྷའི་འཁོར་ལོ་ལའང་སྦྱིན་སྲེག་ལ་སོགས་པས་མཉེས་པར་བྱས་ལ་ནམ་མཁའ་ལ་དགོད་པར་བྱའོ། །དེ་ནས་ཇི་སྐད་དུ་གསུངས་པས་ཀླུ་བརྟག་པར་བྱ་སྟེ། ས་སྟེགས་གྲུ་བཞི་པ་བདུད་རྩི་ལྔས་བྱུགས་པ་སྟེ། རྒྱན་ལ་སོགས་པས་རྣམ་པར་ཀླུབས་པས་ཕྱིའི་ས་སྦྱང་བར་བྱའོ། །རང་གི་ལྷའམ་བགེགས་ཀྱི་དགྲའི་སྦྱོར་བས་དབང་བསྐུར་བླངས་པས་སེམས་ཀྱིས་ས་སྦྱང་བར་བྱའོ། །དེ་ནས་དེ་ཉིད་ནོར་འཛིན་ལྟ་བུ་རྡོ་རྗེའི་ཁྱད་པར་ཅན་དུ་བྱས་པས་བྱིན་གྱིས་བརླབས་ལ་བདག་ཉིད་ཏིང་ངེ་འཛིན་གསུམ་དང་ལྡན་པར་དབུས་སུ་འདུག་ལ། རྡོ་རྗེ་དྲིལ་བུ་འཛིན་པའི་གྲོགས་པོ་བཞིས་དཀྱིལ་འཁོར་བྲི་བར་གསོལ་བ་གདབ་པོ། །དེས་ཀྱང་ཉོན་མོངས་པ་ལ་བགེགས་ཀྱི་གཤེད་ཀྱི་ངོ་བོ་ཁྲོས་ནས་ལུས་ངག་ཡིད་གསུམ་གྱི་སྦྱོར་བས་བགེགས་བསྐྲད་ནས་སའི་དབུས་སུ་ཕུར་བུས་བཏབ་པས་བསྲུང་བར་བྱའོ། །བདུད་འདུལ་གྱི་ཕྱག་རྒྱས་སའི་ལྷ་མོ་བརྟན་མ་ལ་མཆོད་པ་ལ་སོགས་པས་མཉེས་པར་བྱས་ལ། དབང་པོར་གསོལ་ནས་དེ་ཉིད་དུ་ཐིམ་པར་བསམ་མོ། །ས་དག་པར་བྱ་བའི་ཆོ་གའོ། །དེ་ནས་ཕྱི་དེ་ནང་པར་ལྷའི་གྲངས་


DTG042_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པའི་མཎྜལ་ལ། དམ་ཚིག་གི་འཁོར་ལོ་བཞི་པ་ཡན་ཆད་ཀྱིས་བཀོད་ལ། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་བསྟིམས་ཏེ་མཉེས་པར་བྱས་ནས་གསོལ་བ་གདབ་པར་བྱའོ། །ཡང་མཆོད་པའི་བུམ་པ་ལྷའི་གྲངས་དང་མཐུན་པ་ལ་རང་གྲང་གི་སྔགས་ཀྱིས་བཏབ་ལ་རྣམ་པར་རྒྱལ་བའི་བུམ་པ་ལ་གཙོ་བོའི་སྔགས་ཀྱིས་བཏབ་སྟེ། སྐྲག་བྱེད་ཀྱི་བུམ་པ་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་གདབ་པར་བྱའོ། །ཡང་དེ་རྣམས་བྱིན་གྱིས་བརླབ་པར་བྱས་ནས་དཀྱིལ་འཁོར་ལ་བཀོད་དེ་མཆོད་པ་ལ་སོགས་པ་བྱས་ནས་གསོལ་བ་གདབ་པར་བྱའོ། །དེ་ནས་བདག་ཉིད་ཕྱི་རོལ་དུ་བྱུང་སྟེ་སྣོད་དང་ལྡན་པའི་སློབ་མ་རྣམས་བཟུང་ནས་ཁང་པའི་ནང་དུ་ཞུགས་ལ་སློབ་མས་ཀྱང་སྟོན་ཆེན་ཁྱོད་ལ་ཞེས་པ་ལ་སོགས་པས་གསོལ་བ་གདབ་པོ། །བླ་མས་ཀྱང་སློབ་མའི་གཙོ་བོ་ལག་པ་ནས་བཟུང་སྟེ། བུ་ཚུར་ཤོག་ཤིག་ཅེས་པ་ལ་སོགས་པས་ལན་སྩལ་ནས་ནང་དུ་བཅུག་སྟེ། སྡིག་པ་བཤགས་པ་ལ་སོགས་པས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་གནས་གསུམ་བྱིན་གྱིས་བརླབས་ལ་མཆོད་པའི་རྫས་སྦྱིན་ནོ། །དེ་བཞིན་དུ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཟླས་པའི་སོ་ཤིང་དང༌། ཀུ་ཤ་དང༌། སྲུང་སྐུད་གདགས་པ་དང༌། ཉེ་རེག་སྦྱིན་པར་བྱའོ། །དེ་ནས་སློབ་མས་ཀྱང་ཕྱིར་མི་ལྡོག་པའི་དབང་ཞེས་པ་ལ་སོགས་པས་གསོལ་བ་བཏབ་ལ། དེ་ལ་བླ་མས་ཀྱང་སངས་རྒྱས་ཆོས་དང་ཞེས་པ་ལ་སོགས་པས་བྱང་ཆུབ་སེམས་དཔའ་དང༌། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་དང་ཐུན་མོང་གི་སྔོམ་པ་བྱིན་ལ། སློབ་མས་ཀྱང་སྟོན་པ་ཆེན་པོ་ཞེས་པ་ལ་སོགས་པས་སྔོམ་པ་དེ་བླང་བར་བྱའོ། །དེ་ནས། ཀུན་མཁྱེན་གང་དུ་འཇིག་རྟེན་ན། །ཞེས་པ་ལ་སོགས་པས་སྤྲོ་བ་བསྐྱེད་ཅིང་བདེན་པའི་ཆོས་བཤད་ལ། སློབ་མ་རྣམས་ཉལ་བའི་སྦྱོར་བ་བྱའོ། །དེ་ནས་མཆོད་པ་ལ་སོགས་པས་དཀྱིལ་འཁོར་མཉེས་པར་བྱས་ལ་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་ལ་བཀོད་དེ་བདག་ཉེད་ཉལ་བར་བྱའོ། །ནང་པར་སྔར་ལངས་ནས་སོ་ཤིང་སྐྱུར་བ་དང་མཚན་མ་བཟློག་པ་ལ་སོགས་པ་ནི་སྟ་གོན་དུ་གནས་པའི་ཆོ་གའོ། །དེ་ནས་རང་གི་ལྷའི་སྦྱོར་བ་ལ་གནས་པས་ཇི་སྐད་དུ་གསུངས་པའི་ཐིག་སྐུད་ལ་ཡེ་


DTG042_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཐིག་སྐུད་དྲང་བ་དང་བསྒྲིལ་བ་དང་བསྲུང་བ་ལ་སོགས་པས་ཐིག་སྐུད་འདུས་བྱས་ལ། ལས་ཐམས་ཅད་པར་བསྒོམས་པའི་སློབ་མ་ངང་ལྷན་ཅིག་ཏུ་ནམ་མཁའ་དང་སའི་ཐིག་མ་ལུས་པར་གདབ་པར་བྱའོ། །ཡང་ན་ནུས་པས་ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་ལོན་པ་ལ་ཇི་སྐད་དུ་གསུངས་པའི་ཆོ་གས་ཡེ་ཤེས་ཀྱི་ལྷ་ཕབ་ནས་བྲི་བ་དང་ཚོན་གདབ་པོ། །དེ་ནས་ཆ་དབྱེ་བ་ལ་སོགས་པས་ཐིག་གསལ་བར་བྱ་བ་ནི་ཐིག་གི་ཆོ་གའོ། །དེ་བཞིན་དུ་ཚོན་རྩི་རྣམས་ཀྱང་འདུས་བྱས་ནས་རྡོ་རྗེ་གར་གྱི་བརྗོད་པས་ནང་དུ་ཞུགས་ནས་སྣ་ལྔའི་ཚོན་དང༌། རྡོ་རྗེ་རྩེ་མོའི་ཚོན་དང༌། ཕྱོགས་ཀྱི་ཚོན་དང༌། ཕྱག་མཚན་གྱི་ཚོན་ཡང་གདབ་པར་བྱ་བ་ནི་ཚོན་གྱི་ཆོ་གའོ། །དེ་ནས་བུམ་པ་དགྲམ་པ་དང་སྐུད་པ་ལ་སོགས་པ་གཤེགས་སུ་གསོལ་བ་བྱས་ལ། རང་གི་རིགས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་ཡན་ལག་བཅུ་གཉིས་ཀྱིས་འཁོར་ལོ་གསུམ་གཉིས་སུ་མེད་པར་བསྒོམ་པ་ནི་ལྷ་གནས་པར་བསམ་པའི་ཆོ་གའོ། །དེ་ལ་གསང་བའི་མཆོད་པ་དག །རྡོ་ཇེ་དྲིལ་བུའི་བདེ་དབྱངས་ཀྱིས་བསྟོད་པ་དང༌། བདུད་རྩིས་ཚིམ་པར་བྱ་བ་དང༌། །ཕྱིའི་མཆོད་པས་ཤིན་ཏུ་ཚིམ་པར་བྱ་བ་དང༌། བཟླས་པ་བྱ་ཞིང་དགྱེས་པ་བསྐྱེད་པ་དང༌། ཕྱི་རོལ་དུ་བྱུང་ནས་ཕྱོགས་སྐྱོང་བ་རྣམས་ལ་གཏོར་མ་སྦྱིན་པ་དང༌། ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ནང་དུ་ཞུགས་ནས་ལྷག་ཆད་ཀྱི་སྐྱོན་བསལ་བ་དང༌། སྦྱིན་སྲེག་གིས་མཉེས་པར་བྱ་བ་ནི་མཆོད་པའི་ཆོ་གའོ། །དེ་ནས་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་ལྷས་དབང་བསྐུར་བར་བསམས་ནས། དེ་ཁོ་ན་ཉིད་དང་བདེན་པ་བརྗོད་པར་བྱའོ། །དེ་ནས་སློབ་མ་མངོན་པར་འདུ་བྱས་ལ་གདོང་གཡོགས་ནས་མོས་པ་དྲི་ཞིང་ལན་གདབ་པ་དང༌། ལྷ་དང་བླ་མ་ལ་ཡོན་དབུལ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་འཁོར་ལོ་བསྐུལ་བ་དང༌། དཀྱིལ་འཁོར་དུ་གཞུག་པ་དང༌། སྔོམ་པ་བསྡོམས་ཏེ་སྤྲོ་བ་བསྐྱེད་པ་དང༌། དམ་བསྒྲགས་པ་དང་ལྷ་དབབ་བ་དང་མེ་ཏོག་དོར་བ་དང༌། གདོང་གཡོགས་བཀྲོལ་ནས་དཀྱིལ་འཁོར་བསྟན་པ་ནི་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །དེ་ནས་མི་བསྐྱོད་པ་འདུས་བྱས་པ་ལས་བྱུང་བའི་


DTG042_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་དབང་དང༌། རིན་ཆེན་འབྱུང་ལྡན་ལས་བྱུང་བའི་དབུ་རྒྱན་གྱི་དབང་དང༌། སྣང་བ་མཐའ་ཡས་ལས་བྱུང་བའི་རྡོ་རྗེའི་དབང་དང༌། དོན་ཡོད་གྲུབ་པ་ལས་བྱུང་བའི་རྡོ་རྗེ་དྲིལ་བུའི་དབང་དང༌། རྣམ་པར་སྣང་མཛད་ལས་བྱུང་བའི་མིང་གི་དབང་དང༌། རིག་པའི་དབང་བསྐུར་བ་བྱིན་ལ། དེའི་རྗེས་ལ་རྡོ་རྗེ་དང༌། དྲིལ་བུ་དང༌། ཕྱག་རྒྱའི་དམ་ཚིག་བྱིན་ལ། རྡོ་རྗེ་སློབ་དཔོན་གྱི་དབང་གི་སྔོམ་པ་ཐུན་མོང་མ་ཡིན་པ་རྣམས་སྦྱིན་ནོ། །དེ་ནས་གསོལ་བ་བཏབ་པའི་རྡོ་རྗེ་སློབ་མ་འཇུག་པའི་སྒོར་ཁ་དོག་གཅིག་པའི་དཀྱིལ་འཁོར་ལ་དཔག་སྟེགས་ཀྱི་ཁྲི་ལ་བཞག་སྟེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་ལས་སྤྲོས་པའི་ལྷ་མོ་ལ་སོགས་པས་བསྐུལ་བས་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་དང༌། རོལ་མོ་ལ་སོགས་པ་དང་ལྡན་པར་རིག་པའི་དབང་དམ་ཚིག་དང་བཅས་པར་སྦྱིན་ནོ། །དེ་ནས་གདུགས་དང་བཅས་པར་བསྐོར་བ་བྱས་ནས་ཁྲི་ལ་བཞག་སྟེ་སློབ་དཔོན་དུ་གནས་པར་བྱས་ན་དབུ་རྒྱན་དང་ཡེ་ཤེས་སེམས་དཔའ་བསྐྱེད་དེ་མཆོད་པར་བྱའོ། །དེ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སློབ་དཔོན་གྱི་ལས་གཉིས་བསྟན་པ་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བའོ། །དེ་ནས་ལུང་བསྟན་པ་དང༌། དབུགས་དབྱུང་བ་དང༌། བཀའ་སྩལ་པའི་དབང་བསྐུར་བ་ཡང་སྦྱིན་ནོ། །དེ་རྣམས་ནི་བུམ་པའི་དབང་བསྐུར་བའི་ཆོ་ག་བསྡུས་པས་ཏེ། རྒྱས་པ་ནི་གཞན་དུ་ཤེས་པར་བྱ་སྟེ། འདིར་ནི་དཀྱུས་ཀྱིས་འཛིན་ཙམ་དུ་སྨོས་སོ། །ད་ནི་དེ་དག་དང་ལྡན་པའི་སློབ་མ་ལ་གསང་བའི་དབང་བསྐུར་བར་གསུངས་པ། ཚོགས་ཀྱི་མཆོད་པ་ཞེས་པ་ལ་སོགས་པའོ། །དེ་ཡང་གོང་དུ་གསུངས་པའི་ཕྱག་རྒྱ་ལ་སོགས་པ་ནི་གཟུགས་ཀྱི་ཆོགས་སོ། །པི་ཝང་ལ་སོགས་པའི་དཀྲོལ་བ་དང་བརྡུང་བ་ལ་སོགས་པ་ནི་སྒྲའི་ཚོགས་སོ། །ག་པུར་ལ་སོགས་པས་བྱུག་པ་དང༌། བདུག་སྤོས་ལ་སོགས་པ་ནི་དྲིའི་ཚོགས་སོ། །ཤ་དང་ཆང་དང་ཁུར་སྐྱ་ལ་སོགས་པ་ནི་རོའི་ཚོགས་སོ། །དར་ལ་སོགས་པ་དང༌། དབང་པོ་བསྟར་བ་ལ་སོགས་དང༌། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་ནི་རེག་བྱའི་ཚོགས་སོ། །མཉེས་པར་བྱེད་པས་ན་མཆོད་


DTG042_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་རྣམས་དང་ལྡན་པར་དེའི་ངོ་བོ་གོང་དུ་གསུངས་པའི་བུ་མོ་བཙལ་ནས་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་ཏེ་ལུས་དྲི་ཞིམ་པོས་བྱུགས་ལ། ནམ་ཕྱེད་ཀྱི་དུས་སུ་བླ་མ་ལ་དབུལ་བར་བྱའོ། །དེ་ནས་བླ་མས་ཀྱང་བསམ་གཏན་གྱིས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མའི་ལུས་བསྲེགས་ནས། ཆོ་ག་བཞིས་རྣམ་པར་སྣང་མཛད་དུ་བསྒོམ་སྟེ། གསོལ་བ་འདེབས་པ་ལ་བཟའ་བ་དང་བསྲུང་བའི་དམ་ཚིག་བྱིན་ནས་ཡང་མེ་ཏོག་གིས་སྙིམ་པ་བཀང་སྟེ་གསོལ་བ་འདེབས་པ་ལ་ཆ་མཐུན་པའི་རྣལ་འབྱོར་ཆེན་པོའི་ཚུལ་རྣམས་ལས་བསྟན་པ་ལྟར། ཟླ་བ་ལ་སོགས་པའི་རྫས་རྣམས་ཀྱིས་རྣ་བ་དང༌། སྙིང་ག་དང༌། ལག་མཐིལ་དང༌། ལྕེ་དང༌། སྤྱི་གཙུག་ཏུ་ཐིག་ལེ་བྱ་ཞིང་དེའི་སྔགས་ཀྱིས་སྦྱིན་པར་བྱའོ། །དེ་བཞིན་དུ་སྙན་གྱི་ཕྱོགས་སུ་གྱུར་པའི་ལྷ་མོ་དང་དཔའ་བོའི་ས་བོན་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དངོས་སུའམ་བསམ་པས་ཕྱུང་ནས་བདེ་བའི་རོ་མྱང་ཞིང་དཔུང་མགོ་ལ་སོགས་པར་བསྐུར་བར་བྱའོ། །དེ་ནས་སློབ་མ་ཧ་ཅང་རིང་བ་མ་ཡིན་པར་གོས་ལ་སོགས་པས་མིག་བཀབ་ནས་བཞག་སྟེ། བླ་མས་ཀྱང༌། དེ་དང་སྙོམས་པར་ཞུགས་པ་ཡིས། །ཞེས་ཏེ། གོང་གི་བུ་མོ་བར་གྱི་བསྙེན་སྒྲུབ་བཞི་ལ་སོགས་པས་དག་པར་བྱས་ནས། རྗེས་སུ་ཆགས་པའི་མཐའ་ལ་ཐུག་པས་སྙོམས་པར་ཞུགས་ཏེ། ས་བོན་གྱིས་བསྐུལ་བའི་བདེ་བར་གཤེགས་པ་རྣམས་ཞལ་དུ་ཞུགས་ཏེ་ཟླ་བར་ཞུ་བར་གྱུར་ནས་བཅུ་དྲུག་ཆ་ཞེས་ཏེ་ཐིག་ལེའི་ངོ་བོར་གྱུར་པར་བསམ་མོ། །དེ་ཉིད་སློབ་མའི་ཁ་རུ་ལྟུང༌། །ཞེས་ཏེ་ཐིག་ལེ་ལས་ཡི་གེ། །དེ་ལས་དཀྱིལ་འཁོར་དེ་ཉིད་འདོད་ཆགས་ཆེན་པོའི་མེས་བཞུས་པ་སློབ་མའི་ཁར་པའི་ཆོ་གའོ། །དེ་ལ་གསང་བའི་མཆོད་པ་དག །རྡོ་ཇེ་དྲིལ་པདྨར་ཞུགས་པའོ། །དེས་ཅི་བྱེད་ཅེ་ན། དེ་ཡིས་ཞིང་ནི་དག་བྱས་ཏེ། །ཞེས་ཏེ་ཞིང་ནི་དེའི་ཕུང་པོ་ལ་སོགས་པའོ། །དེ་དག་པར་བྱས་པ་ནི་ཕྱིན་ཅི་ལོག་ཏུ་སྣང་བའི་ཕུང་པོ་ལ་སོགས་པ་སྦྱངས་ཏེ། ཡེ་ཤེས་ཀྱི་སྐུར་བྱས་པ་ཞེས་བྱའོ། །


DTG042_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཅི་རྟོགས་ཤེ་ན་ཆོས་ཀུན་ཞེས་པ་ལ་སོགས་པའོ། །དེ་ཡང་ཀེ་ལོ་དང་ཀེ་པོ་འདྲུལ་པ་ཅད་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྐྱེའོ། །དེས་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་བྲག་ཅ་དང༌། མགལ་མེའི་འཁོར་ལོ་དང༌། འཁྲུལ་པ་དག །རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་དང༌། ཆུའི་ཆུ་བུར་དང༌། གློག་གི་རྣམ་པ་དང༌། སྤྲུལ་པ་དང༌། བརྒྱ་བྱིན་གྱི་གཞུ་དང༌། སྤྲིན་གྱི་རྣམ་པ་ལྟ་བུ་སྟེ། དཔེ་བཅུ་གཉིས་ཀྱི་དོན་དུ་རྟོགས་པར་འགྱུར་རོ། །དེ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་སྐལ་བ་མཉམ་པས་ན་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། དེའི་ལམ་ལ་འཇུག་པ་མྱུར་བར་ཐོབ་པར་འགྱུར་རོ། །ད་ནི་ཞིང་དག་པར་བྱས་པའི་སློབ་མ་ལ་ཆོས་ཀྱི་སྐུ་རྟོགས་པར་བྱ་བའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རང་འབྱུང་ཞེས་པ་ནི་གཞན་གྱིས་བརྟགས་པའི་རྒྱུ་སྤངས་ཏེ། རང་གི་སེམས་ཉིད་གོམས་པ་ལས་བྱུང་བའི་ཕྱིར་རོ། །ཇི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ན། །བརྟན་པའི་ཕྱིར་ན་སེམས་དཔར་བརྗོད། །མཉམ་པར་བཞག་ན་ཏིང་ངེ་འཛིན། །ངེས་པ་ལས་ནི་རྡོ་རྗེར་གྱུར། །སེམས་དཔའི་བྱིན་རླབས་སྦྱོར་བ་ལས། །སླར་ཡང་རྡོ་རྗེ་སེམས་དཔར་གྱུར། །ཞེས་སོ། །གཞན་བཤད་ཟིན་ཏོ། །དེ་རྟོགས་པར་བྱ་བའི་ཕྱིར་བུ་མོ་སྦྱིན་ཞེས་སོ། །དེ་ཡང་དབང་བསྐུར་བ་ཐོབ་པའི་སློབ་མས་ཐོ་རངས་ཀྱི་དུས་སུ་ཚོགས་ཀྱི་མཆོད་པས་བླ་མ་མཉེས་པར་བྱས་ལ། ཇི་སྐད་དུ་གསུངས་པའི་བུ་མོ་བླ་མ་ལ་ཡོན་དང་བཅས་ཏེ་དབུལ་བར་བྱའོ། །དེ་ནས་གསོལ་བ་འདེབས་པའི་སློབ་མ་རྣལ་འབྱོར་པ་སྙིང་པོའི་སྔོམ་པ་དང་ལྡན་པར་བྱའོ། །དེ་ནས་ཡང་མེ་ཏོག་གིས་སྙིམ་པ་བཀང་སྟེ། གསོལ་བ་འདེབས་པ་ལ་བླ་མས་བྱིན་གྱིས་བརླབས་པའི་བུ་མོ་སློབ་མའི་ལག་པ་གཡས་པར་སྦྱིན་པར་བྱས་ནས་ལུང་འདི་བསྒོའོ། །ལྷ་མོ་འདི་ནི་ཞེས་པ་ལ་སོགས་པའོ། །ཁྱོད་ཀྱི་བཞེད་པ་འདི་ལ་ཡོད་པའི་ཕྱིར་ན་ཁྱོད་དང་མཐུན་ཞེས་སོ། །སེམས་ཅན་ཞེས་པ་ནི་སེམས་ཅན་བསྒྲལ་བའི་སེམས་


DTG042_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཡོད་པའོ། །སངས་རྒྱས་ཀུན་གྱིས་སྤྱོད་དུ་གནང༌། །ཞེས་པ་ནི་བླ་ན་མེད་པའི་སངས་རྒྱས་རྣམས་ཀྱིས་སྣོད་དུ་རུང་བའི་གང་ཟག་འགའ་ལ་སྤྱོད་དུ་གནང་བའོ། །ཇི་ལྟར་སྤྱོད་དུ་གནང་ཞེ་ན། དཀྱིལ་འཁོར་འཁོར་ལོའི་ཆོག་ཡིས། །ཞེས་ཏེ། དང་པོའི་རྣལ་འབྱོར་པ་ལ་སོགས་པའི་ཆོ་ག་སྟེ། ཐ་མལ་པ་བཟློག་པས་ཚེ་གཅིག་གིས་གྲོལ་བའོ། །བྱང་ཆུབ་ཆེན་པོ་སྒྲུབ་པའི་ཕྱིར་ཞེས་པ་ནི་མི་སླུ་བ་དང་ཕྱིན་ཅི་མ་ལོག་པ་དང༌། མི་འགྱུར་བའི་བྱང་ཆུབ་སྟེ། དངོས་སུ་བསམ་པས་རྟོག་པར་བྱེད་པ་དང༌། བློ་འཇོག་པ་དང༌། མངོན་དུ་གྱུར་པ་སྒྲུབ་པར་བྱེད་པའོ། །ཁྱོད་ཀྱིས་འདི་དང་འབྲལ་མི་བྱ། །ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱ་བས་ན་དེ་དང་ལྷན་ཅིག་ཏུ་མངོན་སུམ་དང་དཔེའི་ཡེ་ཤེས་བརྟག་པར་བྱ་བ་སྟེ། ཡེ་ཤེས་རྒྱུན་མི་འཆད་པའི་ཕྱིར་རོ། །ཡིད་འོང་བུ་མོ་བླང་བྱ་སྟེ། །ཞེས་པ་ནི་དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བླངས་ཞེས་པའོ། །བླངས་ནས་ཅི་བྱེད་ཅེ་ན་དེ་ཡིས་ཞེས་ཏེ་བུ་མོས་སོ། །འདའ་བར་མི་བྱ་བས་ན་དམ་ཚིག་གོ །གཞན་ལས་ལྡོག་ཅིང་ལྡོག་པ་མེད་པ་ནི་སྡོམ་པ་སྟེ། སོ་སོར་ཐར་པ་ལས། ཁྱད་པར་དུ་གྱུར་པས་ན་མཆོག་གོ །དེ་སྨྲ་བར་བྱ་ཞེས་སོ། །དེ་ཉིད་ཀྱང་གང་ཞེ་ན་སྨྲོས་ཤིག་ཅེས་པ་ལ་སོགས་པའོ། །དེ་རྣམས་ནི་གོ་སླའོ། །བཞད་གད་དང་ལྡན་པར་ཞེས་པ་ནི། སྡོམ་པ་ཉམས་སུ་བླང་བ་ལ་བརྗོད་པའི་རྟགས་སུ་བཞད་གད་དང་ལྡན་པའི་ཕྱིར་སྨྲས་པ། ཀྱེ་ཞེས་པ་ལ་སོགས་པའོ། ལྷ་མོ་ཁྱོད་ལ་བཀུར་སྟི་དགོས། །ཞེས་པ་ནི་བདུད་རྩི་ལྔ་ལ་སོགས་པ་མྱོང་བའི་ཤེལ་ཁང་ལ་བྱ་བ་སྟེ། དེས་ཁྱོད་དགའ་བར་འགྱུར་བའི་ཕྱིར་ན་ཟ་བའོ། །དེ་ནས་ཡང་བུ་མོས་ག་ཤ་ཕུད་ཅེས་པ་ནི་མདོམས་དཀྲིས་མེད་པར་བྱས་ནས་སོ། །པདྨ་གསལ་བསྟན་ཞེས་པ་ནི་པདྨའི་འཁོར་ལོ་འགྲམ་གཉིས་ལས་བཟུང་ནས་སློབ་མ་ལ་གསལ་བར་བསྟན་ཏེ། ཚིག་འདིས་པདྨ་ལ་བསྟོད་དོ། །ཨེ་མའོ་ཞེས་པ་ལ་སོགས་པའོ། །ཨེ་མའོ་ཞེས་པ་ནི་ངོ་མཚར་རོ་ཞེས་པའོ། །གང་ངོ་མཚར་ན་བདག་གི་པདྨ་འདི་ངོ་མཚར་ཆེ་ཞེས་པའོ། །ཅིའི་ཕྱིར་


DTG042_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་པདྨ་ངོ་མཚར་ན་བདེ་བ་ཐམས་ཅད་དང་ལྡན་པ་ཞེས་ཏེ། བདེ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཏུ་དགའ་བའི་བདེ་བ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་དེ་འདི་ན་ཡོད་པའི་ཕྱིར་ཞེས་སོ། །དེ་ཡོད་པར་སུས་རྟོགས་ཤེ་ན། ཆོ་གའི་རིམ་པ་གང་གིས་སྤྱད། །ཅེའོ། །དེ་ལ་ཆོ་གའི་རིམ་པ་ནི་འོག་ནས་འབྱུང་བའི་ལུས་ངག་ཡིད་གསུམ་གྱི་བྱ་བ་རླུང་གི་མན་ངག་དང་བཅས་པས་སོ། །དེ་ཡི་མདུན་ན་རྟག་ཏུ་གནས། །ཞེས་པ་ནི་ཆོ་གའི་རིམ་པ་ཤེས་པ་དེའི་མངོན་སུམ་དུ་རྟག་ཏུ་གནས་པ་སྟེ་ཡེ་ཤེས་སོ། །དེ་བས་ན་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པས་ན་དོན་བྱེད་པདྨ་དམ་པའོ། །བྱེད་པ་ལ་བཙུན་པར་བལྟ་བས་ན། སངས་རྒྱས་ཀུན་གྱིས་བཀུར་བའི་གནས་སོ། །རྟག་པར་ཞུགས་པ་ཡིན་ཞེས་པ་ནི་བསྒྲིབས་པའི་དུས་ན་ཡང་འགྱུར་བ་མེད་པར་གནས་པའི་ཕྱིར་རོ། །དེ་ནས་སློབ་མས་ཀྱང་བྷཉྫ་མོཀྵ་ཧོ་ཞེས་བརྗོད་པར་བྱ་སྟེ། མྱ་ངན་ལས་འདས་པ་ཆེན་པོའི་གཞལ་ཡས་ཁང་དགྱེས་པའི་ཕྱིར་རོ། །དེ་ནས་བླ་མས་ཡེ་ཤེས་མྱོང་བར་བྱ་བའི་ཕྱིར་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པའོ། །རང་གི་ས་བོན་ཞེས་པ་ནི་ཡེ་ཤེས་སེམས་དཔའི་ས་བོན་ལས་སོ། །དེ་ལས་འོད་ཟེར་བྱུང་བས་རང་གི་ནང་གསལ་ཏེ། དེས་ལྷའི་འཁོར་ལོ་ཞེས་པ་ནི་དེས་ལུས་ཀྱི་དཀྱིལ་འཁོར་དུ་གཏོགས་པའི་ལྷ་རྣམས་སོ། །དེས་ཆགས་བྱས་ནས་ཞེས་པ་ནི་འོད་རེག་པ་ཙམ་གྱིས་དུས་ཀྱི་སེམས་ཅན་ལྟ་བུར་བྱས་ནས་ཞེས་པའི་དོན་ཏོ། །འོད་ཟེར་དེས་རྡོ་རྗེའི་ལམ་ནས་ཕྱིར་བྱུང་སྟེ། བུ་མོའི་པདྨའི་ནང་དུ་ཞུགས་པས་དེའི་ལྷའི་འཁོར་ལོ་ཡང་གོང་མ་ལྟར་བྱས་ནས་ཞེས་སོ། །ཞལ་ནས་ཞེས་པ་ནི་བུ་མོའིའོ། །ཞལ་དུ་ཞུགས་ཞེས་པ་བདག་གིའོ། །དེ་ནས་གོང་མ་ལྟར་ལྷའི་འཁོར་ལོ་ཆགས་པ་ཆེན་པོ་བསྐྱེད་ནས་ཡང་བདག་གི་རྡོ་རྗེར་ཕྱུང་སྟེ། ཡང་སྔོན་བཞིན་དུ་པདྨར་ཞུགས་ན་ཆགས་པ་བསྐྱེད་ནས་ཡང་ཞལ་ནས་ཞལ་དུ་ཞུགས་པའོ། །ཡང་ནས་ཡང་དུ་ཞེས་པ་ནི་བརྟན་པའི་སེམས་ལན་བཞིའི་བར་དུ་བདག་དང་བུ་མོ་ལྷའི་དཀྱིལ་འཁོར་ཡིད་


DTG042_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཤིན་ཏུ་ཆགས་པའོ་ཞེས་སོ། །དེ་བཞིན་དུ་དག་གིས་ཆགས་པར་བྱས་པའི་ཆོ་ག་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །འདོད་པའི་སྒྱུ་མའི་ཚིག་ཅེས་པ་ནི་སྒྱུ་མ་ལྟར་སྣང་བའི་ཡིད་ལ་བབ་པའི་ཚིག་གོ །དེ་བརྗོད་པས་བུ་མོ་ཆགས་པར་བྱའོ། །དེ་ཡང་གང་ཞེ་ན། ཞལ་བཟངས་ཁྱོད་ནི་ཤེས་པ་ནི་སྟེག་པ་ལ་སོགས་པ་དང་ལྡན་ཞིང་འཛུམ་གནག་པ་མ་ཡིན་པས་ནའོ། །རྣམ་པར་བརྩོན་པ་ནི་རྣམ་པར་རོལ་པའོ། །མཁའ་མཉམ་ནི་ཡེ་ཤེས་ལྷན་ཅིག་སྐྱེ་བ་སྟེ་འོད་གསལ་བ་ཞེས་རྣམ་གྲངས་སོ། །རྩའི་འཁོར་ལོ་བཙལ་ཞེས་པ་ནི་ལུས་ཀྱི་སྦྱོང་པའི་རྗེས་ལ་ཞེས་པའི་དོན་ཏོ། །བུ་མོས་སྨྲས་པ་གང་ཞེ་ན། བདེ་མཆོག་རྒྱ་ཆེན་པོ་ནི་ཀུན་རྫོབ་ཀྱི་བདེ་བ་སྟེ་དེ་དང་ལྡན་པའི་སྒྲུབ་པ་པོ་བདག་ལ་དགོངས་སུ་གསོལ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། བསམ་མི་ཁྱབ་པའི་བདེ་ཆེན་ཏེ། །ཞེས་ཏེ་ཐམས་ཅད་ལ་ཁྱབ་བདག་ཏུ་གནས་པའི་བདེ་བ་ཆེན་པོ་ནི་མི་སླུ་བས་མཚོན་པར་བྱེད་པས་ན་ངག་དང་ལྡན་ཞེས་བྱའོ། །དེ་ཉིད་གཞན་གྱིས་མི་བསྐྱོད་པས་ན་མི་གཡོ་བའོ། །ཕྱིན་ཅི་ལོག་གི་ཚིག་རྣམས་དང་བྲལ་བའི་དབྱངས་སྙན་པས་བདག་ལ་ཁྱོད་ཀྱིས་རོལ་ཅིག་ཅེས་པའོ། །བཞེངས་སུ་གསོལ་ཞེས་པ་ནི་དང་པོའི་སྤྱོད་པ་ལས་སོ། །དེ་ནི་གཉིས་སུ་མེད་པ་འབྱུང་བ་ལ་བུལ་བའི་ཕྱིར་རོ། །ངོ་མཚར་ཆེ་བའི་རོལ་བ་ནི་ལུས་ངག་གི་གསང་བའི་བརྟུལ་ཞུགས་ཏེ། དེས་སྣང་བར་མཛད་ཅིང་ཞེས་པའོ། །བྱང་ཆུབ་ལ་རྒྱུར་གྱུར་པས་ན་བྱང་ཆུབ་སྙིང་པོ་སྟེ་ཤེས་རབ་བོ། །དེར་འགྲོ་བའི་ལམ་གཞན་ལས་ཁྱད་པར་དུ་འཕགས་པས་ན་མཆོག་གོ །རྒྱུ་དེ་རྣམས་ཡང་དག་གང་ལ་མི་བརྟེན་པར། །ཞེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རྒྱུད་གང་ལ་མི་བརྟེན་ཏེ། དེ་རྣམས་གཟིངས་དང་འདྲ་བའི་ཆོས་སོ། །འདི་ནི་ཡེ་ཤེས་ཀྱི་སྟོབས་ཀྱིས་གྲོལ་བའི་ཕྱིར་ན་ལས་ཀྱི་སྒྲིབ་པ་སྣ་ཚོགས་དང་ལྡན་ཡང་དུས་གཅིག་པར་ཆུད་པའོ། །དེ་བས་ན་བདེ་བ་ཆེན་པོ་ཡིད་དུ་འོང་བ་དང་ལྷན་ཅིག་ཏུ་གྲོལ་བར་གྱུར་ཅིག་ཅེས་པའི་དོན་ཏོ། །ཧོ་ཧོ་ཧོ་ཞེས་བ་ནི་དེ་ལས་སྐྱེས་པའི་ཡེ་ཤེས་གསུམ་རིག་པར་


DTG042_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ལ་དགྱེས་པའོ། །གཞན་ནི་བཤད་ཟིན་ཏོ། །དེ་ནས་ལུས་ཀྱི་སྤྱོད་པས་ཆགས་པར་བྱ་བའི་ཐབས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །རབ་ཏུ་ཆགས་ལྡན་པས་ཞེས་པ་ནི་རྣམ་པ་གཉིས་ཀྱིས་ཞེས་པའོ། །དབེན་པའི་གནས་ཞེས་པ་ནི་སྐྱེ་བོ་ལ་སོགས་པ་འདུས་པ་སྤངས་པའོ། །རོལ་པ་ཞེས་པ་ནི་ལུས་ཀྱིའོ། །དགའ་བ་བརྟག་པར་བྱ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་གསུམ་གྱིས་བསྡུས་པའོ། །ཇི་ལྟར་བལྟ་བར་བྱ་ཞེ་ན། སྐྱེད་བྱེད་ཐམས་ཅད་ཀྱི་གཙུག་ལག་ལས་བཤད་པའི་གཙོ་བོ་ལྔ་གསུངས་པས། དང་པོར་ཞེས་པ་ལ་སོགས་པའོ། །འདུས་པ་བྱས་ནས་ནི་ཞེས་པ་ནི་གཉིས་འདུས་པ་སྟེ། དེའི་མཚན་ཉིད་ཀྱང་ཇི་སྐད་དུ། བུད་མེད་མགུལ་པར་དམ་འཁྱུད་དེ། །ཕོ་ཡི་དཔུང་པ་གཉི་ག་ཡིས། །གྲུ་མོ་གཉིས་ལ་བཞག་པ་ཡང༌། །བུད་མེད་རྗེ་ངར་འདུས་པར་བཤད། །ཅེས་ཏེ། བསྡམས་པའི་བྱ་བའོ། །དེ་ནས་གྲུ་མོ་མཚན་ཉིད་ཅེས་པ་ནི་རྐང་ལག་གི་བྱ་བ་སྟེ། ཇི་སྐད་དུ། བུད་མེད་པུས་མོ་བཀུག་པ་ནི། །ཕོ་ཡི་གྲུ་མོར་གཞག་པར་བྱ། །པུས་མོ་གྲུ་མོར་བཤད་པ་སྟེ། །དེ་དག་དགའ་བའི་རིམ་པར་འདོད། །ཅེས་ཏེ་རྣམ་པར་བལྟ་བའི་བྱ་བའོ། །ཡང་ནི་བརྐྱང་བར་བྱ་བ་དང༌། །ཞེས་པ་ནི་རྐང་པ་ཁོ་ན་སྟེ། །ཇི་སྐད་དུ། ཕོ་འདུག་པ་ཡི་བརླ་སྟེངས་སུ། །བུད་མེད་རྐང་མཐིལ་གཞག་པར་བརྟག །གཉིས་པ་ཡིས་ཀྱང་ཐོང་ཀར་བརྒྱབ། །རྐང་པ་བརྐྱང་བ་ཡིན་ཞེས་ཏེ། །རྣམ་པར་ཉེད་པའི་བྱ་བའོ། །དེ་བཞིན་ཡར་བཏེག་མཚན་ཉིད་དང༌། །ཇི་སྐད་དུ། ཕོ་ཡི་ལྕེ་ཡི་རྩ་རུ་ནི། །བུད་མེད་རྐང་པའི་མཐིལ་བཞག་སྟེ། །ཕབ་པའི་མཐའ་ནི་ཕོ་ནི་ཡར། །ཕུལ་བ་ཡར་བཏེག་མཚན་ཉིད་དོ། །ཞེས་ཏེ། འདོད་ཆགས་ཀྱི་སྟོབས་ཀྱི་བྱ་བའོ། །ཤིན་ཏུ་བརྐྱང་བས་ལྔ་རུ་འགྱུར། །ཞེས་པ་གཉིས་ཀྱིས་བྱ་བ་སྟེ།། ཇི་སྐད་དུ། གཉི་ག་རྐང་གཉིས་བརྐྱང་པས་ན། །ཤིན་ཏུ་བརྐྱང་བར་འདོད་པ་སྟེ། བུད་མེད་ཕོ་ཡི་ཡ་རེ་ནི། །འོག་ཏུ་བལྟས་པའི་ལུས་སུ་གནས། །ཞེས་ཏེ། རྣམ་གྲངས་ཀྱི་བྱ་བའོ། །དེ་ནས་རང་གི་དཔུང་པ་གཉིས་རབ་ཏུ་བརྐྱང་ནས་གྲུ་མོའི་མདུད་པས་མགུལ་ནས་


DTG042_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་པར་བྱའོ། །བཙོང་བས་ཞེས་པ་ནི་གྲུ་མོའི་མདུད་པས་ཞེས་སོ། །གཡས་དང་གཡོན་གྱི་སྐྲ་ཞེས་པ་ནི་གཡས་གཡོན་གྱི་ལག་པས་བཟུང་ནས་སྟེང་གི་པདྨ་ལ་བལྟས་པར་བྱའོ་ཞེས་སོ། །བརླ་གཉིས་པར་བལྟས་ཏེ་ཞེས་པ་ནི་འོག་གི་པདྨ་ལ་བལྟས་ན། དེར་བུང་བ་ལྟ་བུ་ཞེས་ཏེ། ཇི་ལྟར་བུང་བ་མེ་ཏོག་གི་དཀྱིལ་འཁོར་ལ་གླུ་ལེན་ཅིང་རྩི་འཇིབས་པ་ལྟར། རྣལ་འབྱོར་པས་ཀྱང་ཟིད་སྒྲ་ལྟ་བུའི་གླུ་ལེན་ཅིང་ཧཱུཾ་རིང་པོ་བླངས་ནས་མཆུ་གཉིས་ཀྱིས་པདྨའི་དཀྱིལ་འཁོར་དུ་རྩེ་བར་བྱ་ཞེས་སོ། །མ་མཆུ་སྦྲང་རྩི་གཞིབ་པར་བྱ། །ཞེས་པ་ནི་དེ་བཞིན་གཤིབས་པས་མགོར་གནས་པའི་ར་ས་ཡ་ན་འཇུག་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་ཀྱི་སེམས་འབྱུང་བའི་གནས་རྣམས་བསྐུལ་བའི་ཕྱིར། །ནུ་མ་ལག་རྩེ་ཞེས་པ་ལ་སོགས་པའོ། །མཛའ་བ་ཆེན་པོ་གྲུབ་ཅེས་པ་ནི་རྣམ་པ་གསུམ་པོ་དེས་བདག་ལ་ལྷག་པར་ཆགས་པ་ཞེས་སོ། །གཡོན་གྱི་ཞེས་པ་ནི་ལག་པས་སོ། །དེས་པདྨའི་དཀྱིལ་འཁོར་མཉེ་ཞིང་སྟེ། འོག་སྒོ་ལྕེས་བསྐྱོད་པར་བྱ་ཞེས་ཏེ། རྡོ་རྗེ་ནི་ཐབས་ཆ་ཙམ་གྱིས་བསྐྱོད་པར་ཤེས་པར་བྱའོ། །སྟེང་འོག་ཏུའང་བལྟ་བྱས་ནས། །ཞེས་པ་ནི་ཤེལ་གྱི་པདྨ་དང་གསང་བའི་པདྨ་ལ་བལྟས་ཏེ་ཡིད་ཀྱིས་ཤིན་ཏུ་ཆགས་པར་བྱ་བའི་ཕྱིར་རོ། །དེ་ནས་ནང་གི་འཁོར་ལོ་བསྟན་པར་བྱ་བའི་ཕྱིར་དེ་ནས་རྩ་ཞེས་པ་ལ་སོགས་པའོ། །དེ་ནས་བུ་མོ་དེས་དེའི་མངོན་སུམ་དུ་པདྨའི་དཀྱིལ་འཁོར་བསྟན་ནས་སྨྲས་པ། རང་བྱུང་བདེ་ཆེན་རྒྱལ་པོ་ནི་བཤད་ཟིན་ཏོ། །པདྨ་འདི་ལ་རབ་ཏུ་གནས། །ཞེས་པ་ནི་མི་སླུ་བའི་ཚུལ་དུ་གནས་པའོ། །དེ་གང་གིས་རྟོགས་ཤེ་ན། རྩ་དང་རླུང་གིས་རྟོགས་འགྱུར་བས། །ཞེས་ཏེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱི་མན་ངག་སྟེ་མཁའ་འགྲོ་མའི་རྒྱུད་རྣམས་རྩ་གཙེ་བོར་བྱེད་པའི་རྒྱུད་དེ། དེས་རྟོགས་པའོ། །རྣལ་འབྱོར་ཐབས་གཙོ་བོར་བྱེད་པའི་རྒྱུད་ནི་རླུང་གི་དེ་ཁོ་ན་ཉིད་གཙོ་བོས་དེ་རྟོགས་པར་བྱེད་པའོ། །དེ་ལྟ་ན་ཡང་བྱང་ཆུབ་ཀྱི་སེམས་རྩའི་ལམ་ན་རླུང་གི་གནས་དང་ངལ་སོ་བ་ཐོབ་པས་ན་གཉིས་ཀ་ལ་ཡང་དགོས་པར་ཤེས་


DTG042_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ་ཞེས་སོ། །དེ་ནས་དེ་ཡིས་ཞེས་པ་ནི་རྣལ་འབྱོར་པ་དེས་སོ། །སོར་མོ་ཡིས་ཞེས་པ་ནི་ལག་པ་གཡོན་པའི་སོར་མོ་གསུམ་འདུས་བྱས་པས་སོ། །དེ་ནས་ནང་ན་གནས་པའི་རྩའི་འཁོར་ལོ་ཆེན་པོ་བཙལ་བར་བྱའོ། །ཇི་ལྟ་བུ་ཞེ་ན། པདྨ་ལ་གནས་པའི་འདབ་མ་བརྒྱད་པའི་པདྨ་རྣམ་པར་ཤེས་པ་བརྒྱད་དག་པའི་རང་བཞིན་དེ་ལ་གནས་སོ། །གང་གནས་ཤེ་ན། སྙིང་པོ་ལྔས་བརྒྱན་བྱས་ཞེས་ཏེ། དབུས་ཀྱི་པདྨ་ནི་རྡོ་རྗེ་དབྱིངས་ཕྱུག་མ་སྟེ། ནམ་མཁའི་སྙིང་པོའོ། །གཡས་པའི་རྩ་ནི་རུས་སྦལ་ཏེ་རཀྟ་རྒྱུ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཆུའི་སྙིང་པོའོ།། གཡོན་པའི་རྩ་ནི་ཟླ་བ་སྟེ། བྱང་ཆུབ་ཀྱི་སེམས་རྒྱུ་ཞིང་འོད་དཔག་མེད་ཀྱི་ངོ་བོ་མེའི་སྙིང་པོའོ། །མདུན་གྱི་རྩ་ནི་འབྱིན་འབྱུང་ཞེས་ཏེ་ཆུ་རྒྱུ་བ་རྟག་པའི་ངོ་བོ་ཆུའི་སྙིང་པོའོ། །རྒྱབ་ཀྱི་རྩ་ནི་གཞུ་རྒྱལ་མ་སྟེ་ཤ་རྒྱུ་བ་དོན་ཡོད་གྲུབ་པའི་ངོ་བོ་རླུང་གི་སྙིང་པོའོ། །དེ་བས་ན་ཟེའུ་འབྲུ་ཞེས་ཏེ་ཚར་མས་གཡོགས་ཏེ་དབུས་སོ། །གེ་སར་ཞེས་པ་ནི་སའི་སྙིང་པོ་བཞིའོ། །འདབ་མ་བརྒྱད་ཅེས་པ་ནི། དེའི་ཕྱི་རོལ་དུ་པདྨ་འདབ་མ་བརྒྱད་པ་ཡོད་པའོ། །མན་ངག་གིས་བསྟན་པ་ནི། གསལ་བྱས་པའོ། །དེ་ནས་ཨཱ་ལི་ཀཱ་ལི་ཞེས་པ་ནི་གཡོན་པ་དང་གཡས་པའོ། །མནྟྲ་ཞེས་པ་ནི་རྣམ་གྲངས་གཞན་དུ་འཕྱང་མ་ཞེས་པ་སྟེ་ཟླ་བ་འབབ་པའི་གནས་སོ། ཀུན་མ་ཀ་ཞེས་པ་ནི་རྣམ་གངས་གཞན་དུ་རོ་ལྡན་མ་ཞེས་ཏེ། རཀྟ་འབབ་པའི་གནས་སོ། །ཤང་ཤང་ཀ་ཞེས་པ་ནི་དེ་གཉིས་ཀྱི་དབུས་ཏེ་གཞན་དུ་སྤྱི་གཙུག་མ་ཞེས་ཀྱང་གྲགས། དེ་ཡེ་ཤེས་འབབ་པའི་གནས་སོ། །དེ་རྣམས་བླ་མའི་མན་ངག་གིས་བཙལ་བར་བྱ་ཞེས་སོ། །དེ་ཡང་རྡོ་རྗེ་དབྱིབས་ཀྱི་དབབ་ཕྱུག་མའི་རྩ་གང་གི་ཕྱིར་གཟུང་འདོན་དང་བྲལ་བ་བུ་གའི་དབུས་ན་གནས་པའི་པི་ཝང་གི་རྒྱུད་ལྟར་གནས་པ་སྟེ། བླ་མ་ཐུགས་རྗེ་དང་ལྡན་པའི་མན་ངག་གི་སོར་མོས་གོ་བར་བྱ་དགོས་སོ་ཞེས་ཏེ། རྣམ་པ་གཉིས་ཀྱིས་གཉིས་བོ་བསྐུལ། །གཉིས་ཀྱིས་གཅིག་ཅིག་བསྐུལ་འོངས་ཏེ། །གཅིག་རེག་ལྔ་ལྡན་གདོན་མི་ཟ་།ཞེས་པས་གོ་བར་བྱའོ། །དེ་གོ་ནས་ཀྱང་མཐུན་པའི་གཟུགས་སུ་གནས་པས་མ་ཡིན་པ་ལ་སོམ་ཉི་འགྱུར་


DTG042_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དོ། །དེ་ལྟར་ན་ཡང་དེ་རྒྱས་པར་བྱས་ནས་ས་བཅུ་དང་ལྡན་པའི་ཚུལ་ནི་འོག་ནས་བཤད་དོ། །ལྷ་མོ་དེ་ལ་འཁྱུད་པར་བྱ། །ཞེས་པ་ནི་རྣམ་པ་གསུམ་གྱིས་ཏེ་རིགས་རྣམས་ཀྱི་ཡེ་ཤེས་སྐྱེ་བའི་ཚུལ་གསུམ་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་རོ། །དེ་ནས་བླ་མས་དེ་ཁོ་ན་ཉིད་བཞི་པ་བསྟན་པ་ནི་རྡོ་རྗེ་ཞེས་པ་ལ་སོགས་པའོ། །བསྙེན་ཞེས་པ་ནི་རྡོ་རྗེ་དང་པདྨ་ཞེས་སྔོན་གྱི་ཐ་ཚིག་གོ །དེ་ཉིད་ཅེས་པ་ནི་མི་འགྱུར་བ་སྟེ། འདིས་མི་གནས་པའི་མྱ་ངན་ལས་འདས་པ་ལ་མི་སླུ་བར་བྱེད་པའི་ཕྱིར་རོ། །ཕྱི་མ་ལ་ཡང་དེ་བཞིན་དུ་སྦྱར་རོ། །ཉེ་བར་སྒྲུབ་པ་ཞེས་པ་ནི་སྒྲུབ་པ་དང་ཉེ་བའི་ཕྱིར་ཏེ། དེ་མ་ཐག་ཏུ་བསྒྲུབ་པའི་ཕྱིར་རོ། །དེ་ནས་བསྐུལ་ཞིང་བསྐྱོད་ཙམ་གྱིས། །ཞེས་པ་ནི་བསྒྲུབ་པ་བརྩམ་པའོ། །དེ་བརྩམས་པས་སྔོན་དུ་གཡོ་བའི་རྟགས་ལྔ་འབྱུང་སྟེ། སྙིང་ནི་འདར་ཞིང་དྲན་པ་ཉམས། །ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྟགས་སོ། །སྤྱི་བོ་སྐྲ་གྲོལ་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའོ། །གོས་ཀྱང་འདོར་བ་ནི་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྟགས་སོ། །རྡུལ་གྱིས་ལུས་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མདོག་དམར་བ་དང་མིག་དམར་བ་ནི་བྱ་བ་ནན་ཏན་ཏེ། དེ་རྣམས་དང་ལྡན་ནས་ཡང་དང་ཡང་དུ་བསྐྱོད་པ་ནི་བསྒྲུབ་པའི་དེ་ཉིད་དོ། །སེམས་ཁྲལ་མེད་པ་རུ་ཞེས་པ་ནི་བཙལ་དགོས་པ་མེད་དེ། རྒྱུ་སྔོན་དུ་སོང་བའི་ཕྱིར་ཏེ་དེ་ཁོ་ན་ཉིད་བཞི་པ་སྐྱེ་བ་ལ་ཐེ་ཚོམ་མི་བྱའོ། །རྒྱུ་གང་ཞེ་ན་སྔོམ་བརྩོན་ཞེས་ཏེ་སྔོམ་པ་དང་བརྩོན་འགྲུས་ཀྱི་རང་བཞིན་ཡིན་པས་ན་རླུང་གི་དཀྱིལ་འཁོར་ལ་དེ་སྐད་དུ། དེ་ནི་རང་བཞིན་གྱིས་གནས་པའི་དབྱིབས་ཡིན་པས་ན་གཞུའི་དབྱིབས་ཏེ། ཐབས་ཀྱི་མདས་མཚན་པའོ། །དེས་སུམ་མདོའི་རང་བཞིན་གྱི་མེ་སྦར་བས་ཁམས་ཞུ་ནས་ནི་ཞེས་པ་ནི་རང་གི་ཆོས་ཇི་སྙེད་པ་ཐམས་ཅད་ཞུ་བ་ཞེས་སོ། །ཅིར་འགྱུར་ཞེ་ན། བཅུ་དྲུག་ཆར་གྱུར་པ་མེ་ཏོག་ཀུནད་དང་འདྲ་ཞེས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་གྱུར་པ་སྡུད་ཅིང་སྦྱོར་བས་སྙིང་གའི་པདྨ་ཁ་སྦྱར་དུ་གཞུག་པའོ། །དེ་ཡང་ཐུར་དུ་སེལ་བའི་རླུང་གིས་ཕུལ་ནས་རྡོ་རྗེའི་རྩེ་མོར་འགྲོ་བ་སྟེ། དེའི་དུས་སུ་བླ་མའི་མན་ངག་གི་སྦྱོར་བ་བདུན་ཤེས་པར་བྱ་སྟེ་ཉེ་བར་མཚོན་པའི་དོན་དུ་སྦྱོར་བའི་གཙོ་བོ་བཤད་པ། རང་བཞིན་གྱིས་ནི་


DTG042_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཞི་བ། །ཞེས་པ་ནི་གཟོད་མ་ནས་ཏེ་བྱེད་པས་ནི་མ་ཡིན་པའོ། །དེ་དངོས་གང་ཞེ་ན། ཆོས་ཀུན་ཞི་བ་ཞེས་ཏེ་ཆོས་ཐམས་ཅད་ཀྱི་སྦྱོང་བའི་མཐའོ། །དེ་ཉིད་དེ་ཁོ་ན་ཞེས་ཏེ་འགྱུར་བ་མེད་པའི་ཕྱིར་རོ། །ཇི་ལྟར་གནས་ཤེ་ན། བདེ་བ་དེ་ཉིད་ནོར་བུར་འདུག །ཅེས་ཏེ་འདུ་ཞིང་བྲལ་བའམ་འགྲོ་གསུམ་གཅིག་ཏུ་དག་པའི་སྦྱོར་བ་ལ་སོགས་པས་བདེ་བ་ཆེན་པོའི་སྦྱོར་བ་དེས། གནས་པར་བྱེད་པ་སྟེ། དེར་ཡང་བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་དང༌། གཉིས་ལ་སོགས་པའི་བར་དུ་གནས་ནས། དྲན་མེད་ཅེས་ཏེ། རང་བཞིན་མེད་པའི་སྦྱོར་བས་ཟིན་པའི་ཕྱིར་རོ། །གཡོ་བར་བྱེད་པ་ཞེས་པ་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེ་ཉིད་ལ་སྒྲུབ་པ་ཆེན་པོ་ཞེས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ནས་བླ་མས་དེའི་ངོ་བོ་བཤད་པས་སྦྱིན་པ་གསུངས་པ། ནམ་མཁའི་ཁམས་ཞེས་པ་ལ་སོགས་པའོ། །ནམ་མཁའི་ཁམས་ཞེས་པ་ནི་པདྨའོ། །རྡོ་རྗེ་ནི་རྡོ་རྗེའོ། །དེ་སྦྱོར་བ་ནི་ཡང་དག་སྤྱན་ཅན་ཏེ་ཤེས་བྱའི་དོན་རྟོགས་པར་བྱེད་པའི་ཕྱིར་རོ། །དེ་ལས་བདེ་བ་ཆེན་པོའི་སྦྱོར་བ་འབྱུང་བར་འགྱུར་ཞེས་སོ། །ཇི་ལྟ་བུ་ཞེ་ན། གང་གང་ཡང་དག་ཅེས་ཏེ་ཟློས་པའི་ཚིག་ནི་ཀུན་ལ་ཁྱབ་པའོ། །དེ་དགའ་བྱེད་ཅེས་པ་ནི་དགའ་བའི་སྦྱོར་བས་བསྡུས་པའོ། །ཆགས་བྲལ་ཞེས་པ་ནི་དེའི་སྦྱོར་བས་བསྡུས་པའོ། །དགའ་བ་གཉིས་བར་དུ་ཞེས་པ་ནི་དགའ་བར་མི་སྦྱོར་བས་བསྡུས་པ་སྟེ། དགའ་བ་གཉིས་ཀྱིས་དབེན་པ་དེ་མན་ངག་གིས་མཐོང་བ་དེ་ལ་བློ་བརྟན་པར་གྱིས་ཤིག །ཅེས་གདམས་པའོ། །ཇི་ལྟར་མཐོང་བར་བྱ་ཞེ་ན། པདྨ་མཁའ་ལ་ཞེས་པདྨའི་ནང་དུ་རྡོ་རྗེའི་ནོར་བུའི་པདྨའི་སྙིང་པོ་ལ་སྦྱོར་བའི་དུས་སོ། རྡོ་རྗེའི་སྐྱིལ་ཀྲུང་ཞེས་ཏེ་སྦྱོར་བ་ནི་རྡོ་རྗེ་རྩེ་ལྔ་པའི་སྐྱིལ་མོ་ཀྲུང་སྟེ་དེར་རང་གི་སེམས་ནོར་བུའི་བར་དུ་མཐོང་བར་བྱས་པའི་གང་བདེ་བ་འབྱུང་བ་དེ་ཉིད་ལ་ཡེ་ཤེས་ཞེས་བྱ་སྟེ་མི་སླུ་བའི་ཡེ་ཤེས་སོ། །རྣམ་གྲངས་གཞན་དུ་ན་རྫོགས་པའི་རིམ་པ་ཡིན་པར་བླ་མ་མཆོག་རམས་ཀྱིས་ཀྱང་བཤད་དེ། རང་བཞིན་གྱིས་གྲུབ་པ་སྟེ། བློས་གཞག་པ་མ་ཡིན་པའི་ཕྱིར་རོ། །དགའ་བ་གཉིས་ཀྱིས་ཇི་ལྟར་དབེན་ཞེ་ན། འདོད་ཆགས་ཆགས་བྲལ་བར་མ་མི་དམིགས་ཞེས་ཏེ་འདི་


DTG042_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རྟོག་པ་མེད་པའོ། །ཡེ་ཤེས་ལྷ་ནི་ཞེས་བྱ་བ་ནི་མཚན་ཉིད་ཀྱི་ཚུལ་དུ་གནས་པས་མི་སླུ་བའི་ལྷ་སྟེ། སྐད་ཅིག་གཉིས་ལ་སོགས་པར་དེ་རུ་གསལ་ཞེས་ཏེ་ཐབས་ཀྱི་ཆར་རོ། །མངོན་སུམ་དེ་དཔེའི་ཡེ་ཤེས་ཀྱིས་བརྟགས་ན་དང་པོ་བྱ་བ་རྫོགས་པའི་སྐད་ཅིག་ཆུ་ཚོད་བརྒྱད་དུ་མྱོང༌། དེ་ལས་ཉིན་གཅིག་ཏུ་མྱོང་བའམ། དེ་ལས་གཉིས་དང་གསུམ་ནས་ལོ་གཅིག་ཏུ་མྱོང་བའམ། དེ་ལས་གཉིས་དང་གསུམ་ནས་བསྐལ་བ་གཅིག་གི་བར་དུ་མྱོང་བའམ། དེ་ལས་གཉིས་དང་གསུམ་ནས་བསྐལ་པ་སྟོང་གི་བར་དུ་མྱོང་བའམ། དེ་ནི་ཉེ་བར་མཚོན་པ་ཙམ་སྟེ། མཐའ་མེད་པའི་འཁོར་བ་ཡན་ཆད་ཀྱི་བར་དུ་ཡེ་ཤེས་ཏེ་མྱོང་བར་བྱ་ཞེས་སོ། །མངོན་སུམ་གྱི་ཡེ་ཤེས་དེ་འཛིན་པ་གཞན་ན་པདྨ་ལ་གནས་པའི་བྱང་ཆུབ་ཀྱི་སེམས་བློ་གྲོས་ཅན་གྱིས་ཞེས་ཏེ་གཉིས་སུ་མེད་པའི་བློ་དང་ལྡན་པས་ཆུད་མི་གསན་པར་བྱ་བའི་ཕྱིར་རང་གི་ཁམས་བླངས་ནས་བཏུང་བར་བྱའོ་ཞེས་སོ། །དེ་ནས་བདག་ཉིད་ལངས་ཏེ་ཤེས་རབ་མ་ལ་ཕྱག་བྱའོ། །གཞི་ཡི་དོན་ལ་བདག་འཁྲུལ་བས། །གཡང་ས་འདི་རུ་ཡུན་རིངས་འཁྱམས། །འཁོར་བའི་འདམ་རྫ་བ་རྒལ་དཀའ་ལས། །མགོན་པོ་ཁྱོད་ཀྱིས་དེ་རིང་བསྒྲལ། །ཁྱོད་ནི་ཤེས་རབ་ཕ་རོལ་ཕྱིན། །འདུལ་བའི་དབང་གིས་སྐུ་སྤྲུལ་པ། །བདག་སོགས་རྣམས་ཀྱིས་མཆོད་བླའི་ཕྱིར། །བདག་གི་བསམ་པ་འདི་བཞེས་ཤིག །ཅེས་བརྗོད་པར་བྱའོ། །དེ་ནས་ལུང་བསྟན་པ་དང༌། དབུགས་དབྱུང་བ་ཡང་བྱིན་ནས། བཀའ་སྩལ་བའི་དབང་ཡང་བསྐུར་བར་བྱའོ། །དེ་ནས་བཀའ་ལུང་གཡར་དམ་གྱིས་བླང་བ་དང༌། ཞི་བའི་སྦྱིན་སྲེག་བྱ་བ་དང༌། དཀྱིལ་འཁོར་བསྡུ་བ་ལ་སོགས་པ་ཅི་རིགས་པ་ཤེས་པར་བྱའོ། །ད་ནི་དེ་ལྟ་བུའི་དོན་ལ་གྲུབ་པའི་མཐའ་འཛིན་པའི་འཕགས་པ་དང་འཕགས་པ་མ་ཡིན་པ་རྣམས་ཀྱིས་འཁྲུལ་བར་བསྟན་པ་དེ་འདྲའི་ཞེས་པ་ལ་སོགས་པའོ། །དེ་འདྲའི་དངོས་པོ་ཐམས་ཅད་ཀྱི། །མཐའི་དེ་བཞིན་ཉིད་ཟབ་མོ་དང་ཡང་དག་པར་གསལ་བ་གཉིས་སུ་མེད་པ་ལས། ཐོག་མ་དང་ཐ་མ་མེད་པའི་དུས་ན་སོ་སོའི་སྐྱེ་བོ་གྲུབ་པའི་མཐའ་འཛིན་པ་རྣམས་ཀྱིས་ང་དང་ང་ཡིར་འཛིན་པས་ཡང་དག་པའི་ཚད་མས་མ་བརྟགས་པར་ནི་


DTG042_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཏུ་བཟུང་ཞེས་ཏེ་ཡིད་མི་ཆེས་པའི་ལུང་དང༌། རྗེས་སུ་དཔག་པར་སྣང་བ་དང༌། ལོག་པར་འཛིན་པའི་ཏིང་ངེ་འཛིན་གྱིས་སོ། །དེ་ཡང་དུས་ལས་བྱུང་བའི་ཞེས་པ་ལ་སོགས་པ་བཞི་ནི་གྲངས་ཅན་པས་བརྟགས་པའོ། །འཛིན་པ་པོས་སྤྲུལ་པ་ལ་སོགས་པ་བརྒྱད་ནི་བྱེ་བྲག་པས་བརྟགས་པའོ། །རྣལ་འབྱོར་ལ་སོགས་པ་བཞི་ནི་སེར་སྐྱ་བས་བརྟགས་པའོ། །ནང་གནས་ལ་སོགས་པ་ལྔ་ནི་ནམ་མཁའི་གོས་ཅན་པས་བརྟགས་པའོ། །རྣམ་ཤེས་ལ་སོགས་པ་གསུམ་ནི་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བས་བརྟགས་པའོ། །མཐོང་བ་ལ་སོགས་པ་ལྔ་ནི་ཙ་ར་ཀ་པས་བརྟགས་པའོ། །ཤེད་ལས་སྐྱེས་པ་དང༌། ཤེད་བུ་ནི་རྒྱལ་པོ་ལ་སོགས་པས་བརྟགས་པའོ། །སྲོག་དང་གསོ་བ་ལ་སོགས་པ་ནི་གོས་དམར་བས་བརྟགས་པ་སྟེ། མུ་སྟེགས་ཀྱི་ལྟ་བ་པ་རྣམས་ཀྱི་གཙོ་བོ་རྣམས་ཀྱིས་དེ་ལྟར་རྣམ་པ་གསུམ་གྱིས་རྣམ་པར་རྟོགས་སོ་ཞེས་སོ། །རང་གི་སྡེ་པ་ལས་ཀྱང་ནམ་མཁའ་ནི་ཐོགས་པར་བྱེད་པའི་རེག་བྱ་མེད་པའི་སྣང་བའོ། །འགོག་པ་གཉིས་ནི་སོ་སོར་བརྟགས་པའི་སྐྱེ་བ་འགོགས་པར་བྱེད་པ་དང༌། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ལས་མེད་པར་མི་སྐྱེ་བ་སྟེ། དེ་གསུམ་ནི་རྒྱུ་རྐྱེན་གྱིས་ཤིན་ཏུ་འདུས་མ་བྱས་པ་སྟེ། དེ་ནི་ཤིན་ཏུ་བརྟན་བྱས་ཞེས་ཏེ་གཞན་གྱིས་བསྐྱོད་དུ་མེད་པའི་ཕྱིར་རོ། །འདུས་བྱས་ཀུན་ཞེས་པ་ནི་ལྷག་མས་བསྡུས་པའི་ཕུང་པོ་ལྔ་སྟེ། དེ་ཡང་སྐད་ཅིག་མ་ཡིན་ཞིང་གོང་གི་བདག་པོ་ཐམས་ཅད་མེད་ཅིང་གཟུགས་ལ་སོགས་པ་ཕྲ་རབ་ཆ་ཤས་དང་བྲལ་བ་སྣང་བ་དང་མུན་པའི་གོ་སྐབས་མི་འབྱེད་ཅིང་རྫས་ཀྱི་སྐབས་འབྱེད་པ་འདུ་ཞིང་སྐྱེ་འགག་བྱེད་པ་ཤེས་པ་རེ་རེ་ལ་དམིགས་པ་ལས་གྲུབ་པ་ལ་དེ་ཡང་བློའི་རྣམ་པ་ལས་ལོགས་ཤིག་ཏུ་གྲུབ་པ་ཡིན་པར་ཁ་ཆེ་བྱེ་བྲག་ཏུ་སྨྲ་བས་རྟོགས་ཞེས་ཏེ་ཡུལ་ཁ་ཆེ་མུ་སྟེགས་བྱེ་བྲག་པ་ལྟར་སྨྲ་བ་སྟེ་དགེ་འདུན་བཟང་པོ་ལ་སོགས་པས་སོ། །རང་གི་རིག་པ་སྐྱེད་བྱེད་པ། །ཞེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཞེས་སོ། །དེ་ཡང་གང་ཞེ་ན། བལྟ་བྱ་སྤྱོད་ཡུལ་རྣམ་པ་ནི། །ཞེས་ཏེ། གཟུགས་ལ་སོགས་པ་ནི་རྣམ་པ་སྟེ་དེ་ཡང་རྡུལ་ཕྲ་རབ་གཅིག་ནས་གཅིག་


DTG042_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབྱར་བ་ལ་སོགས་པ་སྣང་བར་རྟོག་གོ །དེ་དག་ལས་ཀྱང་འདུས་མ་བྱས་གསུམ་ནི་བརྟགས་པ་ཙམ་སྟེ། དོན་གཞན་དུ་འགྱུར་བ་མེད་པས་ན། མོ་གཤམ་བུ་བཞིན་མེད་པ་དང༌། །ཞེས་ཏེ་མིང་ཙམ་ཅན་ཞེས་པའི་ཐ་ཚིག་གོ །འདུ་བྱེད་ཐམས་ཅད་ནི་བེམས་པོ་དང་སྡིག་པོའི་ངོ་བོ་བརྟགས་པ་མ་ཡིན་པས་ན་དུས་གསུམ་དུ་རྒྱུ་བ་མ་ཡིན་པ་དང༌། དམན་མིན་ནི་རྡུལ་ཕྲ་རབ་སྟེ་གྲུབ་པའི་གཞི་ཡིན་པའི་ཕྱིར་རོ། །དེ་ཉིད་ཐོགས་པ་དང་བྲལ་ཡང་སེམས་ཅན་གྱི་ལས་ཀྱིས་འདུས་པའི་གཟུགས་ཡིན་པར་ཉན་ཐོས་མདོ་སྡེ་པས་རྟོགས་སོ། །ཡན་ལག་ཅན་ཡང་དོན་དམ་མིན། །ཞེས་པ་ནི་མུ་སྟེགས་ཀྱིས་བརྟགས་པ་རྣམས་སོ། །རྡུལ་ཕྲན་དག་ཀྱང་དེ་བཞིན་ནོ། །ཞེས་པ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་བརྟགས་པའོ། །སོ་སོར་སྣང་བའི་གཟུགས་ཕྲ་རབ་སོ་སོར་སྣང་བ་མི་དམིགས་པ་སྟེ་འདུས་པ་མི་དམིགས་པ་སྟེ། ཉན་ཐོས་མདོ་སྡེ་པས་བརྟགས་པའོ། །དེ་ཐམས་ཅད་རྨི་ལམ་ལྟ་བུར་མི་སྣང་བ་སྟེ། འོ་ན་གང་སྣང་ཞེ་ན། གཟུང་འཛིན་སྤངས་པའི་རྣམ་ཤེས་ཆེ། །ཞེས་སོ། །ཇི་ལྟར་སྣང་ཞེ་ན། དོན་དམ་ཤེལ་ལྟར་དག་པ་རུ། །ཞེས་ཏེ། གཉིས་པོས་སྟོང་པའི་རྣམ་པར་ཤེས་པ་ཤེལ་དག་པ་ལྟ་བུ་དོན་དམ་པར་རྫས་ཉིད་དུ་སེམས་པ་ཉིད་དུ་རྣལ་འབྱོར་སྤྱོད་པས་རབ་ཏུ་རྟོགས་སོ་ཞེས་སོ། །སོ་སོར་སྣང་བའི་གཞུང་ཐམས་ཅད་ཅེས་པ་ནི་བརྡ་དང་གཟུང་འཛིན་དང་དངོས་པོའི་ཀུན་དུ་བརྟགས་པའོ། །དེ་དག་ཀྱང་དོན་དམ་པ་མིན་ཏེ། ཅིའི་ཕྱིར་ཞེ་ན། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་དཔེ་ནམ་མཁའི་ཆུ་སྐྱེས་བཞིན་དུ་གཞུང་དེ་ཐམས་ཅད་སྤངས་པ་སྟེ། གཉིས་མེད་དེ་དོན་དམ་པའི་བདེན་པའོ། །གཉིས་སུ་མེད་མིན་ཞེས་ཏེ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཉིད་སྤྲོས་པ་མེད་པས་ན་ཞི་བའོ། །དེ་ཡང་མཐའ་གསུམ་གྱིས་མ་རེག་པའི་རྣམ་པར་ཤེས་པ་ཀུན་རྫོབ་ཏུ་སྒྱུ་མའི་མཚན་ཉིད་ཙམ་དུ་དག་པ་དང་མ་དག་པར་སྣང་བ། དོན་དམ་པར་ན་ཤིན་ཏུ་དྲི་མེད་ནམ་མཁའ་ལྟར་སྣང་བ་བློ་གྲོས་དང་ལྡན་པའི་དབུ་མ་པས་རྟོགས་སོ་ཞེས་སོ། །དེ་དག་ནི་རྟོག་པ་དང་བཅས་པའི་གཙོ་བོ་སྟེ། དེ་དག་ལ་སོགས་པ་མཐའ་ཡས་པ་ཞེས་པ་ནི་ལྟ་བ་ལྔ་བརྒྱ་བདུན་ཅུ་པ་རྣམས་བསྡུ་བར་བྱའོ། །དེ་ཀུན་གྱིས་ཀྱང་


DTG042_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་དོན་དེ་ཁོ་ན་ལ་གནས་ནས་བློ་ཐ་དད་པས་སོ་སོར་བརྟགས་པའོ། །དེ་ལྟར་བརྟགས་ཀྱང་དེ་ཐམས་ཅད་ཡང་དག་པར་བརྟགས་པ་མིན་པ་བླ་ན་མེད་པའི་སངས་རྒྱས་མ་ཐོབ་པས་བླ་དང་བཅས་ཞེས་སོ། །ཅིའི་ཕྱིར་ཞེ་ན། འོག་མ་འོག་མའི་རྣལ་འབྱོར་བློ་ལས་གོང་མ་གོང་མའི་ཁྱད་པར་དུ་འཕགས་སོ། །དེ་ཡང་མུ་སྟེགས་པ་ལས་བྱེ་བྲག་ཏུ་སྨྲ་བ་སྟེ་མི་རྟག་པའོ། །དེ་ལས་མདོ་སྡེ་པ་སྟེ་བརྟགས་པའོ། །དེ་ལས་རྣལ་འབྱོར་སྤྱོད་པ་སྟེ་སེམས་ཙམ་གྱིས་སོ། །དེ་ལས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་སྟེ་ཀུན་རྫོབ་ཙམ་ཉིད་ཀྱིས་སོ། །དེ་ལས་བླ་ན་མེད་པའི་གཞུང་པ་སྟེ་ཡེ་ཤེས་ཁོ་ནས་སོ། །དེ་བས་ན། འོག་མའི་བློ་ནི་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །ཞེས་པ་ཡང་དེ་ཁོ་ནས་གསལ་ལོ། །དེ་བས་ཞེས་པ་ནི་ཤེས་རབ་ཀྱི་མཐར་ཐུག་པ་ནི་ཕུལ་དུ་བྱུང་བའི་ཕྱིར་རོ། །གོང་མའི་རིམ་པ་ནི་དབང་བསྐུར་བའིའོ། །ལྷན་ཅིག་པའི་སློབ་དཔོན་ནི་རང་གི་ཤེས་རབ་བོ། །དེས་བྱིན་གྱིས་བརླབ་པ་ནི་དེ་དང་སྙོམས་པར་ཞུགས་པའོ། །དེས་གསལ་ཞིང་ཞེས་པ་ལ་སོགས་པ་གོང་དུ་བཤད་པ་རྟོགས་པའོ། །གང་ལས་ཤེ་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་ཏེ་བར་མའི་ཡེ་ཤེས་སོ། །གང་གིས་ཤེ་ན། བླ་མའི་ཁ་ལས་ཞེས་ཏེ། དེའི་རྒྱུད་སློབ་དཔོན་ཆེན་པོའི་ཁ་ལས་རྣམ་པར་འཕོ་བ་ལས་མངོན་སུམ་དུ་བདེ་བ་རང་ལ་འབྱུང་བ་རྟོགས་པར་བྱའོ་ཞེས་སོ། །དེའི་སྔོན་དུ་སོང་བ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དམ་ཚིག་དང་སྡོམ་པར་ལྡན་པའི་སྣོད་གཙང་མ་རུ་ཏིང་ངེ་འཛིན་རྩེ་གཅིག་པ་ཆུ་དང་འདྲ་བ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཟུགས་བརྙན་ལྟ་བུ་སྐལ་བ་དང་ལྡན་པའི་རྣལ་འབྱོར་པས་རབ་ཏུ་བརྟག་པར་བྱའོ་ཞེས་སོ། །དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་དགའ་བའི་མན་ངག་ཅན་གྱི་བསྔགས་པ་གསུངས་པ། དེ་ཐོབ་ཕྱིན་ཆད་ཅེས་པ་ལ་སོགས་པའོ། །དེ་ཡི་ཉེས་པས་མི་གོས་སོ། །ཞེས་པ་ནི་ཉེས་པ་དེ་ཉིད་ཤེས་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཀླུ་འཇིགས་པའི་རང་བཞིན་གྱིས་གྲུབ་པའི་སྔགས་དང༌། སྨན་དང་ལྡན་པའི་གང་ཟག་གིས་སྦྲུལ་གསོད་པར་བྱེད་པ་དེ་བཞིན་དུ། རྣལ་འབྱོར་ཐམས་ཅད་ཀྱི་བདག་པོ་དབང་ཕྱུག་ཆེན་པོ་ལ་དེ་བཞིན་གཤེགས་


DTG042_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་ཡེ་ཤེས་བདུད་རྩི་ལྟ་བུའི་སྨན་གྱིས་རྒྱས་བཏབ་པས་ནི་ཕྱིན་ཅི་ལོག་ཏུ་སྣང་བའི་ཉོན་མོངས་པ་ནི་སྦྲུལ་ལྟ་བུ་སྟེ་ཕྱིན་ཅི་ལོག་ཉིད་མེད་པར་ཤེས་པས་ཅི་བྱར་ཡོད་ཅེས་སོ། །དཔེ་གཞན་གསུངས་པ་གང་ཞིག་ཅེས་པ་ལ་སོགས་པའོ། །གདུགས་ཐོགས་པ་ལ་དེའི་སྟེང་ནས་ཆར་པས་བྱར་མེད་ནས་འདོད་པའི་གནས་སུ་ཕྱིན་པ་དང་འདྲ་བར། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གདུགས་ནི་གོམས་པ་ཁྱད་པར་དུ་བྱེད་པའི་ལམ་སྟེ། རིམ་པ་གཉིས་པའོ། །དེ་ལ་གནས་པ་ལ་རྟོག་པའི་ཆར་པས་ཇི་ལྟར་གནོད་དེ་དེ་ཉིད་ལམ་དུ་ཤེས་པའི་ཕྱིར་རོ། །གཞན་དུ་མ་ཤེས་པས་དེའི་འཆིང་བར་འགྱུར་བ་སྟེ། ཀ་ཏ་ཀ་བཞིན་དུ་ལེན་པ་པོའི་གཙོ་བོ་ཡིན་པའི་ཕྱིར་རོ། །ད་ནི་ཐེག་པ་འོག་མ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་གསུངས་པ། དེ་འདྲ་ཞེས་པ་ལ་སོགས་པའོ། །སོ་སོའི་སྐྱེ་བོ་ཞེས་པ་ནི་ཚངས་པ་ལ་སོགས་པའོ། །ཉན་ཐོས་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའོ། །རང་སངས་རྒྱས་ནི་བསེ་རུ་ལྟ་བུ་དང༌། ཚོགས་ཤིང་སྤྱོད་པའོ། །རྣལ་འབྱོར་སྤྱོད་པ་དང་དབུ་མ་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་གནས་པའོ། །བྱང་ཆུབ་སེམས་དཔའ་ནི་ས་བཅུ་ལ་གནས་པའོ། །བླ་བཅས་སངས་རྒྱས་ཞེས་པ་ནི་བྱ་བའི་རྒྱུད་ཀྱི་སངས་རྒྱས་དང་སྤྱོད་པའི་རྒྱུད་ཀྱི་སངས་རྒྱས་དང་རྣལ་འབྱོར་རྒྱུད་ཀྱི་སངས་རྒྱས་སོ། །དེ་ཐམས་ཅད་ཀྱིས་ཀྱང་འདི་ནི་ཅུང་ཟད་ཀྱང་མི་ཤེས་སོ་ཞེས་སོ། །འོ་ན་གང་གིས་ཤེས་ཤེ་ན། འདིའི་དོན་ཞེས་པ་ལ་སོགས་པའོ། །འདིའི་དོན་ཤེས་པའི་མ་འོངས་པའི་དུས་ན་རྡོ་རྗེ་འཛིན་པ་ནི་བླ་མ་སྟེ་རྡོ་རྗེ་འཛིན་པ་དེའི་ལུས་ལ་གནས་པའི་ཕྱིར་རོ། །དེ་རྗེས་སུ་མཐུན་པའི་ཡོན་གྱིས་མཉེས་པར་བྱས་ནས་ཤེས་པར་བྱའོ་ཞེས་སོ། །དེའི་འང་སྔོན་དུ་སོང་བའི་རྒྱུ་ནི་རང་གི་ཚེ་རབས་སྔོན་དུས་བསོད་ནམས་ཆེན་པོ་བསགས་པའི་སྟོབས་ཀྱིས་ཕྱི་རོལ་གྱི་ཡི་གེ་ལ་སོགས་པ་ལ་བརྟེན་པ་མེད་པར་བླ་མས་སློབ་མའི་རྒྱུད་དུ་རྣམ་པར་འཕོ་ཞེས་སོ། །གཉིས་སུ་མེད་པའི་རྣམ་པ་ལ་དང་པོའི་ལས་ལ་སོགས་པའི་མཐའ་གཉིས་དགག་པར་གསུངས་པ། དེ་ལ་ཞེས་པ་ལ་སོགས་པའོ། །དཀྱིལ་འཁོར་ནི་རི་མོའི་དཀྱིལ་འཁོར་རོ། །སྦྱིན་སྲེག་ནི་ཐབས་ལ་སོགས་པ་དང་ལྡན་པའོ། །གཏོར་མ་ནི་འབྱུང་པོ་ལ་སོགས་པའིའོ། །བཟླས་པ་ནི་


DTG042_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བའི་སྔགས་ལ་སོགས་པ་བཟླ་བའོ། །བགྲང་ཕྲེང་ནི་ལས་ཀྱི་བྱེ་བྲག་གིས་གྲངས་དང་ཁ་དོག་ལ་སོགས་པའོ། །སྐྱིལ་མོ་ཀྲུང་ནི་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་སོགས་པའོ། །སྟང་སྟབས་ནི་གཡས་བརྐྱང་བ་ལ་སོགས་པ་སོ་སོའི་ཚུལ་སྤྱོད་པའི་ཁྱད་པར་རོ། །སོགས་ཀྱིས་བསྡུས་པ་ཚོགས་ཀྱི་འཁོར་ལོ་དང༌། ཕྱིའི་མཆོད་པ་ལ་སོགས་པའོ། །དེ་རྣམས་ལ་ཞེས་པ་ནི་སྤྲོས་བྲལ་རྣམ་པར་སླུ་བ་སྟེ་སྤྲོས་པར་སྣང་བའི་ཕྱིར་རོ། །དེའི་བྱ་བ་མ་ཡིན་ཞེས་ཏེ་གཅིག་ཏུ་སྤྱོད་པའི་ཚུལ་གྱིས་སོ། །དགག་བ་མ་ཡིན་ཞེས་ཏེ་དེ་ལ་གནས་པས་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་མི་དགག་སྟེ། ལྷག་པའི་ལྷ་ནི་མཚན་མ་མེད་པའི་ལྷ་སྟེ་དེ་ལས་ཐམས་ཅད་འབྱུང་བའི་ཕྱིར་ན་སྤྲུལ་ཕྱིར་རོ་ཞེས་སོ། །དེ་བས་ན་འབྲས་བུ་ལ་མངོན་པར་ཞེན་པ་རྣམས་ཀྱིས་དེ་མི་རྟོགས་པར་བསྟན་པའི་ཕྱིར། བྱ་བ་རྣམས་ལ་ཞེས་པ་ལ་སོགས་པའོ། །དེ་ནི་གོ་སླ་བས་མ་བཤད་དོ། །དེ་ལྟ་བུའི་བྱ་བ་ལ་ལམ་དུ་འཛིན་པའི་གདོན་ཆེན་པོའི་ནད་ཀྱིས་ཟིན་པ་ལ་གཉིས་སུ་མེད་པའི་ཡེ་ཤེས་དུས་གསུམ་དུ་གཡོ་བ་མེད་པའི་སྨན་བདུད་རྩི་ལྟ་བུ་རྣམ་པར་རྟོག་པའི་ཤི་བ་ལ་སོགས་པའི་སྡུག་བསྔལ་དང་བྲལ་བར་བྱེད་པས་གོང་མའི་རིམ་པ་ལྟར་གསོ་བར་བྱེད་པ་ནི་སྐྱེས་བུ་དམ་པའོ་ཞེས་ཏེ། ཐབས་ཐམས་ཅད་ཀྱིས་མཉེས་པར་བྱས་ཏེ་དེ་བླང་བར་བྱའོ་ཞེས་པའི་ཐ་ཚིག་གོ །ད་ནི་བདག་ཉིད་ཆེན་པོ་རྣམས་ཀྱིས་དེ་རིག་པར་བྱས་ནས་གོམས་པར་བྱ་བའི་ཐབས་གསུངས་པ་དེ་བས་ཞེས་པ་ལ་སོགས་པའོ། །ལུས་ངག་ཡིད་གསུམ་གྱི་སྡོམ་པ་མཆོག་ཅེས་པ་ནི་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་ཕྱིར་སྐྱེས་པ་དང་བུད་མེད་ཀྱི་གཟུགས་དུ་མ་ལ་བརྙས་པར་མི་བྱ་བ་ནི་ལུས་ཀྱི་སྡོམ་པའོ། །གསུང་རྡོ་རྗེའི་རང་བཞིན་པས་ན་འདོད་པ་བསྐྱེད་པའི་ཚིག་རྩུབ་མོ་ལ་སོགས་པ་ཅི་རིགས་པར་སྨྲ་ཞིང་དགག་པར་མི་བྱ་བ་ནི་ངག་གི་སྡོམ་པའོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའི་ངོ་བོ་བས་ངན་པར་རྟོགས་པ་དང་བཟང་པོར་རྟོགས་པ་ནི་རང་གི་སེམས་ཕྱི་མ་སུན་མི་དབྱུང་བ་ནི་ཡིད་ཀྱི་སྡོམ་པའོ། །དེ་ལ་སོགས་པ་རྣལ་འབྱོར་པ་སྙིང་པོའི་སྡོམ་པ་དང་བཟའ་བའི་དམ་ཚིག་མཆོག་ལ་གནས་པར་བྱས་ནས་ཞེས་སོ། །ངའི་སྙམ་པས་གཟི་བསྐྱེད་ལ། །ཞེས་པ་ནི་ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་ནས་མཉམ་


DTG042_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྦྱར་བས་བདག་གི་ལུས་ངག་ཡིད་གསུམ་ཡེ་ཤེས་སུ་རབ་ཏུ་བསྡུས་ནས་དེ་ལྟ་བུ་རློམ་པའི་ངའོ་སྙམ་པས་སེམས་ཀྱི་གཟི་བསྐྱེད་པའོ། །དེས་རིམ་པ་གཉིས་པ་ནི་རྫོགས་པའི་རིམ་པ་སྟེ་སྒྲུབ་པོ་ཞེས་པའི་ཐ་ཚིག་གོ །ཇི་ལྟ་བུ་ཞེ་ན། དགོན་པའམ་ཞེས་པ་ལ་སོགས་པའོ། །དགོན་པའམ་ཞེས་པ་ནི་གྲོང་ལས་རྒྱང་གྲགས་བརྒྱད་ཀྱི་ཕྱེད་ཕན་ཆད་དོ། །གྲོང་གི་མཐར་ཞེས་པ་ནི་གྲོང་གི་དགོན་པའོ། །དང་པོའི་ལམ་ལ་ཞུགས་པའི་རྣལ་འབྱོར་པ་གཉིས་ཀྱི་གནས་སོ། །ཡང་དག་པར་ན་སེམས་རྣམ་པར་དག་པ་ལས་ཡེ་ཤེས་འབྱུང་བའི་ཕྱིར་ན་གང་རུང་ཅི་རུང་དེ་ལྟ་བུ་ཞེས་བྱ་བ་སྨོས་སོ། །བྱ་བར་འོས་པའི་ལས་ཀུན་ཡང༌། །བྱས་ནས་ཞེས་པ་ནི་དེར་སྟེགས་བུ་བརྩིགས་པ་དང་བདུད་རྩི་ལྔས་བྱུགས་པ་དང༌། མེ་ཏོག་དགྲམ་པ་ལ་སོགས་པ་བྱས་ནས་བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་པར་བྱའོ་ཞེས་སོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དང་པོའི་རིམ་པ་དང་གཉིས་པའི་གཞི་རྣམ་པར་དགོད་པའི་ཕྱིར། བསྐྱེད་པའི་རིམ་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སེམས་ཅན་ཐམས་ཅད་ཀུན་ཞེས་པ་ནི་ཡུལ་ཚད་མེད་པའོ། །ཡུལ་ཅན་གང་ཞེ་ན། ཚངས་སྤྱོད་ཆེན་པོ་བཞིས་དམིགས་ཏེ་ཞེས་པ་ནི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཚངས་པ་ཆེན་པོ་སྟེ་དེའི་སྤྱོད་པ་ནི་སྙིང་རྗེ་ལ་སོགས་པ་བཞིའོ། །དེས་དམིགས་པའོ། །ཇི་ལྟར་དམིགས་ཤེ་ན། ས་བོན་གྱི་འོད་ཟེར་གྱིས་སྣང་བའི་སེམས་ཅན་རྣམས་མཐོང་བའི་ལམ་དུ་བྱས་ལ། དེ་རྣམས་སྡུག་བསྔལ་དང་དེའི་རྒྱུ་ལས་གྲོལ་བར་བྱའོ་སྙམ་པ་ནི། སྙིང་རྗེས་དམིགས་པའོ། །དེ་ལས་གྲོལ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་སྒྲུབ་པོ་སྙམ་པ་ནི་བྱམས་པས་དམིགས་པའོ། །དམུ་རྒོད་ལྟར་བཅོས་དཀའ་བའི་སེམས་ཅན་རྣམས་ལ་དོན་དེ་ཇི་ལྟར་ནུས་སྙམ་པ་ལ། དཔག་བསམ་གྱི་ཤིང་ལྟ་བུའི་ས་བོན་ལས་རང་གི་ལྷའི་སྐུར་སྣང་ན་སྒྲུབ་ནུས་སོ་སྙམ་པ་ལ་རངས་པ་ནི་དགའ་བས་དམིགས་པའོ། །དེ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཡིད་ལ་བྱེད་པས་བསྟོད་པ་ལ་སོགས་པ་ལ་མི་སེམས་པ་ནི་བཏང་སྙོམས་ཀྱིས་དམིགས་པའོ། །དེ་ལ་སོགས་པས་ཞེས་པ་ནི་ས་བོན་གྱི་འོད་ཀྱིས་ཚོགས་བསགས་པའི་རྟེན་གསལ་བར་བྱ་བ་དང༌། དེ་ལ་


DTG042_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དང༌། ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། བསྔོ་བ་དང༌། གསུམ་ལ་སྐྱབས་སུ་གསོལ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལམ་བསྟེན་པའོ། །དེ་རྣམས་ཅིའི་ཕྱིར་ཞེ་ན། རང་རྒྱུད་ཀྱི་ལས་ཀྱི་སྒྲིབ་པ་དག་པར་བྱས་ནས་ཞེས་སོ། །དེ་ཡང་རང་གི་རྒྱུད་དྲི་མ་མེད་པ་ལ་རྟོག་པས་གློ་བུར་དུ་མཚམས་མེད་པ་ལ་སོགས་པས་བསྒོས་པ་དང་ཆོ་ག་དེ་རྣམས་ཀྱིས་དག་པར་བྱས་པ་སྟེ། ཇི་ལྟར་ཞིང་དུལ་བ་ལ་ལོ་ཏོག་རྒྱས་པར་འགྱུར་བ་དང༌། རས་ཤིན་ཏུ་དཀར་པོ་ལ་ཚོན་འཇེན་པ་དང་འདྲ་བར། གང་ཟག་ལས་ཀྱི་སྒྲིབ་པ་ཟད་པ་ལ་དཀྱིལ་འཁོར་གྱི་འཁོར་ལོ་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ཡང་དོན་གཞན་དུ་འགྱུར་བ་དང༌། དངོས་པོར་འཛིན་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་དང་མི་མཐུན་པའི་ཕྱིར་དེ་ཟློག་པ་གསུངས་པ། སེམས་ཙམ་ཞེས་པ་ལ་སོགས་པའོ། །དེ་ཡང་སྙིང་རྗེ་ཆེན་པོ་སྔོན་དུ་སོང་བའི་སྔགས་པས་བྱང་ཆུབ་ཀྱི་སེམས་བྱིན་གྱིས་བརླབ་པའི་སྔགས་ཀྱིས་གུད་ན་ཡོད་པ་ལྟ་བུའི་ཕྱི་རོལ་གྱི་རང་བཞིན་སྟོང་པར་བྱས་ཏེ། དེར་སྣང་བ་ཡིད་ལ་མི་བྱེད་པས་སོ། །དེ་ཉིད་སེམས་ཙམ་སྟེ་ཆད་པའི་མཐའ་དགག་པའི་ཕྱིར་ཡིག་གསུམ་དུ་བལྟ་བར་བྱ་སྟེ། དེ་ཡང་དངོས་པོར་འཛིན་པ་སྟོང་པ་ཉིད་དུ་བྱས་ནས་རྣམ་པར་ཤེས་པ་རང་རིག་མཐའ་གཉིས་དང་བྲལ་བ་ཙམ་དུ་གནས་པར་བྱའོ་ཞེས་སོ། །རང་རིག་དེ་ཡང་ཟླ་བ་སོགས། །གདན་དུ་བརྟགས་ནས་ཞེས་པ་ལ་ཚིག་གི་དོན་འདི་འབྱུང་སྟེ། རླུང་གི་དཀྱིལ་འཁོར་ལ་སོགས་པའི་སྟོབས་ཀྱིས་གྲུབ་པའི་ས་གཞི་དང༌། ལྕགས་རི་དང་གླིང་སོ་སོའི་ཁ་དོག་ལ་སོགས་པ་བཟློག་པའི་ཕྱིར་སྲུང་བའི་འཁོར་ལོས་བརྟགས་པ་དང༌། རང་རིག་པ་ཞེས་ཚིག་སྔ་མའོ། །དེ་ནས་ནམ་མཁའ་ལ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའི་ཕྱོགས་གང་ཡིན་པ་དེའི་རྟོག་པ་བཟློག་པའི་ཕྱིར། ཆོས་ཀྱི་འབྱུང་གནས་སུ་བརྟགས་པ་དང༌། དེ་ལ་རི་རབ་དང་གླིང་དང་ཤིང་གེལ་པ་དང་ལྷ་དང་མིའི་གྲོང་ཁྱེར་དང༌། ཁང་བཟངས་ལ་སོགས་པ་བཟློག་པའི་ཕྱིར་གཞལ་ཡས་ཁང་དུ་བརྟགས་པ་དང༌། དེ་ལ་གནས་མལ་ལ་སོགས་པའི་རྟོག་པ་བཟློག་པའི་ཕྱིར་ཟླ་བ་དང་ཉི་མ་དང་པདྨའི་གདན་དུ་བརྟགས་པའོ། །དེ་བས་ན་ཁྱབ་བྱེད་ཀྱི་ཚིག་གིས་


DTG042_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་བསྡུ་བར་བྱའོ། །ཡི་གེའི་སྨྱུ་གུས་བསྣུན་བྱས་ཞེས་པ་ནི་གདན་དེ་ལ་ཆོ་ག་དང་པོ་རྫོགས་པས་རང་རིག་པའི་སྨྱུ་གུས་བསྣུན་ནས་ཡི་གེར་བརྟགས་པའོ། །དེ་ལས་རང་གི་ལྷའི་སྐུར་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །དེས་འདི་སྐད་སྟོན་ཏེ་ཁང་པ་བརྩེགས་མའི་དབུས་སུ་ཡི་གེ་གསུམ་ལ་གནས་པའི་སེམས་བབས་པ་ལ་སོགས་པ་ཟླ་བ་གཉིས་སུ་གྱུར་པ་དང༌། དེ་གཅིག་ཏུ་གྱུར་པ་དང་དེ་ལས་ཡི་གེར་གྱུར་པ་དང༌། དེ་ལས་མཚན་མ་ཡི་གེས་མཚན་པར་གྱུར་པ་དང༌། དེ་ལས་སྤྲོ་བསྡུ་དང་ལྡན་པའི་ང་རྒྱལ་བྱ་བ་དང༌། རང་དང་འདྲ་བ་ལས་བྱུང་བའི་སྐུར་བསྐྱེད་པ་ནི་དང་པོའོ། །དེས་སེམས་ཅན་རྣམས་སྣོད་དུ་རུང་བར་བྱས་ནས། ཡི་གེ་གསུམ་འཇུག་པ་ལ་སོགས་པས་འོད་དུ་ཞུ་བ་ལས་གོང་གི་ཚད་མེད་པ་བཞི་ལྷ་མོར་གྱུར། དེ་བསྐུལ་བས་རང་གི་ལྷའི་ས་བོན་དུ་གྱུར། །དེ་ལས་མཚན་མོ་ཡི་གེས་མཚན་པ་དེ་ལས་རང་དང་འདྲ་བའི་དེ་བཞིན་གཤེགས་པ་ལས་བྱུང་བའི་རང་གི་ལྷའི་སྐུར་བསྐྱེད་ནས། བདག་ཉིད་རང་གི་ལྷའི་ང་རྒྱལ་འཆང་བ་ནི་གཉིས་པའོ། །དེའི་མིག་ལ་སོགས་པ་བྱིན་གྱིས་བརླབས་ནས་དེ་ལ་སྐུ་རྡོ་རྗེ་ལ་སོགས་པ་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ་དབང་བསྐུར་བླང་བའོ། །དེ་བཞིན་དུ་བར་མའི་བསྙེན་པ་ལ་སོགས་པས་ལྷ་མོའི་སྐུར་བསྐྱེད་དེ། རིགས་ལྔས་གཏམས་པར་བྱས་ནས་གཉི་གའི་ཡན་ལག་དག་པར་བྱས་ཏེ། བདེ་མཆོག་མྱོང་བར་བྱ་བའི་ཕྱིར་རང་གི་ལྷ་མོ་ལ་བཅུག་ནས་གཉིས་ཀྱི་སྦྱོར་བ་བརྩམ་པ་ནི་དང་པོའི་རྣལ་འབྱོར་རོ། །དཀྱིལ་འཁོར་འཁོར་ལོ་སྤྲུལ་པར་བྱ། །ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཞུགས་པའི་ཟླ་བར་ཞུ་བ་དང༌། གཙོ་བོའི་ས་བོན་དུ་གྱུར་པ་དང༌། རང་གི་ལྷའིའམ་གཙོ་བོའི་དཀྱིལ་འཁོར་དུ་གྱུར་པ་དང༌། དེ་ནས་བཛྲ་དྷྲྀཀ་ལ་སོགས་པའི་སྔགས་ཀྱིས་དགོད་པ་སྟེ་བཞི་པའོ། །དེ་ནས་བྱིན་གྱིས་བརླབས་པའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་དང༌། མཆོད་ཡོན་དབུལ་བ་དང༌། བསྟིམ་པ་ལ་སོགས་པ་བྱས་ནས་ཆེན་པོའི་བསྙེན་པ་ལ་སོགས་པས་རྫོགས་པར་བྱས་པའོ། །དེ་མཉེས་ཞེས་པ་ནི་དེ་མཉེས་པར་བྱ་བའི་ཆོ་ག་བླ་ན་མེད་པའི་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩིས་ཚིམ་པར་བྱ་བ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གོ །དེ་ལ་གོམས་པ་


DTG042_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བསླབས་པས་ཞེས་པ་ནི་སྦྱོར་བ་གཉིས་ལ་ནན་ཏན་དུ་བྱས་པས་ཞེས་སོ། །དེ་ཅི་བྱེད་ཅེ་ན། ཕྱི་རོལ་ལུས་ནི་ལོག་བྱེད་དེ། །ཞེས་སོ། །དེ་ཡང་ལས་ཀྱི་སྒྲིབ་པ་དང༌། དངོས་པོར་འཛིན་པ་བཟློག་པའི་རྣལ་འབྱོར་པས་སྲུང་བའི་འཁོར་ལོ་ལ་སོགས་པས་ཕྱི་རོལ་གྱི་ལུས་སྦྱངས་ནས། དེ་ན་གནས་པའི་སེམས་ཅན་ནི་སྐྱེ་གནས་བཞིས་བསྡུས་པ་སྟེ། ཏིང་ངེ་འཛིན་ལྷག་མས་གོ་རིམས་བཞིན་དུ་དྲོད་གཤེར་ལས་སྐྱེས་པ་དང༌། རྫུས་ཏེ་སྐྱེས་པ་དང༌། མངལ་ནས་སྐྱེས་པ་དང༌། སྒོ་ང་ལས་སྐྱེས་པ་སྦྱོང་བ་སྟེ། འདི་ནི་འོག་ནས་འཆད་དོ། །དེ་ལྟར་བསྐྱེད་པའི་རིམ་པས་གཞི་རྣམ་པར་བཀོད་ནས། ད་ནི་རྫོགས་པའི་རིམ་པས་དེ་སྦྱང་བའི་ཐབས་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པའོ། །དགའ་བའི་ཡེ་ཤེས་ཀྱི་རང་བཞིན་མི་ཤིགས་པའི་ཐིག་ལེ་བསྒོམ་པར་བཤད་པའོ། །སངས་རྒྱས་རྣམས་ཞེས་པ་ནི་རྟག་པ་ལ་སོགས་པའོ། །དེའི་སྤྱོད་ཡུལ་མཆོག་ནི་དངོས་པོ་ཐམས་ཅད་ཀྱི་མཐའི་དེ་བཞིན་ཉིད་དོ། །དེ་བསྒོམ་པར་བྱ་ཞེས་སོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། རང་སྙིང་དམ་ཚིག་ཕྱག་རྒྱ་ཞེས་ཏེ་རང་གི་ལྷའི་སྙིང་གར་དམ་ཚིག་གི་ཕྱག་རྒྱ་ཡེ་ཤེས་སེམས་དཔའ་གནས་དང་བཅས་པའོ། །ཐུགས་ཀར་མཚན་མ་ལ་གནས་པ་ཞེས་པ་ནི་དེའི་ཐུགས་ཀར་ཟླ་བ་ལ་ཕྱག་མཚན་གྱི་དཀྱིལ་དུལ་ཟླ་བ་གནས་པའི་ཞེས་སོ། །དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཀུན་གྱི་ཡེ་ཤེས་མཆོག་སྟེ་དེ་ཡོད་ན་གཞན་འབྱུང་བ་སྟེ། དེ་ཡང་བསྐྱེད་པའི་རིམ་པ་རྣམས་ལ་རང་གི་ལྷའི་ཡི་གེའི་གཟུགས་སུ་རབ་ཏུ་སྣང་བ་དངོས་པོ་གང་གིས་ཀྱང་གཞོམ་དུ་མེད་པས་ས་བོན་འོད་ཟེར་ལྔ་འབར་བ་བསྒོམ་པར་བྱའོ། །དེའི་ཁ་དོག་རྣམ་པ་ལྔའི་ཞེས་པ་ནི་ས་བོན་དེའི་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་རང་གི་ལྷའི་སྟེང་གི་སྒོ་སྟེ། སྣ་བུག་གཡས་ནས་རྣམ་པར་སྤྲོ་བར་བྱའོ་ཞེས་སོ། །དེའི་རྩེ་ལས་དཀྱིལ་འཁོར་གྱི་ཞེས་པ་ནི་འོད་ཟེར་གྱི་རྩེ་ལས་བྱུང་བའི་དཀྱིལ་འཁོར་དང་ལྡན་པའི་བདེ་བར་གཤེགས་པའི་ཚོགས་རྣམས་ཕྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་བཀང་ནས། དེས་དབུགས་ཀྱི་ཀུན་རྟོག་ལས་བྱུང་བའི་སེམས་ཅན་ཞེས་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་རླུང་གི་རྟ་ལ་ཞོན་པས་སེམས་ཅན་ཐམས་ཅད་བསྒྲུབ་པ་སྟེ། སངས་རྒྱས་སྐུར་བསྐྱེད་ནས་ཞེས་པ་ནི། དེ་རྣམས་སངས་རྒྱས་ཀྱི་སྐུར་བསྐྱེད་པའོ། །དེ་གང་གིས་ཤེ་ན། ཟླ་བར་


DTG042_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བྱས་ཏེ། ཐིམ་པས་རྣམ་པར་དག་བྱས་ནས། །ཞེས་པ་ནི་འཕྲོས་པའི་དཀྱིལ་འཁོར་ཟླ་བ་ལྟ་བུར་ཞུ་བ་སེམས་ཅན་ཐམས་ཅད་ལ་ཐིམ་པས་དེ་རྣམས་གོང་མ་ལྟ་བུར་གྱུར་པའོ། །དེ་ཉིད་ཀྱང་ཡེ་ཤེས་ངོ་བོར་རང་ལ་ཞེས་ཏེ་ཆུ་ལྟར་དངས་པའི་ཡེ་ཤེས་ཀྱི་ངོ་བོར་འདུ་ཞིང་རང་གི་གཡོན་པའི་ཧ་སར་ཞུགས་པར་བྱ་ཞེས་སོ། །ནང་གི་ལ་ཡང་དེ་བཞིན་དུ་ཞུགས་ནས་གོང་གི་མཚན་མའི་དབུས་ན་གནས་པའི་ས་བོན་ལ་ཞུགས་པར་བྱ་སྟེ་འགྲུབ་པའི་རྒྱུ་དང་གནས་བརྟན་པའོ། །དེས་ཅིར་འགྱུར་ཞེ་ན། དེ་ཉིད་ཅེས་པ་ལ་སོགས་པའོ། །ཡོན་ཏན་ཀུན་ནི་སྟོབས་ལ་སོགས་པའོ། །དེ་བསྐྱེད་པའི་རིན་པོ་ཆེ་ནི་དངོས་པོ་ཀུན་ལ་ཁྱབ་པའི་བདག་ཅེས་སོ། །དེ་ཡང་གང་གིས་མི་ཆོམས་པས་ན་མི་ཤིགས་པའོ། །མ་སྤྲོད་པས་ན་ཐིག་ལེ་ཆེའོ། །དེ་ཉིད་འོད་ཟེར་ལྔ་དང་ལྡན་པའི་སྲན་ཙ་ན་ཀ་ཙམ་དུ་རང་གི་སེམས་བསྡུས་ཏེ་དེར་ཆོས་ཐམས་ཅད་ཀྱང་བསྡུས་ནས་རྣམ་པར་བསམ་པ་ནི་དེའི་ཚད་བསྟན་པའོ། །དེའི་འོད་ཟེར་ཞེས་པ་ནི་ཐིག་ལེ་དེའི་འོད་ཟེར་གྱིས་སོ། །རང་གི་གནས་ཞེས་པ་ནི་ཐིག་ལེ་རང་གི་གནས་སོ། །དེ་ལས་ཕྱིར་བྱུང་དམ་ཚིག་གི་ཕྱག་རྒྱ། ནང་གསལ་ཞེས་པ་ནི་མཚན་མ་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་ནང་གསལ་ནས་དེ་ལས་ཀྱང་ཕྱིར་བྱུང་ནས་ཕྱི་ལུས་གསལ་ནས། དེས་ཀྱང་དེའི་དཀྱིལ་འཁོར་གསལ་བར་བྱས་ནས། དེ་ལས་ཕྱིར་བྱུང་བས་དེའི་གནས་ཀྱང་གསལ་ཞེས་ཏེ། ཡེ་ཤེས་སེམས་དཔའི་གནས་མཚན་མ་གསལ་བར་བྱའོ། །དེ་ལས་ཀྱང་ཕྱིར་བྱུང་ནས་བདག་ཉིད་ཀྱི་ནང་གི་ལུས་གནས་ཀྱི་སེམས་སྒྲ་ཡིག་བཅུ་དྲུག་གི་གཟུགས་སུ་གནས་པ་གསལ་བར་བྱས་ནས་བསྡུ་བའོ། །དེ་དག་ཀྱང་གང་ཞེ་ན། མཐེ་བོའི་རྩ་བར་ཡི་གེ་ཨ། །ཞེས་པ་ལ་སོགས་པའོ། །དེ་ཡང་ཚེས་གཅིག་ལ་སོགས་པའི་རིམ་པར་ཤེས་པར་བྱའོ། །བཅུ་དྲུག་དུས་སུ་རྫོགས་གྱུར་པ། །ཞེས་པ་ནི་ཕྱིའི་ཟླ་བ་རྫོགས་པའི་དུས་སུ་དེ་ཡང་རྫོགས་པའོ། །དེ་ནས་བཟློག་སྟེ་ཤེས་པར་བྱའོ། །བཅུ་དྲུག་དུས་སུ་རྫོགས་པར་འགྱུར་བ་ནི་བསྒྲུབ་པས་གནས་དཀྲུགས་པ་བཅུ་དྲུག །དེ་ཡང་བཅུ་དྲུག་པར་འགྱུར། དེ་ཡང་ཐིག་ལེ། དེ་ཡང་ཟླ་བལྟ་བུར་སོང་ནས་དགའ་བའི་ཤེས་པ་འབྱུང་བའོ། །གོང་གི་འོད་ཀྱིས་རྣམ་པ་བཀུག་སྟེ་


DTG042_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་ཡི་གེ་བཅུ་དྲུག་པོ་རྣམ་པར་བཀུག་ནས་ཐིག་ལེའི་ནང་དུ་བཅུག་ལ་དེར་རང་གི་སེམས་དང་པོའི་ཡེ་ཤེས་ལྟར་བག་ཞད་བཟུང་བས་ཅིར་འགྱུར་ཞེ་ན། ལྷའི་འཁོར་ལོ་ཆེ། རྟེན་དང་བཅས་པ་མོས་པས་བསྒོམ། །ཞེས་ཆོས་འབྱུང་བ་ནས་བརྩམས་ཏི་ཐིག་ལེའི་རྣལ་འབྱོར་ཡན་ཆད་ལྷག་པར་མོས་པས་བསྒོམ་པར་བྱའོ་ཞེས་སོ། །དེ་དབུས་བདག་པོ་ཐུགས་ཀ་རུ། །ཞེས་པ་ནི་ཐིག་ལེའུ་དབུས་སུ་དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་འཁོར་ལོ་གོང་མའི་རིམ་པས་ལྷག་པར་མོས་པས་བསྒོམས་ལ། དེའི་ཐུགས་ཀར་མཚན་མ་ལ་ཡང་མི་ཤིགས་པའི་ཐིག་ལེ་ཆེན་པོ་བསྒོམ་པར་བྱས་ནས་ཞེའོ། །ཅི་ཙམ་ཞེ་ན། ཡུངས་ཀར་ཚད་ཙམ། དེ་ལས་འོད་ཟེར་སྤྲོ་བར་བྱའོ། །དེས་རང་གི་གནས་ནི་མཚན་མ་ཕྲ་མོའོ། །ཕྱག་རྒྱ་ནི་དེའི་གནས་དམ་ཚིག་གི་ཕྱག་རྒྱའོ། །ནང་གསལ་ཞེས་པ་ནི་དེའི་ལུས་ཀྱི་ནང་ངོ༌། །དཀྱིལ་འཁོར་གསལ་བྱས་ཞེས་པ་ནི་དེའི་དཀྱིལ་འཁོར་རོ། །དེའི་གནས་ཞེས་པ་ནི་མཚན་མའོ། །བདག་པོའི་ནང་གསལ་ཞེས་པ་ནི་དམ་ཚིག་སེམས་དཔའི་ཕྱག་རྒྱ་གཞན་ནོ། །ཕྱིའི་ལུས་ཞེས་པ་ནི་བདག་པོའིའོ། །དཀྱིལ་འཁོར་ཞེས་པ་ནི་བཅོ་བརྒྱད་དོ། །རྟེན་བཅས་ཞེས་པ་ནི་གཞལ་ཡས་ཁང་དང་ཆོས་འབྱུང་བའོ། །དེ་ནས་བཅུ་དྲུག་གནས་པའི་ཞེས་པ་ནི་ནང་འདྲེས་པ་ལས་བཅུ་དྲུག་ཏུ་གཞག་པའི་འོད་ཟེར་བ་སྤུའི་བུ་ག་ལས་ཕྱུང་བྱས་ཏེ། དེས་ཕྱིའི་ལུས་ནི་ཕྱི་རོལ་གྱི་དམ་ཚིག་སེམས་དཔའི་ལུས་ཀྱི་དཀྱིལ་འཁོར་འཁོར་ལོ་ནི་དེ་འཁོར་ལོ་བཅོ་བརྒྱད་དོ། །རྟེན་དང་བཅས་པ་ཞེས་པ་ནི་གཞལ་ཡས་ཁང་དང༌། ཆོས་འབྱུང་དང་སྲུང་བའི་འཁོར་ལོའོ། །དེ་ནས་འོད་ཟེར་དེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བདེ་བར་གཤེགས་པ་ཀུན་གྱི་སྤྱན་སྔར་གཤེགས་ཏེ་ཡེ་ཤེས་ཀྱི་བདུད་རྩི་ཞུགས་ནས་དེ་སྐྱང་གནས་ཏེ་དེ་སྒྲུབ་པའི་ཕྱིར་ཞལ་ནས་ཞུགས་ཏེ་ཞེས་པ་ནི་དེ་རྣམས་ཀྱིའོ། །ཐིག་ལེར་ཞེས་པ་ནི་མི་ཤིགས་པའི་ཐིག་ལེར་སོང་ནས་བདུད་རྩི་བླངས་ནས་དེ་རྣམས་ཀྱི་རྡོ་རྗེའི་ལམ་ནས་བྱུང་ནས་འོ་མའི་རྒྱུན་ལྟར་འདུ་ཞིང་འོངས་པར་བྱས་ནས། ཐབས་ཀྱི་ཡེ་ཤེས་གཡས་ཞུགས་ཏེ། །ཞེས་པ་ནི་རྟག་པ་ལ་སོགས་པས་གནང་བའི་བདུད་རྩི་གཡས་ཀྱི་ཧ་སར་ཞུགས་པའོ། །གཞན་ནི་གཡོན་དུ་ཞུགས་


DTG042_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞེས་པ་ནི་སྤྱན་མ་ལ་སོགས་པའིའོ། །ཡེ་ཤེས་ཀྱི་ཐིག་ལེ་ཞེས་པ་ནི་དང་པོའི་ཐིག་ལེའོ། །སྣང་བའི་ཐིག་ལེ་ཞེས་པ་ནི་དེ་ལས་སྣང་བའི་ཐིག་ལེ་སྟེ་ཆོས་ཉིད་ད། །ཐིམ་པར་གྱུར་ཞེས་པ་ནི་བཞིའི་བར་དུ་སྒོ་གཉིས་ཞོན་ནས་ཐིག་ལེ་དེ་ལ་ཐིམ་པར་གྱུར་པའོ། །དེ་ཡང་ཇི་ལྟ་བུའི་ངོ་བོར་བསམ་ཞེ་ན། དེ་ནི་ཞེས་པ་ལ་སོགས་པའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བས་ན་འཛག་པའི་ངང་ཚུལ་ཅན་ནོ། །ཡེ་ཤེས་ལྔའི་ཡུལ་དམ་པས་ན་འོད་ཟེར་ལྔ་འབར་རོ། །སྐྱོན་ཐམས་ཅད་དག་པས་ན་དཀར་འཚེར་བའོ། །འདོད་ཆགས་ཆེན་པོ་རྣམ་པར་དག་པས་ན་ཅུང་ཟད་དམར་བའོ། །རང་གི་སེམས་ཐབས་ཀྱིས་སྟེར་བས་མི་གཡོ་ཞིང་གཟུང་བར་བྱ་ཞེས་ཏེ། རྩེ་གཅིག་པ་མ་འཕྲོས་པ་དབུགས་འཇུག་པའི་སྤྱོད་པས་སོ། །དེ་ལས་གོང་མའི་རིམ་པ་ལྟར་ཞེས་པ་ནི་མཐར་ཐུག་པ་ནས་བརྩམས་ཏེ་བཞག་པ་ལ་སོགས་པ་མེད་པར་བྱུང་ནས་སྤྲོ་བ་སྟེ་དེས་བདུད་རྩི་བླང་བ་ལ་སོགས་པ་བྱས་ནས། རིམ་པས་འདུ་ཞིང་མཐའ་ལ་བསྡུ་བ་དང༌། ཡང་དེ་ལ་སེམས་གོང་མ་ལྟར་བཟུང་བ་ཡང་དག་པར་བྱས་པས་སེམས་དངོས་པོ་ཀུན་ལས་འགོག་པའི་རྡོ་རྗེར་གྱུར་ནས་བརྟན་པའི་རྟགས་སྐྱེ་བ་སྟེ། ནམ་ཞིག་དེ་ལ་རེག་གྱུར་པ། །ཞེས་པ་ནི་དུས་ནམ་ཞིག་ན་མི་འགྱུར་བའི་ཐིག་ལེ་ལ་ལྷ་མོའི་ལམ་གྱིས་རེག་པར་གྱུར་པ་དེའི་ཚེ། སངས་རྒྱས་ཀུན་གྱི་མཆོག་འཛིན་པ། །ཡིད་སྦྱིན་དཔལ་དང་འདྲ་བར་འགྱུར་བའོ། །དེ་ཡང་ཕྱིན་ཅི་མ་ལོག་པ་འདི་ལ་གོམས་པ་མེད་པས་ན་འདི་ལ་གོམས་པར་བྱས་པས་དེར་འགྲོ་བའི་དང་པོ། རྟགས་རྣམས་ཡང་དག་སྐྱེ་བར་འགྱུར། །ཞེས་ཏེ། དགོད་པ་དང་གླལ་བ་དང་འདར་བ་ལ་སོགས་པའོ། །དེ་སྐྱེས་པས་ངེས་པར་རྟག་པར་འགྱུར་བ་ལ་སོམ་ཉི་མི་བྱའོ། །དེ་ལ་ཞེན་པ་དགག་པ་ནི་འོག་ནས་འཆད་དོ། །འདི་དང་པོ་བསྒོམ་པའི་དགོས་པ་གསུངས་པ། ཕུང་པོ་ཞེས་པ་ལ་སོགས་པའོ། །བདག་གི་ཕུང་པོ་ལ་སོགས་པ་ལྷར་སྣང་བ་འདོད་ཆགས་ཆེན་པོའི་ཡེ་ཤེས་ཀྱི་མེས་བཞུས་ནས་བཅུ་དྲུག་ཏུ་འདུས་ཏེ། ཡང་ཐོག་མའི་སྙིང་གའི་པདྨར་སྡུད་པར་བྱེད་པས་ན་མི་ཤིགས་པའི་ཐིག་ལེའི་ཆོ་ག་འདི་ནི་དང་པོར་བཤད་ཅེས་སོ། །དེ་ལ་ཞེས་པ་ལ་སོགས་པ་ནི་དགའ་བ་བར་མའི་ཡེ་ཤེས་ཀྱི་རང་བཞིན་གསང་བའི་ཐིག་ལེ་བསྒོམ་པའི་ཆོ་ག་


DTG042_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། དེ་ཞེས་པ་ནི་སྙིང་ག་ན་གནས་པའོ། །བསྒྲུབ་པས་བྱིན་བརླབས་པས་ཞེས་པ་ནི་ཧཱུཾ་ཕཊ་ཀྱི་རྣམ་པ་དང་ལྡན་པར་གཡོ་བའི་རླུང་གིས་སོ། །སྣ་ཡི་རྩེ་མོར་འགྲོ་བས་ན། །ཞེས་པ་ནི་རང་གི་རྡོ་རྗེ་ཁ་སྟེ་དེར་འཛིན་པའོ། །དེ་བས་ན། །མི་ཤིགས་ཐིག་ལེ་རྗེས་ཐོགས་ལ། །གསང་བའི་ཐིག་ལེ་སྟེ་གསང་གནས་སུ་བསྒོམས་པའི་ཕྱིར་དེ་སྐད་དེ། དེ་བཤད་དོ་ཞེས་དགོངས་པ་བསྟན་ཏོ། །ཡེ་ཤེས་ཐིག་ལེ་ཞེས་པ་ནི་ཡེ་ཤེས་སེམས་དཔའི་མཚན་མའི་དབུས་ཀྱི་ཐིག་ལེ་ལས་འོད་ཟེར་ལྕགས་ཀྱུ་འདྲ་བ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སྤྲོས་པས་དེས་བདེ་བར་གཤེགས་པ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་བཀུག་ནས་དེ་རྣམས་ཀྱང་ལྷག་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྟ་པུར་གྱུར་ནས་རང་གི་སྙིང་གར་རབ་ཏུ་བཙུད་དོ། །དེ་རྣམས་ཞུ་ནས་ཞེན་པ་ནི་གནས་པ་ལ་སོགས་པ་ཞུ་ནས། ཐིག་ལེ་ལ་སྣང་བའི་ཐིག་ལེ་ཞུགས་པས་ཐིག་ལེ་ལ་ཡང་གཡས་ནས་འགྲོ་བ་རྡུལ་དང་གཡོན་ནས་འགྲོ་བ་མུན་པ་དང༌། དབུས་ནས་འགྲོ་བ་སྙིང་སྟོབས་ཀྱི་ཚུལ་དུ་བབས་པར་བསམས་ནས་དེ་རང་གི་རྡོ་རྗེ་ནོར་བུའི་དཀྱིལ་དུ་གནས་པ་ལས་ཞེས་ཏེ་རྒྱུ་དང་གནས་དང་པོའོ། །འབྱུང་བ་ལྔ་ཡི་གཟུགས་ཅན་མཆོག །ཅེས་པ་ནི་དེ་ལས་གྲུབ་པ་ལྟར་སྣང་བའི་ཕྱིར་རོ། །ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་གནས་པས་ན་འོད་ཟེར་ལྔ་འབར་བར་སྣང་ངོ༌། །དེ་ཡང་གང་ཞེ་ན་རང་ལྷའི་མཚན་མ་ཕྲ་མོ་ཞེས་ཏེ། རྡོ་རྗེ་དང་རལ་གྲི་ནས་ཙམ་མོ། །འཁོར་ལོ་དང་པདྨ་ནི་སྲན་ཙ་ན་ཀ་ཙམ་མོ། །རིན་པོ་ཆེ་ནི་ཡུངས་ཀར་གྱི་འབྲུ་ཚད་ཙམ་མོ། །དེའི་རིགས་ཀྱི་མཚན་མ་ཡང་དེ་བཞིན་དུ་བསམས་ནས་མཚན་མ་དེའི་བུམ་པར་རྟེན་གྱི་དཀྱིལ་འཁོར་ཡུངས་ཀར་ཙམ་གྱི་དབུས་སུ་རང་གི་ལྷའི་འཁོར་ལོ་ཐིག་ལེ་དང་བཅས་པ་ལྷག་པར་མོས་པས་བསྒོམ་པར་བྱ་བ་སྟེ་ཚད་བསྟན་པའོ། །གལ་ཏེ་དེར་སེམས་བྱིང་བའམ། །སྐྱོ་ན་རྡོ་རྗེ་བུམ་པ་ལས་བྱུང་བ་སྟེ། ལྷ་མོའི་པདྨའི་སྣ་རྩེར་རྣམ་པར་གནས་པར་བྱས་ནས་དགའ་བྲལ་གྱི་དགའ་བའི་ངོ་བོ་བརྟག་པར་བྱའོ་ཞེས་སོ། །དེ་ལས་རྣམ་པ་གཞན་ཡང་ཤེས་པར་བྱའོ། །འདི་ཡི་ཐིག་ལེའི་རྣལ་འབྱོར་ལས། །ཞེས་པ་ནི་ཕྲ་མོའི་ཐིག་ལེའི་རྣལ་འབྱོར་ཏེ། དམ་ཚིག་སེམས་དཔའི་ཐུགས་ཀ་ན་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀ་ན་ཐིག་ལེ་སྟེ་དེ་སྦྱོར་


DTG042_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྫོགས་པའི་ཕྱིར་རོ། །གཞན་ནི་གཉིས་ཀྱི་དང་པོ་དང་རང་གི་སྦྱོར་བ་རྫོགས་པའི་ཕྱིར་རོ་ཞེས་བཤད་དོ། །གོང་གི་རིམ་པས་འོད་ཟེར་ལྔ། །ཞེས་པ་ནི་རང་གི་གནས་ལ་སོགས་པ་གསལ་བར་བྱས་ནས། མཚན་མ་ཕྲ་མོ་ལས་བྱུང་བའི་འོད་ཟེར་རྡོ་རྗེའི་ལམ་ནས་རང་གི་ནང་གསལ་བར་བྱས་ནས། སྟེང་གི་སྒོའི་གཡས་ནས་བྱུང་བ་དང༌། བདུད་རྩི་ཞུ་ནས་སླར་ཡང་བདུད་རྩི་འགུགས་པ་དང༌། འོ་མའི་རྒྱུན་ལྟར་འོང་ཞིང་གཡོན་དུ་རིམ་བཞིན་དུ་འཇུག་པ་དང༌། ཐིག་ལེ་ནི་གཞི་སྟེ་དེར་བཞུགས་པ་ནི་དབུགས་དགག་གཏོང་གི་ཡན་ལག་གོ་ཞེས་ཏེ། རྒྱུ་དང་གནས་དང་སྤྲོ་བསྡུ་དགག་པ་དང་གཏོང་བས་བསྡུས་པའི་ཕྱིར་རོ། །དེ་ནས་གསང་བའི་ཐིག་ལེ་ཆེ། །ཞེས་པ་ནི་གསང་བ་ནི་ཐིག་ལེར་སྣང་བ་སྟེ་ཏིང་ངེ་འཛིན་གསུམ་པའོ། །རབ་ཏུ་ཕྲ་བ་ཞེས་པ་ནི་ཤིན་ཏུ་ཕྲ་བའི་ཐིག་ལེ་དེ་ལ་གོང་མ་ལྟར་ཐབས་ཀྱིས་ལྟེ་བར་རང་གི་སེམས་དལ་བུས་བཟུང་བས་སོ། །དེས་ཅིར་འགྱུར་ཞེ་ན། དངོས་པོ་མེད་པའི་གནས་སུ་འགྱུར། །ཞེས་ཏེ། དངོས་པོ་རྣམས་ནི་གཞིག་པ་དང༌། །གཞོམ་པས་སྟོང་པ་མ་ཡིན་ཏེ། །རང་བཞིན་མེད་པའི་སྦྱོར་བས་གཞན་གྱི་བློ་ལྡོག་པས་ན་དེ་ཁོ་ན་ལ་བཟུང་བས་དངོས་པོ་མེད་པའི་གནས་སུ་འགྱུར་རོ། །དེའི་རྟགས་གང་ཞེ་ན། དེ་ཡང་ཞེས་པ་ལ་སོགས་པའོ། །གཟུང་བ་གོམས་པ་ནི་དེའི་ཡན་ལག་གོམས་པའོ། །ཕྱིན་ཅི་ལོག་པ་ནི་རྣམ་པར་ལོག་ཅེས་པ་ནི་ས་ལ་སོགས་པ་ལ་རྣམ་པ་གཉིས་ཏེ། ཕྱིན་ཅི་ལོག་ཏུ་སྣང་བ་དང༌། ཡེ་ཤེས་ལ་སྣང་བའོ། །ཡེ་ཤེས་ལ་སྣང་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ནུས་པས་མཉམ་པར་གཞག་པའི་གནས་སྐབས་སུ་ལྡོག་པའི་རྟགས་རྙེད་པ་དང༌། ཅུང་ཟད་ལོག་པ་དང༌། ཁྱད་པར་གྱི་ལམ་གྱིས་གཏན་ནས་ལོག་པ་དང༌། མཉམ་པར་མ་བཞག་པའི་གནས་སྐབས་སུ་འང་སྣང་བ་སྟེ། འདི་ནི་མཐར་ཐུག་པའི་གནས་རྟོགས་པའི་ཕྱིར་ཇི་ལྟ་བ་བཞིན་དུ་ལོག་པའི་གཏམ་མོ། །དེ་ཡང་དང་པོས་རྣམ་པར་ལྡོག་པའི་རྟགས་སུ་རྣལ་འབྱོར་པ་དེ་ལ་ཅི་འབྱུང་ཞེ་ན། སྨིག་རྒྱུ་ལྟ་བུར་སྣང་བ་ནི། །རྟགས་ནི་དང་པོར་ཤེས་པར་བྱ། །ཞེས་ཏེ། ཐིག་ལེ་དེའི་འོད་ཟེར་གསལ་བ་དང༌། མི་གསལ་བའི་དཔེ་སྨིག་རྒྱུ་དང་འདྲ་བ་འབྱུང་སྟེ། དེའི་སྐབས་སུ་འདི་ལྟར་ཤེས་པར་བྱའོ། །བདག་གི་རྒྱུད་ལ་གནས་པའི་ཕྱིན་ཅི་


DTG042_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་ཏུ་སྣང་བའི་ས་འདི་ནི་རྣམ་པར་ལྡོག་ཏུ་རུང་བ་སྟེ། བདག་གིས་ནི་རྟགས་ཤེས་སོ་སྙམ་དུ་བློའི་གཟེངས་བསྟོད་ལ་ཡང་དེ་ལ་ཞེན་པར་བྱའོ། །གཞན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དུ་བ་ལྟ་བུ་ཞེས་པ་ནི་སྨིག་རྒྱུ་ལས་གསལ་བ་སྟེ་སྔོ་བའམ་དཀར་བ་ལ་སོགས་པ་ནི་མ་ཡིན་ནོ། །མཁའ་སྣང་ཞེས་པ་ནི་ནམ་མཁའ་ལ་སྣང་བ་སྟེ་སྲིན་བུ་མེ་ཁྱེར་རོ། །དེ་ཡང་དུ་བ་ལས་གསལ་བ་སྟེ། དེ་འདྲ་བ་ནི་མ་ཡིན་ནོ། །མར་མེ་ལྟ་བུར་རབ་འབར་བ། །ཞེས་པ་ནི་མཁའ་སྣང་ལས་ཁྱད་པར་དུ་འཕགས་པ་སྟེ་དེ་འདྲ་བ་ནི་མ་ཡིན་ནོ། །དེ་རྣམས་འོད་ཟེར་གྱི་ཚུལ་དུ་འོག་མ་ལས་གོང་མ་གསལ་ཞིང་མཐོང་བའོ། །ཟབ་གསལ་གཉིས་མེད་ཀྱི་དོན་འདྲ། །ཞེས་པ་ནི་ཇི་བཞིན་མ་ཡིན་པའི་ཕྱིར་དུ་བ་འདྲ་སྟེ་བརྟག་པའི་སྐུའོ། །དེ་ཡང་ཇི་ལྟར་སྣང་ཞེ་ན། སྤྲིན་མེད་ནམ་མཁའ་ལྟར་གསལ་བ། །ཞེས་པ་ནི་སྤྲིན་མེད་པའི་ནམ་མཁའ་ནི་ཁྱད་པར་དུ་གསལ་བར་སྣང་བ་སྟེ། གོང་གི་འོད་ཟེར་ཉིད་ལྷའམ་མཚན་མ་ལ་སོགས་པའི་གཟུགས་སུ་སྣང་ཞིང་བདག་གི་དབང་པོ་དང་གཞན་གྱི་ཡང་སྤྱོད་ཡུལ་དུ་སྣང་བར་འགྱུར་བའོ། །རང་དངོས་ནི་མ་ཡིན་ནོ། །མཚན་མ་ལྔ་པོ་དེ་ཡིས་ནི། །ཞེས་པ་ནི་བརྟན་པར་འགྱུར་བའི་མཚན་མ་ལྔ་པོ་དེས་སོ། །མི་གནས་མྱ་ངན་འདས་ཐོབ་པ། །ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ནི་གྲུབ་པའི་རྣལ་འབྱོར་པ་སྟེ། དེའི་རྟགས་རྙེད་པས་ན་སྦྱོར་བ་ལ་འབད་པའོ། །དེའི་རྟགས་ཀྱང་མཚན་མ་ལྔ་པ་སྟེ། གཞན་ཡང་སྒྲུབ་པའི་རྣལ་འབྱོར་གཉིས་པ་དང༌། དང་པོའི་རྟགས་ཀྱང་བཞི་པ་དང་གསུམ་པར་ཤེས་པར་བྱའོ། །གཉིས་པ་ནི་བསྙེན་པའི་རྣལ་འབྱོར་པའི་ས་སྟེ། འཁྲུལ་པ་བཟློག་པའི་སེམས་གཟེངས་བསྟོད་པ་བཞིན་དུ་འདིར་ཡང་ཤེས་པར་བྱའོ། །དེ་བས་ན། རྣལ་འབྱོར་པས་ནི་འདི་ལ་འབད། །ཅེས་སོ། །གཟུང་བ་ཡི་ནི་ཡན་ལག་གོ །ཞེས་པ་ནི་རང་གི་སྲོག་རིན་པོ་ཆེ་ལྟ་བུ་གཟུང་བས་རྟགས་རྙེད་པའི་ཡན་ལག་ཏུ་འགྱུར་བའི་ཕྱིར་རོ། །ད་ནི་རྗེས་སུ་དྲན་པའི་ཡན་ལག་གསུངས་པ། དེ་ལྟར་དེ་ལ་ཞེས་པ་ལ་སོགས་པའོ། །དོན་དེས་ཁྱབ་བྱའི་ཕྱིར་ཞེས་པ་ནི་མཚན་མ་ལྔ་མཐོང་བའི་དོན་ལྷ་དང་ཕྱག་མཚན་ལ་སོགས་པ་དེས་ཆོས་ཐམས་ཅད་ལ་ཁྱབ་པར་བྱ་བའི་ཕྱིར་རོ། །རྡོ་རྗེ་ཡི་ནི་ལམ་ནས་སུ། །ཞེས་པ་ནི་གསང་བའི་པདྨ་སྟེ་ཤིང་


DTG042_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་ལམ་ཞེས་པ་བཞིན་ནོ། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །ཞེས་པ་ནི་ནམ་མཁའི་ཁམས་སུ་གཏོགས་པ་ཐམས་ཅད་དུ་གཞན་དང་གཞན་གྱི་གཟུགས་ཀྱིས་སྤྲོ་བར་བྱ་སྟེ། དེ་བཞིན་དུ་བསྡུ་བར་ཡང་བྱའོ། །སྔོན་མཐོང་བའི་དོན་ལ། སོ་སོར་སྣང་བ་བསྐྱེད་པར་བྱ། །ཞེས་པ་ནི་ཏིང་ངེ་འཛིན་གཉིས་ཀྱི་གནས་སྐབས་སུ་མཐོང་བའི་སྐུ་དང་ཕྱག་མཚན་དང༌། རང་བཞིན་ལ་སོགས་པའི་སྣང་བ་བསྐྱེད་པར་བྱའོ་ཞེས་སོ། །སངས་རྒྱས་རྗེས་སུ་དྲན་པ་ནི་གོ་རིམས་བཞིན་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་སྤྲོ་བསྡུ་ལས་གསལ་བར་བྱའོ། །ཆོས་རྗེས་སུ་དྲན་པ་ནི་ཚེ་དཔག་མེད་ཀྱིའོ། །རྡོ་རྗེ་རྗེས་སུ་དྲན་པ་ནི་མི་བསྐྱོད་པའིའོ། །རིགས་རྗེས་སུ་དྲན་པ་ནི་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་དང་སྤྱན་མ་ལ་སོགས་པའོ། །ཁྲོ་བོ་རྗེས་སུ་དྲན་པ་ནི་གཤིན་རྗེ་གཤེད་ལ་སོགས་པ་བཞིའི་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་རེ་རེའི་དབང་དུ་བྱས་པ་སྟེ་གཅིག་ལའང་རྟོགས་པར་བྱའོ། །རེ་རེ་ལའང་དགོས་པའི་རྣམ་པ་གཞན་གསུངས་པ་དེ་བཞིན་ཞེས་པ་ལ་སོགས་པའོ། །དམ་ཚིག་རྗེས་སུ་དྲན་པ་ནི་སྔོན་མཐོང་བའི་དོན་ལ་གང་དྲན་ཞེ་ན། རྗེས་སུ་ཆགས་པ་ཆོ་ག་བཞིན། །དང་པོ་ཞེས་ཏེ་རྗེས་སུ་ཆགས་པའི་སྔགས་བཟླ་བ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཞུགས་པ་སྔོན་དུ་འགྲོ་བའི་ཟླ་བར་ཞུགས་པའི་ཆོ་ག་སྤྲོ་བ་དང་བསྡུ་བ་ལ་གསལ་བར་བྱ་བའོ། །དཀྱིལ་འཁོར་རྗེས་སུ་དྲན་པ་ནི་སྔོན་མཐོང་བའི་དོན་ལ་གང་དྲན་ཞེ་ན། ཆོ་ག་གཉིས་པ་ལ་སོགས་པའི་དཀྱིལ་འཁོར་ཞེས་གོང་མ་ལས་ཕྱེ་བ་སྟེ། གཙོ་བོའི་ས་བོན་དང༌། ལྷའི་འཁོར་དང་དེ་དབྱུང་བ་དང༌། འཁོར་ལོ་གཞན་དང་གཉིས་སུ་མེད་པར་བྱ་བ་དང༌། ལོངས་སྤྱོད་བཞིས་བྱིན་གྱིས་བརླབས་ལ་སྤྲོ་བ་དང་བསྡུ་བ་ལས་གསལ་བར་བྱའོ། །སྐུ་དང་གསུང་དང་ཐུགས་དང་སེམས་ཅན་རྗེས་སུ་དྲན་པ་ནི་སྔོན་མཐོང་བའི་དོན་ལ་གང་ཞེ་ན། སྐུ་དང་གསུང་དང་ཐུགས་བསྒོམ་པའི། །རྡོ་རྗེ་གསུམ་ནི་ཞེས་ཏེ་ཆུང་ངུ་དང་བར་མ་དང་ཆེན་པོའི་རྡོ་རྗེ་གསུམ་བསྒོམ་པ་དེ་སྤྲོ་བ་དང་བསྡུ་བ་ལས་རང་ཡང་དྲན་པར་རྣམ་པར་སྨོན་ཞིང་དེའི་གཟུགས་དྲན་པའོ། །སྔགས་ཐམས་ཅད་ཀྱི་སྤྱི་གཟུགས་རྗེས་སུ་དྲན་པ་ནི་སྔོན་མཐོང་བའི་དོན་ལ་གང་དྲན་ཞེ་ན།


DTG042_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་ཡི་རྡོ་རྗེ་སེམས། །བསྐྱེད་པ་ཞེས་པ་ནི་འགྲོ་བའི་སེམས་བབས་པ་ལ་སོགས་པའི་རིམ་པས་རྡོ་རྗེ་འཆང་བ་བསྐྱེད་པ་ལས་དང་བཅས་པ་དང༌། རང་གི་ལྷ་ལོངས་སྤྱོད་བཞི་དང་ལྡན་ཞེས་ཏེ། བར་གྱི་སེམས་འཇུག་པ་ལ་སོགས་པའི་རིམ་པས་རང་གི་ལྷ་བསྙེན་སྒྲུབ་བཞི་དང་ལྡན་པ་སྤྲོ་བ་དང་བསྡུ་བ་ལས་གཟུགས་དང་མཚན་མ་ལ་སོགས་པའི་རྗེས་སུ་གསལ་བ་རྙེད་པའོ། །དམ་ཚིག་རྗེས་སུ་དྲན་པ་ནི་སྔོན་མཐོང་བའི་དོན་ལ་གང་དྲན་ཞེ་ན། བདུད་རྩི་མྱང་བ་ལ་སོགས་པ་ཞེས་ཏེ་གསང་བའི་མཆོད་པ་ས་བོན་མྱང་བ་དང༌། བདུད་རྩི་མྱང་བ་དང༌། ཐམས་ཅད་མཉམ་པ་ཉིད་དུ་བྱ་བ་ལ་སོགས་པ་སྤྲོ་བ་དང་བསྡུ་བ་ལས་གསལ་བར་བྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་རྗེས་སུ་དྲན་པ་ནི་སྔོན་མཐོང་བའི་དོན་ལ་གང་དྲན་ཞེ་ན། སྤྲོས་པའི་དཀྱིལ་འཁོར་དེ་དག་ཀྱང༌། ཅི་ཡང་ཡོད་པ་མ་ཡིན་ཏེ་ཞེས་ཏེ་དཀྱིལ་འཁོར་དེ་དག་ལས་གཞན་གྱིས་བརྟགས་པའི་ཆོས་ཅི་ཡང་ཡོད་པ་མ་ཡིན་པས་ན་སྟོང་པ་ཉིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནི་གཉིས་མེད་ངོ་བོ་རུ། །ཞེས་པ་ནི་དཀྱིལ་འཁོར་དེ་དག་ཀྱང་དེའི་དུས་ཉིད་ན་གསལ་བ་མི་འགོག་པ་སྟེ། དེ་བས་ན་དེ་གཉིས་སུ་མེད་པའི་ངོ་བོར་སྤྲོ་བ་དང་བསྡུ་བ་ལས་དྲན་པའོ། །ཞེ་སྡང་གི་རིགས་ལ་སོགས་པ་མཆོད་པ་རྗེས་སུ་དྲན་པ་ནི་སྔོན་མཐོང་བའི་དོན་ལ་གང་དྲན་ཞེ་ན། རང་གི་རིགས་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ཡང་རང་གི་རིགས་ཀྱི་བུད་མེད་བར་མའི་བསྙེན་སྒྲུབ་བཞིས་དག་པ་རིགས་ལྔས་རྒྱས་བཏབ་པ་ནས། རྗེས་སུ་ཆགས་པས་མཉེས་པར་བྱ་བ་སྤྲོ་བ་དང་བསྡུ་བ་ལས་གསལ་བར་བྱེད་པའོ། །དེ་རྣམས་ནི་སྔོན་མཐོང་བའི་དོན་ལ་རྗེས་སུ་དྲན་པས་ན་རྗེས་སུ་དྲན་པའི་ཡན་ལག་གོ །གང་དག་གཟུང་བ་ལ་ཉམས་པའི་བློ་ཅན་རྣམས་ཀྱིས་འདི་བྱའོ་ཞེས་གཞན་དག་ཀྱང་འདོད་དོ། །ད་ནི་དགའ་བྲལ་གྱི་ཡེ་ཤེས་ཀྱི་རང་བཞིན་སྤྲུལ་པའི་ཐིག་ལེ་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །ཡན་ལག་གསུམ་གྱིས་ནི་ཞེས་པ་ནི་དགག་གཏོ་ང་དང༌། གཟུང་བ་དང༌། རྗེས་སུ་དྲན་པའི་ཡན་ལག་གིས་སོ། །དེ་གསང་བའི་ཐིག་ལེ་བསྒོམ་པར་བྱས་ནས། སྤྲུལ་པའི་ཐིག་ལེ་བསྒོམ་པའི་དགོས་པ་གསུངས་པ།


DTG042_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་ལས་ནི་བྱུང་ནས་ཀྱང༌། །ཁམས་ཀུན་ཁྱབ་པར་བྱེད་པས་ནི། །ཞེས་ཏེ་དབང་གི་མཐར་ཐུགས་རྗེ་རྒྱས་པའི་ཡན་ལག་ཏུ་གནས་པའི་སྤྲུལ་པའི་འཁོར་ལོ་སྟེ་སྦྲུལ་པའི་སྐུ་སྒོམ་པར་བྱེད་པའམ་ཡང་ན་ཐིག་ལེ་བཞི་ལ་སོགས་པར་སྤྲོས་པའི་ཕྱིར་ན་སྤྲུལ་པ་སྟེ་དེ་བསྒོམས་བཤད་དོ་ཞེས་སོ། །ཇི་ལྟར་ཞེ་ན། རང་གི་སྤྱི་བོ་ཞེས་པ་ལ་སོགས་པའོ། །རང་གི་སྤྱི་བོ་ཞེས་པ་ནི་རང་གི་ལྷའི་མགོའི་དབུས་ཏེ་ཀླད་རྒྱས་སུའོ། །སྐུ་ཡི་རྡོ་རྗེ་ཐུགས་ཀ་རུ། །ཞེས་པ་ནི་བསྐྱེད་པའི་རིམ་པའི་སྐབས་སུ་གནས་བསྐྱེད་ནས། ས་བོན་མཚན་མ་ཕྲ་མོ་ལས་གྱུར་པའི་སྐུའི་རྡོ་རྗེ་བསམས་ཏེ་དེའི་ཐུགས་ཀ་རུའོ། །མཚན་མ་ལ་གནས་རླུང་དཀྱིལ་འཁོར། །ཞེས་པ་ནི་ཟླ་བ་ལ་ས་བོན་ལས་གྱུར་པའི་འཁོར་ལོའི་ལྟེ་བར་རླུང་གི་དཀྱིལ་འཁོར་ཁ་དོག་དུད་ཀ་དབྱིབས་གཞུའི་ཚུལ་དུ་གནས་པ་ལ་ཟླ་བའི་གདན་བསམས་ནས་དེ་ལ་སྐུ་རྡོ་རྗེའི་ས་བོན་ཨོཾ་དཀར་པོ་བསྒོམས་ནས་དེ་ཡང་འོང་བའི་མཚན་ཉིད་བསམ་ཞེས་ཏེ། གནས་སྐབས་ཀྱི་བཞི་དང་ལྡན་ཡང་འོང་བའི་མཚན་ཉིད་དུ་གནས་པའོ། །གཞན་མ་རྣམས་ཀྱང་རིམ་པ་དེས་བསྒྲེ་བར་བྱའོ། །ཆུ་ནི་ཟླུམ་པོའོ། །མེ་ནི་གྲུ་གསུམ་མོ། །དབང་ཆེན་ནི་གྲུ་བཞིའོ། །དེ་ལྟར་འབྱུང་བའི་དཀྱིལ་འཁོར་བཞི་ནི་རྫོགས་པའི་རྣལ་འབྱོར་པའོ། །རང་གི་ལྷའི་ས་བོན་ནི་འབྱུང་བ་དང་འཇུག་པ་དང་གནས་པ་ལས་གྲོལ་བའི་ངོ་བོ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་བས་ན་བདག་ཉིད་བཞི་དང་འབྲེལ་པར་བྱས་ནས། རྡོ་རྗེ་བཟླས་པའི་རིམ་པ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ཞེས་པ་ལ་སོགས་པའོ། །མི་ཤིགས་པའི་ཞེས་པ་ནི་དབྱེར་མེད་པས་ན་གང་གིས་ཀྱང་མི་ཤིགས་པ་སྟེ། དེ་བས་ན་རྡོ་རྗེའི་བཟླས་པའོ། །དེའང་ཇི་ལྟར་བྱ་ཞེ་ན། གཡས་པ་ཞེས་པ་ལ་སོགས་པའོ། །དེ་ལ་གཡས་པ་ནི་རང་གི་སྟེང་སྒོའི་ཕུག་པ་གཉིས་ཀྱི་གཡས་སོ། །དེ་ལས་བྱུང་བའི་ཁམས་གང་ཞེ་ན། རླུང་གི་དཀྱིལ་འཁོར་ཆེན་པོ་སྟེ་ཞེས་ཏེ་ལས་ཀྱི་ཕྱག་རྒྱ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ནི་ཡེ་ཤེས་ཀྱི་ངོ་བོ་བས་ཆེན་པོའོ། །དེ་ཡང་ཁ་དོག་ནི་དུད་ཀའི་ཚུལ་དུ་རྒྱུ་བའོ། །དེའི་རང་བཞིན་ལས་ཀྱང༌། འབྱུང་བ་རླུང་གི་ངོ་བོ་ཡིས། །ཞེས་ཏེ། ཕྱིར་འབྱུང་བའི་ཧཱུཾ་ནི་ཕྱག་རྒྱ་ཆེན་པོ་བས་


DTG042_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཧཱུཾ་གི་ངོ་བོ་སྟེ་དེས་སྣང་སྲིད་ཆོས་ཀུན་ཁྱབ་ནས་ཞེས་པ་ནི་དག་པ་དང་མ་དག་པ་ཐམས་ཅད་ལ་ཁྱབ་ནས། དེ་རྣམས་ཀུན་ཀྱང་དག་པར་བྱས་ནས་ཡེ་ཤེས་བདུད་རྩི་ལྟ་བུར་གྱུར་པར་བྱས་པ་ནི་དེའི་ལས་སོ། །ཨོཾ་གྱི་ངོ་བོར་འོད་བྱས་ནས། །ཞེས་པ་ནི་སླར་འདུ་བ་ནི་ལས་ཀྱི་ཕྱག་རྒྱའི་རང་བཞིན་པས་ན་ཨོཾ་གྱི་ངོ་བོའོ། །ཡེ་ཤེས་ཀྱི་སྐུ་གོང་མ་དང་བཅས་པར་བྱས་ནས་རང་གི་རྒྱུད་ཀྱི་བག་ཆགས་ནི་དངོས་གྲུབ་ཆེན་པོའི་རྟགས་སྐྱེ་བ་དང་འགལ་བའི་ལས་ཏེ། དེ་ཡང་བཀྲུས་ནས་དག་བྱས་ནས། །ཞེས་ཏེ། དེ་རྣམས་ཀྱང་ཟླ་བ་ལྟ་བུར་ཞུ་བའི་ཆུས་བཀྲུས་ནས་དག་པར་བྱས་ཏེ། ཨོཾ་དེ་ལ་ཞུགས་པ་ནི་རང་གི་ལས་སོ། །ཨཱཿ་ཡི་ངོ་བོ་གནས་བྱས་ནས། །ཞེས་པ་ནི་གཉིས་པོས་གྲོལ་བའི་རླུང་ནི་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་པས་ན། ཨཱཿའི་ངོ་བོའོ། །དེ་ལ་གནས་པ་ནི་ཕྱི་ནང་གི་ཆོས་དེ་ཉིད་དུ་ཞུགས་པ་སྟེ་རང་གི་ལས་སོ། །དེ་ལ་ལྷ་ཡི་དེ་བཞིན་ཉིད། །ཅེས་པ་ནི་གནས་པ་དེ་ལ་ལྷའི་དེ་བཞིན་ཉིད་དེ་གཉིས་སུ་མེད་པའི་ཡེ་ཤེས་སོ། །གཟུང་བས་དལ་བུས་ཞེས་པ་ནི་གནས་པའི་དུས་སུ་གཟུང་བ་ནི་དལ་བུ་སྟེ་མྱུར་བའི་ཡན་ལག་གོ །དེ་ཡང་གོང་གིས་བཟུང་བས་ཁྱད་པར་དུ་བྱས་པའི་ཕྱིར་ན་མྱུར་བའི་ཡན་ལག་ཡིན་ཡང༌། དངོས་པོ་མེད་པའི་གནས་སུ་འགྱུར། །ཞེས་ཏེ། ཕྱི་དང་ནང་གི་ཆོས་ཡང་དག་པར་སྣང་བ་ཡང་དུས་དེར་མི་དམིགས་པའི་ཕྱིར་རོ། །གཞན་མ་རྣམས་ལ་དོན་དེས་བསྒྲེ་བར་བྱའོ། །གཡོན་པ་ཞེས་པ་ནི་སྣ་བུག་གཉིས་ཀྱི་ཚིག་སྔ་མའོ། །ཆུའི་དཀྱིལ་འཁོར་ཞེས་པ་ནི་ཟླུམ་པོ་མགྲིན་པར་མཚན་མ་ལ་གནས་པའོ། །གཉིས་ཀ་ལས་ནི་ཞེས་པ་ནི་རེ་རེ་ཞེས་ཚིག་སྔ་མའོ། །དྲག་ཏུ་ཞེས་པ་ནི་གསུམ་པོ་བས་ཞེས་ཚིག་སྔ་མའོ། །མེའི་དཀྱིལ་འཁོར་ཞེས་པ་ནི་གྲུ་གསུམ་ཐུགས་ཀར་མཚན་མ་ལ་གནས་པའོ། །དེ་བཞིན་གཉིས་ལས་ཞེས་པ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དལ་བུས་འབྱུང་ཞེས་པ་ཡང་སྔ་མ་ལྟར་ཤེས་པར་བྱའོ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཞེས་པ་ནི་གྲུ་བཞི་མགྲིན་པའི་འོག་ཏུ་མཚན་མ་ལ་གནས་པའོ། །འཇུག་དང་གནས་དང་ལྡང་བ་ལས། །ཞེས་པ་ནི་གནས་སྐབས་ཀྱིས་ཀུན་ལ་ཡོད་ཀྱང་དེའི་རང་བཞིན་ནི་ཡི་གེ་གསུམ་པས་ན་རྡོ་རྗེ་གསུམ་གྱི་བཟླས་པའོ། །གྲོལ་བའི་ཡེ་ཤེས་རྙེད་གྱུར་


DTG042_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཞེས་པ་ནི་གསུམ་པོས་གྲོལ་བའི་ཡེ་ཤེས་ནི་རྩ་བའི་ཡེ་ཤེས་དམིགས་པ་མེད་པའོ། །དེ་ནི་གསུམ་པོའང་མི་དམིགས་པས་ན་མ་ནིང་སྟེ་ཡེ་ཤེས་དཔའི་བཟླས་པའོ། །དེ་བས་ན་དེར་དེ་ལྟ་བུའི་ཡེ་ཤེས་རྙེད་པར་འགྱུར་བ་ལ་སོམ་ཉི་དང་ཡིད་གཉིས་མ་བྱེད་ཅིག་ཅེས་པའོ། །ད་ནི་རྣལ་འབྱོར་ཆེན་པོ་དེའི་བཟླས་པའི་གྲངས་གསུངས་པ། ཕྱག་རྒྱ་ཞེས་པ་ལ་སོགས་པའོ། །ཕྱག་རྒྱ་བཞི་པ་ནི་རླུང་རྟེན་དང་བཅས་པ་ནི་ལས་ཀྱི་ཕྱག་རྒྱའོ། །ཆུ་རྟེན་དང་བཅས་པ་ནི་ཆོས་ཀྱི་ཕྱག་རྒྱའོ། །མེ་རྟེན་དང་བཅས་པ་ནི་ཕྱག་རྒྱ་ཆེན་པོའོ། །ས་རྟེན་དང་བཅས་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་དང་འབྲེལ་པའི་བཟླས་པའི་གྲངས་ནི་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ་ཞེས་པ་ནི་ཕྱག་རྒྱ་རེ་རེ་གཡས་པ་ལ་སོགས་པའི་རིམ་པ་ནས་ཉིས་བརྒྱ་ཉི་ཤུ་རྩ་ལྔར་གྱུར་ཏེ། དེ་ནི་དགུ་བརྒྱར་རྣམ་པར་བསྒྲེས། །ཞེས་པ་ནི་བུག་པ་གཅིག་ཏུ་ཕྱག་རྒྱ་བཞི་ལ་དགུ་བརྒྱར་རྣམ་པར་བསྒྲེས་པ་སྟེ། བཞིས་བསྒྲེས་པའོ། །ཞག་གཅིག་ཏུ་ཞེས་པ་ནི་ཉིན་ཞག་གཅིག་གོ །ཉི་ཤུ་བཞིས་ཞེས་པ་ནི་གཡས་དང་གཡོན་དུ་འགྲོ་བ་ཉི་ཤུ་རྩ་བཞིས་ཞག་གཅིག་སྟེ། ཤུགས་ལས་གང་བ་དང༌། དྲག་ཤུལ་གྱིས་སྒྲུབ་པ་སྤངས་ནས་ཡི་གེའི་ཚིག་དང་མཚུངས་པ་ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་དང༌། བརྒྱ་ཕྲག་དྲུག་ཏུ་འདུས་པ་ཐམས་ཅད་དུ་བཟླས་བརྗོད་ཀྱི་གྲངས་བྱེད་དོ་ཞེས་བྱ་བར་སྦྱར་རོ། །གང་གིས་ཤེ་ན། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིས། །ཞེས་ཏེ། ཡེ་ཤེས་དབང་དུ་གྱུར་པས་སོ། །དུས་བཞིའམ་ཞེས་པ་ནི་མ་ཡིན་ཏེ། ཉིན་མཚན་ཞེས་སྨོས་སོ། །དེས་ཅི་རྟོགས་ཤེ་ན། དེ་ཡིས་ཞེས་པ་ལ་སོགས་པའོ། །རྣམ་པའི་ཆོས་ཐམས་ཅད་ཅེས་པ་ནི་རང་གི་ཤེས་པ་ལས་མ་གཏོགས་པའི་ཆོས་གང་ཡང་མེད་པ་སྟེ། དེ་ལྡང་བའི་དུས་སུ་ཕྱི་རོལ་དང་འཇུག་པའི་དུས་ནང་དང༌། གནས་པའི་དུས་གཉི་ག་བེམས་པོ་མེད་ཅིང་ཀུན་འདུས་སེལ་བ་བཅུ་གཉིས་ལ་སོགས་པའི་དོན་དུ་རྟོགས་བར་འགྱུར་རོ། །དེ་ཡང་གང་ཞེ་ན། སྒྱུ་མ་ཞེས་པ་ལ་སོགས་པའོ། །སྒྱུ་མ་ནི་རྐྱེན་ཚོགས་པའི་དབང་གིས་སྣང་ཡང་མེད་པའོ། །སྨིག་རྒྱུ་ནི་མྱ་ངམ་གྱི་རླུང་དུ་སྣང་ཡང་མེད་པའོ། །བྲག་ཅ་ནི་བྲག་དང་སྒྲ་ལས་གྲག་ཀྱང་མེད་


DTG042_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །མགལ་མེའི་འཁོར་ལོ་ནི་འཁོར་ལོ་ལྟ་བུར་སྣང་ཡང་དེ་ལྟར་མ་ཡིན་ནོ། །འཁྲུལ་པ་ནི་མིའམ་སྦྲུལ་ལ་སོགས་པ་ལྟར་སྣང་ཡང་དེ་ལྟར་མ་ཡིན་ནོ། །དྲི་ཟའི་གྲོང་ཁྱེར་ནི་རྒྱ་མཚོའི་རླབས་གྱེན་དུ་སྣང་ཡང་གཙང་པོ་དང་རི་ལ་འབྲེལ་ཙམ་ན་གྲོང་ཁྱེར་དང་ཁང་པ་དཀར་པོ་ལ་སོགས་པར་སྣང་ཡང་མེད་པའོ། །ཆུ་བུར་ནི་ཆར་པ་འབབས་པའི་དུས་སུ་ཆུ་ལས་བྱུང་བ་ནི་མེད་པའོ། །མིག་འཕྲུལ་ནི་ཕན་ཨ་ཤོ་བྱ་བའི་མིང་སྙན་པའི་བྱས་ཁྱེར་བ་སྩལ་བས་གཞན་ངེས་པ་ལྟར་སྣང་ཡང་དེ་ལྟར་མ་ཡིན་པའོ། །གཟུགས་བརྙན་མེ་ལོང་དང་གདོང་གི་དཀྱིལ་འཁོར་ལ་བརྟེན་དེ་སྣང་ཡང་མེད་པའོ། །ཆུ་ཟླ་ནི་ཆུ་བོ་དང་ལྟེང་ཀ་ལ་སོགས་པའི་ཆུ་མང་པོ་ལ་སྣང་ཡང་མེད་པའོ། །སོགས་ཀྱི་སྒྲས་བསྡུས་པས་རྨི་ལམ་དང་དབང་པོའི་གཞུ་ལ་སོགས་པའོ། །དེ་ཙམ་ནས་གང་དང་སྐལ་བ་མཉམ་ཞེ་ན། ས་བཅུ་དབང་ཕྱུག་རྣམས་དང་སྐལ་བ་མཉམ་སྟེ་ཞེས་སོ། །དེ་ཡང་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་འཕྲུལ་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དེ་དང་སྐལ་བ་མཉམ་པ་ནི་ཡེ་ཤེས་དང་དབང་དུ་གྱུར་པ་དུས་ན་སེམས་ཅན་ཐམས་ཅད་ཀྱང་རླུང་དང་ལྷན་ཅིག་ཏུ་བྱུང་བས་ན་རང་བཞིན་གྱིས་གནས་པས་ན་རང་བཞིན་གྱིས་བཟླས་པ་དེ་ལ། རྣལ་འབྱོར་པས་ནི་རབ་ཏུ་འབད། །ཅེས་པ་སྟེ། ལས་དང་པོ་པ་ལ་སོགས་པས་བསླབ་པར་བྱའོ་ཞེས་སོ། །མན་ངག་མེད་པར་མི་རྟོགས་པར་བསྟན་པའི་ཕྱིར། འདི་ནི་ཞེས་པ་ལ་སོགས་པའོ། །སྔགས་བཟློས་ཀྱང་ཞེས་པ་ལ་སོགས་པ་ནི་ཐོག་མ་མེད་པའི་དུས་ན་སེམས་ཅན་ཐམས་ཅད་ཀྱང་རླུང་དང་ལྷན་ཅིག་ཏུ་བྱུང་བས་ན་རྡོ་རྗེ་བཟླས་པ་ལ་གནས་ཀྱང་བླ་མས་མ་ཟིན་པས་རྟོགས་པར་མི་འགྱུར་རོ་ཞེས་སོ། །ཕྱི་རོལ་ཞེན་པ་ཡོངས་སུ་སྤངས་པའི་ཕྱིར་གསུངས་པ། དེ་ནི་ཡང་དག་ཅེས་པ་ལ་སོགས་པའོ། །བསྒོམ་པའི་བར་ཚོད་ཅེས་པ་ནི་བགྲང་ཕྲེང་དང་སྒྲ་ལ་སོགས་པ་ལ་དམིགས་པས་སེམས་གཡེང་བར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་བཟླ་ཞེ་ན། བཟླས་པའི་ངོ་བོ་ཞེས་པ་ལ་སོགས་པ་གོ་སླ་བས་མ་བཤད་དོ། །དེ་ལ་གནས་པས་ཕྱི་རོལ་གྱི་བཟླས་པ་ཡང་མི་འགལ་བར་གསུངས་པ་དོན་དེ་ལ་གནས་ཞེས་པ་ལ་སོགས་པའོ། །དེའི་


DTG042_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཡང་གླང་ཆེན་རྙེད་ན་ཐ་མལ་བའི་གསེར་འཛམ་བུ་ན་དའི་གསེར་དུ་གྱུར་པའི་ཕྱིར་བུད་ཤིང་ནི་དེའི་ལྕི་བ་སྟེ་ཞར་ལས་འབྱུང་བ་དང་འདྲའོ། །དེ་བཞིན་དུ་རྡོ་རྗེའི་བཟླས་པའི་ངོ་བོ་ཤེས་པས་ཕྱི་རོལ་གྱི་བཟླས་པས་ཀྱང་བསོད་ནམས་ཀྱི་ཚོགས་རྫོགས་པས་དེ་ཉིད་ཀྱང་ནུས་པ་ཅན་དུ་བྱེད་པའོ། །ད་ནི་རྡོ་རྗེ་བཟླས་པས་བསྒྲུབ་པའི་མཚན་མ་འབྱུང་བར་གསུངས་པ་དེ་བས་ཞེས་པ་ལ་སོགས་པའོ། །རྡོ་རྗེ་བཟླས་པ་ལ་འབད་པའི་རྣལ་འབྱོར་པ་ལྷུན་གྱིས་གྲུབ་པ་ཉིད་དུ་གནས་པ་ཉལ་བ་དང་སྙེས་པ་དང་འཕྲེས་པ་དང་གཉིད་ལ་སོགས་པ་མེད་མོད་ཀྱི། བདེ་བར་གཤེགས་པས་བྱིན་གྱིས་བརླབས་པའི་གཉིད་ཅུང་ཟད་འོད་བས་ན་དེའི་དུས་སུ་ཕྱག་རྒྱ་ཆེན་པོ་ཞེས་ཏེ། ཕྱག་རྒྱ་ལས་སྐྱེས་པའི་ཡེ་ཤེས་ཆེན་པོ་བས་ན་དེ་སྐད་དེ། དེ། གྲུབ་པའི་མཚན་མ་ཡང་འབྱུང་འགྱུར། །ཞེས་ཏེ་བཀྲ་ཤིས་པའི་ལྷའི་སྨོན་ལམ་ལ་སོགས་པ་ཡང་དང་ཡང་དུ་འབྱུང་སྟེ་ཡིད་ལ་བྱེད་པའི་བག་ཆགས་ཀྱི་མཚན་མ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྩ་བའི་རྒྱུད་ལས། བསམ་གཏན་བཟླས་པ་འབད་པ་ཡིས། །སྒྲུབ་པ་པོས་ནི་རྟག་ཏུ་མཐོང༌། །ཞེས་སོ། །དེ་བྱུང་ཞེས་པ་ནི་མཚན་མའོ། །ཆོ་ག་ལ་གནས་པ་ཞེས་པ་ནི་གསུངས་པའི་བརྟུལ་ཞུགས་ལ་སོགས་པའི་ཆོ་གའོ། །སྐད་ཅིག་གིས་ནི་ཞེས་པ་ནི་མཆོག་གི་སྒྲུབ་པ་ཆེན་པོས་སོ། །ཀུན་མཁྱེན་ཆེ་ཞེས་པ་ནི་གཟུགས་ལ་སོགས་པ་ཀུན་ཟབ་མོ་དང་ཡང་དག་པར་གསལ་བ་མཁྱེན་པས་ན་ཀུན་མཁྱེན་ཏེ་རྣལ་འབྱོར་བཞི་པའོ། །རྒྱུད་ལ་རབ་ཏུ་འཕོ་བར་ནི། །ཞེས་པ་ནི་བྱ་བ་གཞན་སྤངས་པས་ལུས་གནས་པར་འགྱུར་བ་ཙམ་གྱིས་ཆོག་ཤེས་པ་རྩེ་གཅིག་པའི་རྣལ་འབྱོར་པ་དེའི་མཐོང་བའི་ཆོས་ཉིད་ཀྱི་ཚེ་ལ་རྒྱུད་འཕོ་བའོ། །དེ་ལ་ནི། ཐེ་ཚོམ་མེད་པར་ངེས་པས་ན། །ཞེས་ཏེ། ལམ་ཁྱད་པར་ཅན་གྱི་འབྲས་བུ་ཁྱད་པར་ཅན་དུ་འགྱུར་བ་བསྐྱེད་པས་ན། དེ་ལ་ངོ་མཚར་བ་ཅི་ཞིག་ཡོད་དེ་དེའི་ཆོས་ཉིད་དེ་ཡིན་པའི་ཕྱིར་རོ། །དེ་བས་གང་ནས་གསུངས་པ་ཡི། ཆོ་ག་འདི་ལ་རབ་ཏུ་འབད། །ཅེས་པའོ། །ད་ནི་དེ་རྣམས་ཀྱི་དོན་མཇུག་བསྡུ་བ་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ནི་གོ་སླའོ། །ད་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་མི་ཤིགས་


DTG042_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐིག་ལེ་དེ་ཁོ་ན་ཉིད་བསྒོམ་པའི་ཆོས་གསུངས་པ། ད་ནི་ཞེས་པ་ལ་སོགས་པའོ། །གཉིས་མེད་ཡེ་ཤེས་ཞེས་པ་ནི་ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟར་དག་པ་གང་ཡིན་པའོ། །དེ་ཀུན་རྫོབ་ཀྱི་གཟུགས་སུ་ཇི་ལྟར་གནས་ཤེ་ན། ཐིག་ལེ་ཁ་དོག་ལྔ་པ་ཙ་ན་ཀའི་འབྲུ་ཙམ་དུ་རྣམ་པར་གནས་ཏེ། དེ་ལ་བརྟེན་ནས་ཞེས་པ་ནི་དེ་ལས་རླུང་ལ་སོགས་པའི་དཀྱིལ་འཁོར་བྱུང་ནས་མི་གཡོ་བ་ལ་སོགས་ཞེས་པ་ནི་སྣོད་ཀྱི་འཇིག་རྟེན་ལྕགས་རི་དང་ལྷའི་ཁང་པ་ལ་སོགས་པ་ཡང༌། དེ་ལས་འབྱུང་བར་བྱེད་ཅེས་པར་སྦྱར་རོ། །དེ་བཞིན་དུ་གཡོ་བ་དང་བཅས་ཞེས་ཏེ། བཅུད་ཀྱི་སེམས་ཅན་ཚངས་པ་ལ་སོགས་པའི་ལྷ་དང་ལྷ་མིན་དང་སོགས་ཀྱི་སྒྲས་བསྡུས་པ་མི་དང་བྱོལ་སོང་དང་ཡི་དགས་དང་དམྱལ་བ་ལ་སོགས་པ་ཡང་དེ་ལས་འབྱུང་བར་བྱེད་ཅེས་བྱ་བ་དང་སྦྱར་རོ། །གང་གི་དུས་སུ་འབྱུང་བར་བྱེད་ཅེས་ན། ཐམས་ཅད་རབ་ཏུ་མི་སྣང་ཡང༌། །ཞེས་ཏེ། ལས་སུ་སྨྲ་བའི་གཞུང་གིས་གནས་པའི་བསྐལ་པ་ཟད་ནས་མེ་ལ་སོགས་པས་ཉི་ཤུའི་བར་དུ་རྣམ་པར་གཞིག་སྟེ་སྟོང་པར་འགྱུར་བའི་དུས་སུ་ཡང༌། ཐིག་ལེ་འགོག་པར་མི་འགྱུར་ཏེ། །ཞེས་པ་ནི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་པས་ན་མེ་ལ་སོགས་པ་གང་གིས་ཀྱང་གཞིག་ཏུ་མེད་པའི་ཕྱིར་དེ་ཁོ་ན་སྣང་བའོ། །དེ་ནས་ཆགས་པར་འགྱུར་བའི་དུས་སུ་གོང་མ་ལྟར། རྒྱུ་དང་མི་རྒྱུ་བཅས་པ་ཀུན། །སླར་ཡང་ཐིག་ལེ་དེ་ལས་འབྱུང་བར་བྱེད། །ཅེས་པའོ། །དེ་ལ་ཕྱི་རོལ་པ་རྣམས་ཀྱིས་འཁྲུལ་པར་གསུངས་པ་དེ་ལས་ཞེས་པ་ལ་སོགས་པའོ། །སྐྱེ་བོ་རྣམས་ཞེས་པ་ནི་ཁ་ན་མ་ཐོ་བ་ལས་རིང་དུ་སོང་བའི་ཆོས་མ་ཐོབ་པ་གྲུབ་པའི་མཐའ་འཛིན་པའོ། །དེས་ཡང་དག་པའི་དོན་མ་རྟོགས་པའི་ཕྱིར་མི་ཤིགས་པའི་ཐིག་ལེར་མ་ཤེས་ཏེ། ཚངས་པའི་སྒོ་ང་ཞེས་འཁྲུལ་ཏེ། སེམས་ཅན་གྱི་ལས་ཀྱིས་ཚངས་པ་མི་སྣང་ཡང་དེའི་སྒོ་ང་ལུས་པས་དེ་ལས་ཐམས་ཅད་སྐྱེས་པའོ་ཞེས་འདོགས་ཤིང་ཚངས་པ་ལ་མེས་པོ་ཞེས་སྨྲ་སྟེ། རང་གིས་ཀྱང་དེ་བཞིན་དུ་འཁྲུལ་ཏེ་དེ་ཁོ་ན་ཡིན་ནོ་སྙམ་དུ་རློམ་སེམས་སོ། །དེ་བས་ན་དེ་ལས་སྟོང་པ་ཉིད་དུ་ཁས་བླངས་པའི་སྐྱེ་བོ་རྣམས་ཀྱིས་དུས་ལས་བྱུང་


DTG042_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སོགས་པས་སྒྲོ་འདོགས་ཤིང་དེའི་ལམ་ལ་འཇུག་པར་བྱེད་དོ། །དེ་ལྟ་ན་ཡང་དེའི་རང་བཞིན་ནི་ཆོས་ཀུན་གྱིས་ཀྱང་མི་བསྒུལ་བ་སྟེ། མེ་ལ་སོགས་པའི་འབྱུང་བ་གང་གིས་ཀྱང་མི་ཤིགས་པ་སྟེ། མི་ཤིགས་པའི་ཐིག་ལེ་སྟེ། ཇི་སྲིད་འདི་ནི་ལུས་གནས་པས།། ཞེས་པས་ནི་བཅུད་ཀྱི་སེམས་ཅན་རྣམས་ཀྱི་སྙིང་གའི་པདྨ་ཁ་སྦྱར་གྱི་དབུས་ན་ཐིག་ལེ་རྣམ་པར་གནས་པའོ། །ཇི་སྲིད་རང་བཞིན་དགའ་བའི་མན་ངག་ཐོབ་ནས་དེའི་དོན་ལ་མི་འཛིན་པ་དེ་སྲིད་དུ། །ལས་དང་ལས་མིན་རབ་བྱེད་པས། །ཞེས་ཏེ། སྲོག་གཅོད་པ་སྤོང་བ་ལ་སོགས་པའི་ལས་དང༌། སྲོག་གཅོད་པ་ལ་སོགས་པའི་ལས་མ་ཡིན་པ་རབ་ཏུ་བྱེད་དེ། ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་མ་ཤེས་པས་ལས་སུ་སྨྲ་བ་སྟེ། དེས་མཐོ་རིས་དང་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་རོ། །དེའི་རང་བཞིན་ཡོངས་སུ་ཤེས་པ་ནི་ལས་ཀྱིས་འཁོར་བར་ཡོངས་སུ་མི་ནུས་ཏེ་ལས་དེ་ཉིད་དེར་ཐིམ་པའི་ཕྱིར་རོ། །དེ་བས་ན་བརྟན་པོ་ཞེས་ཏེ། ཅིའི་ཕྱིར་ཞེ་ན། འཇིག་པ་རྣམས་སྤངས་པའི་ཞེས་པ་ནི་མི་རྟག་པ་ལ་སོགས་པའི་བསྐལ་པ་རྣམ་པར་སྤངས་པའོ། །དེའི་ཕྱིར་དེ་ལྟ་བུའི་མི་ཤིགས་ཐིག་ལེ་བསྒོམ་པར་བཤད་པར་ཁས་འཆེས་པའོ། །ཇི་ལྟར་ཞེ་ན། དེའི་གཞི་བསྐྱེད་པའི་རིམ་པ་བསྒོམ་པ་གསུངས་པ་ཚངས་པའི་ཞེས་པ་ལ་སོགས་པའོ། །དེ་ཡང་ས་བོན་བསྒོམ་པ་སྔོན་དུ་འགྲོ་བའི་ཚངས་པའི་སྤྱོད་པ་བཞིས་སེམས་ཅན་ལ་དམིགས་པས་ལས་ཀྱི་སྒྲིབ་པ་ཟད་བྱེད་གོང་མ་ལྟར་བྱས་ནས། ཕྱི་རོལ་གྱི་སྟོང་ཞེས་ཏེ་དངོས་པོར་འཛིན་པ་བཟློག་པའི་ཕྱིར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱང་གོང་མ་ལྟར་བྱས་ནས། སོགས་ཀྱི་སྒྲས་བསྡུས་པ་རྟེན་བསྒོམ་པ་དང༌། རྒྱུ་ལ་དམིགས་པ་དང༌། དེ་གྱུར་པ་ལས་ཚད་མེད་པས་བསླང་བས་ས་བོན་ལ་སོགས་པའི་རིམ་པས། རང་གི་ལྷའི་སྐུ་རུ་བསྐྱེད་ནས་ཞེས་ཏེ་བསྙེན་པའོ། །ཀྱང་ཞེས་པ་ནི་ཉེ་བར་བསྒྲུབ་པ་སྟེ། ཕྱག་རྒྱ་བཞིས་བཏབ་པ་ནི་བསྒྲུབ་པའོ། །དེ་བཞིན་དབང་བསྐུར་བླང་བ་དང༌། ལྷ་མོའི་ཆོ་ག་དང༌། དཀྱིལ་འཁོར་འཁོར་ལོའི་ཏིང་ངེ་འཛིན་ལ་སོགས་པ་སྔ་མ་བཞིན་ཤེས་པར་བྱས་ནས་ཞེས་སོ། །རིམ་པ་འདི་ཡིས་ཞེས་པ་ནི་འོག་ནས་འབྱུང་བས་སོ། །ཐིག་ལེ་ལ་ཞེས་པ་


DTG042_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་ཤིགས་པའི་ཐིག་ལེ་ཁོ་ན་ལའོ། །རང་གི་སེམས་ནི་ཡང་དག་གཟུང༌། །ཞེས་པ་ནི་དབུགས་འཇུག་པའི་སྤྱོད་པའི་སེམས་ཀྱིས་གསང་བའི་ངོ་བའི་སེམས་ཡང་དག་པར་བཟུང་བ་སྟེ། འདི་ནི་དེ་ཁོ་ནའི་དབང་དུ་བྱས་པའི་ཕྱིར་རོ། །གཞན་རྣམས་ཀྱང་དེའི་ངོ་བོ་ཡིན་པས་སོ། །ཇི་ལྟར་ཞེ་ན། རང་གི་ཞེས་པ་ལ་སོགས་པའོ། །དེ་ཡང་རང་གི་ལྷའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་ལ་གནས་པའི་མཚན་མའི་དབུས་ན་གནས་པའི་ས་བོན་ལས་ཁ་དོག་ལྔ་པའི་འོད་ཟེར་ལྔ་འཕྲོས་པའི་རྩེ་ལས་འོད་ཆགས་ཅན་ལ་སོགས་པའི་ཐབས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་སྤྲུལ་ལོ། །འཁོར་ལོ་དེ་དག་གིས་ཀྱང་ཁམས་ཀུན་དུ་ཁྱབ་པར་བྱས་ནས། ལས་ཅི་བྱེད་ཅེ་ན། དབུགས་ཀྱི་རྟ་ཞོན་ཀུན་རྟོག་རྣམས། །ཞེས་ཏེ་རླུང་དང་ལྷན་ཅིག་ཏུ་བྱུང་བའི་ཀུན་དུ་རྟོག་པ་གློ་བུར་བ་ནི་གཟུང་བ་དང་འཛིན་པར་རྟོག་པ་སྟེ། དེ་ལས་བྱུང་བ་དང་བཅས་པའོ། །དེ་དག་རྣམ་པར་གསལ་བས་སེམས་ཅན་དེ་དག་ཀྱང་དཀྱིལ་འཁོར་གྱི་འཁོར་ལོར་བྱས་ཏེ་ཞེས་སོ། །གཉིས་པ་དཀྱིལ་འཁོར་བསྡུ་བྱས་ནས། །ཞེས་པ་ནི་བྱེད་པ་པོ་དང་བཅས་པའི་ངོ་བོ་སྟེ། དེ་དག་ཀྱང་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ངོ་བོ་བདག་གི་སྣ་བུག་གཡོན་དུ་ཞུགས་པར་བྱས་པའོ། །དང་པོ་ནི་གཞན་ནོ། །དེ་གང་དུ་གནས་ཤེ་ན། ཡེ་ཤེས་སེམས་དཔའི་ཐུགས་ཀ་ན་གནས་པའི་མཚན་མའི་དབུས་ན་གནས་པའི་རང་གི་ལྷའི་ས་བོན་ལ་ཐིམ་པས་ཞེས་སོ། །དེས་ཅིར་འགྱུར་ཞེ་ན། དེ་ནི་ཞེས་པ་ནི། ས་བོན་དེ་ཉིད་དོ། །སངས་རྒྱས་ཡོན་ཏན་ཅི་གསུངས་པ། །ཞེས་པ་སྣ་ཚོགས་པའི་མདོ་དང་རྒྱུད་ལས་གསུངས་པའི་སྟོབས་ལ་སོགས་པ། ཡང་དག་པར་སྐྱེད་པར་བྱེད་པའི་མི་ཤིགས་པའི་ཐིག་ལེ་ཁ་དོག་སྣ་ཚོགས་པའི་འོད་ཟེར་ལྔ་འབར་བ་རྣམ་པར་གསལ་བར་བྱའོ་ཞེས་སོ། །དེ་ལས་ཀྱང་འོད་ཟེར་བྱུང་བས་ཞེས་པ་ནི་ཐིག་ལེ་ལས་སོ། །རང་གནས་ཞེས་པ་ནི་རང་གི་གནས་མཚན་མ་གསལ་བར་བྱའོ། །དེ་ལས་ཕྱིར་བྱུང་ནས་ཡེ་ཤེས་སེམས་དཔའི་ནང་གི་ལུས་གསལ་བར་བྱ་སྟེ། དེ་ནས་ཕྱིའི་ལུས་དང༌། དེའི་དཀྱིལ་འཁོར་དང༌། གནས་རྟེན་མཚན་མ་དང་བཅས་པ་གསལ་བར་བྱས་ནས། དེ་ལས་


DTG042_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱུང་སྟེ་དམ་ཚིག་སེམས་དཔའི་ནང་གི་ལུས་ལ་མཐེ་བོའི་རྩ་བ་ལ་སོགས་པ་གནས་བཅུ་དྲུག་ན་གནས་པའི་བྱང་ཆུབ་ཀྱི་སེམས་སྒྲ་ཡིག་བཅུ་དྲུག་གི་གཟུགས་སུ་གནས་པ་བཀུག་པར་བྱས་ནས་མི་ཤིགས་པའི་ཐིག་ལེའི་ནང་དུ་རང་གི་སེམས་ཉིད་ཐིམ་པར་བྱའོ་ཞེས་སོ། །དེར་ནི་ཞེས་པ་ནི་ཐིག་ལེར་རོ། །རང་གི་སེམས་ཅུང་ཟད་བཟུང་བས་ཞེས་པ་ནི་གོང་མའི་རིམ་པས་འདིའི་མཐའ་བཟུང་བས་སོ། །དེས་ཅིར་འགྱུར་ཞེ་ན། རྟེན་དང་རྟེན་ཅན་གྱི་འཁོར་ལོར་མོས་བྱས་ཞེས་ཏེ། དེར་ཆོས་འབྱུང་བ་ནས་བདུད་རྩི་མྱང་བའི་བར་གྱིས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྫོགས་པར་མོས་པས་བསྒོམས་ནས། དེའི་དབུས་ཀྱི་དམ་ཚིག་སེམས་དཔའ་སྣང་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སྣང་བ་བསྒོམས་ཏེ། དེའི་ཐུགས་ཀར་མཚན་མ་ལ་ཟླ་བའི་དབུས་སུ་མི་ཤིགས་པའི་ཐིག་ལེ་ཡེ་ཤེས་ལ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་གྱིས་ཐིག་ལེ་གོང་དུ་སྒོམ་པ་ལས། །སྣང་བའི་ངོ་བོ་ཞེས་པ་ནི་དེའི་ཡུལ་ཅན་དང་ལྡན་པའི་ཐིག་ལེ་མཚན་མ་ཐམས་ཅད་ཀྱིས་མ་སྤྲོས་པའི་ངོ་བོ་བསྒོམ་པར་བྱའོ། །ཞེས་སོ། །ཡང་སྤྲོས་པ་གསུངས་པ། དེའི་འོད་ཀྱིས་ཞེས་པ་ནི་ཐིག་ལེ་དེའོ། །རང་གི་གནས་ཞེས་པ་ནི་རང་གི་གནས་མཚན་མའོ། །སོགས་ཀྱིས་བསྡུས་པ་ཡེ་ཤེས་སེམས་དཔའི་ནང་དང་ཕྱིའི་ལུས་ཀྱང་དཀྱིལ་འཁོར་དང་གནས་དང༌། དམ་ཚིག་སེམས་དཔའི་ནང་དང་ཕྱིའི་ལུས་དང་དཀྱིལ་འཁོར་དང༌། རྟེན་རྣམས་གསལ་བར་བྱས་པ་ནི་ཡེ་ཤེས་ཐིག་ལེའོ། །ནང་གསལ་ཞེས་བ་ནི་གཞག་པའི་འོད་ཟེར་གྱིས་ཞེས་པ་ནི་གནས་བཅུ་དྲུག་ཏུ་གཞག་པའི་འོད་ཟེར་ཕྱིར་བྱུང་ནས་ཕྱིའི་ལུས་དང་དཀྱིལ་འཁོར་དང་རྟེན་དང་བཅས་པ་གསལ་བར་བྱས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སྤྱན་སྔར་གཤེགས་ཏེ་བདུད་རྩི་ཞུ་བར་བྱས་ནས། དེ་རྣམས་ཀྱིས་ཀྱང་གནང་ནས་དེ་བླང་བར་བྱ་བའི་ཕྱིར་དེ་རྣམས་ཀྱི་ཞལ་དུ་ཞུགས་ནས་སྙིང་ག་ན་གནས་པའི་མི་ཤིགས་པའི་ཐིག་ལེར་སོང་སྟེ། ཆ་ཤས་ལྔའི་ཡི་གེ་ཧཱུཾ་གི་གཟུགས་སུ་གནས་པའི་བདུད་རྩི་བླངས་ནས་དེ་རྣམས་རྡོ་རྗེའི་ལམ་ནས་བྱུང་ནས། འོ་མའི་རྒྱུན་ལྟར་ཕྱོགས་བཅུ་ནས་འོངས་པར་བྱས་ནས་དེས་སེམས་ཅན་དང་ཞེས་


DTG042_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཁམས་གསུམ་པོ་ཐམས་ཅད་དོ། །སངས་རྒྱས་ཞེས་པ་ནི་ས་འོག་མ་པ་ལ་སོགས་པ་ཐམས་ཅད་དོ། །དེ་རྣམས་ནི་རྒྱུ་བའོ། །མི་རྒྱུར་བཅས་ཞེས་པ་ནི་སྣོད་ཀྱི་འཇིག་རྟེན་ནོ། །དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་ཀྱི་ངོ་བོ་ཡང་དག་པར་བསྡུས་ནས་གུར་སོགས་ཞུགས་ཞེས་ཏེ་སྲུང་བའི་འཁོར་ལོ་ལ་ཞུགས་པའོ། །དེ་ཡང་དེ་བཞིན་དུ་གྱུར་ནས་ཆོས་དབྱིངས་ཕྱག་རྒྱ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ལའོ། །དེ་ཡང༌། རྟེན་གྱི་འཁོར་ལོར་ཞུགས་བྱས་ལ། །ཞེས་པ་ནི་གཞལ་ཡས་ཁང་ངོ༌། །དེ་ཡང་བསྡུས་ཏེ། དཀྱིལ་འཁོར་དུ་ནི་རབ་བསྡུས་ཏེ། །ཞེས་པ་ནི་ལྷ་འཁོར་ལོ་བཅོ་བརྒྱད་ལའོ། །དེ་ཡང་དེ་བཞིན་དུ་གྱུར་ནས་བདག་ལ་ཐིམ་པར་བྱས་ཏེ་བདག་ཉིད་ཀྱང་མི་སྣང་བར་གྱུར་ཏེ། ཡེ་ཤེས་སེམས་དཔའི་གནས་མཚན་མ་ལ་དམིགས་པའོ། །དེ་ཡང་རྟེན་རྣམས་ལ་བསྡུ། དེ་ཡང་ཡེ་ཤེས་སེམས་དཔའི་འཁོར་ལོ་ལ་བསྡུ། འཁོར་ལོ་ཡང་ཡེ་ཤེས་སེམས་དཔར་ཞུགས་པར་བྱའོ། །ཡེ་ཤེས་སེམས་དཔའ་ཡང་མི་སྣང་བར་གྱུར་ནས་དེའི་ཐུགས་ཀྱི་མཚན་མ་འབའ་ཞིག་ལ་དམིགས་པར་བྱའོ། །མཚན་མ་དེ་ཡང་བསྡུ་བར་བྱས་ནས་མི་ཤིགས་པའི་ཐིག་ལེར་སེམས་གཟུང་བར་བྱའོ། །དེ་ལ། ཡང་ན་ནང་གི་ཚོགས་ཀུན་བསྡུས། །ཞེས་པ་ནི་ཐིག་ལེ་དེ་ཡང་རྟེན་རྣམས་ལའོ། །འཁོར་ལོ་དེ་ཡང་དམ་ཚིག་སེམས་དཔའ། །དེ་ཡང་ཡེ་ཤེས་སེམས་དཔའི་གནས་ལ་སོགས་པའི་རིམ་གྱིས་ཞུགས་ནས་དེའི་ཐུགས་ཀའི་མཚན་མའི་དབུས་ན་གནས་པའོ། །རང་སྣང་ཐིག་ལེ་ཞེས་པ་ནི་རང་གི་དེ་བཞིན་ཉིད་བྱིན་གྱིས་རློབ་པའི་ཐིག་ལེ་སྟེ། དེ་འབའ་ཞིག་ལ་བླ་མའི་མན་ངག་གིས་སེམས་ཡང་དང་ཡང་དུ་གཟུང་བར་བྱའོ་ཞེས་སོ། །ཇི་ཙམ་སྐྱོ་བ་འམ་བྱིང་བ་ལ་སོགས་པ་མེད་ཀྱི་བར་དུ་གཟུང་བའི་ཕྱིར་རོ། །ཇི་ལྟར་ནུས་བཞིན་བསྒོམ་པ་དེར། །སེམས་ནི་ཡང་དང་ཡང་དུ་ཞུགས། །ཞེས་སོ། །ཡང་ནི་དེ་ལས་ཕྱིར་བྱུང་སྟེ། །ཞེས་པ་ནི་ཡང་དག་པར་རྫོགས་པའི་དེ་མ་ཐག་ཏུ་གཏོང་བ་སྟེ། ཐིག་ལེ་དེ་ལས་འོད་ཟེར་རང་གི་གནས་མཚན་མ་ལ་སོགས་པ་མི་སྣང་བ་རྣམས་བསྡུ་བའི་རིམ་པ་ལྟར་བཟློག་ནས་གསལ་བར་བྱའོ། །དེ་ནས་ཡང་ནི་གོང་མ་ལྟར། །རིམ་པར་བཅུག་ནས་ཐིམ་


DTG042_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ། །སེམས་ནི་ཐིག་ལེར་གཞག་པར་བྱ། །ཞེས་པ་ནི་གོང་མའི་རིམ་པ་ཁོ་ན་ལྟར་རྒྱུ་བ་ནས་བཟུང་སྟེ། ཇི་སྲིད་སྣང་བའི་ཐིག་ལེ་ལ་ཐིམ་པ་དེ་སྲིད་ཀྱི་བར་དུ་བསྡུས་ནས་དེ་ལ་སེམས་དགོད་པར་བྱའོ། །རང་གི་དབང་པོ་ཞེས་པ་ནི་རང་གི་སྲོག་གོ །དེར་བཟུང་ནས་ཞེས་པ་ནི་ཐབས་ཀྱིས་སྟེར་བས་ཐིག་ལེ་དེར་སྤྲོ་བ་དང་བསྡུ་བ་ལས་གྲོལ་བའི་ངོ་བོས་བཟུང་བའོ། །དེའི་སྟོབས་ཀྱིས། ས་ཡི་དཀྱིལ་འཁོར་ཆུ་ལ་ཞུགས། །ཞེས་པ་ལ་སོགས་པའི་ཤློ་ཀ་གསུམ་གསང་བའི་ཐིག་ལེའི་སྐབས་སུ་གསུངས་པ་ཁོ་ན་ལྟར་རྒྱུད་ལས་གསུངས་པའི་མཚན་མ་ལྔ་འབྱུང་བར་འགྱུར་ཞེས་སོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའ་ཞུགས་ཕྱིར་རོ། །ཞེས་ཏེ། རྩ་བའི་ཡེ་ཤེས་དམིགས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ཞུགས་པ་ནི་བརྟན་པའོ། །བརྟན་པའི་སྟོབས་ལས་ཤིན་ཏུ་ཡོངས་སུ་དག་པའི་སྐུ་ཡང་ནམ་ཞིག་ན་འཇུག་པར་འགྱུར་བའོ། །ཇི་སྐད་དུ། བཟུང་བས་རྟག་ཏུ་སྟོབས་ལྡན་ཏེ། །རྡོ་རྗེ་སེམས་དཔའ་ཡང་དག་འཇུག །ཅེས་པའི་ཕྱིར་རོ། །ལྔ་པོའི་མཚན་མ་བཟློག་པའི་ཐབས་གསུངས་པ། ཐིག་ལེ་ལ་ནི་ཞེས་པ་ལ་སོགས་པའོ། །དེ་ཡང་ཐིག་ལེ་ལ་གོམས་པར་བྱེད་པའི་དུས་སུ་སེམས་ཡང་དང་ཡང་དུ་བཟུང་བས་གླལ་བ་དང་དགོད་པ་དང་འདར་བ་དང༌། ནམ་མཁའ་ལ་འཕར་བ་དང༌། བརྒྱལ་བ་འབྱུང་བ་དེའི་ཚེ། །ཐིག་ལེ་ཡང་དག་སྤྲོ་བྱས་ནས། །ཞེས་པ་ནི་སྣང་བའི་ཐིག་ལེའི་དམིགས་པ་བཏང་ནས་ཡི་གེ་དང་མཚན་མ་དང་ཡེ་ཤེས་སེམས་དཔའ་ལ་སོགས་པ་ལ་དམིགས་པར་བྱ་བ་ནི་གོང་མའི་རིམ་པ་ལྟར་ཀུན་དུ་ཁྱབ་པར་བྱས་པས་དེ་ལྡོག་པར་འགྱུར་རོ་ཞེས་སོ། །གཞན་ཐལ་བྱུང་དུ་ཞེས་པ་ནི་ཁམས་འཁྲུགས་པའི་སྐྱོན་དུ་འགྱུར་བའང་ཡོད་དོ། །དེ་རྣམས་ཡང་དང་ཡང་དུ་བཟློག་པ་ལས་གོང་དུ་སྨོས་པ་རྣམས་འབྱུང་བ་ལ་སོ་མ་ཉི་མི་བྱའོ། །དེའི་འབྲས་བུ་གསུངས་པ་འདི་ནི་ཞེས་པ་ལ་སོགས་པའོ། །འདི་གང་གིས་བསྒོམ་པས་ན་འདི་ནི་ཞེས་པ་ལ་སོགས་པའོ། །དེ་རྣམས་ནི་གོ་སླ་བསམ་བཤད་དོ། །ད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མིང་གི་རྣམ་གྲངས་མདོག་དང་རྒྱུད་ལས་གྲགས་པ་རྣམས་གསུངས་པའོ། །དེ་ལྟར་ཞེས་པ་ལ་སོགས་པའོ། །


DTG042_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་དམ་པ་ཞེས་པ་ནི་དཔག་ཏུ་མེད་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་སོ། །དེའི་ཕུན་སུམ་ཚོགས་པ་ནི་དེའི་ཐོབ་པར་བྱ་བ་སྟེ་སྟོབས་བཅུ་ལ་སོགས་པའོ། །དེ་དམིགས་ཡང་དག་སྐྱེ་འགྱུར་བ། །ཞེས་པ་ནི་དེ་རྣམས་ཆོས་ཀྱི་དེ་བཞིན་ཉིད་ཡང་དག་པར་དམིགས་པ་ལས་སྐྱེ་བར་འགྱུར་བའོ། །དེའི་བསྒོམ་པའི་ཆོ་ག་རྣམས་བཤད་ནས་ཞེས་པ་ནི་རྣམ་པ་གཉིས་ཀྱིས་དེ་ལ་དམིགས་པའི་བསྒོམ་པ་རྣམ་པར་བཤད་ནས་ད་ནི་དེའི་མིང་གི་རྣམ་གྲངས་མདོ་དང་རྒྱུད་ལས་གྲགས་པ་དག་ཀྱང་བསྟན་པར་བྱའོ་ཞེས་སོ། །དེ་དག་ཀྱང་གང་ཞེ་ན། དེ་བཞིན་ཉིད་དང་ཞེས་པ་ལ་སོགས་པའོ། །དུས་ཐམས་ཅད་དུ་དེ་བཞིན་ཉིད་གནས་པའི་ཕྱིར་ན་དེ་བཞིན་ཉིད་དོ། །དངོས་པོ་ཐམས་ཅད་ཡང་དག་པའི་མཐར་འགྱུར་བའི་ཕྱིར་ཡང་དག་མཐའོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྒྱུ་བས་ན་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ། །ཆོས་ཐམས་ཅད་ལས་མི་འགྱུར་བས་ན་ཆོས་ཉིད་དེ། །གཉིས་པོའི་བདག་དང་བྲལ་བའི་ངོ་བོ་བས་ན་ཆོས་སྐྱོན་མེད་པའོ། །བརྟགས་པ་ཐམས་ཅད་ཀྱིས་མ་ཟིན་པས་ན་སྟོང་པ་ཉིད་དོ། །གཞན་གྱིས་བརྟགས་པའི་རྒྱུ་མེད་པས་ན་མཚན་མ་མེད་པའོ། །ཡེ་ཤེས་ལས་མ་གཏོགས་པ་མེད་པས་ན་སྨོན་པ་མེད་པའོ། །བྱེད་པའི་སྒོ་ནས་མིང་གི་རྣམ་གྲངས་ཀྱང༌། ཉོན་མོངས་ཁུར་ཆེན་འབོར་བྱེད་པ། །ཞེས་པ་དང༌། གཞན་གྱི་སེམས་ཤེས་བྱེད་པ་དང༌། །ཞེས་པ་ལ་སོགས་པ་ཤློ་ཀ་གཅིག་དང༌། རྒྱུ་སོགས་བཅུ་གཉིས་འབྱུང་བྱེད་དང༌། །ཞེས་པས་བསྟན་ཏེ། འདི་སྐད་དུ་སྟོན་ཏེ་གང་གིས་ཇི་ལྟ་བ་བཞིན་བསྒོམས་པས་དེ་དག་ཐམས་ཅད་འགྲུབ་པའི་ཕྱིར་དེ་སྐད་དོ། །ཤེས་བྱའི་ངོ་བོ་ཉིད་མེད་ཅིང་བརྟགས་པས་སྐྱེ་བ་མེད་པའོ། །རང་བཞིན་གྱིས་དག་པས་ན་འོད་གསལ་བའོ། །ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ན་མངོན་པར་བྱང་ཆུབ་སེམས་སོ། །ཕྱིན་ཅི་ལོག་གི་དངོས་པོ་ཐམས་ཅད་ཟད་པས་ན་དངོས་པོ་མཐར་ཕྱིན་པའོ། །ཡེ་ཤེས་དམ་པའི་ཡུལ་དུ་གྱུར་པས་ན་དོན་དམ་པའི་བདེན་པའོ། །བློས་གཞག་པ་མ་ཡིན་པས་ན་རྫོགས་པའི་རིམ་པའོ། །བརྟགས་པ་ཐམས་ཅད་ཀྱང་ཐིམ་པས་ན་ཡོངས་སུ་དག་པས་སྐུ་གཙང་ངོ༌། །གང་གིས་རེག་པ་ལ་དོན་ཆེན་


DTG042_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མི་འབྱུང་བ་མ་ཡིན་པས་ན་ཀུན་གྱིས་བསྟེན་བྱའོ། །གློ་བུར་གྱི་དྲི་མས་མ་གོས་པས་ན་མཁའ་ལྟར་དག་པའོ། །གཉེན་པོ་ཡེ་ཤེས་ཀྱིས་སྦྱངས་པ་མ་ཡིན་པས་ན་གདོད་ནས་འོད་གསལ་བའོ། །ཡང་དག་པའི་ཚད་མས་འཚེ་བ་མེད་པས་ན་གང་གིས་ཀྱང་མི་ཤིགས་པའོ། །བརྡ་ལ་སོགས་པའི་ཀུན་བརྟགས་དང་བྲལ་བས་ན་དངོས་པོ་མེད་པའོ། །བདག་པོའི་སྒོ་ནས་ཀྱང༌། སངས་རྒྱས་ཐམས་ཅད་སྐྱོན་མེད་པའི་ཡེ་ཤེས་ཀྱི་རང་བཞིན་པས་ན། དཔལ་ཆེན་ཡེ་ཤེས་ཡོངས་དག་གོ །ཀུན་རྫོབ་ཀྱི་རྣམ་པའི་གཟུགས་ཀྱིས་ཡོངས་སུ་དག་པའི་ཐིག་ལེར་སངས་རྒྱས་ཐམས་ཅད་ཀྱི་ཁ་སྦྱར་གྱི་དབུས་ན་གནས་པས་ན་ཐིག་ལེ་བརྟན་པོ་ཡོངས་དག་གོ །ཁྱབ་བདག་ཏུ་གནས་ཤིང་སངས་རྒྱས་ཐམས་ཅད་ཀྱིས་མ་མཁྱུད་ཀྱང་ཕལ་ཆེས་པའི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་ཆེན་པོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུ་དང་འདྲེས་པའི་ཕྱིར་ནམ་མཁའི་སྤྱོད་ཡུལ་ལོ། །དེ་ཉིད་ཀྱི་ཕྱིར་ན་དེ་ལས་ཐ་དད་པའི་སྡོམ་པ་མེད་པའོ། །སངས་རྒྱས་ལ་སོགས་པས་ཀྱང་མངོན་པར་འདོད་པའི་གང་ཟག་ལ་ཐབས་ཀྱིས་སྟེར་བས་ན་རྗེ་བཙུན་མན་ངག་ཆེན་པོའོ། །བརྒྱུད་པའི་སྒོ་ནས་ཀྱང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐལ་བ་དང་ལྡན་པའི་སེམས་ཅན་མཐོང་ནས་ཇི་སྲིད་དེ་མ་ཆད་ཀྱི་བར་དུ་སྣང་བས་ན་རྣ་བ་ནས་རྣ་བར་འཕོ་བར་བྱེད་དོ། །དེའི་རྒྱུད་རིམ་གྱིས་མ་ཟིན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མ་ཤེས་སོ། །སོགས་ཀྱིས་བསྡུས་པ་འཇིག་རྟེན་གྱི་སྤྱད་མཁན་ཆེན་པོ་ལ་སོགས་པས་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་མེད་པ་ཉིད་དང་ནི། །ཚིག་དང་བྲལ་བས་བརྗོད་མེད་སོགས། །ཞེས་ཏེ་གལ་ཏེ་ཡི་གེ་ལ་སོགས་པའི་ངོ་བོ་ཡོད་ནད་ལྟར་ཀུན་གྱིས་ཤེས་པ་ཞིག་ན། འདི་ནི་ཡི་གེ་ལ་སོགས་པ་དང་བྲལ་བའི་མན་ངག་ཆེན་པོ་བས་ན་ཇི་ལྟར་ཤེས་ཏེ་མ་ནོར་བའི་ལམ་དུ་བརྟེན་པ་པོ་མེད་ན་མི་འབྱུང་བ་སྟེ། རང་གིས་རང་གི་ཡེ་ཤེས་མཐོང་བའི་ཕྱིར་རོ། །ཇི་སྐད་དུ། གཅིག་ལ་གཅིག་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་ངེས། །ཞེས་བཤད་པ་ལྟ་བུའོ། །དོན་ཟབ་ཅིང་རྒྱ་ཆེ་བ་སྨོས་པའི་ཕྱིར་ན་མདོ་སྡེ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་


DTG042_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྒྱུ་དང་འབྲས་བུ་འབྲེལ་བའི་ཕྱིར་ན་རྒྱུད་དེ་དཔལ་རྡོ་རྗེ་དབུ་རྒྱན་ལ་སོགས་པའོ། །དེ་རྣམས་ལས་མིང་གི་རྣམ་གྲངས་དེ་དང་འདྲ་བ་མཐའ་ཡས་པ་འདས་པ་དང་ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་ནི་གསུངས་ཤིང་མ་འོངས་པའི་སངས་རྒྱས་རྣམས་ཀྱིས་གསུང་བར་འགྱུར་བ་ཀུན་དངོས་པོ་ཐམས་ཅད་ཀྱི་དེ་བཞི་ཉིད་འདི་ལས་གཞན་ཅི་ཡང་མ་གསུངས་སོ་ཞེས་པའོ། །ད་ནི་དེ་ལྟ་བུའི་དོན་དེ་གོང་ནས་གསུངས་པའི་རིམ་པས་བསྒོམས་ནས་བསྒྲུབ་པའི་བདག་ཉིད་ཅན་དུ་འགྱུར་བར་གསུངས་པ། དེ་བས་ཞེས་པ་ལ་སོགས་པའོ། །དད་པ་སྔོན་དུ་འགྲོ་བ་ཡི། །སེམས་ཀྱིས་ཞེས་པ་ནི་དད་པ་གཅེས་སུ་བྱེད་པ་ནི་དཀར་པོའི་ཆོས་ཐམས་ཅད་ཀྱི་འབྱུང་བའི་རྒྱུ་ཡིན་པས་དེས་བསམ་པའི་དངོས་པོ་འདོད་པ་འབྱུང་སྟེ་དེས་སེམས་མངོན་པར་སྤྲོ་བ་སྟེ་རྐང་ཐུང་དུ་བྱས་ཏེ། གོང་དུ་གསུངས་པའི་ཆོས་ཀུན་གྱི་དེ་བཞིན་ཉིད་གསལ་ཟབ་གཉིས་སུ་མེད་པའི་དོན་ཆེན་པོ། རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བླ་མའི་ཞལ་ནས་མི་སླུ་བའི་དེ་ཀོ་ན་ཉིད་དུ་གནས་པ་ཡང་དག་པར་གཟུང་ངོ༌། །དེ་གང་གིས་གཟུང་ཞེ་ན། དེ་གཟུང་ཞེས་པ་ལ་སོགས་པའོ། །དེ་ཡང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་གོང་མའི་རིམ་པས། རྟག་ཏུ་གོམས་བྱེད་ཅེས་ཏེ་བྱ་བར་འོས་པ་ཚོགས་པའི་གནས་སུ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་གཉིས་གང་ཡང་རུང་བ་ལ་སེམས་རྩེ་གཅིག་པའམ་བྱ་བས་སྐལ་བ་གང་རུང་གིས་ཞུགས་ཏེ་གོམས་པར་བྱེད་པའི་སྐྱེས་བུ་གང་ཡིན་པ་དེ་རྫོགས་པའི་རིམ་པ་དེ་ལ་བརྟེན་པའི་རྟགས་སྐྱེས་པ་སྟེ་རྟགས་ཀྱི་རྟགས་དང་ཞེས་ཚིགས་སྔ་མའོ། །དེ་གཉིས་ཀ་ཡང་ལས་དང་པོ་པའི་རྣལ་འབྱོར་པ་ཞེས་བྱའོ། །ས་ནས་སར་ནི་འཕར་བ་ལྟར། །བློ་ཡི་རྣམ་པ་གོང་དུ་འཕེལ། །ཞེས་ཏེ། དཔེར་ན། བྱང་ཆུབ་སེམས་དཔའ་ས་ནས་སར་འཕར་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱི་ཡང་བློའི་རྣམ་པ་གོང་དུ་འཕེལ་བ་དང༌། དེས་དོན་འདི་སྟོན་ཏེ། ལས་དང་པོ་པ་དེ་བརྟན་པར་ཤེས་ནས་རང་གི་རིགས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་མཉམ་པར་གཞག་པ་ལས་འཁོར་ལོའི་གཟུགས་ལ་དམིགས་པས་བདག་པོའི་བཀའ་ཐོབ་པའི་དུས་སུ་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པ་འཕང་བའོ། །དེ་ཉིད་ཀྱང་རང་གི་བྱ་བཤད་ནུས་པ་བརྟན་པོར་རྟོགས་ནས་ཡང་དེ་ཉིད་དང་མཉམ་པར་གཞག་པ་ལས་རང་གི་


DTG042_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་ས་བོན་ལ་དམིགས་པས་དེ་དག་ཀྱང་རིགས་གསུམ་གྱི་ཡི་གེ་བཞི་དང་ལྷན་ཅིག་ཏུ་གྱུར་ནས། དེ་ཉིད་རླུང་གསུམ་དུ་རྟོགས་པའི་དུས་སུ་ཡེ་ཤེས་ཐིག་ལེ་དབང་དུ་གྱུར་པའི་རྣལ་འབྱོར་བར་འཕར་བའོ། །དེས་ཀྱང་རང་གི་བྱ་བས་མཚན་མ་ལ་སོགས་པ་རྙེད་ནས། འོག་ནས་འབྱུང་བའི་ཆོ་གས་ལྷ་མོ་ལ་སོགས་པ་དང་མཉམ་པར་གཞག་པ་ལས། ས་བོན་ཟླ་བ་ལྟ་བུ་རིགས་ཅན་གྱི་ཆར་དམིགས་པས། དེའི་ཡན་ལག་གཞན་དང༌། ཡང་དང་པོ་དང༌། ཕྱིས་ཀྱི་དུས་སུ་ཇི་ལྟ་བ་བཞིན་དུ་བྱུང་བ་ལས་ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པར་འཕར་བའོ།། རིག་འཛིན་ལ་སོགས་འཕྲུལ་པ་ཡིས། །གཞན་གྱི་དོན་དེ་ལ་སྦྱོར་བྱེད། །ཅེས་པ་ནི། བར་མའི་སྐབས་སུ་དེ་རྣམས་གྲུབ་བས་དེའི་གཟུགས་སམ། ཉན་ཐོས་དང་རང་རྒྱལ་བ་པ་དང༌། ཚངས་པ་ལ་སོགས་པའི་གཟུགས་སུ་གནས་ནས་དེས་འདུལ་བའི་སྐྱེ་བོ་གཞན་ཡང་དོན་འདི་ལ་སྦྱར་ནས་ཕྱི་རོལ་གྲོལ་བར་བྱེད་ཅེས་སོ། །དེ་ཡིས་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །བརྟན་འགྱུར་རྣལ་འབྱོར་ཞེས་པ་ནི་དེ་གོམས་པས་བརྟན་པ་སྟེ་ལས་དང་པོ་པའོ། །སྒྲུབ་པའི་བདག་ཉིད་ཅན་དུ་འགྱུར། །ཞེས་པ་ནི་རྣལ་འབྱོར་པ་གཉིས་ཏེ། གྲུབ་པའི་མཚན་མའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་གྲུབ་པའི་མཚན་མ་ནི་བཞི་སྟེ། དབབ་པ་དང༌། ལུང་དང༌། བཀྲ་ཤིས་པའི་ལྷའི་རྨི་ལམ་དང༌། ཐ་མལ་པ་ཐམས་ཅད་དོ། །དེ་ནི་དེའི་བདག་ཉིད་དོ། །ད་ནི་གཉིས་སུ་མེད་པའི་ཡེ་ཤེས་ལ་དེ་ལྟར་གོམས་པར་བྱས་པས་དེ་མངོན་དུ་བྱ་བའི་ཐབས་གསུངས་པ། བདག་ཉིད་ཅན་དེས་ཞེས་པ་ལ་སོགས་པའོ། །བདག་ཉིད་ཅན་ཞེས་པ་ནི་སྒྲུབ་པའི་བདག་ཉིད་ཅན་གཉིས་པའོ། །སྒྲུབ་པ་མཆོག་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་ཐབས་ཏེ་གཞན་ལས་དམ་པར་འགྱུར་བའི་ཕྱིར་རོ། །དེ་ཡང་འོག་ནས་ཇི་སྐད་དུ་གསུངས་པ་བརྩམ་པར་བྱའོ་ཞེས་སོ། །ཇི་ལྟར་ཞེ་ན། མངོན་དུ་བྱེད་པའི་ཕྱག་རྒྱ་གསུངས་པ། ལྷ་མོ་ཞེས་པ་ལ་སོགས་པའོ། །དེ་ཡང་རང་གི་རིགས་ཀྱི་ཕྱག་བརྙན་གྱི་དངོས་པོ་བསྒྲུབ་པའི་རྗེས་ལ། ཇི་སྐད་དུ་གསུངས་པའི་དངོས་པོ་སྤྱིའི་མཚན་མ་རྙེད་པས་ལྷ་མོའམ་ཀླུ་མོའམ་གནོད་སྦྱིན་


DTG042_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མོའམ་མིའམ་ཅི་མོ་ལ་སོགས་པ་ནི་རང་གི་རིགས་ཀྱི་བཀས་གནང་བ་སྟེ། དགུག་པའི་ཆོ་གས་བདག་གིར་བྱས་ནས་དེ་དང་ལྷན་ཅིག་ཏུ་ཇི་སྐད་གསུངས་པ་བཞིན་དུ་སྒྲུབ་པ་བརྩམ་པར་བྱའོ། །མི་མོ་ནི་རིགས་དང་མཐུན་པའི་རྟགས་སྣང་ན་དགུག་པའམ་ཆུ་སྦྱིན་དབང་པོའི་སྦྱོར་བས་བདག་གིར་བྱས་ནས་གསང་བའི་བརྟུལ་ཞུགས་ཀྱི་དུས་སུ་སྔགས་ཀྱི་རྒྱུད་ལ་སོགས་པ་ལེགས་པར་བསླབས་ནས། དེ་ནས་ཇི་སྐད་དུ་གསུངས་པ་བཞིན་དུ་བསྒྲུབ་པ་བརྩམ་པར་བྱའོ། །མཁའ་འགྲོ་མ་ནི་བདག་ཉིད་གོམས་པ་ཁྱད་པར་ཅན་ལའོ། །དེ་ཡང་ཕྱིའི་བརྟུལ་ཞུགས་ཀྱི་སྐབས་སུ་རང་བཞིན་ནམ་སྤྲུལ་པར་སྣང་བ་དེའི་སྤྱི་གཟུགས་ཀྱི་ལུས་རྒྱུད་ཅིག་ཅར་བྱིན་གྱིས་རློབ་པར་བྱེད་པའམ་ཡན་ལག་བདུན་པ་ལ་སོགས་པའི་དབྱེ་བས་བྱིན་གྱིས་རློབ་པར་བྱེད་པའོ། །དེ་བས་ན་རང་གི་ནུས་པ་སྟེ་དེ་རྣམས་གང་ཡང་རུང་བ་དང་རྩེ་བར་བྱ་ཞེས་ཏེ་རོལ་པར་བྱའོ། །དེའི་ཐབས་གསུངས་པ། སྨྱོན་པའི་བརྟུལ་ཞུགས་ལ་སོགས་པས། །ཟླ་དྲུག་སོགས་པར་རབ་ཏུ་འབད། །ཅེས་པ་ནི་སྨྱོན་པའི་བརྟུལ་ཞུགས་ཟླ་བ་དྲུག་ཏུ་འབད་པས་དངོས་གཞིའི་རྟགས་རྙེད་པར་བྱ་བ་དང༌། ལྷ་མོའི་དབང་བསྐུར་བས་ཞིང་དག་པར་བྱ་བ་དང༌། དེ་ནས་ལམ་གྱི་དངོས་གཞིའི་སྦྱོར་བའི་འོག་ནས་བཤད་པའི་ས་བཅུ་དང་ལྡན་པའི་གོང་དུ་གསུངས་པའི་འདོད་པ་ལ་ལོངས་སྤྱོད་ཅིང་ཟླ་བ་དྲུག་ཏུ་གནས་པས་མངོན་སུམ་དུ་བྱེད་དོ། །དེས་མངོན་དུ་མ་བྱས་ན་ཡང་ཟླ་བ་དྲུག་ཏུའོ། །དེས་མངོན་དུ་མ་བྱས་ན་ཞི་བའི་བསྐུལ་བ་ཞག་བདུན་དུའོ། །དེས་མངོན་དུ་མ་བྱས་ན་དབྱེ་བའི་སྒོ་ནས་ཞག་བདུན་ལ་སོགས་པའི་རིམ་པས་བསྒྲུབས་ན་མངོན་དུ་བྱེད་པའོ། །དེས་མངོན་དུ་མ་བྱས་ན་ཞག་བདུན་ལ་སོགས་པའི་དབྱེ་བས་དྲག་ཤུལ་དུ་བསྒྲུབས་པས་བསྐུལ་བའི་སངས་རྒྱས་རྣམས་རང་གིས་བྱ་བར་ཆད་པ་བཤིག་པར་དོགས་ནས། སྒྲུབ་པ་པོ་ལ་བྱིན་གྱིས་རློབ་པ་དང༌། དེ་རྣམས་གནས་སུ་ཇི་སྐད་གསུངས་པའི་ཆོ་གས་ཕུར་བུས་བཏབ་པས་དེའི་ཡེ་ཤེས་རང་དང་འདྲེས་པས་དེ་ལ་དམིགས་པར་མངོན་དུ་བྱེད་པའོ། །མངོན་དུ་བྱས་པའི་འབྲས་བུ་གང་ཞེ་ན། དེ་ཡིས་ཞེས་པ་ལ་སོགས་པའོ། །ཡི་གེ་མེད་པ་ཞེས་པས་སྤྲོས་པ་དང་བྲལ་བའོ། །གཞན་ནི་བཤད་ཟིན་


DTG042_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་མངོན་དུ་བྱས་པ་མེད་པར་གཞན་རྣམ་པར་དག་པར་འགྱུར་བ་མ་ཡིན་པས་རྡོ་རྗེ་འཛིན་པ་དེ། སངས་རྒྱས་རྣམས་ཀྱི་བསྒྲུབ་བྱ་མཆོག །ཅེས་པའོ། །དེ་དེ་མ་ཐག་པས་ཐོབ་པའི་ཚུལ་གསུངས་པ། གོང་གི་རིམ་པ་ལ་སོགས་པའོ། །གོང་མའི་རིམ་པ་ཞེས་པ་ནི་ཟླ་བ་དྲུག་ལ་སོགས་པའོ། །རྣལ་འབྱོར་པ་ཞེས་པ་ནི་དབང་གསུམ་པའི་མཐའ་ཅན་ནོ། །འབད་པ་མེད་པར་བྱས་པས་ཞེས་པ་ནི་མཆོག་གི་བསྙེན་སྒྲུབ་བཞིས་སོ། །ཇི་ལྟར་དེ་རུ་ཞེས་པ་ནི་རིགས་ཅན་དང་འདམ་སྐྱེས་སུའོ། །མཚན་ཉིད་ཀྱི་ཚུལ་ཅུང་ཟད་རབ་གནས་པ་ཞེས་པ་ནི་དེར་ཤེས་རབ་ཡེ་ཤེས་ལ་མཚན་ཉིད་ཙམ་དུ་གནས་པའི་སྦྱོར་བ་གཉིས་ཀྱིས་བསྡུས་པའི་དགའ་བ་དང༌། དེ་བཞིན་དུ་གཉིས་ཀྱིས་བསྡུས་པའི་དགའ་བ་བར་མ་དང༌། གཅིག་གིས་བསྡུས་པའི་དགའ་བ་དང་བྲལ་བའི་དུས་སུ་ཕྱིན་ཅི་མ་ལོག་པས་ཁྱད་པར་དུ་བྱས་པས་ཡོངས་སུ་འགྱུར་བཞིན་པས་ཇི་ལྟ་བས་ཇི་ལྟ་བ་བཞིན་དུ་གནས་པའི་དགའ་བ་གསུམ་ནི་སྐུ་གསུམ་སྟེ། དེ་རྒྱུད་ལ་ཇི་སྐད་དུ་གསུངས་པའི་རང་རང་གི་དུས་སུ་ཐོབ་པར་འགྱུར་རོ་ཞེས་སོ། །དེ་ཉིད་རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པར་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ཡང་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པས་རྟག་པའོ། །གཟུང་བ་ལ་སོགས་པའི་རྟོག་པས་མ་གོས་པའི་ཕྱིར་ན། མི་གདུང་བའོ། །ཤེས་བྱའི་སྒྲིབ་པ་ལ་སོགས་པའི་ཚ་བ་མེད་པས་ན་བསིལ་བའོ། །དོན་དམ་པ་དང་ཀུན་རྫོབ་ཏུ་སེམས་ཅན་དང༌། སངས་རྒྱས་ཀུན་གྱི་ངོ་བོར་གྱུར་པས་ན་གཅིག་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཅིག་ཏུ་གྱུར་པའི་བདེ་བ་དང་ལྡན་པས་ན་བདེ་བའོ། །ཕྱིན་ཅི་ལོག་གི་འཁྲུལ་རྟོག་དང་བྲལ་བས་ན་དྲི་མ་མེད་པའོ། །ཟབ་གསལ་ནི་བྱང་ཆུབ་ལས་མི་ལྡོག་ཅིང་དོན་མཛད་པས་ན་དགའ་བའོ། །ཡེ་ཤེས་གཉིས་ཀྱིས་ཆོས་ཉིད་དང་སེམས་ཅན་སེམས་མཉམ་པར་གཞག་པས་ན་ཡིད་དང་བའོ། །དེ་ལྟར་བདེ་བ་ཆེན་པོའི་རོ་མྱང་བའི་མཚན་ཉིད་བརྒྱད་དེ། དེའི་རྣམ་གྲངས་ཀྱང་བདག་པོ་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་བདག་པོའོ། །གཉིས་སུ་མེད་པའི་མི་ཤིགས་པར་དཀའ་བ་འཛིན་པས་ན་རྡོ་རྗེ་འཆང་བའོ། །མཆོག་ཅེས་པས་ནི་མི་བསྐྱོད་


DTG042_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་བའོ། །རིམ་པ་གཉིས་པའི་རིམ་པ་གཉིས་པ་བས་ན་རྫོགས་པའི་རྫོགས་པའོ། །ལས་ཐམས་ཅད་རྫོགས་པར་བྱས་པས་ན་བྱ་བ་བྱས་པའོ། །ལམ་ལ་གནས་པར་འགྱུར་བ་མ་ཡིན་པས་ན་བྱེད་པ་བྱས་པའོ། །ཐམས་ཅད་ཀྱི་བདག་པོར་གྱུར་བས་ན་དབང་ཕྱུག་ཆེན་པོའོ། །ལྟ་བའི་ཁུར་ལ་སོགས་པ་བཞི་དང་བྲལ་བས་ན་ཁུར་ཆེན་བོར་བའོ། །ཕྱིན་ཅི་ལོག་གི་འདོད་ཆགས་ལ་སོགས་པའི་ཟུག་རྔུ་བསལ་བས་ན་ཚེར་མ་དཀྲུགས་པའོ། །གཟུགས་ནས་ཀུན་མཁྱེན་གྱི་བར་ཟབ་པ་དང་རྒྱ་ཆེ་བར་ཤེས་པས་ན་ཐམས་ཅད་མཁྱེན་པའོ། །ཇི་བཞིན་པ་ལས་བྱུང་ཞིང་འགྲན་ཟླ་མེད་པས་ན་སྐྱེས་བུ་དཔའ་བོའོ། །ཐམས་ཅད་ཀྱི་ཁྱུ་མཆོག་ལྟ་བུར་གྱུར་པས་ན་གླང་པོ་ཆེའོ། །ཇི་བཞིན་པའི་ཀླུང་དུ་གནས་པས་ན་དུལ་བའོ། །འཁོར་བའི་ཆོས་ཐམས་ཅད་ལ་འཁྲུལ་པ་ཙམ་དུ་མེད་པར་ཤེས་པས་ན་འཁོར་བའི་མཐའི་ཕ་རོལ་སོན་ནོ། །ཡེ་ཤེས་དམ་པ་དེའི་ཡུལ་དུ་གྱུར་པས་ན་དོན་དམ་པའོ། །སྣང་བ་མི་འགོག་པས་ན་སྒྲིབ་པའི་ཕྱིར་ཀུན་རྫོབ་བོ། དེ་གཉིས་ཀྱང་ཟུང་དུ་འཇུག་པས་ན་བདེན་པ་གཉིས་མེད་རྣལ་འབྱོར་ཆེའོ། །ཕྱིན་ཅི་ལོག་ཏུ་སྣང་བའི་ཤེས་པ་སྐྱེ་བའི་གནས་མེད་པས་དེ་དང་བྲལ་བས་ན་ཐབ་སྤངས་པའོ། །ཉན་ཐོས་ལ་སོགས་པའི་ལམ་ཡང་རང་རིག་གི་རྗེས་ལས་གྲུབ་པས་ན་ལམ་ཀུན་རྫོགས་པའོ། །སྟོབས་ལ་སོགས་པའི་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་པས་ན་ཡོན་ཏན་འབྱུང་གནས་སོ། །སྒོ་གསུམ་སྐྱོན་མེད་པས་ཀུན་ལ་ཁྱབ་པས་ན་ཀུན་དུ་བཟང་པོའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལས་མི་འགྱུར་བས་ན་ཐམས་ཅད་འདུས་པའི་དེ་ཁོ་ནའོ། །མཚན་མ་མེད་པ་ལས་བྱུང་ཞིང་དེ་ལ་སོ་སོའི་རྩལ་ཡོད་པས་ན་སྐུ་སོགས་ཁམས་ཀུན་འགེངས་པའོ། །སངས་རྒྱས་ཐམས་ཅད་ཀྱི་བླ་མར་གྱུར་པས་ན་གོང་ན་མེད་པའོ། །ཡང་དག་པ་ཐམས་ཅད་ཀྱི་གནས་པས་ན་ཡང་དག་གནས་ཏེ་ཆོས་ཀྱི་དབྱིངས་ཞེས་པའི་ཐ་ཚིག་གོ །དེ་ལྟར་དེ་ལ་སོགས་པ་རབ་ཏུ་གགས་པའི་མིང་གི་རྣམ་པ་མཐའ་ཡས་པ་ཀུན་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་མཚོན་པ་སྟེ་མདོ་སྡེ་དང་རྒྱུད་རྣམས་སུ་བློ་དང་ལྡན་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོའི་མིང་གི་རྣམ་གྲངས་ཡིན་པར་རྟོགས་


DTG042_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེའི་ཉེ་བར་ལེན་པའི་རྒྱུ་ས་བཅུ་དང་ལྡན་པར་ལྷ་མོས་གསུངས་པས་བཅུ་ཞེས་པ་ལ་སོགས་པའོ། །ས་བཅུ་ནི་འོག་ནས་འཆད་དོ། །གོང་གི་ལྷ་མོ་ནི་ཀ་མ་ལི་ལ་སོགས་པས་བསྡུས་པའི་ཕྱག་རྒྱའོ། །རྡོ་རྗེ་འཛིན་པ་ནི་ངན་པ་སྙིལ་བར་བྱེད་པས་ན་དགེ་བ་སྟེ་ས་བཅུ་གསུམ་ལ་གནས་པའོ། །དེ་སྐད་ཅིག་གིས་ནི་ཞེས་པ་ནི་བར་མའི་སྦྱོར་པ་གཉིས་སོ། །སྒྲིབ་བྲལ་ཞེས་པ་ནི་གདོད་མ་ནས་སྒྲིབ་པ་དང་བྲལ་བ་ནམ་མཁའ་ལྟར་དངས་ཤིང་དག་པ་དེས་རྟོགས་པར་བྱེད་པའོ་ཞེས་སོ། །ལྷ་མོའི་ས་བཅུ་གསུངས་པ། ཕྲེང་བ་ཞེས་པ་ལ་སོགས་པའོ། །ཥཛྫ་རཱྀ་ཥ་ནི་ཥཱ་སོགས། །ཞེས་པ་ནི་ལྷ་མོ་བསྟན་བཅོས་ལས་བྱུང་བའི་གླུ་དྲུག་ལྡན་དང༌། སྙན་ཚིག་དང་ཕྲ་ལ་གདུང་བ་དང་ཁྲོ་ལ་ཁྲོ་བ་ལ་སོགས་པ་འདོད་ཆགས་ཀྱི་གླུའོ། །ཟིད་སྒྲ་ནི་འབད་པ་མེད་པར་འབྱུང་བའོ། །མགོར་གནས་བྱང་ཆུབ་སེམས་འཇུ་བས། །ཞེས་པ་ནི་མགོར་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལམ་ནི་དེས་ཏེ་དེས་རོ་འཐུང་བའོ། །སྣ་ཚོགས་ཀྱི་སྤྱོད་པ་ནི་གོང་དུ་བསྟན་པའོ། །ཡེ་ཤེས་རྣམ་གསུམ་ནི་བསྙེན་པ་ལ་སོགས་པའི་ཡེ་ཤེས་སོ། །གཞན་དུ་ཆོས་ཀྱི་དབྱིངས་ནི་དགའ་བ་ལ་སོགས་པ་སྟེ་མྱོང་བར་བྱའོ། །འདིར་མྱོང་པར་བྱེད་པའོ། །ཕུང་པོ་ཁམས་སོགས་ཞེས་པ་ནི། །བླུན་པའི་རྫ་མཁན་རྣམས་ཏེ་སྣང་བར་མི་བྱེད་པས། སྲེག་པ་སྟེ་དེ་ཡང་བསྐྱོད་པ་སྟེ་ས་བཅུ་བའོ། །གཞན་ནི་གོ་སླ་བས་མ་བཤད་དོ། །བཅུ་པོ་དེ་ཡིས་ཞེས་པ་ནི་དེ་རྣམས་དང་ལྡན་པས་ཞེས་པའོ། །དང་པོ་ཞེས་པ་ནི་མི་སླུ་བའི་དེ་ཁོ་ན་ཉིད་དམུས་ལོང་གིས་ཕྱག་དར་ཁྲོད་ཕུང་དུ་ནོར་བུ་རྙེད་པ་ལྟར་གང་ཟག་བླུན་པས་བླ་མའི་ཞལ་ནས་དེ་ལས་ཐོབ་པའོ། །ཕྱིས་ཀྱི་འབྲས་བུ་མཆོག་གྱུར་པ། །ཞེས་པ་ནི་ཐབས་ཀྱི་ཁྱད་པར་དུ་གྱུར་བཞིན་པར་བྱས་ན་བྱིས་པ་དབུལ་པོས་ཕའི་ནོར་ཚིག་གཅིག་གིས་བདག་གིར་བྱས་ནས་སྤྱོད་པ་བཞིན་དུ་ཕ་ལྟ་བུ་དེ་ལས་ཐོབ་པའི་ཕྱིར་རོ། །གོང་དུ་གསུངས་པ་ཡང་དེ་གཉིས་སོ། །ད་ནི་དེ་ལ་འཇུག་པར་མི་ནུས་པ་རྣམས་ལ་གཞན་དུ་བསྟན་པ་དེ་བས་ཞེས་པ་ལ་སོགས་པའོ། །དེ་འདྲའི་དོན་ཆེན་ཞེས་པ་ནི་ས་བཅུ་སྐད་ཅིག་གིས་རྫོགས་པའི་ལམ་ལ་འཇུག་པར་མི་ནུས་པའི་གདུལ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་


DTG042_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྣམ་པར་དག་པ་འགལ་བའི་ལས་ཉིད་དུ་མཐོང་བའི་ཕྱིར་རོ། །དེ་ལ་འདས་པ་ལ་སོགས་པའི་བདེ་བར་གཤེགས་པ་རྣམས་ཀྱིས་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པའི་མཚན་ཉད་དུ་མདོ་སྡེ་ལ་སོགས་པར་བསྟན་ནས། དེ་རྣམས་ཀྱིས་ཐོས་པ་ལ་སོགས་པའི་ཤེས་རབ་ཀྱིས་དེའི་དོན་ལ་ཞུགས་པས་མཐར་ཐུག་པའི་མཚན་ཉིད་རྟོགས་ཀྱང་བླ་དང་བཅས་པའི་མཐར་ཐུག་པ་སྟེ། བླ་ན་མེད་པའི་འབྲས་བུ་ནི་ལམ་ཁྱད་པར་ཅན་གྱིས་རྟོགས་པའི་ཕྱིར་རོ། །དེ་བསྐྱེད་པའི་རིམ་པ་རྣམས་ལ་ཇི་ལྟར་གསུངས་པ་དེ་ཉིད་ཅེས་པ་ལ་སོགས་པའོ། །དེ་ཉིད་ཅེས་པ་ནི་ས་བཅུའོ། །དང་པོའི་རྣལ་འབྱོར་ལ་ཞེས་པ་ནི་བསྐྱེད་པའི་རིམ་པ་ལ་གནས་པའོ། །རྟེན་དང་རྟེན་ཅན་དཀྱིལ་འཁོར་གྱི། །འཁོར་ལོ་རབ་ཏུ་བརྟན་བྱས་ནས། །ཞེས་པ་ནི་རྟེན་གྱི་དཀྱིལ་འཁོར་དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པ་དང༌། གྲུབ་པའི་མཚན་མ་དང༌། དེ་རྣམས་ཀྱི་སྔོན་དང་ཕྱིའི་ཆོས་ཇི་སྙེད་བ་དེར་སྣང་བ་སྔགས་ཀྱི་ཤུགས་ཀྱིས་འབྱུང་བ་དེ་རྣམས་ཡིད་ལ་བྱེད་པ་ལས་ནི་མ་ཡིན་པའོ། །དེ་རྟེན་ཅན་གྱི་འཁོར་ལོ་ལ་ཡང་གཟུགས་ལ་སོགས་པའི་ལྷ་མོ་རྣམ་པ་བཅུའི་གཟུགས་ཀྱིས་སྣང་བ་ཅན་དང་དེའི་སྔོན་དང་ཕྱིའི་ཆོས་ཀྱང་དེ་བཞིན་ཏེ། ཇི་ལྟར་དྲང་བའི་དོན་དུ་བསྟན་པ་དེ་ལ་རྣལ་འབྱོར་པ་ཞུགས་ཤིང་དེ་ལ་བློ་མི་འགྱུར་ཞིང༌། བརྟན་བྱས་པ་ཞེས་པ་ནི་དེའི་རིམ་པ་གཉིས་དང་བཅས་པར་བརྟན་པར་འགྱུར་བས་ཡེ་ཤེས་ཅུང་ཟད་དག་པའི་སྐུ་ཚུན་ཆད་རྟོགས་ཀྱང་བརྟུལ་ཞུགས་ལ་སོགས་པའི་སྤྱོད་པས་ཇི་བཞིན་པའི་གཉིས་སུ་མེད་པའི་དོན་འདི་མ་ཤེས་ན་དམ་པ་ཡང་དག་བའི་སངས་རྒྱས་མ་ཡིན་ནོ་ཞེས་པའོ། །དེ་ཉིད་བརྟེན་པ་འདི་ནི་ཞེས་པ་ལ་སོགས་པའོ། །དེ་རྣམས་ནི་བཤད་ཟིན་ཏོ། །ད་ནི་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་ལ་གནས་པའི་སྔགས་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་ཞེས་པ་ནི་གོང་དུ་གསུངས་པའོ། །རིམ་པ་གཉིས་པའི་དེ་བཞིན་ཉིད་ནི་རྫོགས་པའི་རིམ་པའི་རྫོགས་པའི་རིམ་པའོ། །དེའི་ཐབས་རང་གིས་རྟོགས་པ་དང༌། དེ་ལ་དེའི་རིམ་པ་དང་པོས་གོམས་པར་བྱས་པའོ། །དེ་གཉིས་ནི་བདུད་རྩི་མཆོག་སྟེ། རྣམ་པར་རྟོག་པའི་ཤི་བ་ལ་སོགས་པའི་སྡུག་བསྔལ་དང་བྲལ་བར་བྱེད་པའི་ཕྱིར་རོ། །དེ་


DTG042_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གང་འཐུང་བར་བྱེད་པའི་ཞེས་པ་ནི་བླ་མའི་ཞལ་ནས་བླངས་ནས་དེའི་རོ་ཡང་དང་ཡང་དུ་མྱོང་བར་བྱེད་པའོ། །སངས་རྒྱས་ཀྱི་སྲས་སུ་ངེས་པ་སྟེ་སངས་རྒྱས་རྣམས་ཀྱི་རང་བཞིན་ལས་སྐྱེས་པའི་ཕྱིར་རོ། །དེ་ཉིད་པས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲོགས་སོ། །དེ་ཉིད་སྐུའི་རིག་འཛིན་ལ་སོགས་པའི་དཔོན་པོའོ། །གནས་ལ་སོགས་པ་ལས་སྐྱེས་པའི་མཁའ་འགྲོ་མ་རྣམས་ཀྱི་ཁྱོ་རུ་འགྱུར་ཞེས་པའོ། །ཉན་ཐོས་དང་རང་འདྲེན་པ་ནི་ཐེག་པ་འོག་མར་ལྟུང་བ་སྟེ། དེའི་བགེགས་དང་བྲལ་བར་བྱེད་པས་ན། དེའི་འདྲེན་པར་བྱེད་པའི་གཙོ་བོའོ། །སེམས་ཅན་ཐ་མལ་པའི་འདྲེན་པ་བས་ན་བཀུར་བའི་འོས་ཡིན་པའི་ཕྱིར་རྗེ་བཙུན་ནོ་ཞེས་སོ། །དེ་ལ་ཞེས་པ་ནི་རྣལ་འབྱོར་པའོ། །ཕྱོགས་བཅུའི་ཁམས་ན་བཞུགས་པ་ནི་གནས་སོ། །སངས་རྒྱས་ནི་རྟག་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པའོ། །རིག་པའི་ལྷ་ནི་སྤྱན་མ་ལ་སོགས་པའོ། །ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པའོ། །སོགས་ཀྱིས་བསྡུས་པ་ནི་རྡོ་རྗེ་ཧེ་རུ་ཀ་ལ་སོགས་པ་ཡང་མེ་ཏོག་ལ་སོགས་པའི་མཆོད་པ་ཐོགས་ཤིང་ཞག་གཅིག་ལ་དུས་གསུམ་དུ་བྱས་ནས། ནམ་མཁའ་ལ་འོངས་ནས་མཆོད་པ་བྱས་ནས་སྟོན་པ་ནི་བདག་ཅག་གི་པའོ། །བདག་ཅག་གི་མའོ། །བདག་ཅག་གི་འདྲེན་པ་ལ་སོགས་པའོ་ཞེས་བསྔགས་པ་བརྗོད་ཅིང་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཞེས་པའོ། །དག་པའི་ལྷ་ཞེས་པ་ནི་ཡེ་ཤེས་ལས་སྐྱེས་པའི་ལྷའོ། །མ་དག་པའི་ལྷ་རྣམས་ཞེས་པ་ནི་ལས་ལས་སྐྱེས་པའི་ཚངས་བ་ལ་སོགས་པའོ། །སེམས་ཅན་ཕལ་པ་ནི་སེམས་ཅན་ཐམས་ཅད་དོ། །གཞན་གྱིས་ནི་ཞེས་པ་ནི་དེ་ལས་ལེན་པའོ། །མགྲིན་པ་དམའ་བ་ནི་དྲེགས་པ་སྤངས་པའོ། །ཞབས་འདུད་ཅིང་ཞེས་པ་ནི་བཀུར་བའི་ཕྱིར་རོ། །མི་རྣམས་ཀྱི་གཅོ་བོ་བས་ན་རྐང་གཉིས་གཙོ་བོའོ། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དགའ་ལྡན་གནས་པ་ལྟ་བུར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱས་བཏབ་པས་ན་ཀུན་མཁྱེན་རྣམས་ཀྱིས་གཞག་པའོ། །ཕྱིན་ལོག་ཁུར་ཆེན་འབོར་བྱེད་པ་ནི་བཤད་ཟིན་ཏོ། །སངས་རྒྱས་པར་འགྱུར་བའི་རྒྱུ་ངེས་པར་ཐོབ་པས་ན་མ་འོངས་རྡོ་རྗེ་འཆང་


DTG042_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ལ་བརྙས་པའི་སྐྱོན་གསུངས་པ། དེ་ལ་བརྙས་བྱེད་ཅེས་པ་ལ་སོགས་པའི། །དེ་ནི་གོ་སླའོ། །དེ་ལ་བསྙེན་པའི་ཡོན་ཏན་ཅིག་ཤོས་ཞེས་ཏེ་སྒྲུབ་པ་པོ་དེའོ། །དེའི་ལུས་ལ་ང་གནས་ཞེས་ཏེ་འཇམ་པའི་དབྱངས་གནས་པའི་ཕྱིར་རོ། །གང་ཟག་གང་གིས་མེ་ཏོག་ལ་སོགས་པས་མཆོད་ཅིང་བདེན་པའི་ཡོན་ཏན་བརྗོད་པས་ང་དེའི་ལུས་ལ་སོགས་པའི་ལས་ཀྱི་སྒྲིབ་པ་དག་པར་བྱེད་དོ་ཞེས་སོ། །ད་ནི་དེ་རྣམས་ཀྱི་དོན་གྱི་མཇུག་བསྡུ་བ་རིམ་པ་གཉིས་ཞེས་པ་ལ་སོགས་པས་སོ། །རིམ་གཉིས་འདི་ཞེས་པ་ནི་ཐིག་ལེ་གསུམ་དང་མི་ཤིགས་པའི་ཐིག་ལེའོ། །དེ་གང་ཞེ་ན། སྒྲུབ་པའོ། །རྩེ་གཅིག་པ་ཡིས་རྣམ་པར་གཟུང༌། །ཞེས་ཏེ་དང་པོའི་ལས་ལ་ཞུགས་པ་དམིགས་པ་ལ་རྩེ་གཅིག་པ་ལུས་གནས་པར་འགྱུར་བ་ཙམ་གྱིས་ཆོག་ཤེས་ཤིང་འཇིག་རྟེན་གྱི་ཆོས་བརྒྱད་སྤངས་པ་ཇི་ལྟར་ཐོབ་པར་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་རྣམ་པར་གནས་པས་སོ།། དེས་དེའི་ཚེ་འདི་ཉིད་ལ་ཞེས་ཏེ་མཐོང་བའི་ཆོས་ཉིད་ལའོ། །ཉེ་བར་ལེན་པའི་རྒྱུ་གོང་དུ་གསུངས་བའི་བརྟུལ་ཞུགས་ཀྱི་ཆོ་ག་དང༌། ལྷན་ཅིག་བྱེད་པའི་རྐྱེན་གོང་དུ་གསུངས་པ་ལྟར། ལྷ་མོས་རྐྱེན་ནི་རབ་བྱས་ཏེ། །ཞེས་སོ། །དེས་གོང་དུ་གསུངས་པའི་ཕྱག་རྒྱ་ཆེན་པོ་སྟེ། ཕྱག་རྒྱ་ལས་སྐྱེས་པའི་དངོས་གྲུབ་ཆེན་པོ་བས་ན་དེ་སྐད་དེ། ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་བའོ། །དེ་རང་གི་རྒྱུད་ལ་འཕོ་བ་ནི་མངོན་སུམ་དུ་བྱས་པའོ། །དེ་ལ་ཐེ་ཚོམ་མི་བྱའོ། །ཞེས་ཏེ། ངག་གི་ཉེས་པ་བག་ལ་ཉལ་བ་དང་བཅས་པ་ཟད་པ་དེས་བསྟན་པའི་གཞུང་ལ་སོ་མ་ཉི་ཅི་སྟེ་བྱ་ཞེས་སོ། །ཇི་སྐད་དུ། ད་ནི་བརྫུན་སོགས་བག་ལ་ཉལ། །བཅས་པ་སྤང་ཕྱིར་ཅི་དང་ཅི། །མ་ནོར་གསུངས་པས་དེ་བས་ང༌། །ཡང་དག་གསུང་བ་ཞེས་བཤད་དོ། །ཞེས་སོ། །དེ་ལྟར་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བའི་རིམ་པ་བསྟན་ནས། ད་ནི་བར་མ་དོར་མྱ་ངན་ལས་འདའ་བའི་རིམ་པ་གསུངས་པ། ད་ནི་ཞེས་པ་ལ་སོགས་པའོ། །ཨ་བ་ཞེས་པ་ལ་སོགས་པ་ནི་སྒྲས་འབྲེལ་ཚིག་གཞག་སྟེ་རྒྱན་ཡིན་པར་བལྟའོ། །རང་ཉིད་བྱིན་གྱིས་བརླབས་པའི་ཞེས་པ་ནི་རང་གི་ཡིད་ལ་བྱེད་པས་བྱིན་གྱིས་རློབ་པ་སྟེ། ཡོངས་སུ་སྨིན་པ་དགུ་གསལ་བ་པ་དང༌།


DTG042_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཞན་དུ་རྣམ་པར་བྲལ་བའོ། །དེ་ལྟ་བུའི་རིམ་པ་འདི་ནི་གང་ལ་ཞེ་ན། རྣལ་འབྱོར་པ་བྱ་བས་བསྐལ་བ་འགའ་ཞིག་ལ་ཞེས་ཏེ་དང་པོ་ལས་ལ་ཞུགས་པའི་བྱ་བས་བསྐལ་པ་གཉིས་པ་ནི་གཞན་དབང་བཞིས་ཟིན་པ་ཡང་དག་པའི་སྨོན་ལམ་ལ་སོགས་པས་དོན་ཁྱད་པར་ཅན་དང་ཕྲད་པ་འགའ་ཞིག་ཡལ་བར་དོར་བར་མི་བྱ་བའི་ཕྱིར། ཡང་དག་ཏུ་ནི་བཤད་པར་བྱ། །ཞེས་སོ། །ཇི་ལྟར་ཞེ་ན། གང་ཞིག་ཅེས་པ་ནི་གང་ཟག་དེས་སོ། །གོང་དུ་གསུངས་པ་ལྟ་བུའི་བླ་མ་མཉེས་པར་བྱས་ནས། བླ་མ་དེས་གནང་བའི་དམ་ཚིག་དང་སྡོམ་པ་དང་བཅས་པ་རུ། བུམ་པ་ལ་སོགས་པའི་དབང་གོང་དུ་གསུངས་པ་ལྟར་རབ་ཏུ་ཐོབ་པར་བྱས་ཏེ། དེ་ནས། བླ་མའི་ཞལ་ནས་གསུངས་བ་ཡི། །དེ་བཞིན་ཉིད་ནི་རབ་ཐོབ་ཅིང༌། །ཞེས་པ་ནི་སྦྱོར་བ་བདུན་གྱིས་དེ་ཁོ་ན་ཉིད་སྒྲུབ་བའི་ཐབས་དང་བཅས་པ་རྙེད་པ་གོང་དུ་གསུངས་པའི་གསང་བ་དང་མཆོག་ཏུ་གསང་བའི་རིགས་པས་ཞེས་ཏེ་སྒྲུབ་པ་བོའོ། །དེས། ཇི་སྐད་བཤད་པའི་བྱ་བ་ཡིས། །ཡང་དག་བསྒོམ་ནི་མི་ནུས་པས། །ཞེས་པ་ནི་གོང་དུ་གསུངས་པའི་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་དང་པོ་ལ་ཞུགས་པ་གཉིས་ལྟར་བསྒོམ་མི་ནུས་པ་ཞེས་སོ། །ཇི་བཞིན་པ་ཡི་དེ་ཁོ་ན།། རིམ་པ་འདི་ཡིས་ཞེས་བ་ནི་ཁོང་ནས་འབྱུང་བ་སྟེ། དེ་ཡང་དེས་བྱ་བར་འོས་པ་བྱས་པའི་གང་ཟག་དེས་གོང་དུ་གསུངས་པའི་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་ལས་འཁོར་ལོ་དང་ལྡན་པའམ། དྲན་པ་གཅིག་པའམ། གསང་བ་ལྔའམ། ཕྱག་རྒྱ་བཞི་དང་ལྡན་པའམ། ཐིག་ལེ་ལ་སོགས་པ་གསུམ་བ་དང༌། དེ་རེ་རེའམ། བྱ་བས་བསྐལ་བ་ལྟར་དུས་བཞིའམ། གཅིག་གམ། ཡང་ན་ཟླ་བ་གཅིག་གམ། གསུམ་མམ། ལོ་ལ་སོགས་པར་རང་གིས་ཅི་ལྟར་ནུས་པའི་སྒོ་ནས་དེ་ཁོ་ན་ཉིད་བསྒོམ་པར་བྱའོ་ཞེས་སོ། །དེ་ལྟར་གནས་པ་ལ་གང་ཞིག་ཅེས་བ་ནི་སྒྲུབ་པ་པོ་དེའིའོ། །དུས་ཕྱི་ཞིག་ན་ཞེས་པ་ནི་ལས་སུ་སྨྲ་བ་རྣམས་ཀྱི་གཞུང་ལྟར་གནས་པར་འགྱུར་བའི་ལས་ཟད་དུ་ཉེ་བའི་དུས་སོ། །འཆི་བའི་མཚན་མ་བདག་གིས་མཐོང༌། །ཞེས་པ་ནི་སྐད་ཅིག་དུས་དང༌། རྐྱེན་དང༌། མཐར་ཐུག་པ་ལས་ཐ་མ་བཟུང་སྟེ། དེའི་མཚན་མ་ནི་ལྷ་


DTG042_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པ་དང༌། འབྱུང་བ་དང༌། དེ་གཉི་ག་ལ་སོགས་པ་ཕྱི་དང་ནང་གི་མཚན་མ་གཞན་ནས་གང་གསུངས་པ་དག་གིས་མཐོང་སྟེ། ཇི་སྐད་བཤད་པའི་ཆོ་གས་དེ་སླུ་བའི་འབད་པ་མ་བྱས་པས་འཆི་བར་འགྱུར་བའི་དུས་བྱུང་ན་ཞེས་སོ། །ནད་ཀྱིས་ཡང་དག་མ་རྙོགས་པའི་དུས་སུ་འོག་ནས་འབྱུང་བའི་འཕོ་བའི་སྦྱོར་བ་ཡང་དག་པར་བྱའོ་ཞེས་སོ། །ད་ནི་གནས་གར་སྐྱེ་བའི་རྟགས་བསྟན་པའི་ཕྱིར། དཔྲལ་བ་དང་ཞེས་པ་ལ་སོགས་པའོ། །དེ་ཡང་དཔྲལ་བ་ལ་སོགས་པ་དྲུག་ནི་སྒྲོ་བཟང་པོའོ། །ཆུའི་གནས་ལ་སོགས་པ་གསུམ་ནི་སྒོ་ངན་པའོ། །དེ་ལྟར་སྒོ་བཟང་ངན་གཉིས་སུ་རང་གི་ཡེ་ཤེས་འགྲོ་བ་དང་འོང་བས་གར་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །ཇི་ལྟར་ཤེས་པར་བྱ་ཞེ་ན། དབྲལ་བ་དང་ཞེས་པ་ལ་སོགས་པའོ། །གང་གི་ཚེ་དཔྲལ་བར་རྣལ་འབྱོར་པའི་ཡེ་ཤེས་འཕོ་བ་དེའི་ཚེ་གཟུགས་ཀྱི་ཁམས་ཀྱི་ལྷར་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །དེ་བཞིན་དུ་ལྟེ་བར་ཡེ་ཤེས་འཕོ་བ་ན་འདོད་པའི་ཁམས་ཀྱི་ལྷ་རྣམས་སུ་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །སྤྱི་གཙུག་ཏུ་ཡེ་ཤེས་འཕོ་བ་ན་གཟུགས་མེད་པའི་ལྷ་རྣམས་སུ་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །དེ་བཞིན་དུ་སྣ་གཉིས་སུ་ཡེ་ཤེས་འཕོ་བ་ན་རི་རབ་ཀྱི་རྩེ་མོར་རྣམ་ཐོས་སྲས་ལ་སོགས་པའི་གནོད་སྦྱིན་གྱི་གནས་སུ་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །རྣ་བ་གཉིས་སུ་ཡེ་ཤེས་འཕོ་བ་ན་རིག་པ་འཛིན་པ་དང་མིག་སྨན་ལ་སོགས་པ་བརྒྱད་འགྲུབ་པའི་རྣལ་འབྱོར་པའི་གནས་སུ་འགྲོ་བའི་རྟགས་སུ་ཤེས་པར་བྱའོ། །མིག་གཉིས་སུ་ཡེ་ཤེས་འཕོ་བ་ན་མི་རྣམས་ཀྱི་རྒྱལ་པོར་འགྱུར་བའི་རྟགས་སུ་ཤེས་པར་བྱའོ། །ཁ་རུ་ཡེ་ཤེས་འཕོ་བ་ན་ཡི་དགས་སུ་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །དེ་བཞིན་དུ་ཆུ་གནས་ནི་ཕོ་མཚན་ཏེ་དེར་ཡེ་ཤེས་འཕོ་བ་ན་དུད་འགྲོར་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །ཆུ་མིན་ནི་བཤད་བའི་ལམ་སྟེ་དེར་ཡེ་ཤེས་འགྲོ་བ་ན་ཡང་སོས་ལ་སོགས་པའི་དམྱལ་བ་རྣམས་སུ་སྐྱེ་བའི་རྟགས་སུ་ཤེས་པར་བྱའོ། །དེ་ལྟར་ཡེ་ཤེས་འཕོ་བའི་རྣམ་པའི་ཆས་གར་སྐྱེ་བ་ཤེས་པར་བྱས་ནས་དེ་ཐམས་ཅད་ཀྱང་ཡང་དག་པའི་གནས་མ་ཡིན་པའི་ཕྱིར་དགག་པའི་སྦྱོར་བ་གསུངས་པ། སྒྲེགས་པ་ཞེས་པ་ལ་སོགས་པའོ། །དེ་ལ། སྒྲོགས་པ་ལྔ་ཡི་ཡི་གེ་


DTG042_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཞེས་པ་ནི་ཧཱུཾ་སྟེ་སངས་རྒྱས་ལྔ་སྒྲོགས་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་འཆང་བ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དེ་འགྲུབ་པར་བྱེད་པའི་ས་བོན་ཏེ། དེས། སྟེང་གི་སྒོ་བདུན་དགག་པར་བྱ། །ཞེས་ཏེ། རང་གི་སྲོལ་གོང་གི་ཐད་ཀར་རང་གི་ལྕེས་བརྟེན་ནས་དགག་པའི་ཚུལ་དུ་བསྒོམ་པར་བྱའོ། །ཡང་ན་སོ་སོར་དགག་པའི་ཚུལ་དུ་བསྒོམ་པར་བྱའོ། །ཧཱུཾ་སངས་རྒྱས་ལྔའི་རང་བཞིན་ཡིན་པར་གོང་དུ་བཤད་ཟིན་ཏོ། །ཆུའི་སྒོ་སྟེ་མཚན་མར་སུཾ་དཀར་པོས་དགག་པར་བྱའོ། །ཆུ་མིན་དུ་སྟེ་བཤང་ལམ་དུ་ཀྵུཾ་སེར་པོས་དགག་པར་བྱ་ཞེས་སོ། །དེ་ལྟར་སྒོ་དགུ་བཀག་ནས་རང་གི་སེམས་དབྱིངས་སུ་འགྲོ་བའི་སྦྱོར་བ་གསུངས་པ་དེ་ལྟར་ཞེས་པ་ལ་སོགས་པའོ། །རིམ་པ་འདི་ཡིས་ཞེས་པ་ནི་འོག་ནས་འབྱུང་བའོ། །རང་སེམས་ཀྱི་ཞེས་པ་ནི་རང་གི་སེམས་དགེ་བ་དང་མི་དགེ་བའི་འབྲས་བུ་ལ་ལྟོས་པ་མེད་པའི་སེམས་ཏེ། དེ་ཁ་ཏོན་ལ་སོགས་པ་བརྒྱད་ཀྱི་ཚུལ་དུ་འགྲོ་བའི་གནས་རིམ་པ་འདིས་བཙལ་བ་སྟེ། བསོད་ནམས་དང་སྡིག་པའི་ང་རྒྱལ་མེད་པས་དབྱིངས་ཉིད་དུ་ངེས་པར་འགྲོ་བ་ཞེས་སོ། །ཇི་སྐད་དུ། གང་ལ་བསོད་ནམས་སྡིག་མེད་ན། །དེ་ལ་བྱང་ཆུབ་རབ་ཏུ་གསུངས། །ཞེས་སོ། །དེའི་རིམ་པ་གསུངས་པ། །ཕུང་པོ་ཞེས་པ་ལ་སོགས་པའོ། །དེ་ཡང་རང་དང་གཞན་གྱི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང༌། ཁམས་བཞི་པོ་ཀུན་ནས། རྣལ་འབྱོར་རྒྱུད་ཀྱི་བཤད་པ་ལྟར། །ཞེས་པ་ནི་རྣམ་པར་བསྒོམ་བྱས་ཞེས་ཏེ། ཇི་སྐད་དུ། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་ཀྱང་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་པ་དང༌། ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་བསྒྲགས། །ཞེས་པས་སོ། །དེས་ཡེ་ཤེས་ཀྱི་ས་གོང་ན་མེད་པ་རྟོགས་པར་འགྱུར་རོ་ཞེས་སྤྱིར་བསྟན་ཏོ། །ཁྱད་པར་དུ་གསུངས་བ། བདག་ཉིད་ཅེས་པ་ལ་སོགས་པའོ། །བདག་ཉིད་ནི་སྒྲུབ་པ་པོའོ། །ཇི་སྐད་གསུངས་པ་ཡིས་ཞེས་པ་ནི་ཕྱི་རོལ་སྟོང་པ་ཉིད་ལ་སོགས་པའི་རིམ་པ་ཆོ་ག་བཞིས་རང་གི་ལྷའི་ལུས་སུ་གྱུར་པར་བྱས་ལ། ཕྱག་རྒྱ་བཞིས་


DTG042_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ལ། ཤེས་པ་འགྲོ་བའི་གནས་སྒོམ་པའི་ཕྱིར་ཆོས་ཀྱི་ཞེས་པ་ལ་སོགས་པའོ། །ཆོས་ཀྱི་དབྱིངས་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །རྣམ་ཤེས་ནི་རང་གི་རྣམ་པར་ཤེས་པའོ། །བདག་ཉིད་སངས་རྒྱས་སྐུར་གནས་པ། །ཞེས་པ་ནི་དེ་གཉིས་ངོ་བོ་སངས་རྒྱས་སྐུར་གནས་པའོ། །དེ་རྣམས་ཐ་མི་དད་པར་འགྲོ་བའི་གནས་ནི་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་ཅིང་དཀར་པོ་ལ་སོགས་པའི། ཁ་དོག་སྣ་ལྔས་རབ་བརྒྱན་པ། །ཞེས་ཕྱོགས་ཀུན་ནས་འོད་ཟེར་འཕྲོ་བ་དང་ལྡན་པའི་རྡོ་རྗེ་རྩེ་མོ་དགུ་པ་མཆོག་ཅེས་འགྲོ་བའི་ཆོས་བདག་གི་རང་བཞིན་རྣམ་པར་དག་པ་སྟེ། སྤྱན་ལ་སོགས་པ་དང་བརྟག་པ་རྣམ་པར་དག་པ་སྟེ། འདོད་པའི་ཁམས་ལ་སོགས་པའི་ཉོན་མོངས་པ་འཇོམས་པའི་ཕྱིར་རོ། །དེ་ཡང༌། བདག་གི་སྤྱི་བོའི་སྟེང་དུ་བསམ། །ཞེས་སོ། །དེ་རུ་ཞེས་པ་ནི་བུམ་པར་རོ། །རང་གི་སེམས་ཇི་ལྟར་གནས་ཤེ་ན། རྡོ་རྗེ་དཀར་པོ་བཅུ་ཚལ་ཅམ། །རྩེ་ལྔ་བསམས་ནས་བརྟག་པར་བྱ། །ཞེས་པ་ནི། གཉེན་པོའི་རྡོ་རྗེ་བཅུ་ཚལ་ཙམ་དུ་རང་གི་སེམས་ཀྱིས་བརྟགས་ལ། དེའི་ཡར་གྱི་རྩེ་མོ་ལྔ་ནི་ཐབས་ལྔ་ལ། དེ་བཞིན་དུ་མར་ལྟ་བའི་རྩེ་མོ་ལྔ་ནི་ཤེས་རབ་ལྔར་ཤེས་པར་བྱས་ལ། དབུས་ཀྱི་བུམ་པ་ནི་དེའི་དབུས་ཀྱི་བུམ་པར་རོ། །རི་བོང་ཅན་བསམས་ནས་ཟླ་བའི་གཟུགས་བརྙན་རྣམ་པར་བསམས་ལ། དེ་ཡི་སྟེང་དུ་ཡེ་ཤེས་ཆེ། །ཞེས་པ་ནི་རྩ་བའི་ཡེ་ཤེས་ཆེན་པོའོ། །ཀུན་རྫོབ་ཀྱི་གཟུགས་ཇི་ལྟར་ཞེ་ན། སེར་པོ་ཞེས་པ་ལ་སོགས་པའོ། །ཡེ་ཤེས་བདུད་རྩི་ལྟ་བུ་གཞན་ལ་སྟེར་བའི་སེར་པོའོ། །འདུལ་བའི་དབང་གིས་སྣ་ཚོགས་ཀྱི་གཟུགས་པས་ན་བྱང་ཆུབ་སེམས་འདྲ་བའོ། །དེ་ཡིད་ལ་བྱེད་པ་ལ་ངེས་པའི་ཤེས་པ་མི་སྐྱེ་བའི་ཕྱིར་འཛག་པའི་ངང་ཚུལ་དང་ལྡན་པའོ། །སྤྲོས་པ་དང་བྲལ་བའི་ཕྱིར་ཐིག་ལེའོ། །ཡེ་ཤེས་ལྔ་བསྡུས་པའི་གཟུགས་ཡིན་པས་ན་ཙ་ན་ཀའི་འབྲུ་ལྔ་འབྱོར་ཚད་ཙམ་དུ་བསྒོམ་པར་བྱ་ཞེས་སོ། །དེ་ལྟར་བསྒོམ་པའི་གཞི་རྣམ་པར་བཀོད་ནས། ད་ནི་དེར་སེམས་ཉིད་འགོག་པའི་ཆོ་ག་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཆོས་རྣམས་ཐམས་ཅད་ཀུན་ཞེས་པ་ནི་གཡོ་བ་དང་གནས་པ་ཀུན་ནོ། །མེད་པར་བསམས་ནས་ཞེས་པ་ནི་སྣང་བ་ཡིད་ལ་མི་བྱེད་པས་སོ། །བདག་


DTG042_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ་ཞེས་པ་ནི་རང་ལྷའི་སྐུའི་ཡུལ་དུ་བྱའོ། །བདག་ཀྱང་བདག་ལ་ཐིམ་བྱས་ནས། །ཞེས་པ་ནི་རང་གི་ལྷར་སྣང་བ་ཡང་བདག་གི་དེ་ཁོ་ན་ཉིད་གཟུང་བ་དང་འཛིན་པའི་བདག་དང་བྲལ་བའི་སེམས་འབའ་ཞིག་ལ་ཐིམ་ནས་དེ་འབའ་ཞིག་གནས་པ་ལ་སེམས་ཙམ་དེ་ཡང་དཔེར་ན་མདའ་འཕངས་པ་བཞིན་དུ་སྟེང་དུ་སོང་ནས་སྟོང་པ་ཉིད་ཀྱི་ལུས་ཅན་སྤྱི་བོར་རྡོ་རྗེ་རྩེ་མོ་དགུ་པའི་འོག་ཆའི་དབུས་ཀྱི་སྦུ་གུར་ཞུགས་ནས་གཞན་ལ་དེ་བཞིན་དུ་ཞུགས་ཏེ་རི་བོང་འཛིན་པའི་དབུས་ཀྱི་ཐིག་ལེར་ཐིམ་པར་བྱ་ཞེས་སོ། །ཐིག་ལེ་དེ་ནི་དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་རྣམས་ཀྱི་རང་བཞིན་གྱི་གནས་སུ་ཤེས་པར་བྱ་སྟེ། དེ་ནི་གདོད་ནས་གྲུབ་པའི་གཟུགས་ཏེ། རང་བཞིན་གྱིས་རྣམ་པར་གནས་པའོ། །དེའི་དོན་ནི་དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་རྣམས་སྙོམས་པར་འཇུག་པའི་ཡེ་ཤེས་ཏེ། དེ་རུ་རང་གི་ཤེས་པ་ཞུགས་པ་ནི་དེ་དང་དབྱེར་མེད་པར་འགྱུར་བས་སེམས་ཏེ་ཐབས་ཀྱིས་སྟེར་བ་ལྟར་ཡང་དང་ཡང་དུ་གཟུང་ངོ་ཞེས་སོ། །དེ་ལས་ཞེས་པ་ནི་ཐིག་ལེ་དེ་ལས་སོ། །སེམས་དེ་ཡར་བ་ལྟར་ཞེས་པ་ནི་རིང་བསྲེལ་མཆོག་ལྟར་ཡར་ནས་རྡོ་རྗེ་རྩེ་དགུ་པའི་སྟེང་ཆའི་དབུས་ཀྱི་སྦུ་གུར་བྱུང་ནས་ཇི་ལྟར་གནས་ཤེ་ན། སྣ་ཚོགས་པདྨའི་སྟེང་ན་ཟླ་བ་ལ་གནས་པ་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ་ཞེས་ཏེ་དང་པོའི་བྱ་བ་མངོན་དུ་བྱས་ནས་དེ་ལས་དེར་འགྱུར་ཏེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་རང་གི་རིག་མ་ལ་ཕྱག་གཉིས་ཀྱིས་འཁྱུད་པ། མཚན་མའི་སྐྱོན་ཐམས་ཅད་དང་བྲལ་ཞིང་གཟུང་དུ་མེད་བརྗོད་དུ་མེད་པའི་སྐུ་མངའ་བས་ན། རྒྱན་ཀུན་གྱིས་བརྒྱན་པ་ཡང་ཡིན་ལ། ན་བཟའ་དང་བྲལ་བར་དམིགས་ནས་བསྒོམ་ཞེས་སོ། །དེ་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བ་ལས་བྱུང་བའི་འཁོར་ལོ་ཆེ་སྟེ། སྐུ་ལ་སོགས་པ་རྣམ་པར་འཕྲོ་ཞིང་འདུ་བར་བསམ་མོ། །དེ་ལྟར་འཆི་ཀ་མའི་སེམས་བདེན་པ་གཉིས་སུ་མོས་པ་ནི། རྣམ་པར་བསྒོམ་པ་མཆོག་སྟེ་དེ་ཁོ་ན་བཞིན་དུ་བྱེད་པའི་ཕྱིར་རོ། །དེ་བས་ན་འཆི་ཀའི་དུས་སུ་ཡང་དང་ཡང་དུ་ཅི་ནུས་སུ་བསྒོམ་ཞེས་སོ། །དེ་ལྟར་རྒྱུའི་ཡན་ལག་གསུམ་བསྟན་ནས། འབྲས་བུའི་ཡན་ལག་གསུམ་


DTG042_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། བསམ་པ་དེའི་ཞེས་པ་ལ་སོགས་པའོ། །བསམ་པ་དེའི་ཞེས་པ་ནི་ཐབས་ཀྱི་ཁྱད་པར་གྱི་བསྒོམ་པ་དེའིའོ། །རྐྱེན་གྱིས་ནི་ཞེས་པ་ནི་བར་ཆོད་ཀྱང་དེ་མ་ཐག་པ་ཞེས་པའོ། །བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །ཞེས་པ་ནི་ཁྱད་པར་བྱེད་པ་གནས་ལས་གཡོས་པའི་ཚེ་ན། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་བདེ་བའི་རོ་མྱང་བས་དེའི་དུས་སུ་ཆོས་ཀྱི་སྐུ། གསལ་ཞིང་རབ་དགའ་མཁའ་འདྲ་རྟོགས། །ཞེས་སོ། །སེམས་ཀྱི་རང་བཞིན་མ་ཤེས་པའི་ལས་སུ་སྨྲ་བས་དེ་ལ་ཤི་བའི་སྲིད་པ་ཞེས་འདོགས་པར་བྱེད་དོ། །དེ་ཕྱིན་ཆད་ཉི་མ་བདུན་ལ་སོགས་པའི་དུས་སུ་ལས་སུ་སྨྲ་བས་བར་མདོར་འདོགས་པར་བྱེད་པ་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་བྱིས་པ་ལོ་ལྔ་ལོན་པ་ཙམ་དུ་གནས་ཤིང་རྡོ་རྗེས་ཀྱང་མི་ལྡོག་པ་དྲིའི་ཟས་ལ་ལོངས་སྤྱོད་པ་དེ་འགྲུབ་པའི་ཚེ་ན་གོས་ཀྱི་རྐྱེན་གྱིས་དཔེ་མེད་བདེ་རྫོགས་རྟོགས་ཞེས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་དོ། །དེ་ལ་ལས་སུ་སྨྲ་བ་རྣམས་ཀྱིས་སྐྱེ་གནས་གཞན་དུ་འཕེན་པར་བྱེད་ཚེ་ཞེས་པ་ནི་སྲིད་པ་གཉིས་ཀྱིས་བསྡུས་པའི་ཆོས་འགྲུབ་པའི་ཚེ་ན། སྦྲུལ་པའི་གཟུགས། ཡང་དག་ཏུ་ནི་རྟོགས་པར་འགྱུར། །ཞེས་སོ། །དེ་མི་འགལ་བའི་དཔེ་གསུངས་པ། དེ་ལྟ་བྲས་ན་ཞེས་པ་ལ་སོགས་པའོ། །བསམ་པ་གང་དང་གང་དག་གིས། །ཞེས་པ་ནི་བདེ་བ་དང་སྡུག་བསྔལ་དང་གྲོལ་བའི་རྒྱུའི་བསམ་པ་དེ་ནི་གཙོ་བོ་སྟེ་བསམ་པ་ཇི་ལྟར་སྣང་བ་ལྟར་མི་རྣམས་ཀྱི་ཡིད་ཀྱང་དེ་བཞིན་དུ་སྦྱོང་བར་བྱེད་དོ། །དེ་དང་དེ་ནི་མདོ་བཞིན་དུ། །ཞེས་པ་ནི་སྦྱོང་བ་དེ་དང་དེ་ཡང་མདོ་ལ་སོགས་པ་ལས་གསུངས་པ་ལྟར། སྣ་ཚོགས་ནོར་བུ་ལྟ་བུར་འགྱུར། །ཞེས་ཏེ། དེ་ལ་སོགས་པ་ཐ་དད་པའི་དབང་གིས་དེ་ཡང་གཟུགས་ལ་སོགས་པ་ཐ་དད་པར་སྣང་བར་འགྱུར་བའོ། །གཉིས་སུ་མེད་པའི་ཡེ་ཤེས་ཡིད་ལ་བྱེད་པའི་དུས་ཀྱང་གསུངས་པ། ཆོས་སྐུ་ཞེས་པ་ལ་སོགས་པའོ། །སྐད་ཅིག་ཙམ་ཞེས་པ་ནི་དེ་ཙམ་དུ་ལམ་དེ་ལས་རིང་དུ་ཡང་རྟོག་པ་དང་བྲལ་བའི་བདེ་བ་ཆེན་པོ་སྐྱེ་ཡང་དེ་བླ་མའི་མན་ངག་དང་བྲལ་བས་རྟོགས་པར་མི་བྱེད་དོ། །དེ་དང་ལྡན་པས་མྱོང་བར་འགྱུར་བའི་དེ་ཁོ་ན་ཉིད་དེ་རབ་ཏུ་བསྒོམས་ན་གོང་མ་ལྟར་ལུས་ཅན་རྣམས་ཀྱི་ཡིད་ནི་སྦྱོང་བྱེད་ཅེས་སོ། །དེའི་ཡོན་


DTG042_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཡང་ཆོ་ག་འདི་ཡིས་ཞེས་པ་ལ་སོགས་པའོ། །དེ་ནི་གོ་སླའོ། །དེའི་སྦྱོར་བ་གཞན་གསུངས་པ་དེ་བས་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱང་གོང་དུ་བཤད་ཟིན་ཏོ། །གལ་ཏེ་སྐུ་གསུམ་མ་གྲུབ་ན། །ཞེས་པ་ནི། གལ་ཏེ་རྟོག་པའི་རླབས་ཉུང་བར་མ་ནུས་པས་གོང་མ་ལྟར་སྐུ་གསུམ་མ་གྲུབ་ན་རིག་པ་འཛིན་པའི་གཙོ་བོར་འགྱུར་ཏེ། དེས་བསྐལ་པ་གསུམ་ལ་སོགས་པའི་བར་དུ་གནས་པས་ན། ཕྱག་རྒྱ་ཆེན་པོ་འགྲུབ་པ་སྟེ་གོང་མའི་རིམ་པའི་ཕྱག་རྒྱ་ཆེན་པོ་འགྲུབ་པ་སྟེ། དང་པོ་སྦྱོར་བ་ནི་མ་ཡིན་ནོ། །དེ་ལྟར་ཐིག་ལེ་ལ་སོགས་པ་རྣམ་པ་གསུམ་གྱིས་ནི། དངོས་གྲུབ་ཅེས་པ་ནི་དངོས་གྲུབ་ཆེན་པོ་དང་དངོས་གྲུབ་སྟེ་དེ་བཤད་དོ་ཞེས་སོ། །སྒྲུབ་བའི་ཐབས་ཀྱི་ཆོ་ག་འབྲས་བུ་དང་བཅས་ཏེ་བསྟན་པའོ། །ད་ནི་དོན་གྱི་མཇུག་བསྡུ་བའི་ཕྱིར་གང་གི་ཞེས་པ་ལ་སོགས་པའོ། །འདི་ནི་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སྟེར་བ་དང་བསྒོམ་པ་དང་བཅས་པ་མ་རྟོགས་པར་གསང་བའི་རྒྱུད་སྨྲ་བར་བྱེད་ཅིང་བདག་ནི་ཇི་བཞིན་པའོ་ཞེས་རློམ་སེམས་ཤིང་བྱིས་པ་ཡང་འདྲིད་པ་དེ་ལས་དེ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མི་བྱེད་དོ་ཞེས་ཉེས་དམིགས་སོ། །ཇི་སྐད་དུ། གང་ཞིག་བླ་མའི་ཞལ་ནས་བྱིན་གྱིས་བརླབས་པའི་མན་ངག་ནི། མ་ཐོ་བ་བཞིན་དུ་རིགས་པ་མིན་པའི་ཚིག་ལ་བརྟེན་གྱུར་ནས། །སྒྲུབ་པ་པོ་གཞན་བདག་ནི་རྣལ་འབྱོར་ཆེན་པོ་ཡིན་ཞེས་སེམས་ཀྱིས་གང་སྨྲ་བ། །བླུན་ཆེན་སྐྱེ་བོ་དེ་ནི་རྒྱལ་བ་རྣམས་ཀྱང་མི་འདོད་དོ། །ཞེའོ། །འདི་ནི་དོན་ལྡན་ཞེས་པ་ནི་བཟློག་པའོ། །འགའ་ཞིག་ལ་ཞེས་པ་ནི་སྣོད་དུ་རུང་བའི་གང་ཟག་མང་བ་མ་ཡིན་པས་སོ། །འཇམ་དབྱངས་ནི་དེའི་ལུས་ལ་གནས་སོ། །ཁྱོད་ཅིའི་ཕྱིར་གནས་ཤེ་ན། སྒྲུབ་པ་པོ་གཞན་ལ་མཆོད་པ་ལེན་ཞེས་སོ། །ཅིའི་ཕྱིར་མཆོད་པ་ལེན་ཞེ་ན། དེ་ཡིས་དེ་མཉེས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་ཕན་ཡོན་ནོ། །ཕན་ཡོན་གཞན་ཡང་འདིའི་དོན་རྣ་བར་ཞེས་པ་ལ་སོགས་པའོ། །དེ་རྣམས་ནི་གོ་སླ་བས་མ་བཤད་དོ། །ད་ནི་དམ་པས་གསོལ་བ་བཏབ་པ་གསུངས་པ། དེ་བས་ཞེས་པ་ལ་སོགས་པའོ། །སིམ་བྱེད་འདི་ལ་ཞེས་པ་ནི་དམ་ཚིག་ཆེན་པོ་རྡོ་རྗེ་དེ་ཁོ་ན་ཉིད་ནི་བདེ་བ་དམ་པ་སྟེ། དེའི་ལམ་ལ་འགྲོ་བ་རྣམས་སྦྱོར་དུ་


DTG042_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཆུག་ཅེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དོན་འདི་ལ་སྦྱོར་བ་འདི་ནི་ཡང་དག་པའི་རྣལ་འབྱོར་པ་རུ་ཤེས་པར་བྱ་བའི་ཕྱིར་རོ། །གཟུགས་ཀྱི་ཕུང་པོ་གཉིས་པ་ལྟར་བསྟན་པའི་ཕྱིར། ཁྱོད་ཀྱང་ཞེས་པ་ལ་སོགས་པའོ། །ཟས་ཀྱི་སྤྱོད་པ་དང་ཞེས་པ་ནི་ཁྱི་མོས་འབྲས་ཆན་དང་ཞོ་སྐྱུགས་པ་དང་ཉ་ཤའི་ཆོད་མ་རྣམས་ལའོ། །ང་ལ་ཞེས་པ་ནི་འཇམ་པའི་དབྱངས་ཉིད་རྡོ་རྗེ་འཆང་བས་ང་རྒྱལ་བསྐྱེད་པའོ། །འཁྲུལ་རྟོག་པས་ཞེས་པ་ནི་རྟོག་པའི་དབའ་རླབས་མ་འཕྲོས་པས་རྡོ་རྗེ་འཆང་བ་ལ་ཕྱིན་ཅི་ལོག་ཏུ་འཁྲུལ་པས་མ་དད་པའོ། །ཚེ་འདི་ཉིད་ལ་ཞེས་པ་ནི་མཐོང་བའི་ཆོས་ཉིད་ལའོ། །གཟུགས་བཅས་ཕུང་པོ་རང་ཉིད་ལས། །ཞེས་པ་ནི་དེའི་བདག་ཉིད་ཀྱི་གོང་བུའི་ལུས་སོ། །གནས་ནི་ཡང་དག་མི་འགྱུར་ཏེ། །ཞེས་པ་ནི། གཞུང་ཚུགས་པ་མ་ཡིན་ཏེ་རྟོག་པའི་དབའ་རླབས་མ་འཕྲོས་པའི་དགོས་པ་སེམས་ཅན་གྱི་དོན་གྱི་ཕྱིར་རོ། །གང་གི་ཕྱིར་རྟོགས་པ་དང་ལྡན་པ་ནི་བྱ་བ་ཕལ་ཆེར་བྱས་པ་ཡང་དེ་ལྟར་འགྱུར་རོ་ཞེས་རྟོགས་པ་དག་པར་བྱ་བ་ལ་ནན་ཏན་བྱེད་པ་ཡང་སྲིད་པ་དེའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་འཁོར་བ་དང་བཅས་པའོ། །མི་ཤིགས་པ་ནི་དབྱེར་མེད་པ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །ཕྱག་རྒྱ་ལས་སྐྱེས་པ་ནི་དངོས་གྲུབ་ཆེན་པོ་བས་ན་ཕྱག་རྒྱ་ཆེན་པོ་དེ་རབ་ཏུ་འགྲུབ་ཅེས་པའི་དོན་ཏོ། །རྣམ་པའི་དབྱེ་བས་ལུང་སྟོན་པ་ལྟར་སྣང་ཡང་རང་ཉིད་ཀྱིས་མངོན་དུ་བྱས་པ་ཡིན་པར་ཤེས་པར་བྱའོ། །ཡང་དག་བློས་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་དབང་དུ་གྱུར་པའི་བློ་སྟེ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་འདུས་པའི་རྒྱུད།། ཅེས་པ་ནི་སངས་རྒྱས་ཐམས་ཅད་དོན་དམ་བ་དང་ཀུན་རྫོབ་ཀྱི་ཚུལ་དུ་འདུས་པའི་ཕྱིར་རྡོ་རྗེ་འཆང་བའོ། །དེ་སྟོན་པར་བྱེད་པ་ལ་ཡང་དེ་སྐད་ཅེས་བྱའོ། །གསང་ཆེན་ཞེས་པ་ནི་སྒྱུ་མ་ལྟ་བུའོ། །གསལ་བ་ཞེས་པ་ནི་བསྐྱེད་པའི་རིམ་པའོ། །ཆེས་གསང་བ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །དེ་རྣམས་སྟོན་པར་བྱེད་པའི་གོང་ན་མེད་པའི་ལུང་ཆེན་པོ་ནི་འདུས་པའོ། །འདིའི་རིམ་པ་དང་པོའི་ཞེས་པ་ནི་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པའོ། །དེ་ཡང་གང་ཞེ་ན། སྒྲུབ་པའི་ཐབས་ཞེས་པ་ནི་ཀུན་དུ་བཟང་མོ་གསུམ་མོ། །སྦྱིན་སྲེག་ཅེས་པ་ནི་བསྐྱེད་པའི་


DTG042_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པའོ། །སྦྱིན་སྲེག་གཉིས་ཀྱི་ཆོ་གའོ། །གཏོར་མ་ཞེས་པ་ནི་མི་ནུབ་པའི་སྒྲོན་མའོ། །སྣ་ཚོགས་འཁོར་ལོ་ཞེས་པ་ནི་ཚོགས་ཀྱི་འཁོར་ལོ་ཆེན་པོའོ། །བསྡུས་བ་ཞེས་པ་ནི་རིན་པོ་ཆེ་འབར་བའོ། །རྣམ་བཤད་ནི་མ་མཛད་དོ། །དཀྱིལ་འཁོར་ཆོ་ག་ནི་ཤློ་ཀ་ཉིས་བརྒྱ་ལྔ་བཅུ་པ་དེ་ཁ་ཆེའི་ཡུལ་དུ་ཁྱེར་ཞེས་གྲགས་ཏེ། བདག་ཅག་གིས་མ་མཐོང་ངོ༌། །སོགས་ཀྱི་སྒྲས་བསྡུས་པ་རྩ་བའི་ཡེ་ཤེས་ཆེན་པོ་དང་ཚིགས་སུ་བཅད་པའི་མཛོད་དང༌། གྲོལ་བའི་ཐིག་ལེ་དང་བདག་ཉིད་གྲུབ་པར་འབྱུང་བ་དང༌། བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་དཔལ་བཀྲ་ཤིས་ཀྱི་རྣམ་པར་བཤད་པ་ཆེན་པོ་དང༌། བཞི་པ་ལ་འཇུག་པའི་ཐབས་དང་བཅས་པ་དང༌། ཆུ་སྦྱིན་དབང་པོའི་སྒྲུབ་པའི་ཐབས་གསུམ་སྟེ། ལུང་དང་མཐུན་པར་ཆོས་བཅུ་བཞི་མཛད་དོ། །ཅིའི་ཕྱིར་མཛད་ཅེ་ན། མི་ཤེས་ཞེས་ཏེ་མ་རིག་པ་ནི་མི་ཤེས་པ་སྟེ། དེས་གཡོགས་བ་ནི་མུན་པ་ལྟ་བུར་བསྒྲིབས་པའོ། །དེ་ལྟ་བུའི་སེམས་ཅན་གྱི་ཞེས་སོ། །ཇི་ལྟ་བུའི་ཆོས་ཡིན་ཞེ་ན། ཐུར་མ་ལྟ་བུའི་ཞེས་ཏེ་གསེར་གྱི་ཐུར་མས་ལིང་ཏོག་རྣམས་བསལ་ནས་སྣང་བ་སྐྱེད་པར་བྱེད་པ་བཞིན་དུ་དེ་རྣམས་ཀྱིས་ཀྱང་ཞེས་པའི་དོན་ཏོ། །དེ་བས་ན་བརྩམ་པར་གྱིས་ཞེས་ལུང་གནང་བ་སྟེ་གསོལ་བ་བཏབ་པ་ཞེས་ཉེ་བར་སྤྱོད་པའོ། །ད་ནི་དོན་གོང་མ་ཇི་ལྟ་བ་བཞིན་དུ་སྦྱངས་ཤིང་རྟོགས་པས་ས་འོག་མ་ཐམས་ཅད་འགྲུབ་པས་དེ་ལ་འབད་པར་གསུངས་པ་དེ་བས་ཞེས་པ་ལ་སོགས་པའོ། །མ་འོངས་རྣལ་འབྱོར་ཆེ་ཞེས་པ་ནི་གོང་དུ་གསུངས་པའི་འཇུག་པའི་སྐྱེས་བུའོ། །འདི་ཤེས་བླ་མ་ཞེས་པ་ནི་གོང་དུ་གསུངས་པའི་མཉེས་བྱའོ། །རབ་མཉེས་ཏེ་ཞེས་པ་ནི་གོང་དུ་གསུངས་པའི་རྗེས་སུ་མཐུན་པའོ། །ཡང་དག་འདོད་པས་བླངས་བྱས་ནས། །ཞེས་པ་ནི་གོང་མ་ལྟར་བུམ་པ་ལ་སོགས་པའི་རིམ་པས་ཞེས་སོ། །སེམས་ནི་དེ་ནས་སྦྱང་བར་བྱ། །ཞེས་པ་ནི་གོང་མ་ལྟར་རིམ་པ་གཉིས་ཀྱིས་ཏེ། དང་པོའི་གཉིས་པས་བྱང་བའི་རྟགས་སྐྱེས་པས། སེམས་ནི་ཀུན་རྟོག་རྣམ་སྤངས་ནས། །ཞེས་ཏེ་མཐུ་ཅན་གྱི་སྟོབས་དང་རྒྱལ་ཚབ་ཀྱིས་ཐོབ་པའོ། །དེ་སྦྱོར་ཞེས་པ་ནི་གོང་མ་ལྟར་བརྟུལ་ཞུགས་ལ་སོགས་པའི་ཆོ་གས་སྐྱེས་བུ་དེ་ལ་གོང་མ་ལྟར་སྐུ་གསུམ་


DTG042_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བས་བསྡུས་པའི་སྐད་ཅིག་ལ་རིག་པ་སྐྱེ་ཞེས་སོ། །རིག་པ་སྐྱེས་པ་དེ་ཉིད་རྡོ་རྗེ་འཛིན་པ་སྟེ་འཇམ་དབྱངས་ཀྱི་ངོ་བོ་བས་ན་དེ་འགྲུབ་ཅེས་སོ། །དེ་གྲུབ་ནས་ས་འོག་མའི་སངས་རྒྱས་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚིག་ལ་སོགས་པའི་གཟུངས་རྣམས་དང༌། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐམས་ཅད་ཀྱང་འགྲུབ་ཅེས་སོ། །བདེ་བ་ཆེན་པོ་ཞེས་པ་ནི་བདེ་བ་ཆེན་པོའི་སྦྱོར་བས་བསྡུས་པ་སྟེ་ཐམས་ཅད་བསྡུས་པའི་སྐུའོ། །དེའི་རྗེས་ལ་ཞེས་པ་ནི་ཕྱིས་ཞེས་པ་མ་ཡིན་ཏེ་སྟོབས་ཞེས་པའི་དོན་ཏོ། །ཆེ་བའི་ཡོན་ཏན་ཐམས་ཅད་ཀྱང་རྒྱ་མཚོ་ལྟ་བུའི་བདེ་བ་ཆེན་པོ་ལས་བྱུང་བའི་ཕྱིར་རོ། །བདེ་བ་ཆེན་པོ་དེ་བསྒོམས་ན་དེ་རྣམས་ཅིའི་ཕྱིར་མི་འབྱུང་སྟེ་འབྱུང་བ་ཁོ་ནའོ་ཞེས་པའི་དོན་ཏོ། །དེ་བས་རབ་ཏུ་འབད་པ་ཡིས། །ཞེས་པ་ནི་བརྩོན་འགྲུས་འབད་པ་དང་ལྡན་པའོ། །མཆོག་གི་དེ་ཉིད་རབ་གསང་གསང༌། །ཞེས་པ་ནི་གོང་མ་ལྟར་དེ་ཐ་མ་ནས་སོ། །སྨོན་ལམ་གྱིས་ཀྱང་ཐ་ན་འགྲུབ། །ཅེས་པ་ནི་མི་ནུས་པའི་ཡང་དག་སྤོང་བྱེད་བཞིས་ཟིན་བའི་གང་ཟག་དོན་ཙམ་དང་ཕྲད་པ་དེ་ཡིས་ཞེས་སོ། །གཞན་གྱིས་ནི་སྒྲུབ་པ་ལ་ཤིན་ཏུ་འབད་ཅེས་ཏེ་དེས་མཐོང་བའི་ཆོས་ལ་བྱང་ཆུབ་མངོན་དུ་བྱེད་པ་དེ་ཐམས་ཅད་རྗེས་ལ་འགྲུབ་བའི་ཕྱིར་འབད་པར་འོས་པའོ། །ཨ་ལ་ལ་ཧོ་ཞེས་པ་ནི་བཤད་ཟིན་ཏོ། །ད་ནི་འཇམ་པའི་དབྱངས་ཀྱི་གསུང་བསྡུ་བའི་ཕྱིར་བླ་མས་སྦྲུལ་པའི་དཀྱིལ་འཁོར་བསྡུ་བ་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །རོལ་པའི་གར་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །འཁོར་ལོར་བཅས་པས་ཞེས་པ་ནི་རྟག་པ་ལ་སོགས་པའོ། །དེ་ཉིད་ཅེས་པ་ནི་དུས་དེར་རོ། །གླུ་དབྱངས་ཀྱིས་བདག་ལ་བསྟོད་པ་ནི་ཚིགས་སུ་བཅད་པའི་མཛོད་ལས་ཤེས་པར་བྱའོ། །དེར་ཞེས་པ་ནི་གནས་དེ་ཉིད་དུའོ། །ནམ་མཁའི་ཁམས་སུ་ཞེས་ཏེ་དེ་བཞིན་དུའོ། །སྤྲིན་རྣམས་མེད་པ་ལྟ་བུར་ཤེས་པར་འགྱུར། །ཞེས་བ་ནི་ཇི་ལྟར་སྤྲིན་རླན་ལས་ནམ་མཁའ་ལས་བྱུང་ཞིང་དེར་ཞི་བ་བཞིན་དུ། བཅོམ་ལྡན་འདས་འདི་ཡང་ཐུགས་རྗེ་ཆེན་པོའི་སྦྱོར་བས་དེ་བཞིན་ཉིད་ལ་སྣང་ཞིང་ཡང་དེར་ཞི་བར་བསྟན་པའི་ཕྱིར་རོ། །དེ་བས་ན་དེའི་རྒྱུའི་སྦྲུལ་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་རང་གི་དེ་ཤེས་ནས་སྐལ་ལྡན་གྱི་དོན་


DTG042_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བྱས་བའི་ལོ་རྒྱུས་གསུངས་པ་བདག་གི་ཞེས་པ་ལ་སོགས་པའོ། །ཅུང་ཟད་རྟོགས་པ་ཞེས་པ་ནི། དངོས་པོ་ཐམས་ཅད་ཀྱི་མཐའི་ཕ་རོལ་ཏུ་སོན་པའི་དེ་བཞིན་ཉིད་དུ་ནི་བག་ལ་ཉལ་དུ་བཅས་པ་ཟད་པ་སྟེ། དེ་ཕྱག་རྒྱའི་རིམ་པས་གོང་ནས་གསུངས་བ་ལྟར་རྟོགས་ནས་དཔེ་མཁྱུད་སྣོད་རུང་འགའ་ལ་ཡང་སྤང་བའི་ཕྱིར་རོ། །རྡོ་རྗེ་གདན་གྱི་རྒྱབ་ནི་བྱང་ཤར་གྱི་མཚམས་ནའོ། །རྒྱང་གྲགས་ནི་འདོམ་ལྔ་བརྒྱའོ། །དེ་ལྔ་བཅུ་ནི་དཔག་ཚད་དྲུག་དང་རྒྱང་གྲགས་གཉིས་སོ། །པརྦ་ཏའི་ཕུག་ཅེས་པ་ནི་མ་ཏ་ཧྲ་ནི་ཏྲ་ཞེས་ཏེ་ཆོས་ཀྱི་མྱུ་གུ་ཞེས་པ་སྔོན་གྱི་གྲུབ་པའི་དབང་ཕྱུག་ཆེན་པོའི་གནས་སོ། །དེ་ལ་བརྟེན་ཏེ་ཞེས་པ་ནི་གནས་བཅས་པའོ། །ཅིའི་ཕྱིར་སེམས་ཅན་དོན་བྱའི་ཕྱིར། །ཞེས་པ་ནི་དེའི་ཉེ་འཁོར་རྣམས་ནི་ཁྱད་པར་དུ་སྣོད་དུ་རུང་བ་མང་བས། བླ་མས་ཀྱང་དེའི་དོན་དུ་ཞེས་སོ། །འདི་བསྡུས་ཞེས་པ་ནི་ཞལ་གྱི་ལུང་ངོ༌། །རབ་ཏུ་བྱེད་པ་ཐམས་ཅད་ཅེས་པ་ནི་གོང་དུ་སྨོས་པ་རྣམས་སོ། །རྩོམ་པ་ནི་བྱེད་པའོ། །སྟོན་པ་ནི་བཤད་པའོ། །སོགས་ཀྱི་སྒྲས་བསྡུས་པ་ནི་དམ་ཚིག་སྦྱིན་པ་ལ་སོགས་པའོ། །དེའི་རྒྱུ་ཡང་དམ་པས་གསོལ་བ་རྒྱ་ཆེན་པོ་བཏབ་པས་ཞེས་གོང་མ་ལྟར་རོ། །བདག་ནི་ཤིན་ཏུ་བྲོད་ཅེས་པ་ནི་རང་ཡིད་ཆེས་ནས་སོ། །དེ་རྣམས་རྩོམ་པའི་སྦྱོར་བ་ལ་ཞུགས་པའོ། །དེར་གནས་ནི་ཕུག་དེར་རོ། །འཁོར་བཅས་རྣམས་ཞེས་པ་ནི་རང་གི་རྗེས་སུ་སྤྱོད་པའི་སློབ་མ་རྣམས་ཀྱི་ནང་ན་རྒྱལ་ཚབ་ཀྱིས་པའི་གང་ཟག་བཅོ་བརྒྱད་ཡོད་དེ་དེ་རྣམས་ཀྱི་ནང་ནས་མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་བཞིན་ཡོད་དེ། མར་མེ་མཛད་བཟང་པོ་དང༌། རབ་ཏུ་ཞི་བའི་བཤེས་གཉེན་དང༌། སྒྲ་གཅན་འཛིན་བཟང་པོ་དང༌། རྡོ་རྗེ་བདེ་བ་ཆེན་པོའོ། །དེ་རྣམས་བདག་ཅག་གི་དང་པོའི་གཞུང་ལྟར་དེ་བླ་མ་ཆེན་པོའི་རིམ་པ་ཇི་བཞིན་པའི་ཕྱིར་རོ། །དེ་ཐམས་ཅད་ཀྱི་ཡོ་བྱད་དང༌། གོས་དང༌། ཟས་དང་གསེར་ལ་སོགས་པའི་ནོར་གྱི་མཛོད་དང༌། བྱང་ཆུབ་ཀྱི་སྙིང་པོ་ལ་མཆོད་པའི་ཡོ་བྱད་བྱང་རྒྱ་ཆེན་པོ་དང༌། རང་དང་སློབ་མའི་ཚོགས་ཀྱི་སྣ་ཚོགས་འཁོར་ལོའི་བྱ་བ་རྣམས་སྦྱོར་བར་བྱེད་པ་ནི། ས་བཅུའི་བྱང་ཆུབ་སེམས་དཔའ་སྟེ་དེ་ཉིད་གཏེར་རྣམས་ཀྱི་བདག་པོ་ཡིན་པས་ན་མཛོད་སྲུང་ངོ༌། །གནོད་སྦྱིན་གྱི་ཆ་ལུགས་


DTG042_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བས་ན་གནོད་སྦྱིན་གྱི་གནས་སོ། །དེས་ཉིན་རེ་འགྲོན་བུ་ཀཱ་ཪྵཱ་བ་ཎ་བདུན་བརྒྱ་རེ་རེ་ལ་སྦྱོར་ཞེས་སོ། །དེ་ནས་བྱིན་རླབས་ཤེས་པས་བླ་མས་སྤྱན་དྲངས་པའི་ལོ་རྒྱུས་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཅུང་ཟད་བསྡུས་པ་ཞེས་པ་ནི་གོང་དུ་གསུངས་པ་རྣམས་སོ། །དེ་རུ་ཞེས་པ་ནི་ལྷོ་ཕྱོགས་ཀྱི་གནས་དེར་རོ། །བླ་མ་ནི་བསྲུང་བའི་ཞབས་སོ། །སོགས་ཀྱི་སྒྲས་བསྡུས་པ་དེར་རྟོགས་སོ་ཞེས་འཚལ་སྤུན་ཟླར་གྱུར་པ་རྣམས་སོ། །མཉེས་པར་བྱས་ཏེ་ཞེས་པ་ནི་ཆོས་ཀྱི་གཏམ་ལ་སོགས་པའོ། །སྔོན་གནས་ཞེས་པ་ནི་པརྦ་ཏའོ། །སྐལ་ལྡན་དོན་འགའ་བྱས་ཞེས་པ་ནི་སྔོན་ལས་མ་གཏོགས་པ་རྣམས་ཀྱིའོ། །ད་ནི་དེ་ལྟ་བུས་དད་པར་བྱས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་འབྲས་བུ་དང་བཅས་པ་གསུངས་པ། དེ་བས་ཞེས་པ་ལ་སོགས་པའོ། །གཏམ་རྒྱུད་རྒྱས་པར་ཤེས་བྱས་ནས། །ཞེས་པ་ནི་བླ་མ་ཆེན་པོའི་གཏམ་རྒྱུད་རྒྱས་པ་ན་ལེནྡྲ་འདུལ་བ་དང༌། རྡོ་རྗེ་གདན་གྱི་མཆོད་པ་བྱས་པ་དང༌། རབ་ཏུ་གནས་པ་བྱས་པ་ལ་སོགས་པའི་ལོ་རྒྱུས་ཀྱིས་སྐལ་བ་དང་ལྡན་པ་ཆེར་དད་པར་བྱས་ནས། དེས་ཀྱང་རང་གི་འདོད་པའི་གཞུང་ལ་མཁས་པ་ནི་བླ་མ་སྟེ། དེ་ཉིད་ཀྱིས་བློའི་སོམ་ཉི་བཟློག་པས་ན་གཟུ་བོའོ། །དེ་གོང་དུ་གསུངས་པའི་ཐབས་ཀུན་གྱིས་མཉེས་པར་བྱས་ཏེ་ཞེས་སོ། །དེ་ལས་གོམས་པའི་ཕྱིར་ན་ལུང་སྟེ། རབ་ཏུ་བྱེད་པ་ལ་སོགས་པའོ། །རབ་ཏུ་བྱེད་པ་ནི་ཤིན་ཏུ་ལེགས་པར་བྱེད་པའི་ཕྱིར་ན་སྟེ། ཀུན་དུ་བཟང་མོ་ལ་སོགས་པའོ། །སོགས་ཀྱི་སྒྲས་བསྡུས་པ་ནི་རྒྱུད་ཀྱི་རྣམ་པར་བཤད་པ་ལ་སོགས་པའོ། །དེ་རྣམས་ཉན་པ་ནི་ཐོབ་བྱེད་དང་བཅས་པས་ལམ་གྱི་རིམ་པ་ཐོབ་པ་ལས་བྱུང་བས་སོ། །བསམ་པར་བྱ་ཞེས་པ་ནི་འཐད་སྒྲུབ་ཀྱིས་ཡང་དང་ཡང་དུ་བློ་ངེས་པར་བྱའོ། །དེ་ལ་རབ་བརྟེན་ཞེས་པ་ནི་བསམ་པ་དེ་ལ་རབ་ཏུ་བརྟེན་ཏེ་དེ་ཉིད་ཁྱད་པར་ཅན་དུ་བྱ་བའི་ཕྱིར་དགོན་སོགས་རབ་ཏུ་བརྟེན་བྱས་ཞེས་ཏེ་གོང་མ་ལྟར་རོ། །རང་གི་སེམས་དེ་ཉིད་བསྒོམས་པས། །ཞེས་པ་ནི། རིམ་པ་གཉིས་ཀྱིས་ཞེས་པ་དང་པོ་ལ་སོགས་པ་ལྟར་རོ། །ཇི་བཞིན་རབ་ཏུ་རྟོགས་པ་བྱས་པ་ཡིས། །ཞེས་པ་ནི་རྟོགས་པའི་རྟགས་རྙེད་པ་དང་ཅུང་


DTG042_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་རྟོགས་པ་དང༌། དེ་ཉིད་ཡང་དག་པར་རྟོགས་པས་བརྟུལ་ཞུགས་ལ་སོགས་པས་ལྷག་མ་ཟད་པས་ཆོ་འདི་ཉིད་ལ་ཞེས་ཏེ། མཐོང་བའི་ཆོས་ཉིད་ལའོ། །ཟླ་བ་དྲུག་གིས་ཞེས་པ་ནི་སོགས་པ་ཞེས་པ་ཐ་མའི་ཚིག་ཏུའོ། །བྱང་ཆུབ་ཐོབ་པ་ནི་མཐར་ཐུག་པའི་གནས་རྟོགས་པ་སྟེ། ཐབས་ཁྱད་པར་ཅན་གྱིས་བྱེད་པ་འདི་ནི་སུ་ཡིས་བཟློག་ཅེས་ཏེ་དེའི་ཆོས་ཉིད་དགག་དཀའ་བ་སྟེ་བར་སྣང་ལ་ཆར་གྱི་རྒྱུན་ལྟར་རོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བའི་མཐར་ཐུག་པ་དག་པར་མ་བྱས་པའི་བརྩོན་འགྲུས་འབར་བ་དང་ལྡན་པའི་སྔགས་པ་གསུངས་པ། བདུད་རྩི་ཞེས་པ་ལ་སོགས་པའོ། །བདུད་རྩི་མཆོག་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །འཐུང་པ་ནི་རོ་མྱང་བ་དང་ངོམས་པར་བྱེད་པའོ། །གཞན་ནི་གོ་སླའོ། །ས་བོན་ཉམས་བྱས་ཏེ་ཞེས་པ་ནི་དེ་ལས་བྱུང་བ་དང་བཅས་པ་དཀྱིལ་འཁོར་གྱི་འཁོར་ལོར་ཤེས་པའི་ཕྱིར་རོ། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པ་པདྨ་གཞི་ན་རྟག་ཏུ་གནས་ཞེས་པ་ནི། འཁོར་བའི་དེ་ཉིད་ཡོངས་སུ་ཤེས་པའི་ཕྱིར། །དེའི་ཉེས་པས་རྣལ་འབྱོར་པ་དེ་ལ་མི་གོས་པའོ། །དེ་རུ་མ་ཐོབ་ཅེས་པ་ནི་ལོ་དེ་ལའོ། །ལན་གྲངས་གཞན་ཞེས་པ་ནི་དེའི་ཕྱི་མའམ། དེ་གཉིས་སམ་གསུམ་ལ་སོགས་པའི་ངེས་པ་མེད་དོ། །དེ་ཡང་ཚོགས་པ་ཡོད་ན་ཡང་དག་མྱོང་བའོ། །འབྲས་བུ་སྨིན་བྱེད་ཅེས་སོ། །གང་སྨིན་ཞེ་ན། སྔགས་པའི་ཡིད་ལ་ཡང་དག་འབྱུང༌། །ཞེས་ཏེ་ཡིད་ཉིད་ཇི་བཞིན་དུ་རྟོགས་པ་ན་ཡང་དག་པ་སྟེ་དངོས་གྲུབ་རྒྱ་ཆེན་ནོ། །དེ་ཐོབ་པ་ནི་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་པའོ། །སངས་རྒྱས་རེ་རེས་བསྟན་པ་རེ་རེ་སྦྱོང་བའི་ཕྱིར་ན་སྤྲུལ་བའི་ཆ་ལུགས་འཛིན་ཞིང་ཕྱོགས་ཐམས་ཅད་དུ་འགྲོ་བའི་ཕྱིར། གངྒའི་བྱེ་སྙེད་ཅེས་པ་ལ་སོགས་པ་བསྟན་ཏོ། །དེ་བས་ན་ཕྱག་རྒྱ་ཆེན་པོ་ལ་ལས་དང་པོ་ལ་སོགས་པ་ཡང་འཇུག་པར་བསྟན་པ་སྟེ། དང་པོའི་མཐར་གྱིས་མ་ཡིན་པའི་ཕྱིར་རོ། །དལ་འབྱོར་འདི་ཚེར་གནས་པ་མ་ཡིན་པས་བསྒོམ་པ་ལ་བརྩོན་པར་གྱིས་ཤིག་པར་གདམས་པ་དེ་བས་ན་ཞེས་པ་ལ་སོགས་པའོ། །ཆུ་འཁོར་དྲག་པོའི་ཁར་ལྷུང་ལྟར། །ཞེས་པ་ནི་ཆུ་འཁོར་དྲག་པོའི་ཁར་ལྷུང་བ་ནི་བརྩོན་འགྲུས་མ་བསྐྱེད་


DTG042_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དེ་ཉིད་དུ་འཆི་བའི་ཕྱིར་རོ། །དེ་བཞིན་དུ་འཁོར་བའི་ཆུ་འཁོར་དྲག་པོ་ན་གནས་པ་རྣམས་ཤིན་ཏུ་སྦྱང་བ་བྱས་པའི་ལུས་དང༌། བཟླས་པ་ལ་སོགས་པའི་ངག་དང༌། རྩེ་གཅིག་པའི་སྦྱོར་བའི་སེམས་ཀྱིས་བརྩོན་འགྲུས་བསྐྱེད་ལ་སྔོན་གྱི་རིམ་པ་ཁོ་ན་བཞིན་དུ་བསྒྲུབ་པར་བྱའོ། །ཅིའི་ཕྱིར་ཞེ་ན། དལ་འབྱོར་ལུས་ནི་ཞེས་ཏེ་མི་ཁོམ་པ་བརྒྱད་སྤངས་པའོ། །ཤིན་ཏུ་གཡོ་སླ་བས་ཞེས་པ་ཆེར་གནས་པ་མ་ཡིན་པའོ། །དེའི་དཔེ་ཡང༌། རླུང་གིས་མར་མེ་གསོད་པ་ལྟར། །ཞེས་ཏེ། སྦྱོར་བའི་བྱ་བ་མ་བྱས་ན་དེས་སྐད་ཅིག་ཙམ་དུ་ཡང་མི་སྡོད་དེ་མེད་པར་བྱེད་དོ། །དེ་བས་ན་དུས་འདའ་བྱེད་དེ། ཉིན་མཚན་ལ་སོགས་པའི་རིམ་པས་སོ། །དེ་བས་ན་སྐྱེ་བ་འདི་ཆུད་གསན་པར་མི་བྱ་སྟེ། གོང་མ་ལྟར་དངོས་གྲུབ་དེ་ཉིད་མཆོག་ཆེན་རབ་བསྒོམ་བྱ་ཞེས་ཏེ་བརྩོན་འགྲུས་འབར་བ་དང་ལྡན་པས་སོ། །དེ་ཉིད་སྤྱོད་པ་ཞེས་པ་ནི་གསང་བའི་རིག་པའི་བརྟུལ་ཞུགས་ལ་སོགས་པའོ། །དེ་ལ་བློ་ངེས་པ་ནི་རྣལ་འབྱོར་པ་གསུམ་པའོ། །ཇི་སྐད་བཤད་བཞིན་པས་ཞེས་པ་ནི་གོང་དུ་གསུངས་པའི་སྐུ་གསུམ་ཡན་ལག་དང་བཅས་པའོ། །དེར་དེ་རབ་ཏུ་འགྱུར་བ་ན་སེམས་གཞན་རྣམ་པར་བཀག་ནས། སེམས་ནི་ཡང་དག་བརྟན་པར་གྱིས་ཤིག་ཅེས། བདག་སྣོད་དུ་རུང་བ་འགའ་ལ་གསོལ་པ་འདེ་བས་ཞེས་གདམས་པའོ། །སྣོད་དུ་རུང་བའི་སེམས་ཅན་མང་བ་མ་ཡིན་པས་གསང་བ་བླ་མའི་ཞལ་ནས་རྙེད་པར་བྱ་བ་གསུངས་པ། གང་གིས་ཞེས་པ་ལ་སོགས་པའོ། །འདི་ན་ཞེས་པ་ནི་གཞུང་འདིར་རོ། །གསང་བ་ཞེས་པ་ནི་ཡི་གེ་མི་སྟོན་པའོ། །བདག་གིས་གསལ་བར་མ་བྱས་ཅི་ཡོད་པ་ཞེས་པ་ནི་རྡོ་རྗེ་དབྱིངས་ཕྱུག་མའི་རྩའི་འཁོར་ལོ་བཙལ་བ་དང༌། དེས་མཚན་ཉིད་ལྔ་དང་ལྡན་པར་བྱ་བ་དང༌། ཐབས་ཀྱིས་སྟེར་བ་མྱོང་བ་ལ་སོགས་པ་ནི་གསལ་བར་མ་བྱས་པའོ། །དེ་གང་ལས་ཤེས་ཤེ་ན། ངེས་ན་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །ཅིའི་ཕྱིར་ཞེ་ན། འདི་ནི་ཞེས་པ་ལ་སོགས་པའོ། །འདི་ནི་ཞེས་པ་ནི་གསང་བར་བྱའོ། །རྣལ་འབྱོར་སྤྱོད་པ་ཞེས་པ་ནི་གཉིས་བསྟན་ཏོ། །ཡང་དག་སྤྱོད་པ་ལ་ཞེས་པ་ནི་ཅུང་ཟད་དག་པའི་སྐུ་ཅན་ཏེ། སྙིང་པོ་ནི་བསྐྱེད་པའི་རིམ་པ་


DTG042_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་འདོད་པའི་འབྲས་བུ་འབྱིན་པའོ། །དེ་ལ་སྙིང་པོ་ནི་རྫོགས་པའི་རིམ་པ་མི་གཡོ་བའི་ཕྱིར་རོ། །དེའི་འབྲས་བུ་སྩོལ་བ་ནི་ཤིན་ཏུ་ཡོངས་སུ་དག་པའི་སྐུ་འབྱིན་པ་སྟེ། དེས་ཅིག་ཅར་དུ་རང་གི་སྐུ་གསུམ་ཡང་དག་པར་སྦྱོང་བའོ། །དེ་བས་ན་ལོག་པར་ལྟ་བ་ཐམས་ཅད་ཀྱི་མཐའི་ཕ་རོལ་ཏུ་སོན་པའི་བླ་མ་ཆེན་པོ་ཡོན་ཏན་མ་ལུས་པའི་གཞི་གང་ཡིན་པ་དེས་ཐབས་ཀྱིས་སྟེར་བ་འདི་ནི་ཞལ་ལས་རྙེད་པར་བྱའོ་ཞེས་སོ། །དེ་ལས་གཞན་གྱི་སོམ་ཉི་བཟློག་པའི་ཕྱིར། དེ་བས་ཞེས་པ་ལ་སོགས་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་པ་ནི་རྣལ་འབྱོར་ཆེན་པོ་སྟོན་པར་བྱེད་པའི་གཞུང་སྟེ་ཐབས་གཙོ་བོར་བྱེད་པའི་རྒྱུད་དང༌། མཁའ་འགྲོ་མའི་རྒྱུད་རྣམས་སོ། །དེ་རྣམས་ཀྱི་དོན་རྣམས་ནི་མི་སླུ་བའི་དེ་ཁོ་ན་ཉིད་རྒྱུ་དང་གོམས་པར་བཅས་པའོ། །མི་འཆམ་པར་ནི་སྣང་ཡང་ཞེས་པ་ནི་ཉོན་མོངས་པ་ལམ་དུ་བྱེད་པ་ལ་ཕལ་ཆེར་འགལ་བར་མཐོང་བའི་ཕྱིར་རོ། །ཉི་མའི་དཔེ་ཞེས་པ་ནི་ཤིང་རྟའི་འཁོར་ལོ་གཅིག་རྟ་བདུན་སྦྲུལ་གྱི་ཞགས་པས་སྤྲེལ་ནས། རོ་སྨད་མེད་པའི་ཁ་ཁྲིད་ཀྱིས་ནམ་མཁའ་ལ་ཁྲིད་ནས་འཛམ་བུ་གླིང་ལ་སོགས་པར་འགྲོ་བ་ནི་སྨྱོན་ཚིག་ལྟ་བུར་སྣང་ཡང༌། རང་དང་གཞན་གྱི་དོན་བྱེད་ནུས་པས་ན་ཞེས་ཏེ་མི་ལྟུང་བ་དང༌། འཛམ་བུ་གླིང་ལ་སོགས་པའི་སྒྲོན་མ་བྱེད་པ་ལྟར། རྣལ་འབྱོར་ཆེན་པོའི་རྒྱུད་སྦྱོར་བ་བདུན་འདོད་ཆགས་ཀྱི་ཆེས་ཀྱིས་བསྡུས་པ་འཁོར་བའི་ཆོས་དང་བྲལ་བའི་རྡོ་རྗེ་འཛིན་པས་དེ་བཞིན་ཉིད་ལས་ཁྲིད་པས་འཁོར་བའི་མཐར་ཕྱིན་ཅིང་ཇི་བཞིན་པ་ལ་ཞུགས་ཤིང་སྤྲུལ་པ་ལ་སོགས་པས་འགྲོ་བ་སྨིན་པར་བྱེད་པ་འབྱུང་བས་ན། རྣལ་འབྱོར་འགས་ཞེས་ཏེ། སྣོད་དུ་རུང་བ་བཞི་ལ་མོས་པ་གཅེས་སུ་བྱེད་པས་ཤིན་ཏུ་འབད་དགོས་སོ། །ཇི་ལྟར་ཞེ་ན་ཐེ་ཚོམ་སོམ་ཉི་ནི་ཡིད་གཉིས་ཟབ་སྟེ་གོང་གི་དཔེས་བཟློག་ནས། ཡིད་ཆེས་པ་ལ་སོགས་པའི་དད་པའི་ནོར་གྱིས་འདིའི་དོན་བླ་མ་ལས་གུས་པས་བླངས་ནས་ཐོས་པ་ལ་སོགས་ཤེས་རབ་ཀྱིས་ཡང་དང་ཡང་དུ་ཞེས་རྣལ་འབྱོར་གྱི་རིམ་པ་ལྟར་རང་གི་སེམས་སྤྱད་པར་བྱའོ། །དེས་བདག་ལ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་དམ་ཚིག་དང་སྡོམ་པའི་སྣོད་གཙང་མར་རྩེ་གཅིག་པ་ཆུ་གཙང་


DTG042_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བའི་ནང་དུ་གཉིས་སུ་མེད་པའི་ཡེ་ཤེས་ཟླ་བའི་དཀྱིལ་འཁོར་ལྟར་འབྱུང་བར་འགྱུར་བ་འདི་ལ་ཡིད་གཉིས་མ་ཟ་ཞིག་ཅེས་བྱ་བའི་དོན་ཏོ། །རྒྱུ་གཉིས་དང་མི་ལྡན་པ་རྣམས་དོན་ཁྱད་པར་ཅན་དང་བྲལ་བར་གསུངས་པ། འདི་ནི་ཞེས་པ་ལ་སོགས་པའོ། །རང་བཞིན་འགྲུབ་པ་ཞེས་པ་ནི་བཅོས་མ་མ་ཡིན་པའོ། །མན་ངག་ཅེས་པ་ནི་ཨུ་པ་དེ་ཤ་ན་སྟེ་ཐབས་ཀྱིས་སྟེར་ཞེས་པ་ནི་ཤེས་པར་བྱེད་པའི་མན་ངག་ཅེས་པར་སྦྱར་རོ། །བརྒྱུད་པའི་བླ་མ་ནི་སྐྱེས་བུ་ཡང་དག་པའི་གཞི་ཅན་ཏེ་དེས་བྱིན་གྱིས་བརླབས་པ་ནི། དེའི་སྟོབས་ཀྱིས་འགྱུར་པ་སྟེ། རྒན་པོ་གཞོན་ནུའོ། །བསོད་ནམས་ཚོགས་ནི་མངོན་བསྐྱེད་པ། །ཞེས་པ་ནི་སྨོན་ལམ་དང་ལས་ཀྱི་སྒྲིབ་པ་ཟད་བྱེད་ཀྱི་དགེ་བ་ལ་སོགས་པས་དེ་དང་ཕྲད་པའོ། །བསོད་ནམས་ཆུང་བའི་མི་ཞེས་པ་ནི། དེ་གཉིས་སམ་ཡང་ན་དེ་དང་པོ་ཁོན་བྲལ་བའོ། །འདི་དོན་མ་རྟོགས་ན་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མཐར་ཐུག་པ་རྟོགས་སུ་ཟིན་ཀྱང་ཞེས་སོ། །རྣལ་འབྱོར་ཆེན་པོ་ཞེས་བྱ་བ་དེ་ལ་མི་བྱའོ་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་དེ་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་དམ་པ་རྣམས་ཀྱི་ལམ་ཡིན་པར་བསྟན་ནས། ད་ནི་ཁོ་ན་ལ་བློ་བརྟན་པོར་བྱ་བ་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་ཤིང་གོམས་པ་ལས་བྱུང་བའི་ལམ་འདི་སྲིད་པའི་སྡུག་བསྔལ་གྱི་གཉེན་པོ་ཡིན་ཞིང་ལམ་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ་སྲས་དང་ལྡན་པའི་བདེ་བར་གཤེགས་པ་རྣམས་ཀྱི་ལམ་ཡིན་པར་རབ་ཏུ་ཤེས་པར་བྱས་ནས་སུ་ཞེས་སོ། །རྫོགས་པ་ཆེན་པོ་ཞེས་པ་ནི་རིམ་པ་གཉིས་པའི་རིམ་པ་གཉིས་པའོ། །དེའི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་ལྔའིའོ། །སྤྱི་གཟུགས་ཞེས་པ་ནི་དེ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཡོངས་སུ་དག་པ་སྟེ། དེ་བས་ན་ཡོངས་སུ་དག་པའི་སྐུ་ཞེས་ཏེ། ཇི་བཞིན་པའི་འབྲས་བུའི་སྐུ་ཡིན་པས་ན་དེ་སྐད་དེ། དེ་ཉིད་ལ་རྡོ་རྗེ་འཆང་ཆེན་པོ་ཞེས་སོ། །དཔལ་ལྡན་ཀུན་ཞེས་པ་ནི། རང་གི་ཤེས་རབ་དང་ལྡན་པས་ན་སངས་རྒྱས་ཐམས་ཅད་ལ་བྱའོ། །དེ་ཉིད་དེ་ཐམས་ཅད་ཀྱི་དོན་དམ་པ་དང་ཀུན་རྫོབ་ཀྱི་ངོ་བོའོ། །དེ་ཉིད་ལ་རིམ་པ་གཉིས་འདི་


DTG042_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཏེ་རྫོགས་པའི་རིམ་པ་དེ་ཁོ་ན་ཞེས་སོ། །ལམ་རིང་བ་རྣམས་ཀྱི་ཐབས་ཆེ་བ་འདི་བསྒོམ་པར་གསུངས་པ། སྡུག་བསྔལ་ཞེས་པ་ལ་སོགས་པའོ། །སྡུག་བསྔལ་ཞེས་པ་ནི་མགོ་སྦྱིན་པ་ལ་སོགས་པའི་སྒོ་ནས་ལམ་རྣམས་ལ་བསྐལ་བ་གསུམ་དུ་ཡང་གསུངས་ཏེ། དད་པས་སྤྱོད་པ་དང༌། དང་པོ་ནས་བདུན་པ་དང༌། བརྒྱད་པ་ནས་བཅུ་པའི་བར་དུ་གྲངས་མེད་པའི་བསྐལ་པ་རང་གི་རྗེས་སུ་མཐུན་པའི་བྱང་ཆུབ་ཐོབ་ཀྱང་དེའི་གོང་ན་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཡོད་པས་ན་བླ་དང་བཅས་ཞེས་སོ། །དེའི་བདེ་བ་ནི་བདེ་བ་ཆེན་བོའི་སྦྱོར་བ་ལ་ལྟོས་ན་ཅུང་ཟད་ཙམ་སྟེ་དེ་ལ་རབ་ཏུ་ཆགས་པའི་རྣལ་འབྱོར་པ་དེ་ཡིས་འདི་ལྟ་བུ་དཔལ་དང་ལྡན་པ་ཀུན་ནས་བཀྲ་ཤིས་པ་འདི། ཚེ་གཅིག་གིས་འགྲུབ་པའི་ལམ་འདི་ཅིའི་ཕྱིར་མི་བསྒོམ་སྟེ་བསྒོམ་པར་བྱ་བ་ཁོ་ནའོ་ཞེས་སོ། །ད་ནི་ལམ་དེ་ཉིད་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་རྣལ་འབྱོར་གྱིས་བསྒོམ་པར་གསུངས་པ། དད་པ་ཞེས་པ་ལ་སོགས་པའོ། །དེ་ལ་དང་པའི་ནོར་གྱིས་དོན་ཇི་ལྟ་བ་བླངས་ནས་མི་འགོང་མི་ལྡོག་ལོག་པར་མི་འཛིན་པའི་བརྩོན་འགྲུས་བསྐྱེད་ལ། དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་ཞི་གནས་ལྷག་པར་བསྐྱེད་པ་ལ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ལྷག་མཐོང་བསྐྱེད་ལ། དེ་གཉིས་ཀྱིས་བྱིང་བ་དང༌། རྣམ་པར་གཡེང་བ་གང་ཉམས་པ་ལས་དྲན་པའི་ཐག་པས་བློ་བཟློག་སྟེ། གོང་གི་རིམ་པ་ལྟར་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པའོ། །ཡིད་དགའ་བའི་གནས་བསྟེན་ཞེས་པ་ནི་འདོད་པའི་ཡོན་ཏན་ལ་སོགས་པའི་ངོ་བོས་ཡིད་དགའ་བར་བྱས་ཤིང་བསྟེན་ཡང་སྒོ་གསུམ་གྱི་ཉེས་པས་མགོས་པས་ན་ཀུན་དུ་བཟང་པོ་མཆོག་གོ །དེ་ཉིད་ལམ་སྟེ་ལེགས་པར་ཕྱིན་པར་བྱེད་པའི་ཕྱིར་རོ། །དེ་ལྟ་བུ་ལེགས་པར་ཕྱིན་པར་བྱེད་པའི་ལམ་འདི་ནི་བསྒོམ་པར་བྱ་བ་ཁོ་ནའོ་ཞེས་སོ། །ད་ནི་འདི་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བ་བསྔོ་བ་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པའོ། །རབ་ཏུ་དང་བའི་དང་བ་ཞེས་པ་ནི་ལེན་པར་བྱེད་པའོ། །ལེན་ཞིང་ཞེས་པ་ནི་བླ་མ་ལས་སོ། །འདི་མཆོག་ཅེས་པ་ནི་བླང་བྱའི་དོན་


DTG042_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །རབ་བསྒོམ་ཤོག་ཅེས་པ་ནི་རིམ་པ་གཉིས་ཀྱིས་གསུམ་དུའོ། །བླང་བའི་དོན་གྱི་དགེ་བའི་རྩ་བ་བསྔོ་བ་གསུངས་པ། བླུགས་དང་ཞེས་པ་ལ་སོགས་པའོ། །དེ་ལ་བླུགས་དང་ཞེས་པ་ནི་ཐུན་མོང་གི་སྡོམ་པ་ལ་སོགས་པས་དག་པའི་སྡོད་གཙང་མར་ཆུ་ལ་སོགས་པའི་ཡེ་ཤེས་བླུགས་པ་དང༌། དེའི་རྒྱུ་ལ་གཏོར་བས་ཀུན་གཞི་ལ་སོགས་པའི་བག་ཆགས་དག་པའི་ས་བོན་ཐོབ་བའོ། །དེ་བས་དག་པར་བྱས་པས་ཞེས་ཏེ་སྣོད་དུ་རུང་བར་བྱས་པས་སོ། །སློབ་དཔོན་ཆེར་གྱུར་ཏེ་ཞེས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པས་སོ། །དེས་ཅི་བྱེད་ཅེ་ན། ཐམས་ཅད་ཀུན་གྱི་རྒྱུད་འཛིན་ཞེས་ཏེ་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པའི་སྔགས་དང༌། རྒྱུད་ཀྱི་བདག་པོར་གྱུར་པའི་ཕྱིར་རོ། །དེས་འགྲོ་བ་གཞན་རྣམས་ཀྱང་རྒྱུད་དེ་རྣམས་ཀུན་ལ་སྦྱོར་བར་བྱེད་པ་སྟེ་སྟོན་པའོ། །དང་པོའི་རིམ་པ་ཞེས་པ་ནི། བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་རྟོགས་པས་རང་གི་རྒྱུད་ཀྱི་ལས་ཀྱི་སྒྲིབ་པའི་དྲི་མ་རྣམས་དག་པར་བྱས་ཏེ། ཡི་ཤེས་སྒྱུ་མ་ཞེས་པ་ནི་ཡེ་ཤེས་ཅུང་ཟད་དག་པའི་སྐུ་སྟེ་དེའི་སྣོད་དུ་རུང་བར་ཞེས་པ་ནི་ཀ་ལ་ཤ་ནི་སྣོད་དེ་བུམ་པའི་དབང་ཐོབ་པ་ནི། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་སྣོད་དུ་རུང་བར་རྣལ་འབྱོར་པ་དེ་འགྱུར་བར་ཤོག་ཤིག་ཅེས་པའོ། །སྙིང་རྗེར་ལྡན་པའི་ཞེས་པ་ནི་རྒྱུའི་སློབ་དཔོན་ཆེན་པོ་སློབ་མ་ལ་སོགས་པ་སྡུག་བསྔལ་དང་བྲལ་བར་འདོད་པའོ། །དེ་ལྟ་བུའི་བླ་མའི་ཞབས་ལ་ཞེས་ཏེ་རྐྱེན་གྱིས་སློབ་དཔོན་དང་བཅས་པའི་ཞབས་ལ་མེ་ཏོག་གིས་སྙིམ་པ་བཀང་ནས་མགྲིན་པ་དམའ་བའི་ཚུལ་གྱིས་གུས་པར་ལྡན་པས་འདུད་པའོ། །དེ་ལ་རི་བོང་འཛིན་པའི་གཟུགས། །ཞེས་པ་ནི་ཟླ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱིས་ཁའི་ལམ་ནས་སྙིང་གའི་པདྨར་ཞུགས་པས་རང་རྒྱུད་རབ་ཏུ་སྨིན་བྱས་ཏེ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་ན་ཞིང་དག་བྱས་པས་ཞེས་ཏེ་ཞིང་ནི་ཕུང་པོ་ལ་སོགས་པའོ། །དེ་སྔགས་ཀྱི་གཟུགས་སུ་སྣང་ཡང་མེད་པ་ནི་དག་བྱས་པས་ཏེ་ལྟོའི་དྲི་མ་བཞིན་ནོ། །འོ་ན་ཇི་ལྟར་རྟོགས་ན་ཆོས་ཀུན་སྒྱུ་མ་ཞེས་པ་ལ་སོགས་པ་བཅུ་གཉིས་ཀྱི་དོན་རབ་ཏུ་རྟོགས་ནས། ས་བཅུའི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ནི་སྐྱེ་བ་གཅིག་གིས་ཐོགས་


DTG042_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། དེ་བཞིན་དུ་དབང་དེའི་མཐའ་ཡང་རྣལ་འབྱོར་པ་གསུམ་པའི་དང་པོ་སྟེ། དེར་སེམས་ཅན་ཐམས་ཅད་འགྲོ་བར་ཤོག་ཅེས་པའོ། །ལྷན་ཅིག་བྱེད་པ་ཞེས་པ་ནི་ལྷན་ཅིག་བྱེད་པའི་སློབ་དཔོན་ནོ། །བྱིན་རླབས་ཞེས་པ་ནི་སྙོམས་པར་ཞུགས་པའོ། །རྗེ་བཙུན་ཐུགས་རྗེ་ཆེན་པོ་ཞེས་པ་ནི་རྒྱུའི་སློབ་དཔོན་གྱིས་ཐུགས་རྗེ་ཆེན་པོ་བསྟན་པ། རང་གིས་དགའ་བ་རྙེད་པས་ཞེས་ཏེ། སྐུ་གསུམ་གྱིས་བསྡུས་པའི་དགའ་བ་ནི་དེ་ལས་སྐྱེས་པའི་ཡེ་ཤེས་ཏེ། དེ་ཉིད་ཀྱང༌། ཆོས་ཀུན་དག་པའི་ངོ་བོ་མཆོག །ཅེས་ཏེ་ཆོས་ཐམས་ཅད་དེར་ཐིམ་པའི་ཕྱིར་རོ། །ཇི་བཞིན་གནས་པའི་དོན་ཞེས་པ་ནི་མི་འགྱུར་བའི་དེ་ཁོ་ན་ཉིད་དོ། །དེ་ལ་མི་སླུ་བའི་དེ་ཁོ་ན་ཉིད་ནི་བཅུ་དྲུག་གི་ཐིག་ལེ་ཆ་སྟེ། བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་ཀྱང་དེ་ཐོབ་པར་བྱེད་པ་ལ་བརྫུན་པ་མ་ཡིན་པ་སྟེ་དོན་ཅན་གྱི་མི་དང་ཕྲད་པ་བཞིན་ནོ། །དེ་ཡང་ངལ་སོ་ལས་ཐོབ་ཅེས་པ་ནི་དེ་ཉིད་རྩའི་ལམ་ནས་རླུང་གིས་ངལ་སོས་པ་ལས་རྙེད་པའོ། །དེ་ཡང་ཐབས་ཀྱིས་སྟེར་བས་ན་མན་ངག་ཆེན་པོ་སྟེ། ཐོབ་པར་ཤོག་ཤིག་ཅེས་པའོ། །དེ་རྙེད་ཅེས་པ་ནི་མི་སླུ་བའོ། །དེ་ལ་སེམས་རབ་ཏུ་མགུ་བར་གྱུར་པ་ནི་དེ་ཁོ་ན་བཞིན་དུ་ངེས་པར་འཛིན་པས་ཡི་རངས་པའོ། །དེས་ཆོག་པ་མ་ཡིན་ཏེ། མགྲིན་པ་དམའ་བར་བརྟགས་ན་ཞེས་ཏེ། གཞན་དུ་གཡེངས་པ་སྤངས་ཏེ་བསྐྱེད་པའི་རིམ་པས་གཞི་རྣམ་པར་བཀོད་ནས། དེ་ཉིད་རིམ་པ་གཉིས་པས་དེའི་དོན་ལ་བརྟགས་པས་བརྟན་པའི་རྟགས་རྙེད་པ་ལ་སོགས་པའི་རིམ་པས་རྣལ་འབྱོར་པ་གསུམ་པར་གྱུར་པས་བརྟུལ་ཞུགས་ལ་སོགས་པའི་རིམ་པ་བཞི་པའི་བཞི་པས་རང་རིག་ཆོས་ཀྱི་སྐུ་ནི་ཡང་དག་ཐོབ་ཅེས་པའོ། །དེའི་ཐུགས་རྗེ་རྒྱས་པའི་སྦྱོར་བས་ཡང༌། སྐུ་དང་ཞེས་པ་ནི་གཏི་མུག་གི་རིགས་ཅན་ལའོ། །གསུང་དང་ཐུགས་ཀྱང་འདོད་ཆགས་དང་ཞེས་སྡང་གི་རིགས་ཅན་ལའོ། །དེ་གཙོ་བོ་ཙམ་སྟེ་དཔག་མེད་སྤྲུལ་པའི་གཟུགས་ཞེས་ཏེ་ང་རྒྱལ་ལ་སོགས་པ་དང་ལྡན་པའི་སེམས་ཅན་རྣམས་ལ་སྤྲུལ་པའི་གཟུགས་དེ་སྙེད་ཀྱིས། ཁམས་ཀུན་བཀང་ནས་ཞེས་ཏེ་འཇིག་རྟེན་གསུམ་དུ་རྟོགས་པའི་རོ་མྱང་བའི་མཚན་ཉིད་བརྒྱད་དང་ལྡན་པའི་སྐུས་བཀང་བའོ། །དེས་སེམས་


DTG042_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱི་སྲིད་པ་ནི་སྒྱུ་མ་ཙམ་དུ་མེད་པའི་རྣམ་པར་རྟོག་པ་སྟེ། གཞི་མ་རྟོགས་པ་རྣམས་ལ་དེ་ཙམ་དུ་སྣང་ཡང་སྲིད་པའོ། །དེ་ལ་ཆོས་སྟོན་པ་ལ་སོགས་པའི་ཕྱག་གིས་འདམ་རྫབ་དང་འདྲ་བའི་སྲིད་པའི་སྡུག་བསྔལ་ལས་དྲངས་ནས། དམ་ཚིག་ཆེན་པོའི་རྡོ་རྗེ་དེ་ཁོ་ན་ཉིད་མངོན་པར་བྱང་ཆུབ་པ་རིན་པོ་ཆེའི་གླིང་དང་འདྲ་བར་འཇོག་པ་ནི་སྒྲོལ་བ་བ་སྟེ། དེ་ལྟར་ཤོག་ཤིག་ཅེས་པའོ། །མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བ། ཞལ་གྱི་ལུང་གི་འགྲེལ་བ། སློབ་དཔོན་ཆེན་པོ་བི་ཏ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousམཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ། བི་ཏ་པཱ་ད།next