Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་གསུམ་པ།


  collapse section
  collapse section
   
   
   
   
   
   
  collapse section
  collapse section
  collapse section
   
དང་པོའི་རྣལ་འབྱོར་པའི་ཞེས་བྱ་བའི་ཏིང་ངེ་འཛིན་དང་པོ་བསྟན་པ།
   
   
   
  collapse section
   
   
   
   


 
previousདང་པོའི་རྣལ་འབྱོར་པའི་ཞེས་བྱ་བའི་ཏིང་ངེ་འཛིན་དང་པོ་བསྟན་པ།next

དང་པོའི་རྣལ་འབྱོར་པའི་ཞེས་བྱ་བའི་ཏིང་ངེ་འཛིན་དང་པོ་བསྟན་པ།


DTG043_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙ་ཏུ་རཾ་ག་སཱ་དྷ་ན་ནོ་པི་ཀ་ས་མནྟ་བྷ་དྲི་ནཱ་མ་ཊཱི་ཀཱ། བོད་སྐད་དུ། ཡན་ལག་བཞི་བའི་སྒྲུབ་ཐབས་ཀུན་དུ་བཟང་མོ་ཞེས་བྱ་བའི་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སྒྲིབ་ཀུན་བསལ་བས་དྲི་མ་མེད་ཅིང་ཡེ་ཤེས་རྒྱས། །རྒྱ་ཆེར་རང་བཞིན་འདས་དང་ད་ལྟར་མ་འོངས་ཀུན་དུ་སོན། །བདེ་བ་ཆེན་མོ་ལྷ་མོ་བཅུད་གཟུགས་རིག་མས་རྟོགས་པ་ཅན། །བདེ་བའི་སྐུ་ཅན་འཇམ་དཔལ་རྡོ་རྗེ་དེ་ལ་ཕྱག་འཚལ་ནས། །དཔལ་ལྡན་གསང་བ་འདུས་པའི་རྒྱུད་ཀྱི་ཆོ་ག་བཞིན། །བཅོམ་ལྡན་འཇམ་པའི་དབྱངས་ཀྱི་མ་ནོར་སྒྲུབ་པའི་ཐབས། །སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཡང་དག་མཛད་པ་གང༌། །དེ་ཉིད་ཅི་ནུས་ཡང་དག་དྲན་ཕྱིར་བྲི་བར་བྱ། །དེ་ལ་རབ་ཏུ་བྱེད་པ་བརྩམ་པར་འདོད་པའི་རྗེ་བཙུན་འདིས་རང་གི་སྤྱོད་པ་བསྲུང་བར་བྱ་བའི་ཕྱིར། འདོད་པའི་ལྷ་ལ་ཡོན་ཏན་འདོད་པ་སྔོན་དུ་འགྲོ་བའི་མཆོད་པས་བསོད་ནམས་འཕེལ་ཞིང་བགེགས་ཀྱི་བར་ཆད་མི་འོང་ཞིང་བསམ་པ་རྫོགས་པའི་ཆེད་དུ་དེ་ཉིད་དུ་བྱས་ནས། ཡང་དག་པའི་ཤེས་པ་དང་ལྡན་པ་རྣམས་འཇུག་པའི་རྒྱུ་གསུངས་སོ། །དེ་ལ་དཔལ་ལྡན་ཞེས་བྱ་བ་ལ་སོགས་པས་འདིར་མཆོད་པ་དང༌། བསྟོད་པ་དང༌། ཕྱག་འཚལ་བའོ། །གང་གི་ཕྱིར་མཉེས་ཤིང་ཡང་དག་པར་ཡོན་ཏན་བརྗོད་པ་དང༌། ལུས་ངག་གིས་འདུད་པའི་དངོས་པོ་ལ་ཤེས་པར་བྱའོ། །དེ་ཡང་གཟི་བརྗིད་ཀྱི་ཁྱད་པར་གྱི་སྒོ་ནས་བཅོམ་ལྡན་འདས་ཉིད་ཀྱི་ཁྱད་པར་བྱས་པ་ཡང་དག་པར་ན་ཁྱད་པར་དེ་རྣམས་བཞི་དང་བྲལ་བའི་ཕྱིར། ཟླ་བ་དང་ཟླ་བའི་འོད་ལྟ་བུར་རྟོགས་པར་བྱའོ། །དེ་ལྟར་བསྡུས་པའི་དོན་བསྟན་ནས་ཡན་ལག་གི་དོན་བསྟན་པར་བྱ་བའི་ཕྱིར། དེ་ལ་དཔལ་ལྡན་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དོ། །དེ་ཉིད་གང་ལ་ཡོད་པ་དེ་དཔལ་ལྡན་ནོ། །དེས་ནི་རང་གི་དོན་ཕུན་སུམ་ཚོགས་པའི་རྒྱུ་གསུངས་སོ། །ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་རང་གི་དོན་ཕུན་སུམ་ཚོགས་པ་ནི་གཟི་བརྗིད་དེ་གཉིས་ལས་བྱུང་བའི་ཕྱིར་རོ། །དེ་ནི་བཅོམ་ལྡན་འདས་དང་འབྲེལ་པའི་ཕྱིར། རྒྱུའི་དུས་སུ་ནི་ཉེ་བའི་མཚན་ཉིད་དུ་ཟད་ཀྱི་


DTG043_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་གནས་སྐབས་ལ་ཡང་རྟོགས་པར་བྱའོ། །དེས་ནི་ཚངས་པ་ལ་སོགས་པ་ལས་ཆེ་བར་བརྗོད་པའོ། །གང་གི་ཕྱིར་ན་ཚོགས་ལས་རྣམ་པ་ཐམས་ཅད་སྐྱེ་བར་འགྱུར་བ་དེའི་ཕྱིར། འཇིག་རྟེན་གྱི་དཔལ་གྱི་དོན་ལས་བྱུང་བ་མ་ཡིན་ནོ། །འཁྲུལ་པ་ཀུན་ཞེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་བགེགས་སུ་འགྱུར་བའི་ཕྱིར། བག་ཆགས་དང་བཅས་པའི་ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་མི་ཤེས་པའི་འཁྲུལ་པ་ཀུན་བསལ་ཞེས་བཅོམ་པར་བྱ་བ་དེ་ཡང༌། བླ་མ་དམ་པ་ལས་དབང་ཐོབ་པ་ལ་སོགས་རིམ་པས་སོ། །དྲི་མ་མེད་པ་ཞེས་བྱ་བ་ནི་ཀུན་གཞི་ལ་སོགས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་གནས་གྱུར་པའི་ངོ་བོ་རང་གི་དོན་ཕུན་སུམ་ཚོགས་པ་དྲི་མ་མེད་པ་ཐམས་ཅད་མཁྱེན་པས་གསུངས་སོ། །དེས་ཉན་ཐོས་ལ་སོགས་པ་ལས་ཆེ་བར་བརྗོད་པའོ། །དེ་ཡང་འཕགས་པ་ལང་ཀར་གཤེགས་པ་ལས། དཔེར་ན་ཤིང་ནི་རྒྱ་མཚོ་རུ། །རླབས་རྣམས་ཀུན་གྱིས་རབ་གཡེངས་ལྟར། །དེ་བཞིན་ཉན་ཐོས་རྨོངས་པ་ཡང༌། །མཚན་ཉིད་ཀྱིས་ནི་རབ་ཏུ་གཡེངས། །ཀུན་ནས་ཉོན་མོངས་བག་ཆགས་འབྲེལ། །ཀུན་ནས་ལྡན་དང་ལྡན་མ་ཡིན། ཞེས་བྱ་བ་ལ་སོགས་པས་རྟོགས་པར་བྱའོ། །ཡང་དག་པར་གསལ་བའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ། གཟི་བརྗིད་བསམ་ཡས་ཞེས་པ་ལ་སོགས་པ་གསུངས་སོ། །གཟི་བརྗིད་ཀྱང་དེ་བསམ་ཡས་ཀྱང་དེ་རིགས་ཀྱང་དེ་སྤྲུལ་པ་ཡང་དེ་ཉིད་ཡིན་པས་དེ་སྐད་དོ། །དེས་རྣམ་པར་བརྒྱན་པའི་བཅོམ་ལྡན་འདས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དོན་ནི་འདི་ལྟ་སྟེ་རིགས་གཅིག་ལ་སོགས་པས་གདུལ་བྱའི་རྒྱུད་ལ་སྣང་བར་གྱུར་པའི་གཟུགས་ཀྱིས་རྟག་ཏུ་དོན་མཛད་པ་ཅན་དེའི་དབང་གིས་གདུལ་བྱ་རྣམས་ཀྱིས་ཐམས་ཅད་ཤེས་པར་གྲུབ་པའི་ཕྱིར་གཞན་གྱི་དོན་ཏོ། །དེ་ལྟ་བུ་ཡོད་པ་དེ་ལ་བརྒྱན་པ་ཞེས་བྱ་བའི་ཐ་ཚིག་གོ །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པ་གསུངས་པ། ཤེས་རབ་མ་ཡིན་ཞེས་པ་ལ་སོགས་པའོ། །དེ་ལ་ཤེས་རབ་མ་ཞེས་བྱ་བ་ནི་རང་གི་རིག་མ་སྟེ། དེ་ཡང་རྒྱུའི་གནས་སྐབས་སུ་བྱིན་ལ་སོགས་པའི་ཚོགས་གཉིས་རྣམ་པར་དག་པའི་བཞིན་གང་གི་སྟོབས་


DTG043_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཐམས་ཅད་མཁྱེན་པ་སྐྱེ་བར་འགྱུར་བ་སྟེ། འབྲས་བུའི་གནས་སྐབས་ལ་གནས་པ་ཡང་ཡང་དག་པའི་བྱང་ཆུབ་ཀྱི་ངོ་བོ་ཕྱི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་དེའི་དབང་གིས་གདུལ་བྱ་རྣམས་ཀྱི་རྒྱུད་ཡོངས་སུ་དག་པར་བྱེད་པའི་རྒྱུའི་ངོ་བོ་སྟེ། དེ་ཟབ་མོ་དང་ཡང་དག་པར་གསལ་བར་སྣང་བའི་སྐུའི་ངོ་བོ་དེའི་ལུས་ནི་ཤེས་རབ་མའི་ལུས་ཏེ། དེས་འཁྱུད་ཅིང་མཛེས་པར་ལོངས་སྤྱོད་ཅིང་ཀླུབས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དབྱེར་མེད་པའི་ཡེ་ཤེས་དང་སེམས་ཅན་གྱི་དོན་བྱེད་པ་ལ་ཆགས་པའི་ཕྱིར་རོ། །དེ་བས་ན་འདོད་ཆགས་ཆེན་པོའི་རྒྱུ་ཡིན་པར་བསྟན་པའི་ཕྱིར། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་ལས་ཆེ་བར་བརྗོད་པའོ། །དེ་ལྟར་ངེས་ཁྱད་པར་བྱས་པ་གང་ཞེ་ན། འཇམ་དཔལ་དེ་ལ་ཞེས་ཏེ། འཇམ་ཞེས་པ་ནི་མཉེན་པ་སྟེ་གཉིས་སུ་མེད་པའི་ལོངས་སྤྱོད་དང་ལྡན་པའི་ཕྱིར་རོ། །དཔལ་ཞེས་པ་ནི་བཤད་ཟིན་ཏོ། །མཆོད་པའི་དོན་དུ་མངོན་ཕྱོགས་ཏེ། །ཞེས་པ་ནི་མཉེས་པར་བྱ་བའི་དོན་དུ་ལུས་ངག་ཡིད་ཀྱིས་མངོན་དུ་ཕྱོགས་པའི་མཆོད་པ་བྱས་ནས། དཔལ་གསང་བ་འདུས་པའི་རིམ་པས། དངོས་པོའི་ཆོ་ག་བཤད་པར་བྱ། །ཞེས་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར་དཔལ་ལྡན་ཞེས་བྱ་བ་ལ་སོགས་པའོ། །དཔལ་ལྡན་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པའི་ཕྱིར་དང༌། ཡང་ན་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་ཕྱིར་རོ། །དེ་གང་ཞེ་ན། འདུས་པ་ཞེས་ཏེ་དག་པ་དང་མ་དག་པ་ཐམས་ཅད་དོན་དམ་པ་དང་ཀུན་རྫོབ་ཏུ་འདུས་པའི་ཕྱིར་རྡོ་རྗེ་འཛིན་པ་ལ་དེ་སྐད་ཅེས་བརྗོད་དོ། །དབྱེར་མེད་པའི་ཕྱིར་དེས་གྲུབ་པའི་གཞུང་ལ་ཡང་དེ་སྐད་ཅེས་བྱའོ། །དེའི་རིམ་པས་ཞེས་པ་ནི་གཞན་གྱི་རིམ་པ་དགག་པའོ། །དམ་པའི་བཤེས་གཉེན་ཞེས་པ་ནི་བླ་མ་སྟེ། བླ་མ་ཉིད་བསྲུང་བའི་ཞབས་ཀྱིས་སྒྲུབ་པའི་ཐབས་བྱེད་པའི་དོན་དུ་གསོལ་བ་བཏབ་སྟེ། དེས་རང་ཡིད་ཆེས་ནས་བྲོད་པས་རྩོམ་པའི་སྦྱོར་བ་ལ་ཞུགས་པའོ། །ཡང་ན་དམ་པའི་བཤེས་གཉེན་ནི་འཇམ་དཔལ་དབྱངས་ཏེ། དེས་གསོལ་བ་ནི་བཀས་གནང་བ་ལ་དེ་སྐད་ཅེས་བྱ་སྟེ། དེར་རང་ལ་ཤིན་ཏུ་ཡིད་ཆེས་ནས་བྲོད་པས་བརྩམས་སོ་ཞེས་སོ། །དེས་ནི་གཞུང་བརྩམ་པའི་རྒྱུ་གསུངས་སོ། །འགྲོ་


DTG043_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཞེས་པ་ནི་འགྲོ་བའི་དོན་ཉིང་ཕུན་སུམ་ཚོགས་པ་ཞེས་ཏེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དོ། །དེའི་རྒྱུ་ནི་བཞི་སྟེ་དེ་ཡང་གང་ཞེ་ན་དངོས་པོའི་ཆོ་ག་སྟེ་བསྙེན་སྒྲུབ་ཡན་ལག་བཞི་ལ་སོགས་པའོ། །དེ་འགྲོ་བ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་བཤད་པར་བྱའོ་ཞེས། དེ་ལྟར་ན་རྒྱུད་ཆེན་པོ་ལས་སམ་གཞན་སློབ་དཔོན་གྱི་མན་ངག་རྒྱ་ཆེན་པོ་ལས་འགྲོ་བ་རྣམས་ཀྱིས་རྟོགས་པར་འགྱུར་ཏེ་འོང་བས་སྒྲུབ་པའི་ཐབས་འདིས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་སྐལ་ལྡན་ཞེས་བྱ་བ་ལ་སོགས་པས་ཁྱད་པར་གྱི་དགོངས་པ་གསུངས་པ་སྐལ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་མི་ཁོམ་པ་བརྒྱད་སྤངས་པའོ། །མི་ཁོམ་པ་བརྒྱད་ནི་དམྱལ་བར་སྐྱེ་བ་དང་ཡི་དགས་སུ་སྐྱེ་བ་དང་སོང་དུ་སྐྱེ་བ་དང༌། མཐའ་ཁོབ་ཏུ་སྐྱེ་བ་དང༌། འདུ་ཤེས་མེད་པ་དང༌། འོན་པ་དང་ལྐུགས་པ་ལ་སོགས་པ་དང་སངས་རྒྱས་མེད་པའི་བསྐལ་པར་སྐྱེ་བ་དང༌། ལྟ་བ་ལོག་པ་ཞེས་བྱ་སྟེ། དེ་དག་སྤངས་ནས་འབྱོར་བ་དང་ལྡན་པའི་ལུས་ཐོབ་པ་ལ་སྐལ་བ་དང་ལྡན་ཞེས་བྱའོ། །དེ་ཡང་ཡུན་རིང་དུ་གནས་པ་མ་ཡིན་པའི་ཕྱིར་འཇིག་པའོ། །དམ་པའི་སྐྱེས་བུ་ཞེས་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ཡང་དག་པར་སྟོན་པ་པོ་རྣམས་སོ། །རྣལ་འབྱོར་རྒྱུད་རྣམས་འབྱུང་བར་དཀའ་བའི་ཕྱིར་སྟོན་པ་པོ་རྣམས་ཀྱང་འབྱུང་བར་དཀའོ། །དེ་དཀའ་བས་དེ་དང་འགྲོགས་པའང་ཤིན་ཏུ་དཀའོ་ཞེས་ཏེ། ཇི་སྐད་དུ། ཐམས་ཅད་མཁྱེན་པ་འཇིག་རྟེན་ན། །བདེ་བ་སྐྱེའམ་མི་སྐྱེ་བ། ཨུ་དུམྦཱ་རའི་མེ་ཏོག་བཞིན། །གལ་ཏེ་བརྒྱལ་ལམ་རེ་འགའ་འབྱུང་། །དེ་བས་ཐོབ་དཀའ་འབྱུང་བ་ནི། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །ཞེས་པ་དང༌། རྩ་བའི་རྒྱུད་ལས། མར་མེ་མཛད་དང༌། ཐུབ་བ་འོད་སྲུངས་ལ་སོགས་པའི་དུས་སུ་སྔགས་མ་བཤད་དེ། དེའི་ཕྱིར་ཞེ་ན། དེའི་དུས་ན་སེམས་ཅན་རྣམས་ལ་སྐལ་བ་མེད་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེའི་ཕྱིར་མཆོག་ཏུ་འགྱུར་བ་ཞེས་བ་ནི་དབྱེར་མེད་པ། ཐབས་དང་ཤེས་རབ་ཞེས་པ་ནི་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་དོ། །དེ་དེས་རྟོགས་པར་བྱ་བའི་ཕྱིར་བྱེད་འདོད་པ་སྟེ། དངོས་


DTG043_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཆོ་ག་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་བར་བྱའོ། །དེའི་དོན་ནི་འདི་ལྟ་སྟེ། སྐལ་བ་དང་ལྡན་ཞིང་འཇིག་པར་སླ་བའི་འདི་དང་སྟོན་པ་རྣམས་ཕྲད་པར་དཀའ་བས་རྒྱས་པར་བཤད་པ་ལ་ཉན་པ་ལ་སོགས་པ་ལ་བར་ཆད་ཀྱིས་དོགས་པས་མདོར་བསྡུས་པས་རྟོགས་པར་བྱ་བའི་ཕྱིར་མཆོག་ཏུ་གྱུར་བའི་ཐབས་དང་ཤེས་རབ་བྱེད་འདོད་དེ་དེའི་ཕྱིར་བརྩམས་སོ་ཞེས་སོ། །དེ་ལྟར་དེས་ནི་བློ་གྲོས་དང་ལྡན་པའི་འཇུག་པའི་ཡན་ལག་དངོས་པོ་ལ་སོགས་པ་བསྟན་ཏོ། །དེ་ཡང་འགྲོ་བའི་དོན་ཕུན་སུམ་ཚོགས་པའི་དངོས་པོའི་ཆོ་ག་རྒྱུད་ལས་ཡང་དག་པར་བསྟན་པ་ནི་བརྗོད་པར་བྱའོ། །དེ་འགྲོ་བ་རྣམས་དང་ཁྱད་པར་ཅན་གྱི་འགྲོ་བས་རྟོགས་པ་ནི་དགོས་པའོ། །དགོས་པ་དེ་ཡང་རབ་ཏུ་བྱེད་པ་འདིས་བྱེད་པ་ན་ཐབས་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་བར་གནས་སོ། །དངོས་པའི་ཆོ་ག་དེ་བསྟན་པར་གྱུར་བའི་སྟོབས་ཀྱིས་བདག་ཉིད་ལྷའི་གོ་འཕང་ཐོབ་པ་ནི་དགོས་པའི་ཡང་དགོས་པའོ། །དེ་རྣམས་དང་ལྡན་པ་ནི་ཆོས་ཡང་དག་པའོ་ཞེས་གསུངས་པའི་ཕྱིར་རོ། །ད་ནི་སྒྲུབ་པ་པོ་དང་བསྒྲུབ་པར་བྱ་བ་ཕུན་སུམ་ཚོགས་པ་གསུངས་པར་རིགས་པ་ལས་འབྲས་བུ་མངོན་དུ་བྱེད་པ་ལ་སྒྲུབ་པ་པོ་ནི་གཙོ་བོའམ། རྒྱུ་ཡིན་པའི་ཕྱིར་དེའི་ཕུན་སུམ་ཚོགས་པ་དང་པོར་གསུང་བར་རིགས་སོ། །དེའི་བྱ་བའི་ལས་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་ནི་ཕྱིས་བསྟན་པའོ། །དེ་བས་ན་དེ་ནས་ཞེས་པ་ལ་སོགས་པ་ནས་ཤེས་རབ་ལྡན་ཞེས་པའི་བར་གྱི་གཞུང་གིས་དོན་དེ་སྟོན་ཏེ། དེ་ལ་སྙིང་རྗེ་ཆེན་པོ་ཞེས་པ་ནི་སེམས་ཅན་སྡུག་བསྔལ་དང་དེའི་རྒྱུ་ལས་གྲོལ་བར་འདོད་པའི་ངོ་བོ་སྟེ་འགྲོ་བ་ཀུན་ལ་ཁྱབ་པའོ། །དེ་འོག་ནས་འབྱུང་བའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བར་འགྱུར་བའི་ཕྱིར་ཐོག་མར་སྨྲས་སོ། །དེ་བས་ན། སྙིང་རྗེ་འབའ་ཞིག་གཞིར་གྱུར་པས། །ཡོན་ཏན་ཐམས་ཅད་རབ་ཏུ་སྐྱེ། །ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་མཐུ་ལས་སྐྱེས་ཞེས་པ་སྟེ་དེའི་སྟོབས་ལས་སྐྱེས་ཞེས་ཏེ་ཀུན་ལ་སྦྱར་བར་བྱའོ། །དེ་བས་ན་དེ་འབའ་ཞིག་རྩ་བར་གྱུར་བའི་ཕྱིར་གཞན་རྣམས་ནི་ཡན་ལག་ཏུ་ཤེས་པར་བྱའོ། །སྐྱེས་བ་དེ་ཁོ་ན་གང་ཞེ་ན་བྱང་ཆུབ་སེམས་ལྡན་ཞེས་པ་ལ་སོགས་པའོ། །བྱང་ཆུབ་ནི་རྣམ་པ་ཐམས་ཅད་མཁྱེན་པ་མངོན་བར་


DTG043_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱང་ཆུབ་པའོ། །དེ་མངོན་པར་འདོད་པའི་སེམས་གང་ལ་ཡོད་པ་དེ་ལ་ལྡན་ཞེས་བྱ་བ་སྟེ་དེ་ཉིད་ཤེས་པ་དང་སྐྱོབ་པར་ལྡན་པས་སྔགས་པ་ཞེས་བྱའོ། །གཏོང་ཕོད་ཅེས་པ་ནི་སྦྱིན་པ་སྟེ་དང་པོར་བྱས་པའི་ཚུལ་ཁྲིམས་ལ་སོགས་པའོ། །དེ་ཉིད་འདིའི་ཚུལ་གྱིས་འཇུག་ཅིང་གོམས་པར་བྱས་པས་ན་ཡོན་ཏན་ནོ། །དེ་གང་ལ་ཡོད་པ་དེ་ལ་བརྒྱན་པ་ཞེས་བྱའོ། །ཟབ་མོའི་གཞུང་ཞེས་པ་ནི་ལྷའི་རྣལ་འབྱོར་ཆེན་པོའི་གཞུང་སྟེ་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་བདག་ཉིད་དང་ལྷར་དབྱེར་མེད་པར་སྟོན་པའི་ཕྱིར་རོ། དེ་ལ་དེ་ཁོ་ན་ཉིད་བཞིན་དུ་ངེས་པར་འཛིན་པ་ནི་མོས་པའོ། །སྔགས་ལ་སྤྱོད་པ་ཐམས་ཅད་ནི་དབང་དང་ལྡན་པས་བསྙེན་པ་ལ་སོགས་པ་ལ་འཇུག་པར་རིགས་པས་དཔལ་ལྡན་ཞེས་བྱ་བ་ལ་སོགས་ཏེ། དཔལ་ལྡན་གསང་འདུས་ཞེས་པ་ནི་བརྗོད་ཟིན་ཏོ། །དེའི་དཀྱིལ་འཁོར་ནི་རྡུལ་ཚོན་དང་ཡིད་དོ། །དེར་ལེགས་པ་ཆོ་ག་གང་གིས་དབང་བསྐུར་བ་སྟེ། ཆུ་དང་ཅོད་པན་ལ་སོགས་པའི་རིམ་པས་བཀའ་ལུང་གསལ་བའི་བར་དུ་དབང་ཕུན་སུམ་ཚོགས་པ་དང་བཅས་པ་ཞེས་པ་ནི་ལྡན་པའོ། །དེས་འདི་སྐད་དུ་སྟོན་ཏོ། །བླ་མ་དམ་པ་རྣམས་ལས་གང་ཡང་རུང་བ་ཅིག་མཉེས་པར་བྱས་ཏེ། ཆོ་ག་མ་ཚང་བ་མེད་པའི་དཀྱིལ་འཁོར་གང་རུང་དུ་ཞུགས་པ་ནས་བུམ་པ་ལ་སོགས་པའི་དབང་ཐོབ་པར་བྱས་ནས། གསང་བ་དང་མཆོག་ཏུ་གསང་བ་ལ་སོགས་པ་རིག་པར་བྱས་པའི་རྣལ་འབྱོར་པ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་དེས་ནི་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་བའི་ཡོན་ཏན་བསྟན་ནས། །ད་ནི་སྒྲུབ་པ་ལ་འཇུག་པའི་ཡོན་ཏན་གསུངས་པ། ཆོ་ག་བཞིན་དུ་ཞེས་པ་ལ་སོགས་པ་སྨྲས་ཏེ། བཀའ་སྩལ་ཐོབ་ཅེས་པ་ནི་སྔོན་གྱི་དུས་སུ་སློབ་དཔོན་གྱི་བཀའ་སྩལ་བ་ཐོབ་པ་དང་ཕྱིས་ཀྱི་དུས་སུ་རང་གི་བཀའ་སྩལ་ཐོབ་པའོ། །དེ་ལས་ཀྱང་དང་པོ་ནི་སྤྱིར་ཤེས་པར་བྱ་སྟེ། གཉིས་པ་ནི་ཁྱད་པར་རོ། །ཆོ་ག་བཞིན་དུ་བཞིས་སྔགས་སྙོམས་བསྒོམས་པ། །ཞེས་པ་ནི་རང་ལྷའི་ས་བོན་ཏེ། ཆོ་ག་བཞིན་དུ་བསྒོམ་པ་ནི་དང་པོའི་རྣལ་འབྱོར་ལ་སོགས་པའི་རིམ་པས་མཉེས་པར་བྱེད་པའོ། །དེའི་གོང་དུ་སྨོས་པ་ལ་སོགས་པ་ཐོབ་པར་བྱེད་པར་སྒྲུབ་པ་ལ་འཇུག་པར་འགྱུར་གྱི་གཞན་ནི་


DTG043_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཞེས་སོ། །དེ་ཉིད་ཤེས་རབ་ལྡན་ཞེས་ཏེ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་ཤེས་པས་ཕྱི་རོལ་དུ་སྣང་བ་མེད་པས་རྟོགས་པའོ། །འདིར་སྨོས་པ་ལས་གཞན་བླ་མའི་ཞལ་སྔ་ནས་གསུངས་པ། གསང་ཞེས་སྦྱོར་བའི་དེ་ཁོ་ན། །ཤེས་ཤིང་ཐེག་པ་གསུམ་གྱིས་ནི། །དེ་བཞིན་ཉིད་དུ་རིག་པ་བོ། །ཞེས་བྱ་བ་ལ་སོགས་པ་ཡང་འདིར་རྟོགས་པར་བྱ་བའོ། །དེ་མ་ཐག་ཏུ་ཐམས་ཅད་མདོར་བསྡུས་ནས་སྒྲུབ་པ་པོའི་ཕུན་སུམ་ཚོགས་པ་གསུངས་པའོ། །ད་ནི་ཡིད་དུའོང་བའི་གནས་སུ་ཞེས་ཤིན་ཏུ་སྦྱངས་པར་གྱུར་ལ་ལུས་ཤིན་དུ་སྦྱངས་པས་བདེ་བ་ལ་རེག་པར་འགྱུར་རོ། །བདེ་བ་ལ་རེག་པས་མཉམ་པར་འཇོག་པས་ཇི་ལྟ་བ་བཞིན་དུ་ཤེས་པར་འགྱུར་བས་ཡིད་སྤྲོ་བའི་གནས་བསྟན་པའི་ཕྱིར་གང་ཞིག་ཅེས་པ་ལ་སོགས་པ་སྨོས་ཏེ། གང་ཞིག་ཅེས་པ་ནི་དངོས་སུ་མི་འཛིན་ཏེ། སྤྱིར་ཤེས་པར་བྱའོ། །ཁྱད་པར་གསུངས་པ། དྲི་མེད་ཆུ་ལ་སོགས་ཞེས་པ་ལ་སོགས་པའོ། །དྲི་མ་མེད་པ་སྟེ་ཆུ་ལ་སོགས་ཀྱང་དེ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་འབའ་ཞིག་གམ་ཞེས་ན་མ་ཡིན་ཏེ། ལྗོན་པའི་ཤིང་མཆོག་ནི་ཙཱུ་ཏ་ལ་སོགས་པས་ཕྲེང་བའི་ཚུལ་དུ་ཉེ་ལོགས་ཀུན་དུ་མཛེས་པར་བྱས་པ་ལ་ཀླུབས་པ་ཞེས་བྱའོ། །རི་ཞེས་པ་ནི་ཉེ་བའི་མཚན་ཉིད་ཅན་དུ་མ་ཟད་དེ་དོན་དུ་ན་སེམས་རྣམ་པར་དག་པ་ལས་ཡེ་ཤེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བུའི་གནས་དེ་ཕྱིའི་ཚུལ་དུ་དག་པར་བྱས་པའི་ཕྱིར་ཙནྡན་ལ་སོགས་པའོ་གནས་སྨོས་སོ། །ཙནྡན་ནི་ཉི་མ་དང་ཟླ་བའོ། །སོགས་ཀྱི་སྒྲས་བསྡུས་པ་དྲི་ཆུ་དང་དྲི་མ་རྣམས་བཟུང་སྟེ། དེ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དེ་རྣམས་ཀྱིས་སྟེགས་བུ་གྲུ་བཞིར་བྱས་པ་བྱུགས་ཏེ་ཞེས་པ་ལ། དྲི་ཞིམ་པའི་མེ་ཏོག་ཁ་དོག་དང་དབྱིབས་ལ་སོགས་པ་ཡང་དག་པར་བཀྲམ་སྟེ་དེར་བླ་རེ་ལ་སོགས་པ་ཡིད་དགའ་བ་གཞན་ཡང་རྟོགས་པར་བྱའོ། །དེ་ལྟ་བུ་ནི་བསམ་གཏན་དང་མཐུན་པའི་གནས་ཏེ། དེར་བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ནས། བཅོམ་ལྡན་འདས་འཇམ་དབྱངས་ཤེས་བྱ་རབ་ཏུ་བསྒྲུབ་པར་བྱ་ཞེས་བྱ་བར་སྦྱར་རོ། །དེ་ལ་བཅོམ་ལྡན་འདས་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པས་དངོས་པོ་ཐམས་ཅད་འཇོམས་


DTG043_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དེ་རྣམས་དང་གང་ལྡན་པའོ། །ཡང་ན་བཅོམ་པས་ན་བཅོམ་ཞེས་ཏེ་གཉིས་སུ་མེད་པའི་ཤེས་རབ་ཀྱིས་བདུད་བཞི་བཅོམ་པའི་ཕྱིར་རོ། །དེ་ཡང་ཉོན་མོངས་ཤེས་རབ་རག་ལས་པས། ཤེས་རབ་དེ་ཕྱིར་བཅོམ་ཞེས་གསུངས་སོ། །དེ་གང་དང་ལྡན་པ་དེ་དེ་ལྟར་རོ། །ཡང་ན་དབང་ཕྱུག་ལ་སོགས་པས་མི་སྡུག་པ་ལ་སོགས་པ་བཅོམ་པའི་ཕྱིར་བཅོམ་ཞེས་གསུངས་སོ། །དེ་རྣམས་གང་དང་ལྡན་པ་དེ་དེ་ལྟར་རོ། །འཇམ་ཞེས་པ་ནི་བཤད་ཟིན་ཏོ། །དབྱངས་ནི་གསུངས་ཏེ་དེ་ཉིད་འདི་ན་འོག་ནས་འཆད་པའི་རིམ་པས་རབ་ཏུ་བསྒྲུབ་པར་བྱ་ཞེས་པའི་དོན་ཏོ། །ད་ནི་ལམ་གྱི་རིམ་པ་གང་གིས་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་བསྒྲུབ་པར་བྱ་བ་གང་ཡིན་པའི་ལམ་གྱི་རིམ་པ་དེ་ལ་རྣལ་འབྱོར་དང་པོ་གསུངས་པ་དང་པོ་ཞེས་པ་ལ་སོགས་པའོ། །དང་པོ་ཞེས་པ་ནི་དུས་བཞིའམ་ཡང་ན་རྣལ་འབྱོར་གྱི་དང་པོའོ། །དུས་གང་ཞེ་ན་ཐོ་རངས་པ་ཞེས་པ་ལ་སོགས་པ་སྨོས་ཏེ། ཐོ་རངས་ནི་སྐྱ་རེངས་ཀྱི་མཚམས་སོ། །དེ་ནི་ཉེ་བའི་མཚན་ཉིད་ཙམ་དུ་ཟད་དེ། ཉིན་ཕྱེད་ལ་སོགས་པར་ཡང་རྟོགས་པར་བྱ་བའི་ལས་ཀྱིས་བསྐལ་པ་རྣམས་ཕལ་ཆེར་དེའི་དུས་སུ་བསྟན་པར་སྣང་བའི་ཕྱིར་ཡང་སྨོས་སོ། །དུས་དེར་རྣལ་འབྱོར་གྱི་དང་པོར་བསྒོམ་པར་གང་ཞེ་ན། སྙིང་གའི་ཟླ་དབུས་ཞེས་ཏེ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བདག་གི་དུས་རིང་པོར་གོམས་པས་གཅིག་ཏུ་གྱུར་པའི་ཚངས་པ་ཆེན་པོའི་སྤྱོད་པ་བཞིའི་རྒྱུའི་དངོས་པོར་གྱུར་པ་ཁ་དོག་ལྔའི་འོད་ཟེར་འཕྲོ་བ་དེ་ཉིད་ཅེས་པ་ཕྱིན་ཅི་མ་ལོག་པའི་མཚན་མ་དང་ལྡན་པ། དེ་ཉིད་ནི་སྔགས་ཀྱི་གཞུང་གི་འདོད་ཆགས་ཆེན་པོ་ནས། དོན་ཐམས་ཅད་འབྱུང་བས་དམར་སེར་དུ་གནས་པ་མཾ་བཀོད་པའོ། །དེ་བཀོད་པས་སྙིང་རྗེ་ལ་སོགས་པའི་རྒྱུ་ཡིན་པར་བཀའ་སྩལ་ལོ། །དེ་ཡང་རྡོ་རྗེ་འཛིན་པས་བདག་གི་ས་བོན་འདི་དྲན་པ་ཙམ་གྱིས་སྙིང་རྗེ་ལ་སོགས་པ་སེམས་ཅན་དེའི་རྒྱུན་ལ་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་གྱི་ཤུགས་ཀྱིས་འབྱུང་བའི་ཚད་མེད་པ་བཞི་བསྒོམ་པར་བྱ་བའི་ཕྱིར། སྙིང་རྗེ་དང་ལྡན་ཞེས་བྱ་བ་སྨོས་ཏེ། སྙིང་རྗེ་ནི་སེམས་ཅན་རྣམས་སྡུག་བསྔལ་དང་དེའི་རྒྱུ་ལ་གྲོལ་བར་འདོད་པའོ། །དེ་


DTG043_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱེད་པ་ནི་ལྡན་ཞེས་བྱའོ། །དེ་ན་ཉེ་བར་མཚོན་པ་ཙམ་དུ་ཟད་དེ་བྱམས་པ་ལ་སོགས་པ་ཡང་རྟོགས་པར་བྱའོ། །དེ་ལ་བྱམས་པ་ནི་ཕན་པའི་བདེ་བ་མ་ལུས་པ་ཉེ་བར་བསྡུ་བར་འདོད་པའོ། །དགའ་བ་ནི་དེའི་ཐབས་ལམ་གྱི་རིམ་པ་གང་གིས་འབྲས་བུ་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་བྱེད་པ་ལ་རངས་པའོ། །དེ་ཡང་བཏང་སྙོམས་ནི་ཟབ་མོ་དང་རྒྱ་ཆེ་བའི་རང་བཞིན་བསྒོམ་པའི་སྒོ་ནས་བསྟོད་པ་ལ་སོགས་པའི་བྱ་བ་མི་བྱེད་པ་སྟེ། དེ་རྣམས་ལས་ཀྱང་སྙིང་རྗེ་ནི་རྩ་བ་ལྟ་བུ་སྟེ། སྙིང་རྗེ་འབའ་ཞིག་གཞིར་གྱུར་པས་ཡོན་ཏན་ཐམས་ཅད་རབ་ཏུ་སྐྱེ། །ཞེས་འབྱུང་བའི་ཕྱིར་རོ། །དེ་བས་ན་བྱམས་པ་ནི་སྡོང་བུ་ལྟ་བུའོ། །དགའ་བ་ནི་ཡན་ལག་ལྟ་བུའོ། །ཚོགས་གཉིས་སོགས་པ་ནི་ལོ་མ་ལྟ་བུའོ། །རྣལ་འབྱོར་གཞན་རྣམས་ནི་མེ་ཏོག་ལྟ་བུའོ། །རྣལ་འབྱོར་དེར་རང་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པ་ནི་འབྲས་བུ་ལྟ་བུ་ཡིན་ནོ་ཞེས་གསུངས་སོ། །ཇི་སྐད་དུ། སྙིང་རྗེ་དང་ལྡན་བྱམས་པ་ནི། །སེམས་ཅན་སྡུག་བསྔལ་རྣམས་ཀྱི་ནི། །བདེ་བ་བྱེད་ལ་ཤིན་དུ་རྒྱས། །སྡོང་བུ་ལ་ནི་ཡལ་ག་འཕེལ། །སེམས་ཀྱི་དེ་ཁོ་ན་ཉིད་རིགས། །སྤོང་བ་ལེན་པ་ལོ་མ་ནི། །སྨོན་ལམ་རྣམས་ཀྱིས་རྒྱུན་མི་འཆད། རྟེན་ཅིང་འབྲེལ་འབྱུང་རྣམ་པ་གཉིས། །རང་རྒྱུད་ནང་དུ་སྨིན་པའི་ཕྱིར། །མོ་གཤམ་མེ་ཏོག་ལྟ་བུ་མིན། །བདག་གཞན་ཡོངས་སུ་སྨིན་པའི་ཕྱིར། །སྙིང་རྗེའི་འབྲས་བུ་དེ་ལ་སྤྱོད། ཅེས་བྱ་བ་ལ་སོགས་པ་གྲོལ་བའི་ཐིག་ལེ་ལས་བླ་མ་ཆེན་པོས་གསུང་བར་མཛད་དོ། །དེ་བས་ཚངས་པའི་སྤྱོད་པ་བཞི་བ་འདི་འོག་ནས་རྡོ་རྗེ་ཐུགས་ཁྱོད་ཅེས་པ་ལ་སོགས་པའི་གནས་སུ་རྟོགས་པར་བྱའོ། །ཆོས་ཀྱི་དབྱིངས་ཡངས་པ་ལ་མི་སྣང་བར་མི་འགྱུར་ཏེ། མེ་ཏོག་དང་འབྲས་བུ་ལྟ་བུ་འགྱུར་བའི་ཕྱིར་རོ། །ཁ་ལ་སོགས་པ་དག་པར་བྱ། །ཞེས་པ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའོ། །དེ་དང་པོར་བྱས་ནས་དྲན་པ་ཉེ་བར་གཞག་པ་ལ་སོགས་པས་རྒྱུད་ལ་ཡོད་པའི་བློ་གྲོས་ནི་རང་བཞིན་མེད་པ་དང་གང་དུ་ཡང་མ་གྲུབ་པར་རྣལ་འབྱོར་པས་བསྒོམ་པར་བྱའོ། །ཡང་ས་བོན་བཀོད་པའི་རྗེས་ལ་ཤེས་པར་བྱ་སྟེ། བླ་མའི་ཞལ་སྔ་ནས་ཀྱང༌། རྣམ་པར་ཐར་པའི་སྒོ་དག་པའི། རང་སྙིང་ཟླ་བར་


DTG043_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འབར་མི། །ཞེས་གསུངས་པའི་ཕྱིར་རོ། །དེའི་དགོངས་པ་ནི་ཟབ་མོ་དང་གསལ་བས་སེམས་དག་པར་འགྱུར་བའི་ཕྱིར་རོ་ཞེས་གསུངས་བར་མཛད་དོ། །དེ་བས་ན་ཐམས་ཅད་དུ་རྟོགས་པར་བྱའོ། །དེ་ནི་འོག་ནས་བྱུང་བ་རྣམས་བསྒྲུབ་པའི་ཕྱིར་རྟེན་གསུངས་པ་དུས་གསུམ་རྒྱལ་བ་ཞེས་བྱ་བ་སྨོས་ཏེ་དེ་ཡང་འགྲོ་བ་རྣམས་ཀྱི་དབུལ་བ་ལ་སོགས་པ་སྡུག་བསྔལ་གཅོད་པར་བྱེད་པའི་བདག་ཉིད་ལ་དེ་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ས་བོན་གོང་དུ་གསུངས་པ་ཡུད་ཙམ་གྱིས་བྱས་པས། དེའི་འོད་ཟེར་ལས་བྱུང་བ་སངས་རྒྱས་ལ་སོགས་པའི་དཀྱིལ་འཁོར་དང༌། དེ་དང་ཐ་མི་དད་པའི་བླ་མའི་གཟུགས་རྣམས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་རྒྱས་པར་དམིགས་ཏེ། དེའི་མདུན་དུ་འོག་ནས་འབྱུང་བ་བཞིན་ཐམས་ཅད་བྱའོ། །ཆོ་ག་དེ་གང་ཞེ་ན། མཆོད་པའི་སྤྲིན་སྤྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད་པའི་སྤྲིན་སྤྲོས་པ་ནི་མཾ་གྱི་འོད་ཟེར་ལས་བྱུང་བའི་སྤྱན་ལ་སོགས་པ་སྤྲོས་ནས་ཐིམ་པ་དང༌། གཞན་ཡང་འོད་ཟེར་ལས་ཚལ་དང་ཐེག་པ་ལ་སོགས་པ་ཕྱིའི་ཡོ་བྱད་རྣམས་ཀྱང་རྟོགས་པར་བྱའོ། །དེ་བཞིན་དུ་བསྟོད་པ་དང༌། བདུད་རྩི་ཡང་སོགས་པའི་སྒྲས་རྟོགས་པར་བྱའོ། །དེའི་འོག་ཏུ་དཔག་ཏུ་མེད་པའི་ལུས་སྤྲུལ་པ་ལ་སོགས་པས་ཀྱང་ཕྱག་བྱ་བར་ཤེས་པར་བྱའོ། །ཤེས་རབ་ལྡན་ཞེས་པ་ནི་འོག་ཏུ་བསྟན་པ་རྣམ་གསུམ་མཉམ་པ་ཉིད་དུ་རྟོགས་པའོ། །སྡིག་པ་བཤགས་པ་ལ་སོགས་པ་བྱ་བ་ནི་འོག་ནས་འབྱུང་བ་རྣམས་དེའི་སྤྱན་སྔར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བ་འཕེལ་དོན་དུ་ཞེས་བྱ་བ་གསུངས་ཏེ། བསྟན་པ་ལ་ནི་མཚམས་མེད་པ་ལྔ་ལ་སོགས་པ་ཟད་པར་འགྱུར་བའི་དོན་དུའོ། །ཇི་ལྟར་རས་ཤིན་ཏུ་དྲི་མ་མེད་པར་བྱས་པ་ལ་ཚོན་འཛིན་པ་དང་འདྲ་བར། གང་ཞིག་གི་རྒྱུད་ལ་མི་འདོད་པའི་ལས་ཀྱི་བག་ཆགས་མེད་པ་དེ་ལ་ནི་དཀྱིལ་འཁོར་གྱི་འཁོར་ལོ་འཇུག་སླ་བར་འགྱུར་པའི་ཕྱིར་རོ། །དེ་ཁོ་ནའི་དོན་དུ་གསུངས་པ་ཐོག་མེད་དུས་ན་ཞེས་པ་ལ་སོགས་པའོ། །འཁོར་བ་གང་ལ་དང་པོ་མེད་པ་དེ་ནི་ཐོག་མ་མེད་པ་སྟེ། དུས་དེ་ནས་སྲིད་པའི་རྒྱུན་ཆད་པ་མེད་ཅེས་པ་ནི་


DTG043_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ལྔའི་རྒྱུན་རྒྱུ་འབྲས་ཀྱི་ཚུལ་དུ་གནས་པ་ལ། རྟོག་པ་ཀུན་གྱིས་ཞེས་པ་ནི་གཟུང་བ་དང་འཛིན་པ་ལ་སོགས་པ་ཡང་དག་པ་མ་ཡིན་པ་རྣམས་ཀྱིས་བསྒོས་ཏེ་བསགས་པ་སྟེ་མཚམས་མེད་པ་ལ་སོགས་པའོ། །དེ་ནི་དམ་པ་རྣམས་ཀྱིས་སྨད་ཅིང་འབྲས་བུ་འབྱིན་པར་བྱེད་པའི་ཕྱིར་སྡིག་པ་སྟེ་སྙིང་རྗེ་ཆེན་པོ་མདུན་དུ་ཞེས་པ་ནི་གོང་ཏུ་བསྟན་པ་རྣམས་ཀྱིའོ། །ཆོ་ག་བཞིན་ཞེས་པ་ནི་སྡིག་ལ་སོགས་པ་མཉམ་པ་ཉིད་དུ་རྟོགས་པའོ། །སོགས་ཀྱི་སྒྲས་བཟུང་བའི་རྗེས་སུ་ཡི་རང་བ་ལ་སོགས་པ་གསུངས་པ་སངས་རྒྱས་ཞེས་པ་ལ་སོགས་པའོ། །དེ་ལ་སངས་རྒྱས་ཞེས་པ་ནི་རྟག་པ་ལ་སོགས་པའོ། །བྱང་ཆུབ་སེམས་དཔའ་ཞེས་པ་ནི་སའི་སྙིང་པོ་ལ་སོགས་པའོ། །འཕགས་པ་ཞེས་པ་ནི་བདུད་རྩི་འཁྱིལ་པ་ལ་སོགས་པའོ། །རྩ་བའི་རྒྱུད་ལས་དེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲས་མ་བསྟན་ཏོ། །འོ་ན་ཅིའི་ཕྱིར་ཞེ་ན། འཕགས་པ་བདུད་རྩི་འཁྱིལ་པ་དཔའ་བོ་ཞེས་བླ་མ་ཆེན་པོས་འདི་ན་གསུངས་པར་མཛད་དོ། །གཞན་ཀུན་ཞེས་པ་ནི་རྡོ་རྗེ་ཧེ་རུ་ཀ་པ་ལ་སོགས་པ་སྟེ། དེ་རྣམས་འདི་ལས་སྒྲ་རྣམ་པ་གསུམ་གྱིས་མ་བསྟན་པའི་ཕྱིར་རོ། །དེ་རྣམས་ཀྱི་དགེ་བ་ནི་ངན་པ་སྤོང་བ་སྟེ་ཟབ་མོ་དང་གསལ་བར་སྤྱོད་པའོ། །ཡང་ན་ཐུན་མོང་དུ་ན་བྱང་ཆུབ་སེམས་དཔའ་ནི་ས་བཅུ་ལ་གནས་པ་རྣམས་སོ། །སངས་རྒྱས་ནི་ཆོས་ཀྱི་སྐུ་མངོན་དུ་མཉེས་པ་རྣམས་སོ། །འཕགས་པ་ནི་ཉན་ཐོས་དང་རང་རྒྱལ་བ་རྣམས་སོ། །བཞི་ནི་སེམས་དང་པོ་བསྐྱེད་པ་ལ་སོགས་པ་དེའི་དགེ་བའི་རྩ་བ་ནི་གོང་དུ་སྨོས་པ་ལྟ་བུའོ། །དེ་ཐམས་ཅད་ལ་ཕྲག་ཅིང་དོག་པས་བསྡུས་ནས་ཡི་རང་སྟེ་བདག་གི་བྱ་བའོ། །འདི་ནི་གཞུང་གི་སངས་རྒྱས་ལ་སོགས་པ་།དེ་དག་ཀྱང་གཅིག་ཀྱང་དུ་མའི་ཆུ་སྣོད་ཅེས་པ་ལ་སོགས་པ་རྡོ་རྗེ་འཛིན་པ་ཁོ་ནར་རྟོགས་པར་བྱའོ། །དེ་ལྟར་བྱས་པ་ལས་བྱུང་བའི་དགེ་བ་དེ་དག་ཀྱང་གོང་གི་དོན་དུ་བསྔོ་ཞེ་ན། ཕྱིན་ཅི་མ་ལོག་ཅེས་ཏེ་ཕྱིན་ཅི་མ་ལོག་པའི་དོན་ཡང་དག་པ་དེ་ཟབ་པ་དང་རྒྱ་ཆེ་བའི་རང་བཞིན་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་དེ་ཉིད་བྱང་ཆུབ་པའོ། །དེའི་ཕྱིར་དགེ་བའི་རྩ་བ་དེ་རྣམས་བསྔོ་བའི་


DTG043_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཀྱིས་དྲང་བར་བྱའོ། །ཡང་དག་པར་འཕགས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་བསོད་ནམས་རྫོགས་ཤིང་གཞན་གྱིས་མི་ཐུབ་པས་ཁྱད་པར་གྱི་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་སྟོན་ཏེ། སོ་སོར་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སྤྲོས་མེད་ཅེས་པ་ནི་སྒྲུབ་པ་ཐམས་ཅད་ཡང་དག་པར་བསལ་བའི་བྱང་ཆུབ་ཀྱི་སེམས་ཟབ་མོའི་ངོ་བོའོ། །གང་གི་ཕྱིར་དྲི་མ་མེད་ཅིང་ཡོན་ཏན་ཐམས་ཅད་དང་ལྡན་པ་འགྲོ་བ་རྣམས་ཀྱི་རྒྱུད་ཀྱི་མ་རིག་པའི་མུན་པ་སེལ་བར་མཛད་པའི་མཐའ་ཡས་པའི་ཁམས་ནས། ཕྱག་རྒྱ་ཆེན་པོ་ལ་སོགས་པས་འགེངས་པར་མཛད་པ་དེའི་ཕྱིར་དེ་ཉིད་ནི་ཟླ་བ་ལྟ་བུ་དེ་དང་འདྲ་བའི་ཕྱིར་རོ། །དེའི་སྟོབས་ཀྱིས་འགྲུབ་ཅིང་རྫོགས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐའ་ཡས་ཀྱི་ཁམས་ན་སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱི་ཡུལ་ཅན་ཐམས་ཅད་ཀྱི་ཡུལ་དུ་གྱུར་པ་སྙིང་རྗེ་ཆེན་པོའི་ངོ་བོ་ཡང་དམ་པར་གསལ་བའོ། །དེ་ཁོ་ནའི་ཁྱད་པར་གསུངས་པ་རང་ཡིད་ལ་གནས་ཞེས་གསུངས་ཏེ། རང་གི་སེམས་དང་དབྱེར་མེད་པར་གནས་པ་ཤེལ་དང་ཁ་དོག་ལྟ་བུའོ། །དེ་ལ་རྟག་ཏུ་སྐྱབས་སུ་མཆི། །ཞེས་པ་ནི་མཐའ་ཡས་པའི་འཁོར་བ་ཡན་ཆད་ཀྱི་བར་དུ་རང་གི་ཡིད་དང་ཐ་མི་དད་པའི་བློས་སྐྱབས་སུ་མཆི་བ་སྟེ། གཞན་ལྟར་ཅི་སྲིད་འཚོའི་བར་དུ་སྐྱབས་སུ་མཆི་ཞེས་པ་ནི་མ་ཡིན་ནོ། །རྟོག་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་སྐྱབས་སུ་མཆི་གསུངས་པ། དེ་ལ་རྟོགས་པ་ཐམས་ཅད་ཅེས་པ་ནི་གཟུང་བ་དང་འཛིན་པ་ལ་སོགས་པ་ཡང་དག་པ་མ་ཡིན་པ་ཐམས་ཅད་ལས་གཟོད་མ་ནས་གྲོལ་བ་སྟེ་བྱེད་པ་ནི་མ་ཡིན་ནོ། །དེ་ཡང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཟབ་མོའི་ངོ་བོ་ཉིད་དོ། །དམ་པའི་སེམས་ཅན་ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེའི་བཀྲ་ཤིས་ཞེས་པ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པའོ། །དེའི་རྟེན་ཞེས་པ་ནི་གཞིག་སྟེ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟབ་མོའི་མཚན་ཉིད་ཀྱི་ཆོས་ཀྱི་དེ་ཁོ་ན་ཉིད་བསྒོམས་པའི་སྟོབས་ཀྱིས་དེའི་རྒྱུད་ལ་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་འབྱུང་བའི་ཕྱིར་དེ་སྐད་དོ། །དངོས་ཀུན་རོ་གཅིག་ཅེས་


DTG043_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པ་རྣམས་ལས་རང་བཞིན་གྱིས་གྲོལ་བའི་ཆོས་ལ་གོང་དུ་གསུངས་པ་ལྟར་སྐྱབས་སུ་མཆིའོ། །དེ་ལྟར་ཡང་གསུངས་པ་ཐམས་ཅད། ཀུན་རྫོབ་སྣ་ཚོགས་སྤྲུལ་ན་ཡང༌། །དེ་དག་ངོ་བོ་རོ་གཅིག་སྟེ། །དེ་ཡང་སངས་རྒྱས་རྣམས་ཀྱིས་དབྱེར་མེད་བསྟན། །གང་དག་དེ་ལ་དབྱེ་བར་བརྟག་བྱེད་པ། །དེ་ནི་ལོག་པའི་ལམ་ལ་ཞུགས་པར་འགྱུར། །ཞེས་གསུངས་སོ། །དགེ་འདུན་ལ་སྐྱབས་སུ་འགྲོ་བ་གསུངས་པ་བཅིང་བ་ཞེས་པ་ལ་སོགས་པའོ། །བཅིང་བ་མ་ལུས་པ་ཞེས་པ་ནི་འདོད་ཆགས་ལ་སོགས་པ་ཕྱིན་ཅི་ལོག་གི་མཚན་ཉིད་དོ། །དེ་སྤངས་པ་ཞེས་པ་ནི་ཡང་དག་པར་སྤངས་པ་སྟེ་གསང་དང་མཆོག་ཏུ་གསང་བ་ལ་སོགས་པ་རིགས་པས་སོ། །སྙིང་རྗེ་ཞེས་པ་ནི་བཤད་ཟིན་ཏོ། །དཔལ་ལྡན་ཞེས་པ་ནི་བདག་དང་གཞན་གྱི་དཔལ་དང་ལྡན་ནོ། །དེ་ཁོ་ན་ལ་ཁྱད་པར་གསུངས་པ། །རབ་ཏུ་དགའ་བ་ལ་སོགས་པ། །ཞེས་པ་སྟེ། ས་དགུ་པ་ལ་རབ་ཏུ་བཞུགས་པ་རྣམས། །ཞེས་མཁས་པ་རྣམས་འཆད་དོ། །གང་གི་ཕྱིར་ས་བཅུ་པ་ལ་བྱང་ཆུབ་སེམས་དཔའ་ཉིད་སངས་རྒྱས་ཞེས་གསུངས་པ་དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ། །རྣམ་པར་སྣང་མཛད་ཀྱི་རྒྱུད་ལས། གང་གིས་ས་བཅུ་ཐོབ་ནས་ནི། །དབང་གི་རྣམ་པ་ཁོང་དུ་ཆུད། །རྣམ་པ་ཐམས་ཅད་མཁྱེན་པ་འདིར། །འཇིག་རྟེན་ཀུན་གྱི་ཚུལ་མཁྱེན་པས། །དེ་ཡི་ཕྱིར་ན་སངས་རྒྱས་གསུངས། །ཞེས་པའི་ཕྱིར་རོ། །དེ་ཡང་ཐུན་མོང་དུ་བསྟན་པ་སྟེ། རྣལ་འབྱོར་པ་ཞེས་ཆེན་པོ་རྣམས་ཀྱི་སྐབས་སུ་ནི་དེ་ལྟར་འདོད་པ་མ་ཡིན་ནོ། །འདུལ་བའི་དབང་པོ་ཞེས་པ་ནི་དམན་པའི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་བདག་པོར་གྱུར་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་སྐད་ཅེས་བྱའོ། །དེ་ལ་གོང་དུ་གསུངས་པ་ལྟར་སྐྱབས་སུ་མཆིའོ་ཞེས་སོ། །འདི་ན་ཡང་སངས་རྒྱས་ལ་སོགས་པ་རྡོ་རྗེ་འཛིན་ལས་ཐ་མི་དད་པ་ཡིན་མོད་ཀྱི། འོན་ཀྱང༌། མོས་པ་ཐ་དད་སེམས་ཅན་བསམ་དབང་གིས། །གཅིག་ཉིད་ཡིན་ཡང་ཆུ་སྣོད་ཟླ་བ་བཞིན། །ཞེས་སྟུག་པོ་བཀོད་པ་ལས་གསུངས་སོ། །


DTG043_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་སེམས་འཕྱོའི་དབང་གིས་གར་མཁན་གྱི་ཚུལ་དུ་བསྟན་པར་མངོན་ནོ། །བསོད་ནམས་ཀྱི་ཚོགས་ལ་གནས་པའི་རྣལ་འབྱོར་པ་བྱང་ཆུབ་ལ་སྨོན་པ་བསྐྱེད་པ་གསུངས་པ་བསམ་དང་ཞེས་པ་ལ་སོགས་པའོ། །དེ་ཉིད་མངོན་དུ་བྱས་ནས་སེམས་ཅན་རྣམས་འཁོར་བའི་འབྲོག་དགོན་པ་ལ་འདྲེན་པའི་བློ་གྲོས་ནི་བསམ་པ་རྣམ་པར་དག་པའོ། །དེ་དག་པའི་རྟེན་དུ་གྱུར་པའི་རྣམ་པར་སྨིན་པའི་ཚོགས་རྣམ་པར་དག་པ་སྟེ། དྲི་མ་མེད་པའི་ལས་ཀྱི་འབྲས་བུ་རྒྱུན་མི་འཆད་པའི་ཕྱིར་རོ། །སྒྲིབ་པ་ཀུན་ཞེས་པ་ནི་ཉོན་མོངས་པ་ལ་སོགས་པའོ། །དེ་ལ་ཉོན་མོངས་པ་གང་ཞེ་ན་འདོད་ཆགས་ལ་སོགས་པའོ། །ཤེས་བྱའི་སྒྲིབ་པ་གང་ཞེ་ན། །གཟུང་བ་དང་འཛིན་པ་ལ་མངོན་པར་ཞེན་པའི་བག་ཆགས་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའོ། །ལས་ཀྱི་སྒྲིབ་པ་གང་ཞེ་ན། མཚམས་མེད་པ་ལ་སོགས་པའོ། །རྣམ་པར་སྨིན་པའི་སྒྲིབ་པ་གང་ཞེ་ན། དམྱལ་བ་ལ་སོགས་པའོ། །དེའི་བག་ཆགས་ནི་དེ་བསྐྱེད་པའི་མཐུ་ནི་མཚན་ཉིད་ཀུན་གཞི་ལ་གནས་པའོ། །དེ་བཅོམ་པ་ནི་བསམ་པ་དང་རྣམ་པར་སྨིན་པར་དག་པས་མཐུ་དང་ལྡན་པའོ། །ཡང་དག་མོས་པ་ཞེས་པ་ནི་དེ་ཁོ་ན་ཉིད་ལ་ངེས་པར་འཛིན་པས་ན་མོས་པའོ། །གཞན་གྱིས་ཕྲོགས་ཤིང་སོམ་ཉི་ལ་སོགས་པར་ཐལ་བ་ཡིན་ནོ། །དེ་གང་ལ་ཡོད་པ་དེ་ལ་བརྒྱན་པ་ཞེས་བྱ་སྟེ། དེས་བྱང་ཆུབ་ནི་ཞེས་པ་ནི་སྔགས་ཀྱི་བྱང་ཆུབ་ནི་སྔགས་ཀྱི་བྱང་ཆུབ་ཏུའོ། །བསྐྱེད་པར་བྱ་བ་ནི་དེ་ཁོ་ནའི་ཕྱིར་བདུན་པའོ། །བྱང་ཆུབ་དེ་ཡང་ལམ་གྱིས་འཐོབ་པར་བྱ་བའི་ཕྱིར་ལམ་ལ་བརྟེན་པ་གསུངས་པ་སྲས་ལྡན་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་སྲས་ཞེས་པ་ནི་བྱང་ཆུབ་སེམས་དཔའ་སྟེ་དེ་དང་ལྡན་པ་ནི་བདེ་བར་གཤེགས་པ་རྣམས་སོ། །དེ་རྣམས་དང་ལྷན་ཅིག་ཏུ་ཐུན་མོང་གི་ལམ་གཅིག་པ་བདག་གིས་བསྟེན་པར་བྱ་ཞེས་བྱ་བའི་དོན་ཏོ། །ཐུན་མོང་གི་ལམ་ནི་གང་ཞེ་ན། སྦྱིན་སོགས་ཞེས་པ་ལ་སོགས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུའོ། །དེ་ཉིད་སེར་སྣ་ལ་སོགས་པས་མ་བསྒྲིབས་པས་ན་དཀར་པོའོ། །དེ་ཉིད་འདིའི་ཚུལ་གྱིས་གོམས་པར་བྱེད་


DTG043_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡོན་ཏན་ནོ། །དེ་ལ་ཚུལ་ཇི་ལྟ་བུས་བརྟེན་པར་བྱ་ཞེ་ན། མ་ལུས་ཡང་དག་ཅེས་པ་ནི་རྫོགས་པའི་སངས་རྒྱས་མ་ལུས་པ་ཐམས་ཅད་ཀྱི་རང་བཞིན་དེ་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་ཟབ་མོ་དང་གསལ་བའི་གཟུགས་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་མ་ལུས་པར་ཡང་སྒྱུ་མ་ལྟ་བུ་ལ་སོགས་པ་འོག་ནས་འབྱུང་བའི་རིམ་པས་བདག་གིས་བསྟེན་པའི་རིམ་པས། བླ་མ་ཆེན་པོས་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་ལམ་ལ་བརྟེན་པར་གསུངས་པ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གོང་དུ་བསྟན་པར་ཤེས་པར་བྱའོ། །བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱིས་དེའི་དགོངས་པ་གསལ་བར་བྱེད་པའི་ཆེད་ལམ་ལ་བརྟེན་པར་བྱས་ནས་འཇུག་པ་བྱང་ཆུབ་ཀྱི་སེམས་གསུངས་སོ། །དེ་ཉིད་ལམ་ལ་བརྟེན་པ་སྨོན་པ་ཡིན་པའི་ཕྱིར་རོ་ཞེས་དགོངས་པའི་ཕྱིར་རོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱས་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་འཇུག་པ་བྱང་ཆུབ་ཀྱི་སེམས་གསུངས་པ། །སྙིང་རྗེ་ཞེས་པ་ལ་སོགས་པའོ། །ཐམས་ཅད་དུ་ཡང་སྙིང་རྗེ་འབའ་ཞིག་གཙོ་བོར་གྱུར་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་ཡང་གསུངས་པ། འཇིག་རྟེན་རྣམས་ཞེས་པ་ནི་སྲིད་པ་གསུམ་དུ་ཡོངས་སུ་གང་བའི་སེམས་ཅན་རྣམས་སོ། །ལྟ་བའི་དྲ་བ་ནི་མཐར་འཛིན་པ་ལ་སོགས་པ་སྟེ་དེ་ཉིད་ཚོགས་ཡིན་པས་ན་དྲ་བ་སྟེ་དྲ་བ་དང་འདྲ་བའི་ཕྱིར་རོ། །དེས་གཡོགས་པ་ནི་ཁེབས་པ་སྟེ་གང་སེམས་ཅན་རྣམས་ཡང་དག་པའི་ལྟ་བ་བཅོམ་ཞིང་དེའི་དབང་གིས་རྒྱ་མཚོའི་ཚོང་པ་གྲུ་ཞིག་པ་བཞིན་དུ་སྡུག་བསྔལ་གསུམ་ལ་སོགས་པས་གཙེས་པའོ། །སྙིང་རྗེ་བསྐྱེད་བྱས་ཞེས་པ་ནི་དེ་རྣམས་ལ་སྙིང་རྗེ་བསྐྱེད་པའོ། །དེད་དཔོན་ཆེན་པོ་གྲུ་འཆའ་བ་དང་འདྲ་བར་རྣལ་འབྱོར་པ་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་ཞུགས་པར་འགྱུར་རོ། །དེ་བས་ན་བླ་མ་ཆེན་པོའི་ཞལ་སྔ་ནས། ཕྱིན་ཅི་ལོག་པར་ཞེན་པའི་འགྲོ་བ་དེ་དག་ཐར་པར་བྱེད་པའི་ཆེད་དུ་ཡང་དག་པའི་སྙིང་རྗེ་བསྐྱེད་པའི་བསམ་པ་ཅན་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་དུ་འགྱུར་བར་བྱའོ་ཞེས་གཞན་དག་ལས་ཀྱང་གསུངས་སོ། །བྱང་ཆུབ་ཡང་དག་


DTG043_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ནི་རང་བཞིན་གྱིས་དག་པའི་ཕྱིར་ཡང་དག་སྟེ་དོན་དམ་པའོ། །དེ་ཉིད་བསམ་མེད་ཅེས་བྱ་སྟེ། ཉན་ཐོས་ལ་སོགས་པས་གཞལ་དུ་མེད་ཅིང་ཀུན་དུ་ཁྱབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བསྒོམས་ནས་རིམ་པ་འདི་ཞེས་པ་ནི་ཤཱུ་ནྱ་ཏཱའི་སྔགས་བཟླ་བར་བྱ་བ་དང༌། དེ་ཧཱུཾ་ལས་བྱུང་བའི་ས་གཞིར་བྱས་པ་དང༌། དེ་འོག་སྟོན་ཟླ་དཀར་པོ་ཞེས་པ་ལ་སོགས་པ་བསྒོམ་པ་ནི་སྔགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། དེ་ལྟར་སྙིང་རྗེ་ཆེན་པོ་བསྐྱེད་ནས་འཇུག་པ་བྱང་ཆུབ་སེམས་ཀྱི་མཚན་ཉིད་རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་པར་བྱའོ་ཞེས་བྱ་བ་དེ་གང་ཞེ་ན། རང་བཞིན་མེད་པའི་ཕྱིར་ཞེས་པ་ལ་སོགས་པའོ། །ཆོས་གང་དང་གང་གི་མཚན་ཉིད་ཀྱི་ངོ་བོར་རབ་ཏུ་བསྒྲགས་པ་དེ་ཤིན་ཏུ་མི་རིགས་པའི་ཕྱིར་དེ་དང་བྲལ་བའོ། །ཡང་ན་བྱིས་པས་ཀུན་དུ་བརྟགས་པའི་གཟུང་བ་དང་འཛིན་པ་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བའི་ཕྱིར་དངོས་པོ་ཐམས་ཅད་དང་བྲལ་བའི་ཕྱིར་དངོས་པོ་ཇི་སྙེད་པ་ཐམས་ཅད་སྟོང་པ་ཉིད་དོ། །རྒྱུ་མེད་ན་ཞེས་པ་ནི་མུ་སྟེགས་ལ་སོགས་པས་བརྟགས་པའི་དབང་ཕྱུག་ལ་སོགས་པ་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མཚན་མ་མེད་པའོ། །ཐ་སྙད་ཙམ་དུ་སྣང་བའི་རྒྱུ་བཀག་པ་ནི་མ་ཡིན་ནོ། །མཚན་མ་མེད་པ་ནི་དངོས་པོ་མེད་པ་སྟེ་མཚན་མ་ཉིད་དངོས་པོ་ཞེས་གསུངས་སོ། །རྗེས་སུ་དཔག་པ་ཞེས་བྱ་བ་ནི་རྗེས་སུ་དཔྱད་པ་སྟེ་ལྷ་དང་མི་ལ་སོགས་པའི་འགྲོ་བ་བདེ་བ་ལ་སོགས་པ་ནི་རྣམ་པར་དཔྱད་པ་དང་བྲལ་བའི་ཕྱིར་རྗེས་སུ་དཔག་པ་མེད་པ་སྟེ། དེ་བས་ན་སྨོན་པ་དེས་བྲལ་ལོ་ཞེས་པ་སྟེ། དེ་དང་དེ་ལ་སོགས་པའི་བདེ་བ་དང་གཟུགས་དང་ལོངས་སྤྱོད་ལ་སོགས་པ་འདུན་པའི་ངོ་བོར་སྨོན་པ་ནི་རྗེས་སུ་དཔག་པའི་སྔོན་དུ་འགྲོ་བ་སྟེ། འདིར་ཆོས་ཐམས་ཅད་རང་གི་ཡེ་ཤེས་འབའ་ཞིག་སྣང་བ་ལས་མ་གཏོགས་པ་ལོངས་སྤྱོད་པ་ལ་སོགས་པ་གུད་ན་མེད་པས་སྨོན་པ་མེད་པའོ། །དེ་ལྟར་རྣམ་པ་གསུམ་བསྟན་པ་ནི་བརྗོད་པས་ཕྱེ་བ་ཙམ་སྟེ་དོན་དམ་པར་སྟོང་པ་ཉིད་ཁོ་ནར་འདུས་པར་ཤེས་པར་བྱའོ། །གང་གི་ཕྱིར་གཟུང་བ་དང་འཛིན་པ་ལ་སོགས་པ་རྫས་ཇི་སྙེད་པ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ནི་


DTG043_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དེ། གཟུགས་ལ་སོགས་པའི་སྣང་བ་ལས་ནི་གྲོལ། །ཞེས་བྱ་བ་ལ་སོགས་པ་གཅིག་དང་དུ་མ་དང་བྲལ་བའི་རིགས་པས་བླ་མ་ཆེན་པོ་འདི་ན་གསུང་བར་མཛད་དེ། སློབ་དཔོན་དྷརྨ་ཀཱིརྟིས་ཚད་མར་སྨྲ་བ་ལ། དངོས་པོ་རྣམས་ནི་གང་གིས་རྟོགས། །དོན་དམ་དུ་ནི་དེ་མེད་དེ། །གང་ཕྱིར་གཅིག་དང་དུ་མ་ཡི། །ངོ་བོ་ཉིད་ནི་མེད་པ་ལ། །དེ་ཕྱིར་ཐམས་ཅད་སྟོང་པ་ཉིད། །ཅེས་གསུངས་སོ། དེ་བས་ན་ད་རྒྱུ་རྐྱེན་མི་འབྱོར་བའི་ཕྱིར་དང་པོར་མ་སྐྱེས་པས་མཚན་མ་མེད་པའོ། །འཕགས་པ་རྒྱུ་བསྟན་པའི་གཙུག་ལག་ལས། སྣང་དང་མི་སྣང་བ་ཡིན་ནོ། །དངོས་པོ་ལས་རྐྱེན་འཐད་མ་ཡིན། །མི་སྣང་བ་རྒྱུ་གང་ལ་ཡོད། །སྣང་བ་ལ་རྒྱུ་ཅི་ཞིག་བྱ། །ཞེས་གསུངས་སོ། །སློབ་དཔོན་དྷརྨ་ཀཱིརྟིས་གསུངས་པ། །སྐྱེས་པ་གཞན་རག་མ་ལུས་ཀྱང༌། །རང་གི་རྒྱུ་ལ་སོགས་པ་ནི། །འབྲེལ་པར་གྱུར་པ་བརྟགས་པ་ཡི། །གཅིག་པུ་བློ་ནི་མི་སྣང་བ། །གང་ཕྱིར་གཞན་ལ་རག་ལུས་འབྲེལ། །ཇི་ལྟར་རག་ལུས་དེ་མེད་པས། །སྣང་བ་ཀུན་ལ་རག་མ་ལུས། །དངོས་པོ་ཅི་སྟེ་རག་ལུས་པ། །དེ་ཉིད་སྨོན་པ་མེད་པ་ཡིན། ཞེས་སོ། །རང་བཞིན་མེད་པ་རྒྱུ་དང་འབྲས་བུའི་ངོ་བོ་སྦྱོར་བ་མེད་པ་ལ། དེ་བས་ན་སྨོན་པ་རིགས་པར་མི་འགྱུར་ཏེ་མི་སྣང་བ་རི་བོང་གི་རྭ་བཞིན་དུ་དེ་ལ་རྒྱུ་ནི་མི་འོས་པ་མ་ཡིན། །སྣང་བར་འགྱུར་ན་དེ་ལ་དགོས་པ་མེད། །རྒྱུ་སྟོང་པ་ཉིད་ལ་སྣང་བར་གྱུར་པ་འོས་པ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། ཐོག་མ་དང་ཐ་མ་མེད་པ་མ་དཔྱད་པར་ཡིད་དུ་འོང་བ། །དངོས་པོ་ཐམས་ཅད་ནི་སྟོང་པ་ཉིད་ཅེས་བྱ་བར་ཡོད་པར་མི་འགྱུར་རོ། །ཧ་ཅང་སྤྲོས་པ་ནི་བཏང་ངོ༌། །དེ་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པ་འཇུག་པ། བྱང་ཆུབ་ཀྱི་སེམས་ཀྱི་བརྟན་པར་བྱེད་པའི་ཆེད་དུ་སྔགས་ཀྱིས་བྱིན་གྱིས་བརླབས་པ་གསུངས་པ་ཨོཾ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་པའི་ལྷའི་སྐུ་ཉིད་དོ། །ཤཱུ་ནྱ་ཏཱ་ནི་སྟོང་པ་ཉིད། ཛྙཱ་ན་སྟེ་ཡེ་ཤེས་སོ། །དེ་ཉིད་བཛྲ་སྟེ་དབྱེར་མེད་པའི་ཕྱིར་རོ། །དེའི་སྭ་བྷཱ་བ་དེ་རང་བཞིན་ཏེ། དེ་ཨཱཏྨ་ཀོ་དང་ཧཾ་ཞེས་བདག་གི་རང་བཞིན་ཡིན་ནོ་ཞེས་སོ། །


DTG043_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ། དངོས་ལས་སྟོང་ཉིད་གཞན་མ་ཡིན། དེ་མ་གཏོགས་པ་དངོས་ཀྱང་མེད། །ཅེས་སོ། །སྔགས་དེའི་མཐུས་བདག་དང་འགྲོ་བ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རང་དབང་དུ་བརྟགས་པ་ཡིན་པའི་ཕྱིར་ན་དེ་འདོད་པ་ཙམ་གྱི་དབང་དུ་གྱུར་པ་གོང་དུ་གསུངས་པ་ལྟ་བུ་རྣམས་པར་སུན་ཕྱུང་ནས་ཀུན་རྫོབ་ཀྱི་མཚན་ཉིད་དུ་མི་སྣང་བར་གྱུར་ཏེ་དེ་ཁོ་ན་ཉིད་གསུམ་གྱི་ཡི་གེར་གྱུར་ནས་དེ་ཐམས་ཅད་ཟབ་པ་དང་རྒྱ་ཆེ་བས་དམ་དུ་བཟུང་བའི་ཕྱིར་ཧོཿགྙིས་ཀྱི་བར་དུ་གནས་པ་ཟླ་བའི་སྟེང་དུ་མངོན་པར་བསམས་ནས་བགེགས་དགག་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་ཚོགས་རྫོགས་པར་བྱས་པའི་རྣལ་འབྱོར་པས་བགེགས་དགག་པའི་དོན་གསུངས་པ། ཧཱུཾ་ལས་རྡོ་རྗེར་བྱས་པའི་ས་གཞི་ཞེས་བྱ་བར་སྨོས་ཏེ་དེ་ལྟར་དེ་ཁོ་ན་ཉིད་མངོན་དུ་བྱས་པའི་རྣལ་འབྱོར་པ་ནི་བདག་དང་འགྲོ་བ་ཐམས་ཅད་དེ་ཁོ་ན་ཉིད་དུ་གཅིག་པའི་ཕྱིར་བགེགས་ལ་སོགས་པ་སྲུང་བ་ནན་ཏན་དུ་བྱ་བ་ཅི་དགོས་ཤེ་ན། དེ་ནི་ཉེས་པ་མེད་དེ་དངོས་པོའི་སྟོབས་ཀྱིས་ཚད་མར་གནས་པ་ལ་ལས་དང་པོ་པས་རྟོག་པ་ཐམས་ཅད་དག་པར་བྱས་པ་མ་ཡིན་པས་བགེགས་ཀྱི་རྒྱུ་ཐམས་ཅད་རྣལ་འབྱོར་པའི་རྒྱུད་ལ་ཡོད་དོ། །དེ་ཡོད་པས་དེ་ལས་བྱུང་བའི་བགེགས་རྣམས་འབྱུང་བར་འགྱུར་བས་སྲུང་བ་ལ་སོགས་པ་ཡང་དག་པར་འགལ་བ་མ་ཡིན་ནོ། །དེ་བས་ན་བསམ་གཏན་ཕྱི་མ་རིམ་པར་ཕྱེ་བ་ལས། །བདེ་བ་དང་ནི་སྡུག་བསྔལ་དང༌། །ཞེ་སྡང་འདོད་དང་རྨོངས་པ་དང༌། །ནད་ཀྱིས་འཆི་དང་བགེགས་རྣམས་ཀུན། །དེ་རྒྱུ་སྔགས་པའི་རྒྱུད་ལ་གནས། ཞེས་གསུངས་སོ། །དེ་བས་རྒྱུད་ཡོངས་སུ་དག་པར་མ་བྱས་པའི་བར་དུ་སྲུང་བ་ཡོངས་སུ་དག་པར་འགྱུར་རོ། །དེ་ལ་སྲུང་བ་ནི་ཧཱུཾ་ལས་རྡོ་རྗེར་བྱས་པའི་ཞེས་བྱ་སྟེ། རང་གི་མདུན་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་ལས་བསྐྱེད་པའི་བུམ་པ་ལ་ཡང་ཉི་མ་ལ་གནས་པའི་ཧཱུཾ་གིས་མཚན་པ་བསྒོམས་ཏེ། དེ་ནས་ཧཱུཾ་ལས་འོད་ཟེར་འཕྲོ་ཞིང༌། འདུ་བའི་སྦྱོར་བས་ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར་པ་བསྒོམས་པ་ནི་ཧཱུཾ་ལས་རྡོ་རྗེར་བྱས་པའི་


DTG043_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སའོ། །དེ་ནི་ཉེ་བའི་མཚན་ཉིད་དུ་ཟད་དེ་དེའི་འོག་ཏུ་འོད་ཟེར་ལས་བྱུང་བའི་བདུད་རྩི་ཐབ་སྦྱོར་གྱི་སྐུ་འབའ་ཞིག་གིས་འཕྲོ་བར་མཚམས་ཕྱི་རོལ་བཅད་པ་དང་རྡོ་རྗེར་བ་ནམ་མཁའ་ཁྱབ་པར་བྱ་བ་ལ་སོགས་པ་ཡང་རྟོགས་པར་བྱའོ། །བླ་མ་ཆེན་པོའི་ཞལ་སྔ་ནས་དེ་ནི་སེམས་ཐམ་ལ་གསུངས་སོ། རྩེ་གཅིག་པ་ལ་ནི་དེའི་དབུས་སུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་ལ་སྐད་ཅིག་གིས་འཁོར་བར་བྱེད་པའི་འཁོར་ལོའོ། །རྩིབས་བཅུ་ས་བཅུ་རྣམ་པར་དག་པ་ལ་དད་པ་ལ་སོགས་པ་རྣམ་པར་དག་པ་གཤིན་རྗེ་གཤེད་པོ་ལ་སོགས་པ་བགེགས་རབ་དུ་འཇོམས་པར་བྱེད་པ་རྣམས་ཇི་ལྟ་བ་བཞིན་དུ་བསམ་པའི་དོན་རྟོགས་པར་བྱའོ། །དེའི་ཆོ་ག་ནི་མན་ངག་གིས་ཤེས་པར་བྱའོ། །དེ་ལྟར་བགེགས་ཀྱི་དོགས་པ་མེད་པར་བྱས་ནས་ཆོས་ཀྱི་དབྱིངས་ཕྱག་རྒྱར་བསྒོམས་པའི་ཕྱིར་དེའི་རྒྱུ་གསུངས་པ་ཀུན་ཏུ་བཟང་མོ་ལས་བྱུང་ཞེས་ཏེ། རྒྱུ་བ་དང་མི་རྒྱུ་བའི་བདག་ཉིད་དུ་གྱུར་པའི་ཕྱིར་ཀུན་ཏུ་བཟང་པོ་སྟེ་རྡོ་རྗེ་སེམས་དཔའོ། །དེ་ཉིད་འདི་ན་འོག་ནས་འབྱུང་བའི་རིམ་པས་བསྒོམས་ནས་དེ་གནས་གྱུར་པ་ལས་ཆོས་དབྱིངས་ཀྱི་ཕྱག་རྒྱར་བསྒོམ་པར་བྱ་ཞེས་བྱ་བར་སྦྱོར་རོ། །བསྒོམ་པར་བྱ་བ་དེ་ཡང་གང་ཞེ་ན། དེ་འོག་ཅེས་པ་ལ་སོགས་པའོ། །དེ་འོག་ཅེས་པ་ནི་རྡོ་རྗེ་སེམས་དཔའ་ལས་ཡོངས་སུ་གྱུར་པའོ། །སྟོན་ཟླ་དཀར་པོ་ཞེས་པ་ནི་ཁ་དོག་སྟེ་ཕྲད་པར་སླའོ། །ཕྱོགས་འཁོར་སྣ་ཚོགས་ཞེས་པ་ནི་ཁ་དོག་ལྷའི་འོད་ཟེར་འཕྲོ་བ་དང་ལྡན་པ་འོད་ཟེར་དེ་ཉིད་ཐུག་པ་མེད་པར་སྤྲོ་བའི་ཕྱིར་མཐའ་ཡས་ཞེས་སོ། །གྱེན་དུ་འགྲེང་བ་ཞེས་པ་ནི་ཕྲ་མོ་སྲུང་བའི་འཁོར་ལོ་ལ་བརྟེན་པ་གྱེན་དུ་གནས་པ་སྟེ་བསྟེན་པའོ། །གྲུ་གསུམ་ཞེས་པ་ནི་སྐུ་ལ་སོགས་པ་སྟེ་ཕྱོགས་ཐམས་ཅད་ནས་སོ། །ནང་གི་རང་བཞིན་རྡོ་རྗེ་འཛིན་པ་ནི་ནང་གི་ནམ་མཁའ་ཉིད་རྡོ་རྗེ་སྟེ་དེ་འཛིན་པའི་ཕྱིར་རོ། །ཡང་ན་རྡོ་རྗེ་དེ་བཞིན་གཤེགས་པ་ལ་སོགས་པ་འཛིན་པའི་ཕྱིར་ན་ཡང་དེ་སྐད་ཅེས་བྱའོ། །ཆོས་ཀྱི་འབྱུང་གནས་ཞེས་པ་ནི་སྟོབས་བཅུ་ལ་སོགས་པའོ། །དེ་རྣམས་འདིར་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་སྐྱེ་བ་ཐོབ་པ་ལ་བྱའོ། །དེའི་དབུས་གནས་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་བསྐྱེད་པ་དང་དུས་


DTG043_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་པཾ་སེར་པོ་ལས་བསྐྱེད་པའི་སྣ་ཚོགས་པདྨའི་སྟེང་དུ། སྣ་ཚོགས་རྡོ་རྗེས་བརྒྱན་ཞེས་པ་ནི་ཁཾ་ལྗང་གུ་ལས་བསྐྱེད་པ་ཁ་དོག་སྣ་ཚོགས་པའི་རྡོ་རྗེ་རྒྱ་གྲམ་གྱིས་བརྒྱན་པ་བསྒོམ་པར་བྱའོ་ཞེས་སོ། །ད་ནི་དེའི་དབུས་སུ་རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་གསུངས་པ། བྷྲཱུཾ་ལས་ཞེས་པ་ལ་སོགས་པའོ། །དེ་ལ་སྣ་ཚོགས་རྡོ་རྗེའི་དབུས་སུ་བྷྲཱུཾ་ལས་ཞེས་ཏ་དཀར་པོ་ལས་སོ། །དེ་ལས་བསྐྱེད་པའི་འཁོར་ལོ་རྩིབས་བརྒྱད་པའོ། །དེ་ཡང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་བསལ་བའི་ཕྱིར་ན་བསྒོམ་པའི་ལམ་གྱི་སྟོབས་ལས་འབྱུང་བ་ལམ་གྱི་ཡན་ལག་བརྒྱད་ཡིན་ཏེ། དེ་ཡང་གང་ཞེ་ན། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་སྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་རྣམས་རྣམ་པར་དག་པའི་རང་བཞིན་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དེའི་ལྟེ་བ་ལ་ཡང་ཟླ་བ་ལ་བྷྲཱུཾ་གྱིས་མཚན་པ་བསྒོམས་ཏེ། དེའི་འོད་ཟེར་འཕྲོ་ཞིང་འདུ་བའི་སྦྱོར་བས་རིག་མ་དང་བཅས་ཞེས་པ་ནི་རང་སྣང་བའི་རིག་མ་དང་ལྡན་པའོ། རྣམ་པར་སྣང་མཛད་ཅེས་པ་ནི་འོག་ནས་འབྱུང་བའི་རིམ་པས་བསམས་ནས་དེའི་སྐུ་འབྱུང་བ་ཞེས་ཏེ། ཇི་སྐད་གསུངས་པའི་ཆོས་འབྱུང་ནང་དུ་འཆད་པའི་སྣ་ཚོགས་པདྨ་དང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་རྣམ་པར་སྣང་མཛད་ཀྱི་སྐུ་ལས་འབྱུང་བའི་གཞལ་ཡས་ཁང་བརྩེགས་མ་བསམ་པར་བྱའོ་ཞེས་སོ། །དེ་ཁོ་ནའི་ཁྱད་པར་གསུངས་པ། ཐུབ་དབང་གསལ་བ་ཞེས་པ་ནི་ཐུབ་པའི་དབང་པོ་རྣམས་འོད་ཟེར་གསལ་བའི་ཕྱིར་ནི་དེ་སྐད་དོ། །དེ་ཉིད་དཀྱིལ་འཁོར་ནི་སྣ་ཚོགས་དེ་དག་གི་འོད་ཟེར་རྣམས་ནི་སྣ་ཚོགས་པའི་འོད་ཟེར་རྣམས་སོ། །དེས་གཞལ་ཡས་ཁང་གི་ཕྱོགས་འཁོར་བ་ཀུན་དུ་འོད་ཟེར་འཕྲོ་བས་ཁྱབ་པ་ནི་དེ་སྐད་དོ། །རྩ་བའི་རྒྱུད་ལས་ཀྱང༌། སངས་རྒྱས་འབར་བའི་འོད་དང་མཉམ། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ། །ཅེས་གསུངས་སོ། །མི་མཉམ་པ་ནི་མ་ཡིན་ཕྱིར། །ཞེས་པ་ནི། དེ་བཞིན་


DTG043_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དང་སོ་སོའི་སྐྱེ་བོ་རྣམས་དེ་བཞིན་ཉིད་དུ་མཉམ་པའི་ཕྱིར་ན་གྲུ་བཞིའོ། །མཆོག་བཞི་ནི། དྲན་པ་དབང་སྟོབས་སྒོ་རྣམས་ཀྱིས། །ཞེས་པ་ནི་མཆོག་ཅེས་པ་ནི་རབ་ཏུ་བརྒྱན་ཞིང་ཉོན་མོངས་པ་མ་ཡིན་པའོ། །གང་ཞིག་བརྒྱན་ཞན་སྒོ་བཞིས་སོ། །དེ་ཡང་གང་ཞི་ན་དྲན་པ་ཉེ་བར་གཞག་པ་ནས་དབང་པོ་དང་སྟོབས་ཀྱི་བར་དུའོ། །དོན་འདི་དཔྱད་པར་བྱ་སྟེ། འདི་ནི་སྨོས་པའི་དགེ་བའི་རྩ་བ་ཐམས་ཅད་ནི་མི་གཙང་བ་ལ་སོགས་པ་བསྒོམས་ནས་ཆུད་པ་མ་ཡིན་ཏེ་དགེ་བའི་རྣམས་ནི་སྔགས་ཀྱི་སྟོབས་ཀྱིས་མཐུས་རྫོགས་པ་ཡིན་པར་རྣལ་འབྱོར་པ་དམ་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལྟ་མ་ཡིན་པར་གྱུར་ན་ལོག་པར་གྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་འདི་ལས་མ་བསྟན་པའི་ཕྱིར་རོ། །དེ་དྲན་པ་ཞེས་པ་ནི། ལུས་དང་ཚོར་བ་དང་སེམས་དང་ཆོས་ལ་དམིགས་པ་གཅིག་པ་ཉིད་སྐྱོབ་པ་གང་ཡན་ལག་སྣ་ཚོགས་བསྡུས་པ་ཙམ་གྱིས་ལུས་འདི་ནི་གཟུང་བ་ལ་སོགས་པས་རྣམ་པར་དབེན་པའི་སེམས་ཀྱི་དྲན་པ་ཉེ་བར་འཇོགས་པས་ན། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་ཞེས་བྱ་བའི་དྲན་པ་ཉེ་བར་གཞག་པ་ནི་ཤར་གྱི་སྒོའོ། །དེ་བས་ན་གསུངས་པ། ལུས་དང་ཚོར་བ་སེམས་ཆོས་རྣམས། །དུ་མ་ཉིད་མིན་སོགས་སྦྱོར་བས། །དེ་དྲན་དེ་ལ་དད་པ་གང༌། །བྱང་ཆུབ་དོན་དུ་ཤར་སྒོར་འདོད། །ཅེས་སོ། །མི་དགེ་བ་མ་སྐྱེས་པ་དང༌། སྐྱེས་པ་རྣམས་ཡང་ཞིང་མི་བསྐྱེད་པའི་ཕྱིར་དང༌། དགེ་བ་སྐྱེས་པ་དང་མ་སྐྱེས་པ་རྣམས་བསྐྱེད་པ་དང་། གནས་པའི་ཕྱིར་རིམ་གྱིས་རྩོམ་པ་དང་ཡོངས་སུ་སྦྱོང་བ་དང་སོ་སོར་རྟོག་པ་དང་ནན་ཏན་ལྷུར་བྱེད་པ་ཞེས་བྱ་བ་བརྩོན་འགྲུས་བཞི་རྣམ་པར་དག་པ་ནི་གཉིས་པ་ལྷོའི་སྒོའོ། །དེ་བས་ན་གསུངས་པ། མ་འོངས་ད་ལྟར་ཕྱིན་ཅི་ལོག །མི་བསྐྱེད་པ་དང་ཡང་བྱེད་པའི། །སྐྱེས་པ་གནས་པར་བྱ་བ་ཡང༌། །བརྩོན་འགྲུས་བཞི་ནི་ལྷོ་སྒོ་ཡིན། །ཞེས་སོ། །འདུན་པ་དང༌། བརྩོན་འགྲུས་དང༌། སེམས་པ་དང༌། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་ཞེས་ནམ་མཁའ་ལ་འགྲོ་བ་རྐང་པ་ཞེས་རྒྱུ་རྣམས་རྣམ་པར་དག་པ་ནི་


DTG043_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནུབ་ཀྱི་སྒོའོ། །དེ་བས་ན་གསུངས་པ། འདུན་པ་བྲོད་པ་གནས་པ་བློ། །རྫུ་འཕྲུལ་རྐང་པ་དང་དྲན་པ། །ནུབ་ཀྱི་སྒོར་ནི་དེ་འདོད་དོ། །ཞེས་སོ། །དེའི་འོག་ཏུ་ངེས་པར་བྱེད་པའི་ཡན་ལག་དྲོད་དང་རྩེ་མོ་དང་འབྲེལ་པ། དད་པ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། དེ་བཞིན་དུ་བཟོད་པ་དང༌། འཇིག་རྟེན་ཆོས་མཆོག་དང་འབྲེལ་པ་སྟོབས་ལྔ་རྣམ་པར་དག་པ་ནི་བཞི་པ་བྱང་ཕྱོགས་ཀྱི་སྒོའོ། །དེ་བས་ན་གསུངས་པ། དད་དང་བརྩོན་འགྲུས་དྲན་པ་དང༌། །ཏིང་འཛིན་ཤེས་རབ་དབང་དང་སྟོབས། །གཞལ་དུ་མེད་པའི་ཏིང་ངེ་འཛིན་ནི། །བཞི་པ་བྱང་གི་སྒོ་ཉིད་དོ། །བསམ་གཏན་བཞིའི་རྟ་བབས་ཞེས་པ་ནི་རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་སྟེ། ཡན་ལག་ལྔ་དང་ལྡན་པའི་བསམ་གཏན་དང་པོ་དང༌། དེ་ལ་བརྟེན་པ་ཡེ་ཤེས་ཀྱིས་རབ་དུ་དགའ་བ་དང་པོ་དང༌། གཉིས་པ་རྣམ་པར་དག་པའི་རྟ་བབས་དང་པོ་དང༌། །དེའི་མུ་ཏིག་དང་མེ་ཏོག་ཕྲེང་བ་ལ་སོགས་པའོ། །ནང་གི་བདག་ཉིད་རབ་ཏུ་དང་བ་དང༌། བདེ་བ་དང༌། གསལ་བ་དང༌། སེམས་རྩེ་གཅིག་པ་སྟེ། ཡན་ལག་བཞི་དང་ལྡན་པའི་བསམ་གཏན་གཉིས་པ་དང༌། དེ་ལ་བརྟེན་པ་ས་གསུམ་པ་དང་ས་བཞི་པ་རྣམ་པར་དག་པའི་རྟ་བབས་གཉིས་པ་དང༌། དེའི་མུ་ཏིག་གི་ཕྲེང་བ་ལ་སོགས་པའོ། །བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་སྟེ། ཡན་ལག་ལྔ་དང་ལྡན་པའི་བསམ་གཏན་གསུམ་གསུངས་པ་དང༌། དེ་ལ་བརྟེན་པ་ཡེ་ཤེས་ཀྱི་ས་རིང་དུ་སོང་བ་ལ་སོགས་པ་རྣམ་པར་དག་པ་རྟ་བབས་བཞི་པ་དང༌། དེའི་མུ་ཏིག་གི་ཕྲེང་བ་དང་ཤྲོ་ཏ་ཀ་ལ་སོགས་པ། ཏིང་ངེ་འཛིན་ཁ་ཁྱེར་ཞེས་པ་ནི་ད་བཞིན་གཤེགས་པ་རྣམས་ཀྱི་སེམས་རྩེ་གཅིག་པར་བྱས་པའི་མཐུ་སྟོབས་ལས་བྱུང་བ་དང་དཔའ་བར་འགྲོ་བ་དང༌། ནམ་མཁའ་མཛོད་དང༌། དྲི་མ་མེད་པ་དང༌། སེང་གེ་རྣམ་པར་རོལ་བ་རྣམས་རྣམ་པར་དག་པ་ཕྱོགས་ཀུན་དུ་ཁ་ཁྱེར་གྱིས་ཡོངས་སུ་བསྐོར་བའོ། །ཁ་ཁྱེར་དེ་ལ་གནས་པ་ནི་ཁ་ཁྱེར་དེ་ལ་བཞུགས་པའོ། །དམ་པའི་མཆོད་པ་ལྷ་མོའི་གཟུགས་སྒེག་པའི་རོས་རྣམ་པར་བརྒྱན་ཞིང་མེ་ཏོག་


DTG043_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་ཕྱག་བྲེལ་བར་གནས་པས་ཁ་ཁྱེར་ལ་སོགས་པ་ཀུན་དུ་རྒྱུན་མ་ཆད་པར་གནས་པ་སྟེ་བཟོད་པ་དང༌། ཆོས་དང༌། དོན་དང༌། སྔགས་ཀྱི་གཟུངས་རྣམ་པར་དག་པའོ། །སྣ་ཚོགས་རྒྱན་རྣམས་ཞེས་པ་ནི་ཁ་དོག་དང་དབྱིབས་སྣ་ཚོགས་པའི་རིན་པོ་ཆེ་མ་ལུས་པར་རྣམ་པར་སྤྲས་ཤིང་གཞལ་ཡས་ཁང་བཀོད་པའོ། །དེ་ཅིའི་ཕྱིར་ཞེ་ན། འགྲོ་བའི་རེ་བ་ཐམས་ཅད་ཡོངས་སུ་སྐོང་བའི་ཕྱིར་གསུངས་ཏེ། འདུལ་བ་འབྱུང་ཞེས་པ་ནི་སེམས་ཅན་རྣམས་ཀྱི་དབང་གིས་བྱུང་བ་སྟེ་གསུངས་པའོ། །དེ་གང་ཞེ་ན། གསུང་རབ་ཡན་ལག་དགུ་ཞེས་ཏེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པ་དང༌། ལུང་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། དེ་ལྟ་བུ་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པའི་སྡེའོ། །དེ་ཉིད་ཆོས་ཞེས་ཏེ་གཟིངས་དང་འདྲ་བའི་ཆོས་སོ། །དེ་ཀུན་དུ་འགྲོ་བ་ཞེས་པ་ནི་འགྲོ་བ་རྣམས་ཀྱི་རྒྱུད་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་རྣམས་རྣམ་པར་དག་པ་གང་ཞེ་ན་རླུང་གིས་བསྐྱོད་པའི་ཞེས་པ་ལ་སོགས་པ་སྟེ། རྒྱལ་མཚན་ནང་ལོགས་སུ་དྲིལ་བུ་འཁྲོལ་ཞིང་ཕྱི་རོལ་དུ་ཅོད་པ་ན་རྩེ་མོ་སྣ་ཚོགས་རླུང་གིས་གཡོ་བར་བྱེད་ཅིང་འགྲེང་བ་བསྒྲེངས་པ་སྟེ། བརྒྱ་བྱིན་གྱི་ཕྱོགས་སུ་དཀར་པོ། མེ་མཚམས་སུ་སྨུག་པོ། །གཤིན་རྗེའི་ཕྱོགས་སུ་ནག་པོ། བདེན་བྲལ་གྱི་ཕྱོགས་སུ་ཐལ་ཀ །རླུང་གི་ཕྱོགས་སུ་ཁ་དོག་སྣ་ཚོགས། གནོད་སྦྱིན་ཕྱོགས་སུ་སེར་པོ། །དབང་ལྡན་ཕྱོགས་སུ་ལྗང་གུ་ཤེས་པར་བྱའོ། །མེ་ལོང་ལྟ་བུའི་ཡེ་ཤེས་རྣམས་ཉིད་འོད་གསལ་བ་ཉིད་ཀྱི་ཕྱིར་མེ་ལོང་སྟེ་ཐམས་ཅད་གཟུང་བར་བྱའོ། །རྟག་ཏུ་དྲི་མ་མེད་པ་དེ་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་ཡན་ལག་ཅེས་པ་ནི་དྲན་པ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། དགའ་བ་དང༌། སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བརྩོན་འགྲུས་དང༌། བཏང་སྙོམས་ཏེ། མཐུ་སྟོབས་ལས་བྱུང་བ་ཆོས་ཀྱི་དབྱིངས་སྤྱོད་ཡུལ་ཉོན་མོངས་པའི་གཉེན་པོར་འགྱུར་བ་རྣམས་ཡན་ལག་ཏུ་འགྱུར་བའོ། །དེ་རྣམ་པར་དག་པ་ནི་དྲི་མ་མེད་པའི་མེ་ཏོག་དང་སྤོས་བཀྲམ་ཞིང་དེ་བཞིན་དུ་དྲ་བ་དང་དྲ་བ་ཕྱེད་པ་ཉི་མ་


DTG043_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟླ་བའི་མེ་ལོང་དང་མེ་ཏོག་ཕྲེང་བ་སྒོ་ལོགས་སུ་བཏགས་པ་ལ་སོགས་པའོ། །སྣ་ཚོགས་བརྒྱན་པ་ཞེས་པ་ནི་ལེགས་པར་བྱས་པ་ཞེས་པའི་དོན་ཏོ། །རྣམ་པར་ཐར་པ་བརྒྱད་ཅེས་པ་ནི་གཟུགས་ཅན་གཟུགས་རྣམས་ལྟ་བ་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ལ་ལྟ་བར་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་བ་ལུས་ཀྱིས་མངོན་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་ནི་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ།། ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་བདུན་པའོ། །འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ་དེ་རྣམས་མདོ་དང་རྒྱས་པ་ལས་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་རྣམས་ནི་དེ་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། །སྨོན་པ་མེད་པའི་རྣམ་པས་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོ་ཞེས་བྱ་བ་ནས། །དེ་བཞིན་དུ་འགོག་པའི་སྙོམས་པར་ཞུགས་པ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པས་ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ་ཞེས་འབྱུང་བ་དང༌། དོན་འདི་ཉིད་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་ཀྱིས་བཤད་པ་ཡང་ཡིན་ཏེ། དེ་རྣམ་པར་དག་པའི་ཀ་བ་བརྒྱད་ཀྱིས་ཞེས་པ་ནི་འཁོར་ལོ་ལ་སོགས་པའི་ཀ་བ་བརྒྱད་དོ། །དེས་ཀླུབས་ཤིང་ཉེ་བར་མཛེས་པར་བྱས་ཤིང་མཆོག་ཏུ་གྱུར་པའོ། །རྡོ་རྗེའི་ཚུལ་ཞེས་པ་ནི་གསང་སྔགས་ཀྱི་ཚུལ་ལོ། །བསམ་གྱིས་མི་ཁྱབ་པའི་ཆོས་དབྱེར་མེད་པར་སྟོན་པའི་ཕྱིར་ཚུལ་ལོ། །དེའི་ལུས་ཀྱི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ནི་བསྐོར་བ་སྟེ་དེའི་ཀ་བ་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་ཕྲེང་བ་ཟླུམ་པོས་བསྐོར་བ་དང་ལྡན་པའོ། །གཟུགས་ལ་སོགས་པ་ཞེས་པ་ནི་སྐྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་སོ། །དེ་ཉིད་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་སྤྱོད་ཡུལ་ལོ། །དེ་རྣམ་པར་དག་པས་བླ་ན་མེད་པའི་འདོད་པའི་ཡོན་ཏན་ལྔ་ཞེས་ཏེ་དོན་དམ་རང་བཞིན་མེད་པའི་རྒྱུས་ཐ་མལ་བའི་གཟུགས་ལ་སོགས་པར་མ་རིག་པའི་ཕྱིར་གཞལ་


DTG043_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་སྣང་བའི་ཁ་དོག་དང་དབྱིབས་ལ་སོགས་པས་བརྒྱན་པ་སྟེ་སྐབས་འདིར་ལྷ་མོའི་ངོ་བོ་ཉིད་དུ་གཟུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། སྟོང་པའི་དཀྱིལ་འཁོར་སྟོན་པའི་སྐབས་མིན་པའི་ཕྱིར་རོ། །རྩ་བའི་རྒྱུད་ལས་ཀྱང༌། འདོད་པའི་ཡོན་ཏན་ལྔས་བརྒྱན་ཞེས་གསུངས་སོ། །ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་དག་པས་ཞེས་པ་ནི། དེ་ལ་ཆོས་ཀྱི་དབྱིངས་ནི་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའི་རྒྱུ་མཐུན་པ་དེ་ནི་ངེ་ལས་བྱུང་བའི་སྟོབས་བཅུ་དང་འཛེམ་པ་མེད་པ་བཞི་དང༌། །སོ་སོ་ཡང་དག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །འགྱུར་བ་མེད་པར་གཅིག་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་རྣམ་པར་དག་པས་ཟས་ལྔ་ཞེས་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་དང་ལྷ་བཤོས་དང་དེ་རྣམས་ཀྱི་གཞལ་ཡས་ཁང་བརྒྱན་པ་ལ་དེ་སྐད་ཅེས་བྱའོ། །དེ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་ཀྱང་དེ་ལྟར་སྣང་བར་འདོད་དེ། ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་བླ་མའི་ཞལ་སྔ་ནས། མེ་ཏོག་སྤོས་ཆབ་མར་མེ་ཆེ། །དྲི་ཞེས་བྱ་བའི་དཀྱིལ་འཁོར་ལ། །ཡིད་དགའ་ཆོས་ཀྱི་སྒྲོན་མ་དང༌། །བསྔགས་པ་འདུས་པའི་བདུག་སྤོས་དང༌། །བྱང་ཆུབ་ཡན་ལག་མེ་ཏོག་དང༌། །ཆོས་ཀྱི་ཟས་ནི་ལྷ་བཤོས་སོ། །ཞེས་སོ། །རྩ་བའི་རྒྱུད་ལས་ཀྱང༌། མཆོད་པ་རྣམ་པ་ལྔས་བརྒྱན་པ། །ཞེས་སོ། སྣ་ཚོགས་པདྨ་ཞེས་པ་ནི་ཁ་དོག་སྣ་ཚོགས་པའི་པདྨའི་ལྷའི་གདན་བཅུ་དགུའོ། །དེ་ཡང་འགྲོ་བ་མ་ལུས་པ་དང་ཐ་མི་དད་པར་བསྟན་ཀྱང་དེར་གཏོགས་པའི་ཉེས་བས་མ་གོས་པས་སྡོང་བུ་དང་བཅས་པའི་གདན་གྱིས་ཉེ་བར་མཛེས་པར་བྱས་པའོ། །ཉི་མ་ཞེས་པ་ནི་བདུན་ཏེ། ལྷོ་དང་ནུབ་དང་བྱང་གི་རེའུ་མིག་དང་སྒོ་བཞི་སྣ་ཚོགས་པདྨ་གནས་བར་ཤེས་པར་བྱའོ། །དེ་ཡང་སེམས་ཅན་མ་ལུས་པའི་རྒྱུད་དུ་གཏོགས་པའི་མ་རིག་པའི་མུན་ནག་རྣམ་པར་སེལ་ཅིང་མི་དགེ་བ་བཅུའི་འདམ་རྫབ་སྐེམ་པར་བྱེད་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་སྨིན་པར་བྱེད་པའི་ཕྱིར་ཤེས་རབ་ཀྱི་ངོ་བོའོ། །ཟླ་བར་བཅས་ཞེས་པ་ནི་


DTG043_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཏེ་གནས་ལྷག་མ་རྣམས་སུ་སྣ་ཚོགས་པ་ལ་གནས་པའོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པའི་ཕྱིར་དང༌། དགེ་བའི་རྩ་བའི་མྱུ་གུ་སྨིན་པར་བྱེད་པས་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་དོ། །ལྷའི་གདན་ཞེས་པ་ནི་ལྷ་བཅུ་དགུ་གྲངས་སུ་བཅད་པ་རྣམས་ཀྱི་གདན་ཡིན་པར་བསྟན་ཏོ། །ཚོགས་རྫོགས་ཤིང་སྙིང་རྗེས་སེམས་ཅན་བརླན་པའི་ཕྱིར་བུམ་པ་གང་བས་ཀྱང་བརྒྱན་པའོ། །དེ་བས་གསུངས་པ། ཚོགས་ནི་རྫོགས་པའི་རྒྱུ་མཐུན་པ། །བུམ་པ་གང་བ་སྙིང་རྗེས་བརླན། །ཞེས་སོ། །དེ་ལྟ་བུའི་གདན་དེ་གོང་དུ་སྨོས་པའི་ཡོན་ཏན་དང་ལྡན་པའི་གཞལ་ཡས་ཁང་དུ་བསྟན་པའི་ཕྱིར། མ་ལུས་རིན་ཆེན་ཞེས་པ་ལ་སོགས་པའོ། །དེ་ལ་མ་ལུས་རིན་ཆེན་ནི་ཤེལ་དང་པདྨ་རཱ་གཱ་དང་མ་ར་ཀ་ཏ་དང་ཨིནྡྲ་ནཱི་ལ་ལ་སོགས་པའོ། །དེས་བཀོད་པ་ནི་ཕྱོགས་རྣམས་དགོད་ཅིང་མཛེས་པར་བྱས་པའོ། །གཞལ་ཡས་ཁང་བརྩེགས་པ་ཞེས་པ་ནི་དབུའི་གཙུག་ཏོར་ལ་སོགས་པས་བརྒྱན་པ་སྟེ། ཤིན་ཏུ་མི་སྒྲིབ་པའི་ཁང་བ་སུམ་བརྩེགས་ཀྱི་ཚུལ་དུ་གནས་པའོ། །དེ་ལྟ་བུ་ལ་གོང་དུ་གསུངས་པའི་གདན་རྣམས་རབ་དུ་བསྒོམ་པར་བྱའོ་ཞེས་སོ། །ད་ནི་རིག་པ་སྐྱེས་བུ་དང་པོའི་སེམས་སྐྱེད་པར་བྱེད་པའི་རྒྱུ་རྣམ་པ་ལྔ་གསུངས་པ། བཅུ་དྲུག་ཅེས་པ་ལ་སོགས་པའོ། །དེ་ལ་བཅུ་དྲུག་ཆ་ཞེས་པ་ནི་ཨཱ་ལི་སོགས་ཏེ་ཆ་ཤས་སུ་གྱུར་པའི་ཕྱིར་རོ། །ཚོགས་ཞེས་པ་ནི་ཀ་ལ་སོགས་པ་སོ་སོར་སྡེར་གྱུར་པའི་ཕྱིར་རོ། །དེ་ལས་བྱུང་བ་ནི་རྫོགས་པ་ཟླ་བའི་དཀྱིལ་འཁོར་ཞེས་ཏེ་ཟླ་བ་གཉིས་སུ་དེས་འདི་སྟོན་པར་འགྱུར་ཏེ། མཐའ་ཡས་ཚོགས་ཀྱིས་བསྡུས་པའི་ཡི་གེ་གསུམ་དབུས་ཀྱི་གདན་སྟེང་དུ་བབས་པ་ལས་ཡོངས་སུ་དག་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་རྣམས་ལ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་སྔོན་རྫོགས་པར་བྱེད་པའི་ཆེད་དུ་རང་གི་བྱ་བ་བར་ཆད་པ་བཤིག་དོགས་ནས་མངོན་དགའི་འཇིག་རྟེན་དུ་གཤེགས་པར་བྱས་ནས་ཐབས་དང་ཤེས་རབ་གཉིས་ཀྱི་གཟུགས་གོང་དུ་སྨོས་པའི་ཆ་ཤས་ཀྱི་ཡི་གེ་ཉིད་ལྡན་པ། དེ་བཞིན་དུ་ཚོགས་ཀྱི་ཡི་གེ་ཀ་ལ་སོགས་པ་གླང་པོའི་ཡི་གེས་


DTG043_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བཞི་བཅུ་རྩ་གཉིས་ལྡབ་ཀྱི་གཟུགས་སུ་གྱུར་ཏེ། དེ་ནས་བྱོན་པར་བྱས་ཏེ། གཞལ་ཡས་ཁང་གི་གཙུག་ཏོར་ལ་གནས་པར་བྱས་ནས་དེས་ཡི་གེ་གསུམ་པ་ལས་ནང་དུ་ཞུགས་པར་བྱས་ནས་ཡེ་ཤེས་ཀྱི་ཡི་གེ་དང་གཅིག་ཏུ་གྱུར་ནས་ཇི་ལྟ་བ་བཞིན་དུ་འོག་དང་སྟེང་དུ་བཀོད་པ་ལས་རིམ་པ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སུ་གྱུར་པ་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་འཇུག་པ་དང༌། སྨོན་པ་དང༌། ཤེས་རབ་དང༌། སྙིང་རྗེའི་རང་བཞིན་ཟླ་བ་གཉིས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཟླ་བ་གཉིས་ཐོགས་པ་དྲི་མ་དང་བྲལ་ཞིང་ཤིན་ཏུ་འོད་གསལ་བའི་ཕྱིར་ན་གཞལ་ཡས་ཁང་གིའོ། །ཆོ་ག་བཞིན་དུ་ཞེས་པ་ནི་དེ་གཉིས་འཕྲོ་ཞིང་འདུ་བའི་སྦྱོར་བས་འོད་དུ་ཞུན་ས་གཅིག་ཏུ་གྱུར་པའོ། །ཚད་མེད་འོད་གཞི་ཞེས་པ་ནི་ཚད་མེད་པའི་འོད་ཀྱི་གཞི་འདུས་པ་གནག་ཟླ་བའི་དཀྱིལ་འཁོར་ལ་མངའ་བ་དེ་ལ། ཚད་མེད་འོད་གཞི་བསམ་པར་བྱ། །ཞེས་སོ། །དེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟན་པའོ། །དམ་པ་ཞེས་པ་ནི་དེ་བཞིན་གཤེགས་པའི་མངོན་པར་བྱང་ཆུབ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དང་པོ་ཞེས་པ་ནི་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཕྱིར་རྡོ་རྗེ་སེམས་དཔའོ། །དེའི་སྙིང་པོ་ནི་ཡི་གེ་ཧཱུཾ་དམར་པོའོ། །དེ་ལས་བྱུང་བའི་མཆོག་གི་རྡོ་རྗེའི་ཡེ་ཤེས་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་དག་པའི་ངོ་བོ་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔ་རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པར་བྱེད་པ་སྟེ། རྡོ་རྗེ་རྩེ་ལྔ་པ་དམར་པོ་ནོར་བུ་དམར་སྐྱ་བསྒོམས་ཏེ། དེ་ཡང༌། དཔག་མེད་འོད་ཟེར་འཕྲོ་བ་རྣམས་ཀྱིས་རབ་བརྒྱན་པ། །ཞེས་པ་ནི་ཐུབ་པ་གྲངས་མེད་པའི་འོད་ཟེར་དཔག་ཏུ་མེད་པ་རྣམས་ཀྱིས་རྡོ་རྗེའི་ཕྱོགས་ཀུན་དུ་འཕྲོ་ཞིང་རྣམ་པར་བརྒྱན་པར་བྱས་པར་བསམས་ནས། དང་པོའི་སྙིང་པོར་ལྡན་པར་ཞེས་པ་ནི་བུམ་པ་ཟླ་བའི་སྟེང་དུ་མགོན་པོ་ཧཱུཾ་གི་བྱིན་གྱིས་བརླབས་པ་དང་ལྡན་པར་བྱས་ནས་ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་ང་རྒྱལ་དང་ལྡན་པར་བྱའོ། །དེ་རྣམས་ཀྱི་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་བསྟན་པའོ། །སྤྲུལ་པ་དཔག་མེད་ཀྱིས་ཞེས་པ་ནི་བུམ་པ་ལས་འཕྲོ་བའི་རྣམ་པར་སྣང་མཛད་ལ་སོགས་རྣམས་


DTG043_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སོ། །འགྲོ་དོན་བླ་མེད་མཛད་ཅེས་པ་ནི་སེམས་ཅན་རྣམས་འཕྲོས་པས་དེ་བཞིན་གཤེགས་པ་བྱས་པ་རྣམས་ནང་དུ་ཐིམ་པར་བྱས་ནས་ཨོཾ་ཛྙཱ་ན་སརྦྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཨ་ཧཾ་ཞེས་ང་རྒྱལ་དང་ལྡན་པ་དེ་འདིར་ཡང་ཤེས་པར་བྱའོ། །དེ་བས་ན་ང་རྒྱལ་དེ་ལྡན་ཞེས་པ་ནི་ཚིག་གཉིས་ཀར་རྟོགས་པར་བྱའོ། །དེ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་བསྟན་པའོ། །ཐུབ་མཆོག་རྡུལ་ཕྲན་རྣམས་བསྐྱེད་པ། །ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱི་དེ་བཞིན་གཤེགས་པ་རྣམས་ལ་རེག་པས་རྡོ་རྗེ་སེམས་དཔར་བྱས་ནས་ས་བོན་ནང་དུ་ཞུགས་པར་མཐོང་བ་དང༌། དེ་ཡོངས་སུ་གྱུར་ནས་རྒྱལ་བ་སྐྱེད་བྱེད་སྐུ་བཞི་མངོན་དུ་བྱ་བར་སྦྱར་རོ། །ཐུབ་པ་མཆོག་དེ་དག་གིས་བསྐྱེད་པ་ནི་བཀོད་པའོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ལུས་ནི་ས་ལ་སོགས་པའི་རྡུལ་ཕྲ་རབ་ཀྱིས་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་སྐུ་ནི་ཐུབ་པའི་མཆོག་གི་རྡུལ་ཕྲ་རབ་ཀྱིས་བཀོད་པས་གཞལ་མེད་ཅེས་སོ། །ཞལ་དང་སྐུ་དེ་ཇི་ལྟ་བུ་ཞེ་ན་གཡས་གཡོན་ཞེས་བྱ་བ་ལ་སོགས་པའོ། །དེ་གཡས་དང་གཡོན་གྱི་ཞལ་ནི་ནག་པོ་དང་དམར་པོའོ། །དབུས་ཀྱི་ཞལ་དང་སྐུ་ནི་ཟླ་བ་རྫོགས་པ་ལྟར་དཀར་པོའི་མདོག་ཅེས་སོ། །གསལ་བ་ཞེས་པ་ནི་འོད་ཟེར་གསལ་བ་དང་ལྡན་པའི་རྒྱན་གདུ་བུ་ལ་སོགས་པའོ། །དེས་རྣམ་པར་བརྒྱན་པའི་ཕྱག་དྲུག་ལས་དང་པོ་གཉིས་ཀྱིས་རང་སྣང་བའི་རིག་མ་ལ་འཁྱུད་ཅིང་མཆུ་འཛིན་པའོ། །ལྷག་མའི་ཕྱག་ཅེས་པ་ནི་བཞིའོ། །གོ་རིམས་བཞིན་དུ་རྡོ་རྗེ་དང་རལ་གྲི་དང་རིན་པོ་ཆེ་དང་པདྨ་འཛིན་པའོ། །གཞན་ཡང་དེའི་ཁྱད་པར་གསུངས་པ། འཇིག་རྟེན་གསུམ་ཞེས་པ་ནི་ས་འོག་དང་ས་སྟེང་དང་མ་ཐོ་རིས་སོ། །དེའི་ནང་གི་ནམ་མཁའི་ཁམས་ཏེ་དེར་ཐུབ་པའི་དབང་པོའི་འོད་ཟེར་གྱི་རྣམ་པར་འཕྲོ་བ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་ཐར་གསུམ་ཞེས་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་སྟེ་བཤད་ཟིན་ཏོ། །དེ་རྣམ་པར་ཐར་པ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་ན་ཤེས་རབ་ཀྱི་བདག་ཉིད་དོ། །སྙིང་རྗེ་མཆོག་ཅེས་པ་ནི་རྟག་པ་ལ་སོགས་པ་རོ་བརྒྱད་དོ། །དེའི་རང་བཞིན་གྱི་ཐབས་དང་ལྡན་པ་ཞེས་པ་ནི་ཐབས་སུ་གསལ་བར་སྣང་བའོ། །དེའི་དོན་ནི་འདི་ལྟ་སྟེ་དོན་


DTG043_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་ཤེས་རབ་ཀྱི་རང་བཞིན་ཡིན་ཞིང་དེའི་ངོ་བོར་གནས་ཀྱང་ཀུན་རྫོབ་ཏུ་ཐབས་གཙོ་བོར་བྱེད་ཅིང་གཞན་གྱི་དོན་ཡོད་པས་དེ་ལྟར་སྣང་བ་ཞེས་སོ། །འགྲོ་བ་ཐམས་ཅད་ཅེས་པ་ནི་དག་པ་དང་མ་དག་པའོ། །རང་བཞིན་གཅིག་པ་ཞེས་པ་ནི་དོན་དམ་པ་དང་ཀུན་རྫོབ་ཏུའོ། །རྒྱལ་བ་ནི་འཇམ་པའི་དབྱངས་ལ་སོགས་པ་སྟེ། དེ་སྐྱེད་པར་བྱེད་པའི་སྐུའི་རྒྱུ་ནི་མངོན་དུ་ཞེས་ཏེ་གསལ་པོར་བསྒོམ་པར་བྱ་ཞེས་བྱའི་དོན་ཏོ། །དེས་ནི་ཤིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྟན་པའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་སྐུ་རྣམ་པར་བསྐྱེད་ནས་ང་ནི་དེས་སེམས་ཅན་རྣམ་སྣོད་དུ་རུང་བར་བྱ་བའི་ཕྱིར་དབང་བསྐུར་བའི་ཆེད་དུ་པདྨའི་ནང་དུ་དཀྱིལ་འཁོར་བསྲུང་བར་བྱ་བའི་ཕྱིར་ཤེས་རབ་དང་ཐབས་ཡང་དག་པར་དགའ་བར་བྱ་བ་སྟོན་ཏོ། །མཆོག་ཏུ་ཞེས་པ་ལ་སོགས་པའོ། །མཆོག་ཏུ་རྗེས་ཆགས་ཞེས་པ་དེ་ནི་གཉིས་སུ་མེད་པའི་བདེ་བ་ཆེན་པོ་སྟེ་ཡང་དག་པར་གསལ་བའོ། །དེ་ཉིད་བདེ་བ་ཕུན་སུམ་ཚོགས་པའི་རྒྱུ་ཉིད་ཀྱི་ཕྱིར་ན་ཕུན་སུམ་ཚོགས་པའོ། །འཇིག་རྟེན་ཐམས་ཅད་ཅེས་པ་ནི་སྲིད་པ་གསུམ་སྟེ་ཁྱད་པར་དུ་ན་གཉིས་ཀྱིས་གཉིས་སྤྲོད་པའི་སེམས་ཅན་ནོ། །འདུལ་དམིགས་ནས་ཞེས་པ་ནི་འདོད་ཆགས་ཆེན་པོ་དེས་འདུལ་བ་ནི་གསང་བ་འདུལ་པའི་སྣོད་དུ་མཐོང་བའོ། །སྦྱོར་བའི་སྒྱུ་འཕྲུལ་སྒྲ་ཡིས་ཞེས་པ་ནི་རྡོ་རྗེ་པདྨ་ཡང་དག་པར་སྦྱོར་བའི་སྒྲ་སྒྱུ་མ་ལྟ་བུ་སིང་སྒྲ་ལ་སོགས་པའོ། །བདེ་བར་གཤེགས་པ་རྣམས་ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །རང་གི་ལུས་ནང་ཞེས་པ་ནི་རྡོ་རྗེ་འཛིན་པའི་བ་སྤུའི་བུ་གར་ཐུགས་ཤིང་ཐིམ་པར་བྱའོ་ཞེས་སོ། །ཐིམ་ནས་ཅི་བྱ་ཞེ་ན། དེ་ནི་ཞེས་པ་སྟེ་རྣམ་པར་སྣང་མཛད་ལ་སོགས་པའོ། །སྤྱན་སོགས་ཞེས་པ་ནི་སྤྱན་དང༌། མཱ་མ་ཀཱི་དང་ན་བཟའ་དཀར་མོ་དང་དམ་ཚིག་སྒྲོལ་མའི་ལྷ་མོའོ། །གཟུགས་ལ་སོགས་པ་ཡུལ་གྱི་རང་བཞིན་ཞེས་པ་ནི་གཟུགས་རྡོ་རྗེ་ལ་སོགས་པ་རྣམ་པ་ལྔའོ། །བྱུང་ནས་ཞེས་པ་ནི་རང་གི་བ་སྤུའི་བུ་ག་ལས་ཞེས་སོ། །རིག་མ་ཐམས་ཅད་ཅེས་པ་ནི་ལྷ་མོ་དགུ་ཉིད་དོ། །རང་སྣང་རིག་པ་ཞེས་པ་ནི་རང་གི་འཁྱུད་པའི་ཕྱག་རྒྱ་ཐིམ་པར་བྱའོ་ཞེས་སོ། །ཆོས་ཀྱི་དབྱིངས་རྡོ་རྗེ་གསུངས་ཏེ། ཆོས་ཀྱི་


DTG043_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སྤྱིའི་མཚན་ཉིད་ཡིན་པ་དང༌། རང་ལ་སྣང་བའི་རིག་པ་ལ་གནས་པ་དང༌། རེག་པ་བདེ་བའི་གཙོ་བོ་ཡིན་པས་གཟུགས་ཅན་ལས་རེག་པ་འབྱུང་བ་དང༌། ཡང་ན་རྡོ་རྗེ་འཛིན་པ་མ་ཞུམས་པའི་ཕྱིར་རོ། །དེ་ལྟར་རྒྱུད་ཕྱི་མ་ལས། འདོད་ཆགས་ཆེན་པོའི་ཚུལ་གྱིས་སུ། །ཡེ་ཤེས་འཁོར་ལོ་ཐམས་ཅད་བསྡུ། །བུད་མེད་དགུ་རུ་སྤྲོས་ནས་ཀྱང༌། །བསྒྲུབ་བྱ་མ་ཡི་སྐུ་ལ་དགོད། །ཅེས་སོ། །སེམས་ཅན་གཟུང་བའི་ཕྱིར་གསང་བའི་དཀྱིལ་འཁོར་བསྐྱེད་པར་གསུངས་པའི་དེའི་པདྨའི་ཞེས་པ་ལ་སོགས་པའོ། །དེའི་པདྨའི་ཞེས་པ་ནི་རང་སྣང་བའི་འོ། །སྙིང་པོའི་དབུས་ཞེས་པ་ནི་གསེར་གྱི་བུམ་པའི་ནང་དུའོ། །དཀྱིལ་འཁོར་བློ་ཡིས་བསམས་ཞེས་པ་ནི་རྟེན་དང་བརྟེན་ཅན་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ། །དེ་གང་ལས་བྱུང་ཞེ་ན། དྲི་མེད་ཟླ་འོད་ལས་བྱུང་ཞེས་ཏེ་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་མཇུག་བསྡུ་བ་ལ་སོགས་པའི་རིམ་གྱིས་སོ། །དེ་ལ། བློ་ཡིས་སྐྱེ་བོ་རྣམས་གཞུག་བྱ། །ཞེས་པ་ནི་སེམས་ཅན་རྣམས་གསང་བའི་དཀྱིལ་འཁོར་དེ་ལ་སོ་སོའི་སྒོ་ནས་ཆུད་པར་བྱའོ་ཞེས་སོ། །ད་ནི་དེ་རྣམས་སྡོད་དུ་རུང་བར་བྱ་བའི་དབང་བསྐུར་གསུངས་པ་དམ་པའི་ཞེས་པ་ལ་སོགས་པའོ། །དམ་པའི་རྡོ་རྗེ་ནི་ཧཱུཾ་ལ་སོགས་པ་ལས་བསྐྱེད་ཅིང་དེའི་རང་བཞིན་ནོ། །སྣང་མཛད་ལ་སོགས་ཞེས་པ་ནི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བའི་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་གནས་པ་རྣམས་སོ། །དེར་ཞུགས་པ་ནི་ཟླ་བ་ཞུ་བའི་ངོ་བོར་གྱུར་པས་ཞུགས་པའོ། །དབང་བསྐུར་བྱས་པ་ནི་ཞུགས་པའི་སེམས་ཅན་རྣམས་ལ་རེག་ཅིང་ཁའི་ལམ་ནས་སྙིང་གའི་པདྨར་ཞུགས་པའོ། །ད་ནི་དེ་འོག་ཅེས་པ་ལ་སོགས་པས་དབང་བསྐུར་བའི་སེམས་ཅན་རྣམས་བདེ་བ་དང་ཡིད་བདེ་བ་ཐོབ་པར་གྱུར་པ་སྟེ། དེ་འོག་ཅེས་པ་ནི་དབང་བསྐུར་བའི་འོག་ཏུའོ། །དེ་ལ་དམིགས་པའི་གྲངས་སུ་འགྲོ་ཞེས་པ་ནི་དེ་ལྟར་དབང་བསྐུར་བའི་སྟོབས་ཀྱིས་ཆོས་ཀྱི་རང་བཞིན་རྣམས་ཟླ་བར་ཞུ་བར་གྱུར་ཏོ། །དེ་ཙམ་ན་མིག་ལ་སོགས་པ་རྣམས་སའི་སྙིང་པོ་ལ་སོགས་པའི་རང་བཞིན་དུ་གནས་ཏེ་གྲངས་སུ་འགྲོ་ཞེས་སོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཟླ་བར་ཞུབ་གཟུགས་རྡོ་རྗེ་ལ་


DTG043_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་རང་བཞིན་དུའོ། །དེ་བཞིན་དུས་ལ་སོགས་པ་ཟླ་བར་ཞུ་བ་སྤྱན་མ་ལ་སོགས་པའི་རང་བཞིན་དུ་འོད་དེ་བཞིན་དུ་གཟུགས་ཞེས་པ་ནི་གཟུགས་ཀྱི་ཕུང་པོའོ། །མྱོང་བ་ནི་ཚོར་བའི་ཕུང་པོའོ། །མཚན་མ་ནི་མཚན་མར་འཛིན་པ་སྟེ། འདུ་ཤེས་ཀྱི་ཕུང་པོའོ། །འདུ་བྱེད་ནི་འདུ་བྱེད་ཀྱི་ཕུང་པོའོ། །ཡིད་ཅེས་པ་ནི་རིག་པ་སྟེ་རྣམ་པར་ཤེས་པའི་ཕུང་པོའོ། །དེ་རྣམས་ཟླ་བར་ཞུ་བ་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་གནས་ཏེ། དེ་ལྟ་བུའི་རང་བཞིན་ཏེ་འོག་ནས་འབྱུང་བའི་ས་བོན་གྱིས་རྣམ་པར་བསྒྲུབས་ཏེ་དབྱུང་བར་བྱ་ཞེས་སོ། །དང་པོ་ཡང་བློས་ཡང་དག་པར་བཅུག་ནས་མན་ངག་གཞན་དེ་ལ་སྲིང་པ་མ་ཡིན་ནོ། །ས་བོན་གྱིས་དབྱུང་བར་བྱའོ་ཞེས་པ་ནི་སྐབས་མི་ཤེས་པའོ། །ས་བོན་ཐུག་པ་མེད་པར་ཐལ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །མཚན་གྱི་སྔགས་དང་བྱེ་བྲག་ནི་བྱ་ཀ་ར་ཎའི་གཞུང་ལས་ཤེས་པར་བྱའོ། །དེ་བས་ན་བླ་མ་ཆེན་པོས་ཀྱང་འདི་ཉིད་དུ་བསྐྱེད་པར་བྱ་བའི་དོན་དུ་གསུངས་ཏེ། དབྱུང་བར་བྱ་བ་ནི་མ་ཡིན་ནོ་ཞེས་གསུངས་སོ། །སྐྱེད་པར་བྱེད་པའི་ས་བོན་དངོས་གང་ཞེ་ན། ཀྵིཾ་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། སེམས་ཅན་དེ་རྣམས་དབང་བསྐུར་བས་ཆོས་རྣམས་ཟླ་བར་ཞུ་བའི་རང་བཞིན་དེ་ལས་ཀྵིཾ་ལ་སོགས་པའི་ས་བོན་དུ་གྱུར་ཏེ། དེ་ལས་འཁོར་ལོ་ལ་སོགས་པའི་ཕྱག་མཚན་བསྒོམས་ཏེ། དེ་ལས་སའི་སྙིང་པོ་ལ་སོགས་པའི་གཟུགས་ཉི་ཤུ་རྩ་གཅིག་ཏུ་ཁམས་ཀུན་འདུས་པར་བྱས་ནས་གོང་དུ་གསུངས་པའི་རིམ་པས་དབྱུང་བར་བྱའོ་ཞེས་སོ། །འདི་རྣམས་རང་གི་རང་བཞིན་དང༌། ཆོས་ཀྱི་རང་བཞིན་དང་ས་བོན་གྱི་རང་བཞིན་ལས་བྱུང་བ་རྣམས་སོ། །ད་ནི་བར་གྱི་སྲིད་པའི་སེམས་ལས་མཆོག་གི་བསྙེན་པས་འཇམ་པའི་རྡོ་རྗེའི་བསྐྱེད་པ་གསུངས་པ། ཨོཾ་ཨཱཿ་ཧཱུཾ་ཞེས་པ་ལ་སོགས་པའོ། །དེ་ལ་ཨོཾ་ཨཱཿ་ཧཱུཾ་ཞེས་སེམས་པ་ནི་བར་གྱི་སྲིད་པའི་སེམས་སོ། །དེ་རྣམས་འོད་ཟེར་འབར་བའོ། །ཧོཿ་དམར་པོ་གཉིས་ཀྱི་བར་དུ་བཅུག་པར་བསམས་ནས་ཆོ་ག་བཞིན་ཞེས་པ་ནི་ནམ་མཁའ་ལས་རང་གི་ཞལ་དུ་ཞུགས་པར་བྱས་ནས་དམ་པའི་གསང་བའི་རྡོ་རྗེའི་ལམ་དུ་བྱུང་བའོ། །དེ་གང་དུ་གནས་ཤེ་ན། པདྨའི་ནང་གནས་ཞེས་ཏེ་ཤེས་རབ་མའི་པདྨའི་གེ་སར་གྱི་དབུས་


DTG043_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཆུད་པར་གནས་ཏེ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་གཞལ་མེད་ཅེས་སོ། །ཤེས་རབ་ཆགས་པས་ཞེས་པ་ནི་ཤེས་རབ་མ་ཡང་དག་པའི་འདོད་ཆགས་ཆེན་པོ་དང་ལྡན་པས་གདོང་པདྨ་རཱ་ག་ལྟར་གྱུར་པའི་སྟོབས་ཀྱིས་ཡི་གེ་ལྔ་པོ་ཞུ་བར་བྱེད་པ་མཐོ་སྟེ་ཞེས་སོ། །དེའི་འོད་ཀྱི་མཐུ་ཡིས་ཞེས་པ་ནི་ཡིག་འབྲུ་ཞུ་བའི་འོད་ཟེར་དམར་བས་སོ། །གཉིས་ཀྱང་ཟླ་བར་ཞུ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་དང་རང་སྣང་བའི་རིག་མ་ཡང་འོད་ཟེར་དེས་དབུས་ཀྱི་ཟླ་བའི་གདན་ལ་བྱང་ཆུབ་སེམས་ཀྱི་གཟུགས་སུ་མཐོང་བར་བྱ་སྟེ་བསྒོམ་ཞེས་སོ། །དེ་ལྟར་སྣང་བ་མེད་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་བྲལ་བའི་ཕྱིར་སྔོན་གོམས་པའི་ཚད་མེད་པ་བཞིའི་གཟུགས་སྤྱན་མ་ལ་སོགས་པ་རང་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་བསྐུལ་གསུངས་པ་འདི་ལྟར་ཞེས་པ་ལ་སོགས་པའོ། །དེ་ཡང་བདག་གིས་སྔོན་སྡུག་བསྔལ་དང་དེའི་རྒྱུ་ལས་གྲོལ་བར་བྱའོ་ཞེས་གང་བསམ་པ་སྟེ་སྣང་བ་མེད་བས་དེ་རྣམས་སྤངས་པ་ཡིན་པས་ཏེ་དེ་རྣམས་ཉིད་ལྷ་མོའི་གཟུགས་སུ་གྱུར་ནས་འོད་ཀྱི་གོང་བུ་ལས་ཕྱུང་ནས་འོག་ནས་འབྱུང་བའི་བསྟོད་པས་བསྐུལ་ཏེ་ཐིམ་པར་གྱུར་ཏོ་ཞེས་སོ། །འདིར་གོ་རིམས་ཀྱིས་སྤྱན་མ་ལ་སོགས་བསྐུལ་བར་རིགས་པ་ལ་མཱ་མ་ཀཱིས་དང་པོར་བསྐུལ་བ་ནི་རྒྱུད་འདི་ལ་ཐུགས་གཙོ་བོར་བསྟན་པའི་ཕྱིར་རོ། །དེ་ཡང་གང་ཞེ་ན། སེམས་ཅན་ཞེས་པ་ལ་སོགས་པའོ། །དེ་ཡང་སེམས་ཅན་གྱི་ཁམས་གསུམ་སྟེ། དེར་གནས་པ་ནི་སེམས་ཅན་རྣམས་སོ། །དེ་རྣམས་ཀྱི་གཙོ་བོ་ནི་དབང་ཕྱུག་གོ །དེ་གང་ཞེ་ན། རྡོ་རྗེ་ཐུགས་ཞེས་སོ། །ཆོས་ཀྱི་དབྱིངས་ཡེ་ཤེས་རྣམ་པར་དག་པའི་གཟུགས་སུ་གྱུར་པས་ན་རྡོ་རྗེ་ཐུགས་ཞེས་བོད་པ་སྟེ། ཀྱེ་ཁྱོད་བདག་ལ་བསྐྱབ་ཏུ་གསོལ། །ཞེས་བྱ་བར་སྦྱར་རོ། །གང་གིས་ཤེ་ན། དགའ་བ་ཡིད་འོང་ཞེས་བྱ་བ་ལ་སོགས་པ་སྟེ་དགའ་བ་ནི་ཐབས་དང་ཤེས་རབ་ཀྱིའོ། །དེ་ཉིད་ཡིད་ཚིམ་པར་བྱེད་པས་ན་ཡིད་འོང་ཞེས་སོ། །དོན་ཆེན་ནི་དོན་ཆེན་པོ་ཡིན་པའམ་དེའི་རྒྱུར་གྱུར་པའི་ཕྱིར་རོ། །འདོད་པ་ནི་གཟུགས་ལ་སོགས་པ་སྟེ་དེ་རྣམས་ཀྱི་བདག་ལ་བསྐྱབ་ཏུ་གསོལ་ཞེས་ཏེ་དགྱེས་པར་མཛོད་ཅེས་སོ། །མགོན་


DTG043_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་བོས་ནས་གལ་ཏེ་བདག་མཱ་མ་ཀཱི་དུས་དི་རིང་གསོན་པར་མཆིས་བཞེད་ན་ཞས་པ་ནི་བཅོམ་ལྡན་འདས་ཉིད་ཡེ་ཤེས་ཀྱི་སྐུ་འབྱུང་བ་ཆེན་པོ་གཟུགས་སུ་མཛད་ནས་བྱམས་པ་ཚད་མེད་པ་སྤངས་པས་བདག་ཤི་བ་དང་འདྲ་བས་བདག་སྲིད་པར་བཞེད་ན་སེམས་ཅན་ཡབ་ཆེན་པོ་གཉེན་པོ་ཞེས་བོས་ནས་གལ་ཏེ་སེམས་ཅན་ཐམས་ཅད་དང་སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པས་དེ་སྐད་ཅེས་བྱའོ། །བདག་ལ་དགྱེས་པར་མཛོད་ཅེས་པ་ནི་ཡེ་ཤེས་ཀྱི་སྐུ་སྣང་བ་མེད་རྣམ་པར་སྤོངས་ལ་ཟབ་མོ་དང་ཡང་དག་པར་གསལ་བའི་སྐུ་སྟོན་ཅིག་པའོ། །རྡོ་རྗེ་སྐུ་ཁྱོད་ཅེས་པ་ནི་སྤྱན་མས་སྐུའི་རིགས་ཀྱི་སྒོ་ནས་མེ་ལོང་ལྟ་བུའི་ངོ་བོ་ཉིད་དུ་གྱུར་པས་དེ་སྐད་དོ། །བཀའི་འཁོར་ལོ་ཞེས་པ་ནི་བཀའ་ཉིད་ཀྱི་འཁོར་ལོས་འགྲོ་བ་རྣམས་ཀྱི་རྒྱུད་ལ་འཇུག་པར་མཛད་པས་ན་སེམས་ཅན་ཀུན་ལ་ཕན་ཞེས་ཚིམ་པར་མཛད་པའོ། །སངས་རྒྱས་དོན་དང་བྱང་ཆུབ་དང་དོན་དམ་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ། སངས་རྒྱས་པའི་དོན་དུ་བྱང་ཆུབ་དོན་དམ་ཕན་པར་རྗེས་སུ་དགོངས་པའི་གཟིགས་པའི་ངང་ཚུལ་གང་ཡིན་པ་དེ་སྐད་དུ་ཞེས་བྱའོ། །མགོན་པོ་ཞེས་པ་ལ་སོགས་པ་ནི་བརྡ་ཕྲད་པར་ཟད་དོ། །འདོད་ཆགས་ནི་མཆོག་ཏུ་བདེ་བ་ཆེན་པོའོ། །དེ་ཉིད་དོན་ཆེན་པོ་ལས་མི་འདའ་བས་ན་དམ་ཚིག་གོ །དེ་ལྟ་བུའི་རོལ་བས་བདག་སྤྱན་མ་ལ་ཞེས་སོ། །དགྱེས་པར་མཛོད་ཅེས་པ་ནི་སྔ་མ་བཞིན་དུའོ། །ཁྱོད་ནི་རྡོ་རྗེ་གསུངས་ཏེ་ཞེས་པ་ནི་ན་བཟའ་དཀར་མོས་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་སོ་སོའི་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་དེ་སྐད་དོ། །སེམས་ཅན་ཀུན་ལ་བྱམས་པས་ཕན་ཞིང་སྙིང་རྗེ་ཆེན་པོས་ཐུགས་བརྩེ་བའི་ངང་ཚུལ་མངའ་བས་དེ་ལ་དེ་སྐད་ཅེས་བྱའོ། །འཇིག་རྟེན་དག་གི་དོན་ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དགོས་པ་ནི་འཇིག་རྟེན་པའི་བདེ་བ་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །དེ་མཛད་པ་ལ་རྟག་ཏུ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་ན་དེ་སྐད་ཅེས་བྱའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པ་གོང་མ་བཞིན་དུའོ། །སྤྱོད་པ་དྲི་མེད་ཅེས་པ་ཐབས་དང་ཤེས་རབ་ཀྱི་སྤྱོད་པའོ། །དེ་ཉིད་གཟུང་བ་དང་འཛིན་པ་དང་བྲལ་བས་ན་དྲི་མེད་དོ། །གང་ལྟར་སྤྱད་ཀྱང་ཉེས་པ་མེད་པས་ན་ཀུན་དུ་བཟང་པོའོ།།


DTG043_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་དགྱེས་པར་མཛོད་ཅེས་པ་ནི་གོང་མ་བཞིན་དུའོ། །ཁྱོད་ནི་རྡོ་རྗེ་འདོད་པ་ཞེས་པ་ལ་སོགས་པས་ལྷ་མོ་སྒྲོལ་མས་རང་གི་རིགས་ཀྱི་བདག་པོའི་སྒོ་ནས་རྡོ་རྗེར་གྱུར་ཅིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་དངོས་པོ་ལྔའི་རང་བཞིན་དེ་ནི་རྡོ་རྗེར་འདོད་ཅེས་བོད་པའོ། །དམ་ཚིག་ཅེས་པ་ནི་དོན་ཡོད་གྲུབ་པ་སྟེ་དེ་ཉིད་མཆོག་ཏུ་གྱུར་པས་ན་དམ་ཚིག་མཆོག་གོ །ཕན་དོན་ཆེ་ཞེས་པ་ནི་བདག་འཁོར་བ་ནས་དོན་བྱའི་གཞན་གྱི་གོ་སྐབས་མི་སྦྱིན་ནོ་ཞེས་བྱ་བའི་ངང་ཚུལ་གྱི་འགྲོ་བ་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་མཛད་པས་ན་དེ་སྐད་དོ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང༌། །ཞེས་པ་ནི་རིགས་ཏེ་དེ་ཉིད་ཐིག་ལེར་གྱུར་པས་ན་མཆོག་གི་མཉམ་པ་ཉིད་ནི་ཟབ་མོ་དང་གསལ་བར་དབྱེར་མེད་པའོ། །དེ་སྐད་ཅིག་གིས་རྟོགས་པ་དེ་ལ་མཉམ་པ་ཉིད་གཟིགས་པ་ཞེས་བྱའོ། །མགོན་པོ་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་ཞེས་པ་ནི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་རིན་ཆེན་མང་པོའི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །བདག་ལ་དགྱེས་པར་མཛོད་ཅེས་པ་ནི་སྔ་མ་བཞིན་དུའོ། །ད་ནི་དེ་ལྟ་བུའི་ངང་ཚུལ་ལས་ཟབ་མོ་དང་ཡང་དག་པར་གསལ་བའི་ངོ་བོ་ཆོས་ཀྱི་དབྱིངས་ཀྱི་སྐུ་འབྱུང་བ་གསུངས་བ་དེ་ལྟར་ཞེས་པ་ལ་སོགས་པའོ། །དེ་ལྟར་དབྱངས་ཀྱིས་བསྐུལ་ཞེས་པ་ནི་བཤད་མ་ཐག་པའི་གླུས་སོ། །ཆོས་ཀུན་སྒྱུ་མ་ལྟ་བུར་ལེགས་བསམས་ནས། །ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་བ་སྒྱུ་མ་འདྲ་བར་བསྒྲུབ་པས་ཏེ། གང་རྒྱུ་རྐྱེན་ཚོགས་པའི་དབང་གིས་རྣམ་པ་སྣ་ཚོགས་སུ་སྣང་ཡང་དེ་ཉིད་ན་དེ་ཉིད་ཀྱིས་དབེན་པ་དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་གཉི་ག་ཡང་དེ་དང་མཚུངས་པའི་ཕྱིར་རོ། །དེ་གཉི་ག་ལ་མི་གནས་པའི་སྦྱོར་བ་བྱའོ་ཞེས་སོ། །དངོས་པོ་རྣམས་དེ་ལྟར་བསམས་ནས་ཁུ་བ་ལས་བྱུང་བའི་མཾ་ལས་གྱུར་བའི་རལ་གྲི་ཆང་གཟུངས་དཀྱིལ་དུ་ཟླ་བ་ཅིག་བསྒོམས་ཏེ་དེ་ཡང་ཅི་འདྲ་ཞེ་ན། སྣང་བའི་འོད་ཟེར་གྱིས་བསྐོར་གཞི་སྔགས་ལུམ་སུ་རུང་ཉིད་གྱུར་ཞེས་ཏེ་འོད་ཟེར་དཔག་ཏུ་མེད་པའི་འཕྲོ་བའི་མཾ་གྱི་གཟུགས་སུ་རང་གི་སེམས་ཉིད་བསམ་མོ་ཞེས་སོ། །དེའི་སྟོབས་ཀྱིས་ཞེས་པ་ནི་ས་བོན་དེའིའོ། །ལྷ་རྣམ་པར་འཕྲུལ་བའི་ཐུབ་དབང་


DTG043_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཞེས་པ་ནི། འོད་ཀྱིས་རེག་པའི་སངས་རྒྱས་ལ་སོགས་པ་ཇི་སྙེད་པའི་གཟུགས་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གཟུགས་སུ་གྱུར་ནས་རྣམ་པར་སྤྲུལ་ཞེས་སོ། །ནང་དུ་ཐིམ་ནས་ཞེས་པ་ནི་དེ་རྣམས་འོད་ཟེར་གྱིས་བཀུག་ནས་ནང་གི་ས་བོན་གྱི་ནང་དུ་ཆུད་པས་དེ་མ་ཐག་ཏུ་ཡིད་ཀྱི་དཔལ་ལྡན་འཇམ་པའི་རྡོ་རྗེར་གྱུར་པར་བྱ་ཞེས་སོ། །དཔལ་ནི་གོང་དུ་བཤད་པར་ཟད་དོ། །འཇམ་པའི་རྡོ་རྗེ་ཇི་ལྟ་བུ་ཞེ་ན་གུར་གསུམ་ཞེས་པ་ལ་སོགས་པའོ། །དབུས་ཀྱི་ཞལ་དང་སྐུ་ནི་གུར་གསུམ་བཟང་པོ་ལྟར་དམར་སེར་དུ་གནས་ལ་གཡས་སྔོ་གཡོན་དཀར་བའི་མདོག་ཏུ་གནས་པའོ། །སྣ་ཚོགས་རྒྱན་ཞེས་པ་ནི་གདུ་བུ་ལ་སོགས་པ་སྟེ་དེས་རྣམ་པར་བརྒྱན་པའི་ཕྱག་དྲུག་པ་དང་པོ་གཉིས་ཀྱིས་དམར་པའི་ཤེས་རབ་མ་འཁྱུད་ནས་མ་མཆུ་ཚེམས་ཀྱིས་བཟུང་ནས་གནས་པའོ། །ལྷག་མ་ན་གནས་པའི་རལ་གྲི་དང་མདའ་དང་གཞན་ཡང་ཨུཏྤལ་སྔོན་པོ་དང་གཞུང་བསྣམས་པའོ། །མཐའ་ཡས་ནི་མང་པོའོ། །འོད་ནི་ཟེར་དེ་ལས་ཀྱང་མ་ལུས་རིགས་རྣམས་འཕྲོ་བས་བརྒྱན་པའི་མཁའ་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་འཕྲོས་པས་ནམ་མཁའི་ཁམས་གང་བའི་རྒྱན་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྐྱོབ་པ་ཞེས་པ་ནི་རང་གི་མཐོང་བའི་ལམ་གཞན་ལ་སྟོན་པ་ཡོད་པས་ན་དེ་སྐད་ཅེས་བྱའོ། །སྐུ་དེའི་དག་པ་ནི་འདི་ལྟ་སྟེ། དབུ་གསུམ་ནི་རྣམ་པར་ཐར་པའི་སྒོ་གསུམ་མོ། །ཁ་དོག་གསུམ་ནི་སྐུ་གསུང་ཐུགས་གསུམ་མོ། །ཕྱག་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །སྣང་བའི་རིག་མས་འཁྱུད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མི་གཏོང་བའོ། །ཕྱག་མཚན་རྣམས་ནི་རིགས་སྣ་ཚོགས་ཀྱི་ཡོན་ཏན་མངའ་བའི་རྟགས་ཏེ། གཞན་ཡང་སྣ་ཚོགས་ཀྱིས་བརྒྱན་པའི་བུད་མེད་ལས་དོན་ཐམས་ཅད་འབྱུང་བས་ན་ཤེས་རབ་དེའི་ཡུལ་དུ་མཛེས་པར་བྱ་བའི་ཕྱིར་རོ། །གཞན་ཡང་རང་བཞིན་མེད་པས་གང་དེ་ཆོས་སྐུར་བརྗོད་ཅིང་སྐུ་དེ་ནི་རྣམ་པའི་མཆོག་རྣམས་དང་ལྡན་པས་ལོངས་སྤྱོད་རྫོགས་པར་བཤད་པའོ། །འགྲོ་བ་རྣམས་ཀྱི་རྒྱུད་སྨིན་པ། །སྤྲུལ་པའི་སྐུར་ཡང་བཤད་པ་ཡིན། །ཞེས་པ་འདི་རྣམས་ལྷ་ཐམས་ཅད་བསྒྲེ་བར་བྱའོ། །ད་ནི་འདིའི་ཆོས་ཀྱི་དབྱིངས་རྣམ་པར་བསྒྲུབ་པའི་ཕྱིར་གཟུང་འཛིན་ཞེས་པ་ལ་སོགས་


DTG043_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལ་གཟུང་བཞེས་པ་ནི་ཕྱིའི་དངོས་པོ་རྣམས་སོ། །འཛིན་པ་ཞེས་པ་ནི་རྣམ་པར་ཤེས་པ་ནང་ནས་ཡོངས་སུ་གསལ་བའི་བདག་ཉིད་ཅན་ཏེ་དངོས་པོ་ཐམས་ཅད་ཅེས་པ་ནི་ཕྱི་ནང་གི་དངོས་པོ་ཐམས་ཅད་དོ། །དངོས་པོ་ཐམས་ཅད་ཀྱང་གཟུང་འཛིན་གྱི་དངོས་པོའི་ངོ་བོ་ཉིད་མེད་པར་ཤེས་པར་བྱས་ནས་ཀྱང་བྱིན་གྱིས་བརླབ་པར་བྱའོ་ཞེས་སོ། །དེ་ལྟར་ངོ་བོ་ཉིད་མེད་པའི་སྣང་བ་དང་བྲལ་བ་ཡིན་པས་དེས་དོན་ཇི་ལྟར་བྱེད་ཅེ་ན། རྣམ་པར་བྱང་ལ་མངོན་པར་ཞེ་ན། །ཞེས་གསུངས་ལ་རྣམ་པར་བྱང་བ་ནི་མྱ་ངན་ལས་འདས་པའོ། །དེ་ལ་མངོན་པར་ཞེན་པ་ནི་ཐལ་བྱུང་གི་ཟབ་མོ་ལ་བློ་ཤིན་ཏུ་ཆགས་པའོ། །དེ་ཟད་པ་ནི་སྤངས་པའོ། །སེམས་ཅན་གྱི་ཇི་ལྟ་བུ་ཞེ་ན། སྒྱུ་མ་ལྟ་བུ་སྐུའོ། །དེ་བས་ན་ཞེན་པ་གཉིས་བསལ་བའི་དོན་དུ་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་པ་འདི་ལྟར་བྱའོ་ཞེས་སོ། །ཨོཾ་ཞེས་པ་ནི་བཤད་ཟིན་ཏོ། །དྷརྨྨ་ཞེས་པ་ནི་སྟོབས་བཅུ་ལ་སོགས་པའི་ཆོས་སོ། །དྷཱ་ཏུ་ཞེས་པ་ནི་དབྱིངས་ཏེ་ཟབ་མོ་དང་གསལ་བའི་སྐུའོ། །སེམས་ཅན་གྱི་བསམ་པའི་དབང་གིས་ཁ་དོག་ལ་སོགས་པའི་དབྱེ་བ་ལས་ཐམས་ཅད་འགྲུབ་པའི་ཕྱིར་བྱང་ཆུབ་ཀྱི་རྒྱུ་ཡིན་ནོ། །དེ་ལྟ་བུའི་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་ང་རྒྱལ་བྱའོ། །དེ་བས་ན་སྣང་བ་ལས་དངོས་པོར་དམིགས་པར་ཐལ་བ་མ་ཡིན་ནོ། །སྣང་བའི་རྣམ་པས་ཆོས་ཀྱི་དབྱིངས་བརྟག་པའི་ཕྱིར་དེ་མེད་ན་ཆོས་ཀྱི་དབྱིངས་དང་འབྲེལ་བ་མེད་དོ། །འདི་ནི་སྔགས་ཀྱི་ཐེག་པ་ནི་ཐབས་གསལ་བའི་སྒོ་ནས་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་ཟབ་མོ་ལ་ཞེན་པའི་བློ་ནི་མྱ་ངན་ལས་འདས་པ་ལ་ཆགས་པ་སྟེ། དེས་ཕན་པ་མེད་པའི་སྟེང་དུ་དགེ་བ་འཇིག་པའི་ཕྱིར་རོ། །དེ་བས་ན་ཟབ་མོ་དང་གསལ་བ་དབྱེར་མེད་པ་ཐམས་ཅད་འགྲུབ་པའི་ཕྱིར་དེ་སྐད་མ་ཡིན་ནོ། །དེ་བས་ན་བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང༌། ཟབ་མོ་ཁོ་ནས་བསྒོམ་པ་ཡང༌། །རྣམ་པར་དག་པ་བསྒོམ་མི་བྱ། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་གཉིས་དབྱེར་མེད་བསྒོམ་འགྱུར་བ། །བཅིངས་བ་ཀུན་ལས་གྲོལ་བ་ཡིན། །ཞེས་སོ། །ཡང་དེ་ཉིད་ལས། ཟབ་མོ་ཡིས་ནི་སེམས་ཅན་དོན། །


DTG043_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལྟར་ཡང་དག་བྱེད་མི་ནུས། །དེ་བས་དེ་ལ་བློ་ཆགས་པ། །ད་ནི་ཡང་དག་མ་དད་དོ། །དེ་ཉིད་དུ་ང་དུ་འཇུག་ཤེས་ན། །ངས་བསྟན་དེ་ཉིད་རྟོགས་པར་འགྱུར། །ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་བས་ན་འདི་ནི་ཤེས་པ་ཉིད་དབྱེར་མེད་པས་སྲིད་པ་དང་ཞི་བ་སོ་སོར་ཉེ་བས་ན་བསྙེན་པ་ཞེས་བྱ་སྟེ། དེ་ཉིད་ཡེ་ཤེས་ཡོངས་སུ་དག་པའི་ངེ་བཞིན་གཤེགས་པ་ལ་སོགས་པ་རང་དང་འདྲ་བ་ལས་བྱུང་བས་རྒྱུ་མཐུན་པ་ཞེས་བྱའོ། །འདིས་ནི་རྒྱུ་མཐུན་པའི་འབྲས་བུ་ཆུད་དུ་དང་བསྙེན་པའི་ཡན་ལག་ཆུང་ངུ་སྟེ་དང་པོའོ། །ད་ནི་དེ་འོག་ཅེས་པ་ལ་སོགས་པས་སྐྱེ་མཆེད་རྣམས་བྱིན་གྱིས་བརླབས་ན་ཐམས་ཅད་མཁྱེན་པའི་མཚན་ཉིད་མེད་དེ། དེ་མེད་པས་ཡང་དག་པའི་སངས་རྒྱས་མ་ཡིན་པས་སྒྱུ་མ་ཙམ་དུ་སྣང་བའི་སྐུ་དེའི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་སྟོན་ཏོ། །དེའི་འོག་ཅེས་པ་ནི་སྔགས་ཀྱི་བྱིན་གྱིས་བརླབས་པའི་རྗེས་ལའོ། །རང་སྙིང་ས་བོན་ཞེས་པ་ནི་ཕྱག་མཚན་གྱི་བུམ་པ་ལ་གནས་པའི་ཀྵིཾ་ལ་སོགས་པའོ། །འོད་ཀྱིས་ཞེས་པ་ནི་དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སའི་སྙིང་པོ་ལ་སོགས་པའི་གཟུགས་སུ་བྱས་ནས་དེ་ལ་ཐིམ་པས་མིག་ལ་སོགས་པ་རྣམས་སའི་སྙིང་པོ་ལ་སོགས་པས་ཞེས་ཏེ་གནས་དྲུག་བསྐྱེད་དོ་ཞེས་པའི་དོན་ཏོ། །དེ་ཡང་འདི་ལྟ་སྟེ་མིག་གཉིས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རེ་རེ་ལ་ཀྵིཾ་དཀར་པོ་ལས་གྱུར་པའི་འཁོར་ལོ་རེ་རེའི་ལྟེ་བ་ལ་ཀྵིཾ་བསྒོམ་པ་སྟེ་མཚན་མའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སའི་སྙིང་པོའི་གཟུགས་སུ་བྱས་ནས་དེ་ལ་ཐིམ་པ་དེ་གཉིས་ཀ་གནས་གྱུར་ཏེ། སའི་སྙིང་པོ་སྐུ་མདོག་དང་ཕྱག་མཚན་རྣམ་པར་སྣང་མཛད་དང་འདྲ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་རྣ་བའི་བུག་གཉིས་སུ་ཛྲི་ནག་པོ་ལས་རྡོ་རྗེར་གྱུར་པའི་ཕྱག་ན་རྡོ་རྗེ་མི་བསྐྱོད་པ་ལྟ་བུས་བྱིན་གྱིས་བརླབ་བོ། །སྣ་བུག་གཉིས་སུ་ཁཾ་སེར་པོ་དང་རིན་པོ་ཆེ་ལྗང་གུ་ལས་བྱུང་བའི་ནམ་མཁའི་སྙིང་པོ་རིན་ཆེན་འབྱུང་ལྡན་ལྟ་བུས་བྱིན་གྱིས་བརླབ་བོ། །ལྕེའི་དབུས་སུ་གཾ་དམར་པོ་དང་པདྨ་ལས་གྱུར་པའི་འཇིག་རྟེན་དབང་ཕྱུག་ཚེ་དཔག་མེད་ལྟ་བུས་བྱིན་གྱིས་བརླབ་བོ། །དཔྲལ་བའི་དབུས་སུ་ཥྐཾ་ལྗང་གུ་དང་རལ་གྲི་ལས་གྱུར་པའི་སྒྲིབ་པ་


DTG043_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སེལ་བ་དོན་ཡོད་གྲུབ་པ་ལྟ་བུས་བྱིན་གྱིས་བརླབ་བོ། །ལྟེ་བའི་དབུས་སུ་སཾ་དཀར་པོ་དང་རྡོ་རྗེ་ལས་གྱུར་པ་ལས་ཀུན་དུ་བཟང་པོ་རྡོ་རྗེ་སེམས་དཔའ་ལྟ་བུས་བྱིན་གྱིས་བརླབ་པར་བྱའོ། །དེ་ཟླ་བའི་གདན་དང་རྒྱ་བརྟེན་དུ་ལྡན་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་རིན་པོ་ཆེའི་དབུ་རྒྱན་ཅན་དང༌། དང་པོ་གཉིས་རང་སྣང་བའི་རིག་མ་ལ་འཁྱུད་པའོ། །མིག་ལ་སོགས་པ་རྣམས་ཡུལ་སོ་སོར་ངེས་པའི་ཕྱིར་རེ་རེ་ཞིང་རྣམ་པར་ཤེས་ཏེ་དེ་རྣམས་ལོག་པས་རེ་རེས་ཀྱང་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །མིག་ལ་སོགས་པ་རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པའོ། །འོག་ནས་འབྱུང་བའི་སྒྲུབ་པ་དང་ཉེ་བའི་ཕྱིར་ཉེ་བའི་སྒྲུབ་བའོ། །འདིས་རྣམ་པར་སྨིན་པའི་འབྲས་བུ་ཆུང་ངུ་དང་ཉེ་བར་སྒྲུབ་པའི་ཡན་ལག་ཆུང་ངུ་སྟེ་གཉིས་པའོ། །ད་ནི་དྲི་མེད་ཅེས་པ་ལ་སོགས་པས་ནི་སྐུ་གསུང་ཐུགས་བ་འགྲོ་བའི་དོན་ཡོད་པ་ཡིན་ནོ་ཞེས་འབྱུང་བས་དེས་བྱིན་གྱིས་བརླབ་པའི་མཚན་ཉིད་བར་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་བྲལ་བའི་ཕྱིར་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཆོ་ག་སྟོན་ཏེ། དྲི་མ་མེད་པ་ཡང་ཟླ་བའི་དཀྱིལ་འཁོར་ཏེ་དེ་བས་ན་དྲི་མེད་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ཅིག་བསྒོམ་ཞེས་སོ། །རྡོ་རྗེ་བུམ་པའི་དབུས་གནས་ཞེས་པ་ནི་དེའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་བསྒོམས་ཏེ་དེ་བུམ་པའི་དཀྱིལ་དུ་གནས་པ་ཞེས་པའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། ཧཱུཾ་གིས་ཐུགས་ཀྱི་རྡོ་རྗེ་ཞེས་ཏེ་བུམ་པའི་དབུས་སུ་ཟླ་བའི་སྟེང་དུ་ཧཱུཾ་ཕྲ་མོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཕྲ་མོ་ཧཱུཾ་གིས་མཚན་པ་བསྒོམས་ཏེ། དེ་གཉི་ག་གྱུར་པ་ལས་ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པ་དང་ཐམས་ཅད་འདྲ་བའི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཆོས་ཀྱི་སྐུ་འདུས་བྱས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདག་ཉིད་དྲན་པ་ཉེ་བར་གཞག་པ་ནས་བརྩམས་ཏེ། ཐམས་ཅད་མཁྱེན་པའི་བར་གྱིས་བསྡུས་པའི་དེ་བཞིན་གཤེགས་བའི་ཆོས་ཀྱི་སྐུའི་རང་བཞིན་རྣམ་པར་དག་པའི་གཟུགས་བསྒོམས་ཏེ་ཞེས་སོ། །དེར་མན་ངག་ཏུ་དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ལས་གྱུར་པའི་རྡོ་རྗེའི་བུམ་པ་ལ་ཧཱུཾ་གིས་མཚན་པ་བསྒོམ་པར་བྱའོ་ཞེས་སོ། །དེ་བཞིན་དུ་ཁ་དང་མགོ་ལ་སྟེ་མགྲིན་པ་དང་སྤྱི་བོར་ཞེས་སོ། །པདྨ་འཁོར་ལོ་ཞེས་པ་ནི་


DTG043_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ནོ། །དེའི་དཀྱིལ་དུ་ཡང་ཞེས་ཏེ་དབུས་སུའོ། །ཨ་དང་ཕྱག་མཚན་གཉིས་ཀྱིས་ཞེས་པ་ནི་ཨ་ཕྲ་མོ་དང་ཨོཾ་ཕྲ་མོའོ། །སྐུའི་རྡོ་རྗེ་ཕྲ་མོ་གསུམ་གྱིས་རྡོ་རྗེ་ཡང་བསམ་པར་བྱ་ཞེས་པའི་རིམ་པ་ནི་འདི་ལྟ་སྟེ། མགྲིན་པའི་གནས་སུ་ཟླ་བའི་སྟེང་དུ་ཨ་ཡོངས་སུ་གྱུར་པ་ལས་པདྨའི་སྟེང་དུ་ཨ་ཕྲ་མོ་ཡོངས་སུ་གྱུར་པ་ལས་པདྨ་ཕྲ་མོ་ཨས་མཚན་པ་བསྒོམས་ཏེ། གཉིས་གནས་གྱུར་པ་ལས་གསུང་གི་རྡོ་རྗེ་ཐམས་ཅད་ཚེ་དཔག་ཏུ་མེད་པ་དང་འདྲ་བ་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ངོ་བོ་ཉིད་ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དང་ཐབས་ཅིག་ཏུ་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་དག་པའི་གཟུགས་བསྒོམས་ཏེ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨ་ལས་གྱུར་པའི་པདྨའི་དབུས་སུ་ཨ་བསྒོམ་པར་བྱའོ་ཞེས་སོ། །དེ་བཞིན་དུ་སྤྱི་བོའི་དབུས་སུ་ཟླ་བའི་སྟེང་དུ་ཨོཾ་ལས་གྱུར་པའི་འཁོར་ལོའི་སྟེང་དུ་ཨོཾ་ཕྲ་མོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ཕྲ་མོ་ཨོཾ་གྱིས་མཚན་པ་བསྒོམས་ཏེ། དེ་གྱུར་པ་ལས་སྐུའི་རྡོ་རྗེ་ཐམས་ཅད་རྣམ་པར་སྣང་མཛད་འདྲ་བ་ལས་ཀྱི་ཕྱག་རྒྱའི་རང་བཞིན་ཤཱ་ཀྱ་ཐུབ་པ་ལ་སོགས་པ་གང་གི་འཁོར་བ་ཇི་སྲིད་པའི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་འདོད་པའི་དོན་མཉམ་དུ་མཛད་པ་དེ་ནི་རྒྱུན་ཆགས་པ་ཉིད་ཀྱིས་ན་སྤྲུལ་པའི་སྐུ་སྟེ་དེས་རྣམ་པར་དག་པའི་གཟུགས་བསྒོམས་ཏེ་དེའི་ཐུགས་ཀར་ཨོཾ་ལས་འཁོར་ལོ་དེའི་ལྟེ་བ་ལ་ཨོཾ་གྱིས་མཚན་པ་བསྒོམ་པར་བྱ་ཞེས་སོ། །དེའི་སྙིང་པོ་འོད་ཟེར་རྒྱུན་གྱིས་ཞེས་པ་ནི་སོ་སོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱི་ཚོགས་རྒྱུན་མ་ཆད་པ་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུ་སྟེ་འོད་ཟེར་དེ་ལས་གཟུགས་ཀྱི་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་ཡང་དག་པར་སྤྲོས་ནས་མཆོད་པར་བྱའོ་ཞེས་སོ། །ཇི་ལྟ་བུ་ཞེ་ན། ཤེས་རབ་དམ་པ་འདུས་པའི་འོད་རྣམས་ཀྱིས་ཞེས་ཏེ་ཤེས་རབ་ནི་རང་སྣང་བའི་རིག་མའོ། །དེ་དང་འདུས་པ་ནི་ཡང་དག་པར་སྤྱོར་བ་སྟེ། ནང་དུ་ཆུད་པའི་ཤུགས་ཀྱིས་དེ་ལྟ་བུའི་ངང་ཚུལ་ཡོད་པས་དེ་སྐད་ཅེས་བྱའོ་ཞེས་སོ། །དེས་མཆོད་པ་དངོས་གང་ཞེ་ན། རྒྱལ་བའི་དབང་པོ་ཞེས་ཏེ་ཕྱོགས་བཅུ་གནས་པའི་ཐུགས་ཀྱི་རྡོ་རྗེ་ལ་སོགས་པའོ། །མཆོད་ནས་ཅི་བྱ་ཞེ་ན། ཐུགས་ཀྱི་


DTG043_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལ་སོགས་བྱིན་གྱིས་བརླབས་ཞེས་ཏེ་རང་ཉིད་ཐུགས་རྡོ་རྗེ་ལ་སོགས་པའི་རང་བཞིན་དུ་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་གདབ་པར་བྱའོ་ཞེས་སོ། །དེ་གང་ཞེ་ན། དཔལ་ལྡན་ཞེས་པ་ལ་སོགས་པའོ། །དཔལ་ལྡན་ཞེས་པ་ནི་རང་གི་རིག་མ་དང་ལྡན་པའོ། །རྡོ་རྗེ་ཐུགས་འཆང་བ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་འཛིན་པས་ན་དེ་སྐད་དེ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ་སྟེ་སྐུ་དང་གསུང་དང་ཐུགས་ནི་གང་དུ་ཡང་དབྱེ་བ་མེད་པ་དེ་བསྒོམས་པས་ཞེས་སོ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཞེས་པ་ནི་ཐུགས་རྡོ་རྗེའི་རང་བཞིན་དུ་ཁྱེད་ཀྱིས་བྱིན་གྱིས་རློབས་ཤིག་ཅེས་པ་སྟེ། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་པ་སྟེ་བསྒོམས་པའི་ཐུགས་ཀྱི་རྡོ་རྗེ་སྙིང་ག་ནས་གནས་པ་ཁྱེད་ཀྱིས་བདག་རྡོ་རྗེ་ཐུགས་ཅན་དུ་མཛོད་ཅིག་ཅེས་པའོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཞེས་པ་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པ་ཞེས་བྱའོ། །རྡོ་རྗེ་ཐུགས་ཀྱིས་ཞེས་པ་ནི་ལྷུན་གྱིས་གྲུབ་པའི་ཐུགས་ཀ་ན་གནས་པའི་ཐུགས་ཀྱི་རྡོ་རྗེ་སྟེ། ཁྱོད་ཀྱིས་བདག་ཐུགས་ཀྱི་རྡོ་རྗེ་ཅན་དུ་མཛོད་ཅིག་ཅེས་པའོ། །དེ་ནས་ལྷུང་ཡིས་གྲུབ་པའི་ཐུགས་ཀྱི་རྡོ་རྗེ་རྣམས་རང་གི་ཐུགས་ཀྱི་རྡོ་རྗེ་ལ་གཉིས་སུ་མེད་པར་ཞུགས་ཏེ་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་སརྦྦ་ཞེས་པ་ལ་སོགས་པའོ། །གསུང་ལམ་ཞེས་པ་ནི་གསུང་ཉིད་ལམ་སྟེ་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་གཞུག་པར་མཛད་ཅིང་བདག་མེད་པ་སྟོན་པའི་གསུང་ངོ༌། །ལྷག་མ་ནི་སྔར་བཤད་པས་གོ་བར་ཟད་དོ། །སྐུའི་སྐྱེས་བུ་ལ་སོགས་པས་སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ་ཉེ་བར་སྤྱོད་པའི་ཕྱིར་རྒྱུ་ལ་ཡང་དེ་སྐད་ཅེས་བྱའོ། །སྐུ་རྡོ་རྗེ་ལ་སོགས་པ་འདིས་སྤྲུལ་པའི་སྐུ་ལ་སོགས་པ་འགྲུབ་པའི་ཕྱིར་སྒྲུབ་པའོ། །འདིས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཆུང་དུ་དང་སྒྲུབ་པའི་ཡན་ལག་ཆུང་ངུ་སྟེ་གསུམ་པའོ། །རྡོ་རྗེ་གསུམ་ནི་ཞེས་པ་ལ་སོགས་པས་ཁམས་གསུམ་གྱི་དབང་པོར་བསྐོས་པ་མེད་ན་སངས་རྒྱས་ཡང་དག་པ་མ་ཡིན་པས་རིགས་ཀྱི་དབང་ཕྱུག་གིས་དབང་བསྐུར་བ་གསུངས་པ་རྡོ་རྗེ་གསུམ་ཞེས་པ་ནི་སྐུ་ལ་སོགས་པའོ། །དེ་ཉིད་མཁའ་


DTG043_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་རང་བཞིན་ཞེས་ཏེ་རང་གི་མཚན་ཉིད་དང་བྲལ་བའི་ནམ་མཁའ་ལྟར་ཐམས་ཅད་ལ་ཁྱབ་པར་གནས་སོ་ཞེས་སོ། །ཅིའི་ཕྱིར་ནམ་མཁའ་དང་འདྲ་ཞེ་ན། མཚན་མ་སྤངས་པས་ཞེས་ཏེ་ཇི་ལྟར་ནམ་མཁའ་དངོས་པོ་ཐམས་ཅད་སྤངས་པས་ཀུན་ལ་ཁྱབ་པ་བཞིན་དུ་རྡོ་རྗེ་གསུམ་ཡང་འཛིན་པ་ལ་སོགས་པའི་མཚན་མ་མེད་པར་ཇི་ལྟར་གནས་སོ། །མཚན་བྱས་ཏེ་ཞེས་པ་ནི། བདག་གི་ཐུགས་ཀ་ལ་སོགས་པར་བྱས་ཏེ། །རང་རིགས་གཙོ་བོས་བརྒྱན་པའི་ཅོད་བན་འགྱུར། །ཞེས་བྱ་བར་སྦྱར་རོ། །འདིར་མན་ངག་གི་ཐུགས་རྡོ་རྗེ་ལ་སོགས་པ་བསྐྱེད་པའི་དུས་སུ་ནུམ་གཉིས་ཀྱི་པར་དུ་ཟླ་བ་ལ་གནས་པའི་ལཾ་ལས་གྱུར་པའི་རལ་གྲིའི་དབུས་སུ་མཾ་ཕྲ་མོ་ལས་གྱུར་པའི་རལ་གྲི་ཕྲ་མོ་མཾ་དང་ལྡན་པར་བསྒོམས་ཏེ། དེ་གཉི་ག་གནས་གྱུར་པ་ལས་སོ། །ཐམས་ཅད་བདག་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་ཆོས་ཀྱི་སྐུ་འདུས་མ་བྱས་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་བདག་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཟག་པ་མེད་པ། དྲི་མ་རྣམས་གློ་བུར་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་དག་པ་རང་བཞིན་གྱིས་དབེན་པ་ཉིད་དུ་གང་གྱུར་པ་དེ་རང་བཞིན་གྱིས་སྐྱེ་བ་མེད་པ་སྟེ། བཅོས་མ་མ་ཡིན་པའི་དོན་གྱིས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པར་བྱེད་པ་ཡིན་པས་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུར་ཐམས་ཅད་རྫོགས་པས་ཐེག་པའི་སྐུས་རྣམ་པར་དག་པའི་གཟུགས་བསྒོམས་ཏེ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་མཾ་ལས་གྱུར་བའི་རལ་གྲིའི་ཡུ་བ་ལས་མཾ་བསྒོམས་ཏེ་ཞེས་སོ། །དེ་བས་སེམས་ཀྱི་འོད་ཟེར་རྣམས་ཀྱིས་བསྐུལ། །ཞེས་པ་ནི་ས་བོན་གྱི་འོད་ཟེར་སྤྲོས་པས་བསྐུལ་ནས་ཞེས་སོགས་གང་བསྐུལ་ཞེ་ན། ཐམས་ཅད་ཚོགས་སུ་གྱུར་པའི་ཐུབ་པ་དེ། །ཞེས་ཕྱོགས་བཅུའི་མི་བསྐྱོད་པ་ལ་སོགས་པའོ། །དེས་ཅི་བྱ་ཞེ་ན། ཐུབ་མཚག་འོད་ཟེར་ལས་བྱུང་ཞེས་བླ་མར་སྣང་བའི་དེ་བཞིན་གཤེགས་པ་རྣམས་ལས་འོད་ཟེར་བྱུང་སྟེ་དེའི་རྩེ་མོ་ལས་རིག་མཆོག་སྤྱན་མ་ལ་སོགས་པ་ཡེ་ཤེས་ཀྱི་བུམ་པ་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བཀང་བ་ལག་ན་བཟུང་བའི་ཚོགས་བྱུང་སྟེ། བུམ་པའི་ཆུ་བླུགས་པས་


DTG043_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཏེ་དེ་རྣམས་ཀྱིས་བཀྲ་ཤིས་ཀྱི་དབྱངས་ལ་སོགས་པ་དང་ལྡན་པར་བདག་གི་སྤྱི་བོར་བླུགས་ཏེ་ཆུ་དང་ལ་སོགས་པ་ཐམས་ཅད་ཞུགས་པར་བྱའོ་ཞེས་སོ། །དེས་ཅིར་འགྱུར་ཞེ་ན། རང་རིགས་གཙོ་བོས་བརྒྱན་པའི་ཅོད་པན་འགྱུར། །ཞེས་ཏེ་ཀུན་གནས་གྱུར་ཏེ་འཇམ་པའི་རྡོ་རྗེའི་ཅོད་པན་ལ་མི་བསྐྱོད་པས་མཚན་པར་བསམ་མོ་ཞེས་སོ། །སྐུ་གསུམ་དུ་བསྒྲུབ་པ་ནི་སྒྲུབ་པ་སྟེ་སྐུ་གསུམ་ཐོབ་ཀྱང་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་དབང་ཐོབ་པ་ནི་དམ་པ་ཡང་དག་པའི་སངས་རྒྱས་མ་ཡིན་པས་དབང་བསྐུར་བ་ནི་སྒྲུབ་པ་བས་ཀྱང་ཆེན་པོར་གྱུར་པས་ན་སྒྲུབ་པ་ཆེན་པོ་ཞེས་བྱའོ། །དབང་བསྐུར་བས་དྲི་མ་ཐམས་ཅད་མེད་པར་བྱས་པའི་འབྲས་བུ་རང་གི་བདག་པོར་སྣང་བས་ན་དྲི་མ་མེད་པའི་འབྲས་བུ་ཞེས་བྱའོ། །འདིས་ནི་དྲི་མ་མེད་པའི་འབྲས་བུ་ཆུང་ངུ་དང་སྒྲུབ་པ་ཆེན་པོའི་ཡན་ལག་ཆུང་ངུ་སྟེ་བཞི་བའོ། །དེ་རྣམས་ལྷ་གཙོ་བོ་གཅིག་པུ་ལ་གཙོགས་པའི་ཕྱིར་མཆོག་ཅེས་སོ། །ལྷ་གཅིག་བསྒོམས་པས་ཡེ་ཤེས་ཡང་དག་པར་བྱ་བའི་ངོ་བོ་མ་ཡིན་པས་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པའི་ནུས་པ་ཧ་ཅང་ཡང་མི་དྲག་པའི་ཕྱིར་ཆུང་ངུ་ཞེས་བྱའོ། །རེ་རེས་དགོས་པ་རྫོགས་པ་མིན་པས་ཕན་ཚུན་གྱི་ཡན་ལག་ཏུ་གྱུར་པའི་ཕྱིར་ཡན་ལག་གོ །འདི་དག་གིས་རྡོ་རྗེ་འཛིན་པར་བསྒྲུབས་པས་ན་འབྲས་བུ་ཞེས་བྱའོ། །ད་ནི་དེ་བཞིན་ཞེས་ལ་སོགས་པས་ནི་ཆུང་ངུ་དང་ཆེན་པོའི་བར་ན་གནས་པ་ཉིད་ཀྱི་འབྲིང་པོ་ཞེས་ཁྱད་པར་བྱས་པས་བར་མའི་བསྙེན་སྒྲུབ་བཞི་ལ་སོགས་པས་རིག་མ་དག་པར་བྱས་པའི་ཆོ་ག་གསུངས་པའོ། །དེ་བཞིན་གཤེགས་པ་ཞེས་པ་ནི་ཆུང་དུ་བཞིན་དུའོ། །རང་གི་ལྷ་དང་འདྲ་བ་ཞེས་པ་ནི་རིག་མ་སྟེ། མདོག་ལ་སོགས་པ་སྟེ་རང་བདག་དང་འདྲ་བའི་ཕྱིར་རོ། །རང་གི་སྙིང་པོ་ཞེས་པ་ནི་མཾ་དེས་བསྐྱེད་པ་ཞེས་སོ། །དེའི་དོན་ནི་འདི་ལྟ་སྟེ་རང་གི་གནས་ཀྱི་མདུན་དུ་ཟླ་བའི་གདན་ཅིག་བསྒོམས་ཏེ་དེ་གོང་མ་བཞིན་དུ་ཡི་གེ་གསུམ་ཞུགས་པ་དང་དེ་བཞིན་གཤེགས་པ་རྣམས་མངོན་དགར་གཤེགས་ནས་ཕྲེང་བ་གཉིས་པའི་ཡི་གེར་བྱས་པ་དང༌། དེར་བྱོན་ནས་ཡི་གེ་གསུམ་ནང་དུ་བཅུག་སྟེ་གདན་ལ་བབས་པའི་རིམ་པས་ཟླ་བ་གཉིས་


DTG043_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་ལ་སོགས་པ་ཡེ་ཤེས་ལྔ་བསྐྱེད་ནས་གོང་མ་ལྟར་ཡང་ཡི་གེ་གསུམ་ཞལ་དུ་ཞུགས་པ་ལ་སོགས་པའི་རིམ་པས་འོད་དུ་ཞུ་བ་ལས་མཱ་མ་ཀཱི་ལ་སོགས་པས་དབྱངས་ཀྱིས་བསྐུལ་ནས་ཐིམ་སྟེ་ཡོངས་སུ་གྱུར་པ་ལས་རང་གི་སྙིང་པོ་བསྒོམས་ཏེ་མཾ་དམར་སེར་དུ་གྱུར་པར་བསམ་མོ། །དེ་གྱུར་པ་ལས་རལ་གྲི་ཡུ་བ་མཾ་གྱིས་མཚན་པ་བསྒོམས་ཏེ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འཇམ་དབྱངས་ཀྱི་སྐུར་གྱུར་ཏེ་བཀུག་ནས་དེ་ལ་ཐིམ་པར་རིགས་སྤྲུལ་ཞེས་སོ། །ཇི་ལྟ་བུ་ཞེ་ན་ཕྱག་མཚན་ལ་སོགས་པ་འཇམ་དབྱངས་འདྲ་བ་མེ་ཏོག་གི་ཅོད་པན་དང་ཀུ་ཙས་ཁྱད་པར་བྱས་པར་བསྒོམ་པར་བྱ་སྟེ། འདིར་ནི་བསྙེན་པ་བར་མ་དང་རྒྱུ་མཐུན་པར་གསུངས་སོ། །རང་སྣང་བའི་རིག་མ་ལ་དམིགས་པ་ཙམ་འབྲིང་པོའི་བསྙེན་པ་ཞེས་འདོད་པ་དེ་ནི་སྐབས་མེད་ཅེས་པའོ། །ཆུང་དུའི་དུས་སུ་དེ་ཉིད་དམིགས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ནི་མཐུན་པའི་ཕྱོགས་འབྲིང་པོ་རྟོག་པ་ཉིད་དུ་འགྱུར་རོ། །དེ་བས་ན་བླ་མ་ཆེན་པོའི་ཞལ་སྔ་ནས་ཀྱང་འདི་ཉིད་དུ་བསྐྱེད་པར་གསུངས་ཏེ་དམིགས་པ་ཙམ་དུ་གསུངས་སོ། །མིག་ལ་སོགས་པ་བཀང་ནས་ཞེས་པ་ནི་གོང་མ་ཁོ་ན་ལྟར་སའི་སྙིང་པོ་ལ་སོགས་པ་བསྒོམ་པའོ། །འདིས་ནི་ཉེ་བར་སྒྲུབ་པའི་ཡན་ལག་དང་བར་མ་དང་རྣམ་པར་སྨིན་པའི་འབྲས་བུ་བར་མ་གསུངས་སོ། །ཡི་གེ་འབྲུ་གསུམ་བཀོད་པས་ཞེས་པ་ནི་གོང་མ་ལྟར་ཡི་གེ་གསུམ་གྱིས་རྡོ་རྗེ་གསུམ་བསྐྱེད་པ་ལ་སོགས་པ་བྱས་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པ་ཙམ་བྱས་པ་ནི་སྒྲུབ་པ་བར་མ་དང་སྐྱེས་བུ་བྱེད་པའི་འབྲས་བུ་བར་མ་གསུངས་སོ། །འབར་བའི་འོད་ལྡན་ཞེས་པ་ནི་རང་གི་ས་བོན་གྱིས་གོང་མ་ལྟར་བསྐུལ་བའི་རིམ་པས་དབང་བསྐུར་བ་དྲི་མ་མེད་པར་བྱས་ནས་འབར་བའི་འོད་དང་ལྡན་པས་ན་དེ་སྐད་དོ། །འདིས་སྒྲུབ་པ་ཆེན་པོ་བར་མ་དང་དྲི་མ་མེད་པའི་འབྲས་བུ་བར་མ་གསུངས་སོ། །དེ་ལྟར་བསྙེན་སྒྲུབ་བཞིས་རིག་མ་བསྒྲུབས་ནས་ད་ནི་དེ་བྱིན་གྱིས་བརླབ་པའི་ཆོ་ག་གསུངས་ཏེ་མགོ་སྙིང་ཞེས་པ་ལ་སོགས་པའོ། །དེའི་རིམ་པ་ནི་འདི་ལྟ་སྟེ། རིག་མ་དེའི་མགོའི་དཀྱིལ་དུ་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ་སྐུའི་རིགས་ཀྱི་བདག་


DTG043_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བསྒོམས་ཏེ། དེ་ལ་ཨོཾ་དཔག་ཏུ་མེད་པ་འཕྲོས་པས་ནུ་མ་ཡན་ཆད་དུ་ཁྱབ་པར་བསམ་པ་དང༌། དེ་བཞིན་དུ་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ་ཡིད་རྡོ་རྗེ་ཞེས་པ་ཐུགས་ཀྱི་རིགས་ཀྱི་བདག་ཉིད་བསྒོམས་ཏེ། དེ་ལས་འཕྲོས་པའི་ཧཱུཾ་གིས་ལྟེ་བ་ཡན་ཆད་ཁྱབ་པར་བསམ་པ་དང༌། ལྟེ་བར་ཉི་མའི་དཀྱིལ་འཁོར་དུ་སྭཱ་སེར་པོ་ཅིག་བསྒོམས་ཏེ། དེ་ཡང་སོགས་པའི་སྒྲས་བསྡུས་པའི་རིན་པོ་ཆེའི་རིགས་ཀྱི་བདག་ཉིད་དེ། དེ་ལས་སྭཱས་རྐེད་པ་ཡན་ཆད་དུ་ཁྱབ་པར་བསམ་པ་དང༌། གསང་བའི་དབུས་སུ་ཉི་མའི་དཀྱིལ་འཁོར་དུ་ཨ་དམར་པོ་པདྨའི་རིགས་ཀྱི་བདག་ཉིད་བསྒོམས་ཏེ། དེ་ལས་སྤྲོས་པའི་ཨས་རྐེད་པ་ཡན་ཆད་ཁྱབ་པར་བསམ་པ་དང༌། བྲལ་གཉིས་ཀྱི་དབུས་སུ་ཉི་མའི་དཀྱིལ་འཁོར་དུ་ཧཱ་ལྗང་གུ་ལས། ལས་ཀྱི་རིགས་ཀྱི་བདག་ཉིད་བསྒོམས་ཏེ། དེ་ལས་སྤྲོས་པའི་ཧཱས་རྐང་མཐིལ་ཡན་ཆད་ཁྱབ་པར་བསམ་མོ། །དེ་ཉིད་ཤེས་པས་ཞེས་པ་ནི་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་སྟེ་དེ་བས་ན་དེ་ཉིད་ཤེས་པས་ས་བོན་དང་ཕྱག་མཚན་དང་སྐུ་གང་ཡང་རུང་བས་བྱིན་གྱིས་བརླབས་མི་འགལ་ཏེ། ཐ་མལ་པའི་རྟོག་པ་ལོག་པའི་ཕྱིར་རོ། །དེས་བྱིན་གྱིས་བརླབས་པས་དེའི་ལུས་ནི་འགྲོ་གསུམ་ཞེས་ཏེ་ས་འོག་དང་ས་སྟེང་དང་མཐོ་རིས་སོ། །དེས་ཁྱབ་པར་བྱེད་པའི་དམ་པའི་འོད་ཟེར་གྱི་ཚོགས་དང་ལྡན་པར་ཤེས་པར་བྱའོ། །དེ་ལྟར་རིག་མ་རིགས་ལྔ་དང་ལྡན་པར་བྱས་ནས་ད་ནི་དེའི་གསང་བ་གནས་བྱིན་གྱིས་བརླབ་པའི་ཆོ་ག་སྟོན་ཏེ། ཨ་ཡི་རྣམ་པར་བཀོད་པའི་སྙིང་པོ་ཞེས་པ་ནི་པདྨའི་ཟེའུ་འབྲུ་བུམ་པ་སྟེ་དེ་ཡི་གེ་ཨས་བསྐྱེད་ནས་ཅུང་ཟད་སེར་བར་བསམ་མོ། །ཧཱུཾ་གིས་པདྨ་འདབ་བརྒྱད་སྤྲུལ། །ཞེས་པ་ནི་ཡི་གེ་ཧཱུཾ་གིས་པདྨ་འདབ་མ་བརྒྱད་པར་རྣམ་པར་བསྒྲུབས་ཏེ། བྱང་ཆུབ་ཀྱི་སེམས་འབྱུང་བའི་ལམ་དུ་ཕཊ་སེར་པོས་འགོག་པར་བསྒོམ་པར་བྱའོ་ཞེས་སོ། །དེ་བཞིན་དུ་བདག་གི་རྡོ་རྗེ་ཡང་ཏིང་ངེ་འཛིན་གཉིས་པར་གསུངས་པ་བཞིན་དུ་ཧཱུཾ་གིས་རྡོ་རྗེ་རྩེ་ལྔ་པ་དམར་པོ་ནོར་བུའི་སྐྱེ་བ། ཨོཾ་གྱིས་བསྐྱེད་པ་རྣམ་པར་བསམས་ལ་བྱང་ཆུབ་ཀྱི་སེམས་འབྱུང་བའི་ལམ་དུ་ཕཊ་སེར་པོས་འགོག་པར་བྱའོ་ཞེས་སོ། །དམ་པའི་ཤེས་པ་ནི་འཇའ་ཚོན་ལྟ་བུའི་


DTG043_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སུ་གསལ་བའོ། །དེ་ཉིད་ཤེས་རབ་ཅེས་ཏེ་རང་བཞིན་མེད་པའོ། །རྒྱུ་མཐུན་རང་བཞིན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་རང་སྣང་བའི་རིག་མ་དང་འདྲ་བས་ན་དེ་སྐད་ཅེས་བྱའོ། །ཐབས་བཅས་གྱུར་པའི་ལུས་ཞེས་པ་ནི་རྡོ་རྗེ་སེམས་དཔའ་རང་སྣང་བའི་རིག་མ་དང་བཅས་པ་གནས་གྱུར་པའི་ལུས་འཇམ་དབྱངས་ཀྱི་ཤེས་རབ་པོ། །དེ་ཉིད་བཞི་སྟེ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ཡང་སྣང་བའི་ཐབས་དང་བཅས་པ་སྟེ་རྣམ་པར་སྨིན་པ་དགུ་རྣམ་པར་དག་པའི་གཟུགས་ཀྱིས་རྟག་ཏུ་གནས་གཡེང་ཤེས་གསུམ་གྱི་མིང་གིས་བསྟན་པའི་བཅུ་པ་མྱོང་བར་བྱེད་པ་སྟེ་དེ་དང་ལྷན་ཅིག་ཅེས་པ་ནི་འདི་ལྟ་སྟེ། ཕྱི་རོལ་གྱི་བུད་མེད་བདེ་བ་དམ་པའི་རྒྱུ་མ་ཡིན་པས་དེ་འདོད་ཆགས་ཀྱི་མཚན་ཉིད་ལྔ་དང་ལྡན་པར་བྱས་ནས་ས་བོན་གྱི་འོད་ཟེར་གྱིས་བསྐུལ་ཏེ། རང་གི་རིག་མ་ལ་གྲིབ་མ་ཐིམ་ནས་གཟོད་བདེ་བར་གཤེགས་པ་རྣམས་མཉེས་པར་བྱའོ་ཞེས་མོས་པ་བསྐྱེད་ནས་རྡོ་རྗེ་དང་པདྨ་སྦྱོར་བ་བརྩམ་པར་བྱའོ། །རྗེས་སུ་མཉེས་པའི་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །གཞུང་དེ་ཡན་ཆད་ནི་སྦྱོར་བ་དང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །


previousདང་པོའི་རྣལ་འབྱོར་པའི་ཞེས་བྱ་བའི་ཏིང་ངེ་འཛིན་དང་པོ་བསྟན་པ།next