Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།


  expand section
  expand section
  expand section
  expand section
   
  expand section
  expand section
  expand section
   
དཀྱིལ་འཁོར་གྱི་ཆོ་ག།  བསོད་སྙོམས་པ།
  expand section
  expand section
  expand section
  expand section
  expand section
  expand section
   
   
  expand section
  expand section
   
   
   
   
  expand section
   
   
  expand section
  expand section
   


 
previousདཀྱིལ་འཁོར་གྱི་ཆོ་ག། བསོད་སྙོམས་པ།next

དཀྱིལ་འཁོར་གྱི་ཆོ་ག།
བསོད་སྙོམས་པ།


DTG044_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མཎྜལ་བི་གྷི། བོད་སྐད་དུ། །དཀྱིལ་འཁོར་གྱི་ཆོ་ག །བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །མི་ཤེས་མུན་པའི་བགེགས་སེལ་ཅིང༌། །འགྲོ་བའི་ཕུན་ཚོགས་མཆོག་གྱུར་པ། །འཇམ་མཆོག་བླ་མ་ལ་བཏུད་དེ། །དཀྱིལ་འཁོར་བྲི་བ་གསལ་བཤད་བྱ། ངོ་ཚ་ཡང་ནི་རྣམ་སྤངས་ཏེ། །སློབ་མ་བློ་དམན་ལ་བརྩེ་བས། །ཕན་ཕྱིར་ཆོ་ག་འདི་བརྩམས་ཀྱིས། །སྐྱེ་བོ་དམ་པ་བཟོད་མཛད་རིགས། །ཐོག་མར་རེ་ཞིག་སྔགས་པ་གྲགས་པ་དང༌། མ་གྲགས་པ་དང༌། རྙེད་པ་དང༌། མ་རྙེད་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། བསྟོད་པ་དང༌། སྨད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་སེམས་མ་འཕྲོགས་པ། འཇིགས་པ་མེད་པ། གཡོན་དང་བྲལ་བ། ལུས་དང་སྲོག་ལ་ལྟོས་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པ་དང༌། གཏོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པས། ཐུན་བཞིས་དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་སྟེ། ཏིང་ངེ་འཛིན་གྱི་སྔགས་དེ་བཞིན་དུ་བཟླས་པར་བྱའོ། །དེ་ལ་ཐུགས་ཀྱི་དཀྱིལ་འཁོར་ཡིན་ན་ནི་འཁོར་ལོའི་གཙོ་བོ་མི་བསྐྱོད་པའི་སྔགས་བཟླས་བརྗོད་འབུམ་བྱའོ། །གསུང་དང་སྐུའི་དཀྱིལ་འཁོར་ལ་ནི། འཁོར་ལོའི་གཙོ་བོ་འོད་དཔག་ཏུ་མེད་པ་དང༌། རྣམ་པར་སྣང་མཛད་ཀྱི་སྔགས་དེ་བཞིན་དུ་བཟླས་པར་བྱའོ། །རང་གི་ལྷག་པའི་ལྷའི་སྔགས་འབུམ་དང༌། དཀྱིལ་འཁོར་པའི་སྔགས་རེ་རེ་ཞིང་ཁྲི་ཁི་བཟླའོ། །ཡང་ན་འཁོར་ལོ་ཅན་གྱི་བཀའ་ཐོབ་ན་དཀྱིལ་འཁོར་བྲི་བར་བྱའོ། །སྔོན་དུ་བསྙེན་པའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་པའི་ཆུས་བསང་ཞིང་བྱུག་པ་བྱས་ལ། སའི་ལྷ་མོ་ལ་ཡང་དམ་ཚིག་གིས་གསོལ་བ་གདབ་བོ། །དེ་ནས་འཁོར་ལོ་རྩིབས་


DTG044_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་བསྒོམས་ཏེ་བགེགས་རྣམས་བསྐྲད་ནས། འབྱོར་པ་ཅི་ཡོད་པས་མཆོད་པ་དང༌། གཏོར་མ་དང༌། སྦྱིན་སྲེག་བྱས་ལ་སའི་ལྷ་མོ་བློས་ནམ་མཁའ་ལ་བཞག་སྟེ། པུས་མོ་ནུབ་ཙམ་བརྐོས་ནས། གྱོ་མོ་ལ་སོགས་པ་བསལ་ཏེ། ས་དེ་ཉིད་ཀྱིས་ཁུང་བུ་དགང་བར་བྱའོ། །ཡང་གསང་བའི་དེ་ཁོ་ན་ཉིད་ཀྱི་རྒྱུད་ལས། པུས་མོ་ནུབ་ཙམ་བརྐོས་ནས་ནི། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དེ་ཆེ་དངོས་གྲུབ་ཡོད་པར་བཤད། །ཅེས་གསུངས་པ་ཡིན་ནོ། །ཁུང་བུད་གང་པའི་དུས་སུ་ཡང་མཆོད་པ་དང༌། སྦྱིན་སྲེག་དང་གཏོར་མ་བྱའོ། །ཕྱིའི་སྦྱང་བའོ། །ཡང་སློབ་དཔོན་རང་གི་སློབ་མ་དང་བཅས་པས་དཀྱིལ་འཁོར་གྱི་ཁང་པར་མཆོད་པ་དང༌། ས་སྦྱང་བ་བྱས་ལ། འཁོར་ལོ་རྩིབས་བཅུ་པའི་སྦྱོར་བ་དང་ལྡན་པའམ། རང་གི་འདོད་པའི་ལྷའི་སྦྱོར་བ་དང་ལྡན་པས་ཨོཾ་བྷཱུ་ཁཾ། ཞེས་བྱ་བའི་སྔགས་འདིས་ས་ནམ་མཁའི་རང་བཞིན་དུ་བསྒོམས་ལ། ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བ་འདིས་རྡོ་རྗེའི་རང་བཞིན་དུ་བསམས་ལ། ཨོཾ་དེ་དཱི་ནཱི་བཛྲཱི་བྷ་ལྦ་བཛྲ་བནྡྷ་ཧཱུཾ། ཞེས་བྱ་བ་འདིས་ས་བྱིན་གྱིས་བརླབ་པར་བྱའོ། །ནང་གི་བདག་ཉིད་ཅན་གྱི་ས་སྦྱང་པའི་རིམ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་སའི་དབུས་སུ་ཏིང་དེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པས། རྡོ་རྗེ་དང་དྲིལ་བུ་འཆང་བ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་སྦྱོར་བ་དང་ལྡན་པའི་སློབ་མ་བཞི་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཕྱོགས་བཞིར་གནས་པས་ཚིགས་སུ་བཅད་པ་བཞིས་གསོལ་བ་གདབ་བོ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་པ། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་པ་བཤད་དུ་གོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་བ་ལོ་སྒྱུར། །


DTG044_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་གདབ་པའོ། །གསོལ་པ་བཏབ་པའི་རྗེས་ཐོགས་ལ། སེམས་ཅན་གྱི་ཁམས་རྣམས་ཉོན་མོངས་པས་ཁྱབ་པ་ལ་བལྟས་ལ། ཉོན་མོངས་པ་ལ་ཁྲོས་པས་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བའི་བདག་ཉིད་ཅན་དུ་བསྒོམས་ཏེ། ཧཱུཾ་བཛྲ་ཙཀྲ་ཏིཥྛ་ཞེས་བྱ་བས་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁར་བཏེག་ནས། ཡི་གེ་མཾ་གྱིས་མིག་གཡོན་པར་ཟླ་བའི་དཀྱིལ་འཁོར། ཊ་ཞེས་བྱ་བ་མིག་གཡས་པར་ཉི་མའི་དཀྱིལ་འཁོར་བསམས་ནས། ཕྱོགས་བཅུའི་འགྲོ་བ་དུས་གསུམ་དུ་གཏོགས་པ་རྣམས་ལ་བལྟས་ཏེ། ལངས་ནས་རྐང་པའི་འོག་ཏུ་རྡོ་རྗེ་འབར་བ་དང་བཅས་པ་རྣམ་པར་སྒོམས་ལ། ཡི་གེ་ཧཱུཾ་ཟློས་ཤིང་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། རྡོ་རྗེའི་འགྲོས་ཀྱིས་གར་བྱེད་པས་དཀྱིལ་འཁོར་གྱིས་གཞི་བསྐོར་ལ། དཀྱིལ་འཁོར་གྱིས་གཞི་ལ་གནས་པའི་ལྷ་ལ་སོགས་པའི་བགེགས་རྣམས་བསྐྲད་པར་བྱའོ། །སྐུ་གསུང་ཐུགས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཐམས་ཅད་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་རབ་སྦྱོར་བ། །གལ་ཏེ་བདག་བསྒོས་ལས་འདས་ན། །རྡོ་རྗེ་འབར་བའི་གཟུགས་ལྡན་པ། །སྐུ་གསུམ་བྱུང་བས་དགས་བྱ་སྟེ། །འཇིག་འགྱུར་འདིར་ནི་གདོན་མི་ཟ། །ཞེས་བྱ་བའི་ཚིག་འདིས་བསྐྲད་པར་བྱའོ། །ས་ཡོངས་སུ་གཟུང་བའོ། །དེ་ནས་ཡང་བགེགས་ཞི་བར་བྱ་བའི་ཕྱིར། །དཀྱིལ་འཁོར་གྱི་སའི་དབུས་སུ་བདུད་རྩི་ཐབ་སྦྱོར་སྐུ་སྨད་རྩེ་གཅིག་པ་འདྲ་བ་ལ། སྐུ་སྟོད་ཁྲོ་བོའི་སྐུའི་རྣམ་པ་ཕྱོགས་བཅུར་བསམས་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡགྷཱ་ཡ། སརྦྦ་ཥྚཱ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པཱ་ཡ་ཏི། ཀཱ་ཡ་ལབཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི་ཕུར་བུའི་སྔགས་ཀྱིས་ཕུར་བུས་གདབ་པར་བྱའོ། །དེ་ནས་ས་གཟི་བགེགས་དང་བྲལ་བ་འབར་བའི་ཕྲེང་བའི་འོད་ཟེར་གྱིས་ཁྱབ་པར་བསམས་ལ། ཕུར་བུའི་ཕྱི་རོལ་དུ་རྡོ་རྗེའི་བའི་འོད་ཟེར་དང་བཅས་པ་བསམ་མོ། །དེའི་ཕྱི་རོལ་དུ་རྡོ་རྗེར་བ། དེའི་ཕྱི་རོལ་དུ་དབང་ཆེན་གྱི་དཀྱིལ་འཁོར་ཁ་དོག་སེར་པོ་ཟུར་བཞི་པས་ཕྱོགས་བཅིང་ངོ༌། །དེ་


DTG044_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པས་མཚམས་བཅིང་བར་བསམ་པར་བྱའོ། །དེའི་རྗེས་ལ་སའི་ལྷ་མོ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་སྐྱིལ་འཁོར་བྲི། །ཞེས་བྱ་བས་ལྷག་པར་གནས་པར་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་གྱིས་དྲི་ཞིམ་པོས་བྱུགས་ལ། དེར་མེ་ཏོག་སིལ་མ་བཀྲམ་ལ། ས་གཞི་དེ་ལ་བདུད་རྩི་པོ་ལེགས་པར་སྦྱངས་པ་དང་བཅས་པའི་དྲིས་དཀྱིལ་འཁོར་བཅུ་དགུ་བྱས་ནས། ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་བྲི་ཞེས་བྱ་བས་ལྷག་པར་གནས་པར་བྱའོ། །དྲི་ཞིམ་པོའི་དཀྱིལ་འཁོར་དུ་ཇི་ལྟ་པ་བཞིན་དུ་བཅུག་ནས། ཡང་མཚམས་དང་ཕྱོགས་བཅིང་བ་བྱས་ལ། འབྱོར་བ་ཅི་ཡོད་པས་ཕྱི་དང་ཡིད་ཀྱིས་མཆོད་པ་བྱས་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་བྱ་བ་ལ་སོགས་པས་བསྟོད་པ་དང༌། བདུད་རྩི་མྱང་བའི་ཆོ་ག་བྱའོ། །དེ་ནས་བུམ་པ་ལྷག་པར་གནས་པར་བྱ་བ་ནི། རྣམ་པར་རྒྱལ་བའི་བུམ་པ། མགྲིན་པ་རིང་པ། མཆུ་འཕྱང་བ། གསུས་པ་ཆེ་བ་ལ། ནས་དང༌། གྲོ་དང༌། མ་ཤ་དང༌། འབྲས་སོ་བ་དང༌། ཏིལ་ཏེ་འབྲུ་ལྔ་དང༌། བྲི་ཧ་ཏི་དང༌། ཀཎྜ་ཀ་རི་དང༌། གི་རི་ཀརྞི་དཀར་པོ་དང༌། ས་ཧ་དང༌། སཏ་དེ་བ་སྟེ་སྨན་ལྔ་དང༌། གསེར་དང༌། བྱི་རུ་དང༌། མུ་ཏིག་དང་། དུང་དང༌། ནོར་བུ་སྟེ། རིན་པོ་ཆེ་སྣ་ལྔ་དང་ལྡན་པ་སྤོས་ཆུས་གང་བ་མགྲིན་པ་གོས་སར་པས་དཀྲིས་པ། ཡལ་ག་དྲི་ཞིམ་པོས་ཁ་བརྒྱན་པ་ལྷག་པར་གནས་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། རྣམ་པར་རྒྱལ་བའི་བུམ་པ་ལ་སྐྱིལ་འཁོར་ལོའི་གཙོ་བོ་བསམས་ཏེ། གསང་བ་དང༌། མཆོད་ཡོན་ལ་སོགས་པ་ཕུལ་ལ། མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲིས་མཆོད་ཅིང་བསྟོད་པ་ཡང་བྱས་ནས། མེ་ཏོག་གི་ཕྲེང་བས་དཀྲིས་པའི་རྡོ་རྗེ་རྣམ་པར་རྒྱལ་བའི་བུ་པའི་ཁར་བཞག་ལ། བདག་པོའི་སྔགས་ཡི་གེ་གསུམ་དང་སྤེལ་བ་དེ་ལ་བཟླས་པར་


DTG044_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལས་གཞན་པའི་དཀྱིལ་འཁོར་བའི་བུམ་པ་བཅོ་བརྒྱད་ཀྱང་ཆུས་བཀང་ལ། ཨ་མྲ་ལ་སོགས་པའི་ཡལ་གང་དང་ལྡན་པ། མགུལ་པ་རས་སྣ་ཚོགས་ཀྱིས་དཀྲིས་པ་ལ། དཀྱིལ་འཁོར་པའི་སྔགས་ཡི་གེ་གསུམ་དང་སྤེལ་བ་ཐུན་གསུམ་དུ་མངོན་པར་བཟླས་པར་བྱའོ། །ཡང་བུམ་པ་གཞན་སེམས་ཅན་ཐམས་ཅད་ལ་བསང་གཏོར་བྱ་བའི་ཕྱིར། བདུད་རྩི་ཐབ་སྦྱོར་གྱི་སྔགས། ཨོཾ་ཨཱ། བིགྷྣཱ་ཀྲྀ་ཏ་ཧཱུཾ་ཞེས་བྱ་བ་མངོན་པར་བཟླའོ། །གཏོར་མ་ཡང་སྦྱིན་ནོ། །བུམ་པ་ལྷག་པར་གནས་པའི་རིམ་པའོ། མོ་གཡས་པའི་ལྷ་ད་ས་ལ་བཙུགས་ཏེ། སངས་རྒྱས་ལ་སོགས་པའི་འཁོར་ལོའི་གཙོ་བོ་ལྷག་པར་གནས་པར་བྱའོ། །བཅོམ་ལྡན་འཇམ་པའི་རྡོ་རྗེ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །དཀྱིལ་འཁོར་བདག་ནི་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གང་ཡང་གསང་སྔགས་ལྟ་རྣམས་དང༌། །འཇིག་རྟེན་སྐྱོང་བའི་ལྟ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཅན་དང༌། །གང་ཡང་ལྟ་ཡི་སྤྱན་མངའ་བ། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དཀྱིལ་འཁོར་ཆོ་ག་འབྱུང་པ་འདི། །འགྲོ་བདག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་པས་འདྲིན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་བཟླས་བརྗོད་ཀྱང་ཅི་ནུས་བྱའོ། །དེའི་རྗེས་ལ་སློབ་མ་རེ་རེ་ཞིང་ཡང་མེ་ཏོག་ཕྲེང་བ་ཐོགས་ལ། ཡིད་གཞུངས་སྤྲོ་བ་ཆེ་བ་དང༌། །བྱས་པ་གཟོ་ཞིང་ང་རྒྱལ་མེད། །རིགས་མཐོ་ཡོན་ཏན་ལྡན་ཞིང་དད། །གཟུགས་དང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་གསང་སྔགས་ནི། །སྒྲུབ་


DTG044_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དོན་གཉེར་མངོན་བརྩོན་ན། །ཞེས་བྱ་བ་ནི་བ་མའི་མཚན་ཉིད་དོ། །གཟུགས་ངན་ཡོན་ཏན་མེད་པའམ། །དམན་པའང་ལྷག་པར་གནས་པར་བྱ། །ཞེས་བྱ་བ་ནི་སློབ་མ་ཕལ་པ་རྣམས་སོ། །དཀྱིལ་འཁོར་གྱི་ནི་ཆོ་ག་ལས། །འཁོར་བཞིའི་ཆར་ཡང་རྗེས་སུ་གནང༌། །རང་གི་བསླབ་དང་ཤིན་ཏུ་ལྡན། །ཐེག་ཆེན་ལ་དགའི་བདག་ཉིད་ཅན། །ལ་ལ་གསང་སྔགས་སྒྲུབ་དོན་གཉེར། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡི། །བློ་ལྡན་དཀྱིལ་འཁོར་འཇིག་བྱ་ཡི། །ཆོ་འདིའི་འབྲས་བུ་འདོད་མི་བྱ། །ཆོ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྲུབ། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་བརྗོད་ལ། སློབ་མ་དེ་བློས་རང་གི་ནང་དུ་བཅུག་སྟེ། རང་གི་རྡོ་རྗེ་ལས་ཕྱུང་ནས། རང་གི་སོ་སོར་སྣང་བའི་རིག་མའི་པདྨར་གནས་པ་ལ། དེ་བཞིན་གཤེགས་པ་རྣམས་ཞུ་བའི་ཚུལ་དུ་གྱུར་པས་དབང་བསྐུར་བར་བསམས་ལ། དཀྱིལ་འཁོར་གྱི་ཁང་པའི་སྒོར་འདུག་ནས་གསོལ་བ་འདེབས་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ནི་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་བྱ་བས་གསོལ་བ་བཏབ་པ་དང༌། སློབ་དཔོན་གྱིས་སློབ་མའི་གཙོ་བོ་གཅིག་ལ་དམིགས་ཏེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །


DTG044_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱ་ཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་བྱ་བའི་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་ལན་གསུམ་ཟློས་སུ་གཞུག་གོ །དེ་ནས་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་མངོན་པར་བསྲུངས་ལ་དེ་རྣམས་ཀྱི་སྙིང་ག་དང་ལྐོག་མ་དང་སྤྱི་བོར་རྡོ་རྗེ་དང་པདྨ་དང༌། འཁོར་ལོ་བསམས་ལ། མཚན་མ་དེ་རྣམས་ཉིད་ཀྱི་ལྟེ་བའི་དབུས་སུ་ཧཱུཾ་ཨཱ། ཨོཾ་ཞེས་བྱ་བའི་ཡི་གེ་གསུམ་བསྒོམ་བར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཡས་པས་བཟུང་ལ་བཏེག་སྟེ། སློབ་དཔོན་གྱིས་སློབ་མའི་སྙིང་ག་དང་སྤྱི་བོ་དང་ལྐོག་མར་གཏུགས་ལ། ཧཱུཾ་མོཾ་ཨཱ། ཞེས་བརྗོད་པར་བྱའོ། །དེ་ནས་སློབ་མའི་སྤྱི་བོར་མེ་ཏོག་དང༌། མདུན་དུ་སྤོས་དང༌། མར་མེ་དང༌། སྙིང་གར་དྲི་སྦྱིན་པར་བྱའོ། །དེའི་རྗེས་ལ་ཨ་ཤྭ་ཐ་ལ་སོགས་པའི་སོར་ཤིང་སོར་བཅུ་གཉིས་པ། ཡོན་པོ་མ་ཡིན་པ། རྩེ་མོའི་ཆ་མེ་ཏོག་གི་ཕྲེང་བས་དཀྲིས་པ་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་པ་སློབ་མ་རྣམས་ལ་སྦྱིན་པར་བྱའོ། །སློབ་མ་དེ་རྣམས་ཀྱང་ཤར་རམ་ནུབ་ཏུ་ཁབ་ལྟས་ཏེ། སོ་ཤིང་དེ་བཅས་ལ་བ་ལང་གི་ཀོ་བ་ཙམ་གྱིས་སའི་ཆ་བའི་ལྕི་བས་བྱུགས་ལ། སོ་ཤིང་ལྟོས་པ་མེད་པར་དོར་བར་བྱའོ། །གལ་ཏེ་སོ་ཤིང་གི་རྩེ་མོ་ཤར་ལ་སོགས་པའི་ཕྱོགས་སུ་བལྟས་ན། ཞི་བ་ལ་སོགས་པའི་དངོས་གྲུབ་ཡོད་པར་སྟོན་ཏོ། །དེ་ནས་སྐྱོར་ཆུ་གསུམ་སྦྱིན་པར་བྱ་སྟོ། ཨོཾ་ཧྲཱི། བི་ཤུདྡྷ། དྷ་རྨམ་སརྦྦ་པཱ་པཾ་ནི་ཤྩ་སཾ་ཤོ་དྷ་ཡ། སརྦྦ་བི་ཀ་ལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་བྱ་བའི་སྔགས་བཟླས་པའི་ཆུ་དེས་ཁ་བཀྲུ་བར་བྱ་བའོ། །ཡང་དེ་འདུག་པ་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་པའི་ཀུ་ཤ་སྔས་དང་སྟན་གྱི་ཕྱིར་བྱིན་ལ། བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་པའི་སྲུང་


DTG044_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

།སྐུད་ཀྱིས་སློབ་མ་རྣམས་བསྲུང་བའི་ཕྱིར། དཔུང་པ་གཡས་པར་བཅིང་པར་བྱའོ། །དེ་ཡང་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། །སྲད་བུས་གཡས་བར་བཅིང་བྱ་ཞིང༌། །ཀུ་ཤ་དག་ནི་ལག་པར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུ་མྦཱ་རའི་མེ་ཏོག་བཞིན། །བརྒྱལ་མན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ན་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །འདེབས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་བར་ནུས། །བསྐལ་བ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་འགྱུར་བ་གང༌། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་འབྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་འཚལ། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དོང་བས་ནི། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་ཆོས་བཤད་པ་བསྒྲག་པར་བྱའོ། །སློབ་དཔོན་ཉིད་དོན་དུ་གཉེར་བའི་སློབ་མ་ནི། །བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་བསྲུངས་ཏེ་བཞག་ལ། ཁྱད་པར་གྱི་སྡོམ་པ་འཛིན་དུ་གཞུག་གོ །མི་ལྡོག་འཁོར་ལོའི་དབང་བསྐུར་བ། །སྩལ་བའི་མགོན་པོ་བདག་ལ་གསུངས། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་གྱི་ནི་ལས་རྣམས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་དང་གསང་བ་དམ་ཚིག་གསུམ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་


DTG044_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་འགྱུར། །ཞེས་གསོལ་བ་བཏབ་པ་དང༌། སློབ་མ་དེ་ཀུ་ཤའི་སྟན་ལ་ཉལ་དུ་གཞུག་གོ །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །ཡང་སློབ་དཔོན་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ། བསྲུང་བར་བྱ་བའི་ཕྱིར་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཡང་དང་ཡང་དུ་བཟླ་བར་བྱའོ། །ཡང་ནང་པར་གྱི་དུས་སུ་ཕྱིར་བྱུང་ལ་སློབ་མ་བོས་ཏེ། དེ་རྣམས་ལ་རྨི་ལམ་དགེ་མི་དགེ་དྲི་བར་བྱའོ། །མི་དགེ་བ་མཐོང་ན་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་ཡང་ནང་པར་དཀྱིལ་འཁོར་མཆོད་པ་དང༌། བསྟོད་པ་དང་བདུད་རྩི་མྱང་བ་ལ་སོགས་པ་བྱས་ལ། དྲིའི་དཀྱིལ་འཁོར་ལ་བཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཤེགས་པར་བྱ་བའི་དོན་དུ་བློས་བཏེག་ལ་ནམ་མཁར་གཞག་པར་བྱའོ། །དེ་ནས་དཀྱིལ་འཁོར་ཟུར་བཞི་པ་ལ་སོགས་པ་ཕྱིའི་སྲད་བུས་ཐིག་གདབ་བོ། །དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་སྔགས་པས་རེ་ཞིག་དང་པོར་ཚངས་པའི་ཐིག་གཉིས་པ་མི་ཡོ་བ་དང༌། དེའི་རྗེས་ལ་ཁྲུ་གང་ལ་སོགས་པའི་ཚད་ཀྱིས་ཟུར་བཞི་པའི་ཐིག་མི་ཡོ་བ་དང༌། དེའི་འོག་ཏུ་མཚམས་ཀྱི་ཐིག་གཉིས་པ་གདབ་པོ། །འཁོར་ལོ་ཟུར་བཞི་པའི་བརྒྱད་ཆའི་ཚད་ནི་སྒོའི་སའི་ཆའི་ཐིག་གདབ་པོ། །དེ་ནས་ཚོན་སྣ་ལྔའི་ས་ལ་སོགས་པའི་ཚད་ལ་ཇི་སྐད་བཤད་པ་བཞིན་དུ་ཐིག་གདབ་པར་བྱའོ། །ལྷའི་སྣམ་བུའི་སའི་ཐིག་གདབ་པོ། །དེའི་ནང་གི་ཟུར་བཞིའི་ནང་དུ་སྙིང་པོའི་དཀྱིལ་འཁོར་བྲིའོ། །ཟུར་བཟིའི་སྒོའི་ཚད་ཙམ་ནི་ཚོན་སྣ་ལྔའི་སའི་ཚད་དོ། །ཀ་བ་ནི་རྡོ་རྗེ་དང༌། རིན་པོ་ཆེ་ལ་སོགས་བསམ་མཚན་མ་དང་ལྡན་པ་ལ། རྡོ་རྗེ་ཕྲེང་བས་བསྐོན་བ་བྲི་བའམ་འདྲིར་གཞུག་གོ །ཕྱི་རོལ་དུ་རྟ་བབས་སྒོའི་ཆའི་སུམ་འགྱུར་དུ་བྱས་ལ། དེའི་ཕྱི་རོལ་དུ་དཀྱིལ་འཁོར་དང་རྗེས་སུམ་ཐུན་པའི་ཚད་ཀྱི་ལྕགས་རི་ཇི་ལྟར་མཛེས་པར་བྲིའོ། །སའི་ཐིག་གདབ་པའི་རིམ་པའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་གི་ཚོན་སྣ་ལྔའི་སྲད་བུ་ཡེ་ཤེས་ལྔ་དང་ལྡན་པ་ལ་རྫི་མ་བསྐྱོད་ཅིང་གཡོ་བའི་འབར་བའི་ལྟ་བས་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀ་ནས་དྲངས་པའི་ཡེ་ཤེས་ཀྱི་སྲད་བུས་བྱིན་གྱིས་རློབ་པའོ། །དེ་ཡང་དེ་ཁོ་ན་ཉིད་བསྡུས་པ་ལས། རབ་ཏུ་མྱུར་བར་མིག་བསྒུལ་ཞིང༌། །མིག་གི་རྫི་མ་


DTG044_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་བྱེད་པ། །ལྟ་བ་གཟི་ཅན་ཡིན་པར་བཤད། །འགྲོ་བ་ཐམས་ཅད་འགུགས་བྱེད་པའོ། །ཞེས་བཤད་པ་དང་ཡི་གེ་ཛ་ལས་ཟླ་བ་དང་ཉི་མའི་མིག་སྔགས་པས་བསྒོམ་པར་བྱའོ། །ཡེ་ཤེས་ཀྱི་ཐིག་དེ་ཆུར་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་ལ། སྦོམས་སུ་སྒོའི་ཉི་ཤུ་ཆའི་ཚད་ནི་སྲད་བུ་དེ་ཟླུམ་པོར་བྱ་ཞིང་དྲི་དང་བདུད་རྩི་ལྔས་བྱུགས་ལ། ཡི་གེ་གསུམ་དང་སྤེལ་བའི་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་བསྲུངས་ནས། བྷ་ག་བཱན་པྲ་ཡཙྪ་ཤ་ཤྭད་ཏཾ་སཱུ་ཙ་ཀྲ་སཱུ་ཏྲ་ན་ཡ། ཞེས་བྱ་བ་ལ་སོགས་པའི་ཚུལ་འདིས་རྣམ་པར་སྣང་མཛད་ལ་སོགས་པ་ནས་མི་བསྐྱོད་པའི་བར་གྱི་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་གདབ་པོ། །དེ་ནས་ཨ་ནྱོ་ནྱ་ཉ་ཨ་ནུ་ག་ཏ། སརྦྦ་དྷ་རྨམ་སྥར་སྲྷར་དྷ་རྨམ། ཨ་ཏྱ་ནྟ་ཨ་ནུ་པྲ་བིཥྚ་སརྦྦ་དྷ་རྨམ། ཞེས་བྱ་བས་ཐིག་འཛིན་པའི་སློབ་མ་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བ་དང་ལྡན་པས་ལྷན་ཅིག་བསྒྲིལ་བར་བྱའོ། །དེའི་རྗེས་ལ་སློབ་དཔོན་ནུབ་སྒོར་འདུག་སྟེ། བདག་ཉིད་ཛ། ཛ། ཛ།ཞེས་བྱ་བ་ཟློས་ཤིང་ཁུ་ཚུར་གཡོན་པས་ཐིག་བཟུང་ལ་སྟེ་བར་བཞག་སྟེ། སློབ་མས་ཤར་ཕྱོགས་ཀྱི་སྒོར་གནས་པ་ལ་ཛ། གསུམ་གྱིས་དེའི་ལག་ཏུ་བཏང་ལ། ཨོཾ་བཛྲས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ནམ་མཁའ་གང་བའི་བདེ་གཤེགས་རྣམས། །ཁྱེད་ཀྱི་འགྲོ་དོན་མཛད་དུས་ལགས། །ཐིག་གི་སྒྲ་ཡིས་བསྐུལ་ནས་ནི། །དེ་རྣམས་འདིར་ནི་གཤེགས་སུ་གསོལ། །ཞེས་བྱ་བའི་སྔགས་བརྗོད་དེ། ནམ་མཁར་ཐིག་གདབ་ལ། ཐིག་གི་སྒྲ་དེས་དེ་བཞིན་གཤེགས་པ་རྣམས་བསྐུལ་ནས་བྱོན་བར་བསམ་པར་བྱའོ། །དེའི་རྗེས་ལ་བསྐོར་ཕྱོགས་སུ་སོང་སྟེ། ལྷོ་ཕྱོགས་སུ་སོང་ལ་དེར་འདུག་སྟེ། སློབ་མ་བྱང་ཕྱོགས་སུ་འདུག་པ་དང་ལྷན་ཅིག་ཐིག་གདབ་པོ། །འོག་ཏུ་ཐིག་གདབ་པ་ལ་ཡང་རིམ་པ་དེ་ཉིད་ཡིན་ནོ། །དེ་ནས་མིའི་ཕྱོགས་སུ་སོང་སྟེ། དེ་བཞིན་དུ་འདུག་སྟེ། བྱང་ཕྱོགས་སུ་བལྟས་ལ། སློབ་མ་དབང་ལྡན་གྱི་ཕྱོགས་སུ་འདུག་སྟེ། ལྷོ་ཕྱོགས་སུ་བལྟས་པ་དང་ལྷན་ཅིག་ཤར་གྱི་ཆའི་ཐིག་གདབ་པར་བྱའོ། །དེ་ནས་རླུང་གི་ཕྱོགས་སུ་སོང་ལ་ལྷོ་ཕྱོགས་སུ་བལྟས་ཏེ། སློབ་མ་བདེན་བྲལ་གྱི་ཕྱོགས་སུ་གནས་པ་དང་ལྷན་


DTG044_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ནུབ་ཀྱི་ཆའི་ཐིག་གདབ་ངོ༌། །ཡང་བསྐོར་ཕྱོགས་སུ་སོང་སྟེ། རླུང་གི་ཕྱོགས་སུ་འདུག་ལ་སློབ་མ་དབང་ལྡན་གྱི་ཕྱོགས་སུ་འདུག་པ་དང་ལྷན་ཅིག་བྱང་གི་ཆར་ཐིག་གདབ་པོ། །དེའི་རྗེས་ལ་དེ་བཞིན་དུ་མེའི་ཕྱོགས་སུ་སོང་སྟེ། དེ་ཉིད་འདུག་ལ་སློབ་མ་བདེན་བྲལ་གྱི་ཕྱོགས་སུ་འདུག་པ་དང་ལྷན་ཅིག་ལྷོའི་ཆའི་ཐིག་གདབ་པོ། །དེ་ཉིད་དུ་དགུག་ལ་སློབ་མ་རླུང་གི་ཕྱོགས་སུ་འདུག་པ་དང་ལྷན་ཅིག་མཚམས་ཀྱི་ཐིག་གདབ་པོ། །དེ་ནས་བདེན་བྲལ་གྱི་ཕྱོགས་སུ་སོང་ལ་ལྷན་ཅིག་བྱང་གི་མཚམས་ཀྱི་ཐིག་གདབ་པོ། །དེ་ཉིད་དུ་འདུག་ལ་སློབ་མ་རླུང་གི་ཕྱོགས་སུ་འདུག་པ་དང་ལྷན་ཅིག་ཚམས་ཀྱི་ཐིག་གདབ་པོ། །དེ་ནས་བདེན་བྲལ་གྱི་ཕྱོགས་སུ་སོང་ལ། སློབ་མ་དབང་ལྡན་གྱི་ཕྱོགས་སུ་སོང་བ་དང་ལྷན་ཅིག་བྱང་གི་མཚམས་ཀྱི་ཐིག་གདབ་པོ། །ཐིག་དེ་ཉིས་ལྡབ་ཏུ་བྱས་ལ་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདུག་པས་བཟུང་ལ། སློབ་མས་ཐིག་གི་ཕྱོགས་གཅིག་ནས་བཟུང་སྟེ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་གཡས་ཕྱོགས་ནས་བསྐོར་ཏེ་དེ་དང་ལྷན་ཅིག་རྡོ་རྗེ་ལྟ་བུའི་ཕྱིའི་ཐིག་གདབ་པོ། །སྲད་བུ་དེ་ཉིད་ཡང་ཉིས་ལྡབ་དུ་བྱས་ལ་སློབ་དཔོན་རང་ཉིད་ཀྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ནང་གི་འཁོར་ལོའི་ཐིག་གདབ་པོ། །དེ་ལྟར་ཐིག་བཏབ་ནས། ཁྲོ་གཉེར་མ་རབ་བཏུས་པ། ཁྲོ་བའི་མིག་ནི་བཙུམ་པ་སྟེ། །ཞེས་བྱ་བའི་ཁྲོ་བའི་ལྟ་བ་དང༌། མཉམ་པར་གཞག་པའི་ས་ཧྲི་ཞེས་བརྗོད་དེ་སྒོ་བཞི་དབྱེ་བར་བྱའོ། །དེ་ནས་དེ་ཁོ་ན་ཉིད་བསྡུས་པ་ལས། དེ་ནས་དབུས་སུ་འདུག་ནས་ནི། །རྡོ་རྗེ་སློབ་དཔོན་མཉམ་གཞག་པས། །རྡོ་རྗེའི་སྒོ་ནི་རྣམ་བཞིའོ། །ཡིད་ཀྱིས་སུ་ནི་དབྱེ་བས་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་ཚོན་སྣལ་ང་པའི་སྲད་བུ་དེ་ཡི་གེ་མུ། དང༌། ཡི་གེ་གསུམ་གྱིས་གཤེགས་སུ་གསོལ་ལ་གནས་སུ་གཞག་པར་བྱའོ། །ཡེ་ཤེས་ཀྱི་ཐིག་གི་ཆོ་གའི་རིམ་པའོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་ཁ་དོག་ཅན་གྱི་ཚོན་རྩི་མུ་ཏིག་གི་ཕྱེ་མ་ལ་སོགས་པའམ། དེ་མ་འབྱོར་ན་འབྲས་སཱ་ལུའི་ཕྱེ་མ་ལེགས་པར་བཏགས་ཤིང༌། ལེགས་པར་


DTG044_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུངས་པ་ཅི་རྙེད་པའི་སྣོད་དུ་གཞག་སྟེ། འདི་དག་ལ་ཡང་སྔ་མ་བཞིན་དུ་བལྟས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཚོན་གྱི་མདོག་ཅན་ཇི་ལྟར་བར་བཅུག་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བ་འདི་བཟླ་བར་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་ན་གནས་པའི་ཡེ་ཤེས་ཀྱི་ཐིག་ཡིད་ཀྱིས་བཏེག་སྟེ། བཛྲ་བེ་ག་ཞེས་བྱ་བའི་སྔགས་བརྗོད་ལ་ནང་དུ་ཞུགས་ཏེ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་དགྲོལ་བྱེད་པ། །རྣམ་སྣང་རྒྱལ་པོ་རང་ཉིད་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བརྗོད་ལ། ཚོན་དེ་རེ་རེ་ཞིང་གཡོན་པའི་ཁུ་ཚུར་གྱིས་བླངས་ལ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། ཕྱི་རོལ་ནས་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། ནག་པོ་ཕན་ཚུན་མ་རེག་ཅིང་མ་ཡོ་བར་སློབ་དཔོན་གྱིས་དགྱེ་བར་བྱའོ། །དེ་ཡང་གསང་བའི་ཚོགས་མཐོན་པོ་ལས། དཀར་པོ་རྡོ་རྗེའི་རྩེ་རང་བཞིན། །གཞན་དག་གསེར་ལ་དམིགས་པ་སྟེ། །པདྨ་རཱ་གའི་རང་བཞིན་རྩེ། །དེ་བཞིན་གཞན་དག་མརྒད་དོ། །ནག་པོ་ནང་དུ་ཤེས་བྱས་ཏེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཅེས་གསུངས་པ་ཡིན་ནོ། །དེ་ནས་དམ་ཚིག་ལས་ཉམས་པ་རྣམས་སྤང་བར་བྱ་བའི་ཕྱིར། རི་མོའི་བློས་ནམ་མཁར་བཏེག་སྟེ། སླར་ཡང་བཛྲ་བེ་ག་ཞེས་བྱ་བའི་སྔགས་བརྗོད་ལ་སློབ་དཔོན་ཕྱིར་འབྱུང་བར་བྱའོ། །དེ་ཡང་དེ་ཁོ་ན་ཉིད་བསྡུས་པ་ལས། ཡིད་ཀྱིས་རི་མོ་བཏེག་ནས་ནི། །རྡོ་རྗེ་སྲད་བུའམ་གཞན་ཡང་རུང༌། །ཕྱིར་རུང་ནང་དུ་ཞུགས་ཀྱང་ནི། །དམ་ཚིག་འགལ་པར་མི་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །དེའི་འོག་ཏུ་སློབ་དཔོན་ཀྱང་སློབ་དཔོན་འཇུག་པ་དང་འབྱུང་བའི་རིམ་པས་དགྱེ་བར་བྱའོ། །ཚོན་དགྱེ་བའི་ཆོ་གའི་རིམ་པའོ། །མི་བསྐྱོད་པ་བདག་པོར་གྱུར་པའི་དུས་སུ་ནི། ཤར་ཕྱོགས་ཀྱི་སའི་ཆ་ནི་དཀར་པོའོ། །ལྷོ་ཕྱོགས་ཀྱི་སའི་ཆ་ནི་སེར་པོའོ། །ནུབ་ཕྱོགས་ཀྱི་སའི་ཆ་ནི་དམར་པོའོ། །བྱང་ཕྱོགས་ཀྱི་སའི་ཆ་ནི་ལྗང་གུའོ། །རྡོ་རྗེའི་ཐིག་གི་མཐར་ཐུག་པའི་ནང་སྙིང་པོའི་དཀྱིལ་འཁོར་དབུས་མ་ནི་སྔོན་པོའོ། །དེར་དབུས་མ་ནི་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་


DTG044_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་རྡོ་རྗེ་ཁ་གྱེས་པ་སྔོན་པོ་འབར་བ་དང་བཅས་པ་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་ཆར་ནི་སྣ་ཚོགས་པདྨའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་འཁོར་ལོའོ། །ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རིན་པོ་ཆེ་ཆད་གུ་སྔོན་པོ་དང་པདྨ་དམར་པོ་དང༌། རལ་གྲི་སྟེ་མཚན་མ་འདི་དག་བྲི་བར་བྱའོ། །མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་མིག་འབྲས་སྔོ་བའི་སྤྱན་དང༌། རྡོ་རྗེ་སྔོན་པོ་དང༌། པདྨ་དམར་པོ་ནི་ཁ་བྱེ་བ་སྡོད་བུ་དང་བཅས་པ་དང༌། ཨུཏྤལ་སྔོན་པོ་འདྲིའམ་འདྲིར་གཞུག་གོ །ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་རྣམས་དང༌། ཤར་སྒོའི་ངོས་གཉིས་སུ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མེ་ལོང་དང༌། པི་ཝང་དང༌། དུང་ཆོས་དང༌། པདྨའི་སྣོད་དང༌། རས་སྣ་ཚོགས་དང༌། ཆོས་འབྱུང་བའི་ཕྱག་རྒྱ་བྲིའོ། །ཤར་སྒོར་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་ལ་ཐོབ། དེ་བཞིན་དུ་ལྷོ་སྒོར་སྒོར་དབྱིག་པ། ནུབ་སྒོར་པདྨ་དམར་པོ། །བྱང་སྒོར་རྡོ་རྗེ་བྲི་བར་བྱའོ། །ཚོན་དགྱེ་ཟིན་པ་དང་ཁྲུས་བྱས་ལ་གོས་གཙང་མ་གོན་ཏེ། ཡང་ཕྱི་དྲོའི་དུས་སུ་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ། ཚོན་ལྷག་མ་དེ་རྣམས་དེ་ཁོ་ན་ཉིད་གསུམ་ཡི་གེ་མུཿའི་མཐའ་དང་བཅས་པས་གཤེགས་སུ་གསོལ། །ཚོན་གྱི་སྣོད་སྐྱེ་བོ་མེད་པའི་ས་ཕྱོགས་སུ་བཞག་ནས། དཀྱིལ་འཁོར་གྱི་ཕྱི་རིམ་པའི་ལྕི་བས་བྱུགས་ལ་སྤོས་ཆུ་དྲི་ཞིམ་པོས་ཀྱང་བྱུགས་ཏེ་དེ་ཉིད་དུ་མེ་ཏོག་སིལ་མ་བཀྲམ་པར་བྱའོ། །དེའི་རྗེས་ལ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པའི་ཡོ་བྱད་བྲེ་བ་དང༌། བུམ་པ་དགོད་པར་བྱས་ཏེ། རྣམ་པར་རྒྱལ་བའི་བུམ་པ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གཙོ་བོའི་གཡས་ཀྱི་ཆག་གཞག་གོ །བུམ་པ་གཞན་རྣམས་ནི་འབར་བའི་ཕྲེང་བའི་ཕྱི་རོལ་གྱི་གྲྭ་བཞིར་གཞག་གོ །ཡང་བུམ་པ་གཞན་ཞིག་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་ལ་ཀུ་ཤའི་ཁྲེས་ཆུང་དང་བཅས་པ་ནི་བསང་གཏོར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་སྒོ་ལོགས་སུ་གཞག་པར་བྱའོ། །བུམ་པ་དེ་རྣམས་ལས་ཆུ་ཉུང་ཟད་ཉུང་ཟད་བླངས་ཏེ། མཆོད་ཡོན་གྱི་སྣོད་དུ་བླུགས་ལ། མཆོད་ཡོན་གྱི་སྣོད་དེ་ཡང་བདག་དང་སློབ་མ་


DTG044_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བར་བྱ་བའི་དོན་དུ་རྣམ་པར་རྒྱལ་བའི་བུམ་པའི་ཁར་གཞག་གོ །དེ་ནས་མཆོད་པ་རྒྱ་ཆེན་པོ་བྱས་ལ་ཕྱོགས་མཚམས་བཞིར་མར་མེ་བརྒྱད་གཞག་པ་དང༌། དེ་ནས་ལྷག་པའི་སྤོས་སྣོད་སྤོས་དྲི་ཞིམ་པ་དང་བཅས་པར་གཞག་པར་བྱའོ། །དེ་ནས་སློབ་དཔོན་ཆོ་ག་བཞིན་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ། དཀྱིལ་འཁོར་གྱི་ཤར་གྱི་སྒོར་སྟན་ནང་ཚངས་ཅན་ལ་ལྷ་ལ་མངོན་པར་ཕྱོགས་པས་འདུག་སྟེ། དཀྱིལ་འཁོར་བསྒྲུབ་པ་བརྩམས་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ནོ། །རྒྱུད་ལས་ཇི་ལྟར་བཤད་པ་ལྟ་བུའི་ཕྱིའི་རིག་པ་དང་ལྷན་ཅིག་དཀྱིལ་འཁོར་བསྒྲུབ་པར་བྱའོ། །དེ་མེད་ན་ཡིད་ཀྱིས་བསྒོམ་པར་བྱའོ། །དེ་ཡང་དང་པོར་རེ་ཞིག་སློབ་དཔོན་གྱི་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པས་རང་གི་རྡོ་རྗེ་དང༌། ཆུ་སྐྱེས་ཡང་དག་པར་སྦྱོར་བའི་སྒྲས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བློས་རང་གི་ནང་དུ་བཅུག་ནས་སླར་ཡང་དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུ་རང་གི་ལུས་ལས་བྱུང་ནས་ནམ་མཁའ་ལ་ཁྱབ་པར་སྤྲོ་བར་བྱའོ། །དེ་ནས་སླར་ཡང་བཀུག་ལ་དཀྱིལ་འཁོར་གྱི་ངོས་སུ་གཞག་པར་བྱའོ། །དེ་ནས་གཤིན་རྗེ་གཤེད་ལ་སོགས་པས་བགེགས་བསྐྲད་ལ། རྡོ་རྗེར་བ་ལ་སོགས་པ་རྣམ་པར་བསྒོམས་ནས། དེའི་རྗེས་ལ་དཀྱིལ་འཁོར་གྱི་ངོས་ལ་བཞུགས་པ་ཡི་གེ་ཛཿ་ས་དགུག་པ་དང༌། ཧཱུཾ་གིས་དཀྱིལ་འཁོར་གྱི་དབུས་སུ་རང་རང་གི་མཚན་མར་གཞུག་པ་དང༌། དེ་བཞིན་དུ་བཾ་གིས་བརྟན་པར་བྱ་བ་དང༌། ཧོཿ་ས་མཉེས་པར་བྱས་ནས་ཉེ་བར་བསྒྲུབ་པ་ལ་སོགས་པས་བྱིན་གྱིས་བརླབ་པར་བསམ་པར་བྱའོ། །དེའི་རྗེས་ལ་མཆོད་ཡོན་དང་མེ་ཏོག་ལ་སོགས་པའི་མཆོད་པ་ཡི་གེ་གསུམ་གྱིས་མངོན་པར་བཟླས་པ་དང༌། རས་ཟུང་རེ་དེ་བཞིན་དུ་མངོན་པར་བཟླས་པ་ལྷ་རེ་རེ་ཞིང་དབུལ་བ་དང༌། ནང་གི་མཆོད་པ་ཡང་བྱས་ནས། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་བསྟོད་པ་བྱ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་


DTG044_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། རང་བཞིན་དག་པ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པ་བྱས་ནས་དཀྱིལ་འཁོར་གྱི་འཁོར་ལོ་དང་བདག་ཉིད་བདུད་རྩི་མྱང་བར་བྱའོ། །དེ་ནས་སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ་ཕྱིར་བྱུང་སྟེ། བཟའ་བ་དང་བཅའ་བ་སྣ་ཚོགས་ཉ་དང་ཤ་ལ་སོགས་པ་དང་བཅས་པའི་གཏོར་མ་རྒྱ་ཆེན་པོ་རང་རང་གི་ཕྱོགས་ཀྱི་གཏོར་མའི་སྔགས་མངོན་པར་བཟླས་ལ་ཕྱོགས་སྐྱོང་རྣམས་ལ་ཕུལ་ནས། ཡང་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་ལ་ཕྱག་བྱས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་སློབ་མ་དང་ལྷན་ཅིག་བསྐོར་བ་ལན་གསུམ་བྱའོ། །ཡང་ཕྱིར་བྱུང་ལ་ནང་པར་གྱི་དུས་སུ་རྒྱས་པའི་སྦྱིན་སྲེག་བྱ་སྟེ། དེ་བཞིན་ནང་པར་རྒྱས་པར་བྱ། །ཞེས་བཤད་པའི་ཕྱིར་རོ། །སླར་ཡང་ཞུགས་ཏེ་འོག་གནས་བཤད་པའི་ཆོགས་རྗེས་སུ་གནང་བའི་དབང་བསྐུར་བའི་མཐར་ཐུག་པའི་འཇུག་པའི་ཆོ་ག་བཅོམ་ལྡན་འདས་བདག་པོ་ལས་ཐོབ་པར་བློས་བསམ་པར་བྱའོ། །འདོད་ཆགས་ཆེ་ལས་བྱུང་དེ་ཉིད། །འཁོར་ལོ་གཟུགས་བརྙན་ལྟ་བུར་ནི། །ཤེས་པར་བྱས་ལ་དཀྱིལ་འཁོར་དུ། །སློབ་མ་གཞུག་པར་བྱ་བའི་ཕྱིར། །བཅོམ་ལྡན་བདག་པོར་གསོལ་པ་གདབ་པར་བྱའོ། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །རྡོ་རྗེ་སེམས་དཔའ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་དེང་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །


DTG044_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བདེ་བ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོའི་ཕྱག་རྒྱ་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་བ། །རྡོ་རྗེ་སྙེམས་བདག་བདག་མཛོད་ཅིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང༌། །སེམས་ཅན་ཀུན་གྱི་སྙིང་ལ་ཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའོ། །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱི་འདོད་པར་བ་རྫོགས་ཤོག །ཆོས་རྣམས་གཟུགས་བ་རྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང༌། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །ཅེས་བདེན་པ་བསྒྲག་པར་བྱའོ། །སློབ་མ་རེ་རེ་ཞིང་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་གོས་དམར་པོ་བསྐོན་པ་དང༌། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་དར་དམར་པོས་གདོང་གཡོགས་ཤིང༌། མགོ་ལ་མེ་ཏོག་གི་ཕྲེང་བ་དཀྲིས་པ་ལག་ན་མེ་ཏོག་གི་ཕྲེང་བ་ཐོགས་པ་ཡོལ་བའི་བར་དུ་བཞག་ལ་དཀྱིལ་འཁོར་གྱི་ཁང་བའི་སྒོར་གཞག་པའི་བུམ་པའི་ཆུས་བསང་གཏོར་བྱས་ནས། སློབ་མ་ལ་འདུག་པ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །སློབ་མས་ཀྱང་སྡུག་པ་བདག་ནི་སྐལ་བ་བཟང་པོའི་ཞེས་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་མ་དེའི་སྙིང་གར་རྡོ་རྗེ་བཞག་ནས་འོག་ནས་བཤད་པའི་རྣལ་འབྱོར་གྱི་སེམས་བསྐྱེད་པར་བྱ་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་ཏྤཱ་ད་ཡཱ་མི། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། །སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི། ཁྱེད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མ་བྱེད་ཅིག །དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཛཿཧཱུཾ་ཞེས་བརྗོད་པའི་འདིས་ཀྱང་སློབ་


DTG044_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱིས་སློབ་མ་དགུག་པ་དང་གཞུག་པར་བྱ་ཞིང༌། ཨཱ་ཁཾ་བའི་ར་ཧཱུཾ། ཞེས་བྱ་བའི་སྔགས་ཀྱང་བརྗོད་པར་བྱའོ། །དམ་ཚིག་གི་མཆོག་འཛིན་དུ་གཞུག་པར་བྱ་བའི་ཕྱིར་སློབ་མ་དེ་དཀྱིལ་འཁོར་གྱི་ཤར་སྒོའི་མདུན་དུ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག །དམ་ཚིག་ཉམས་པར་གྱུར་ཏ་རེ། །ཞེས་བརྗོད་ལ་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་ནས་བདུད་རྩི་ལྔ་པདྨའི་སྣོད་དུ་བཞག་སྟེ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་བཛྲ་ཨུ་ད་ཀ་ཋ་ཋ་ཋ། ཞེས་བརྗོད་དེ་སློབ་མ་འཐུང་དུ་གཞུག་གོ །སློབ་དཔོན་གྱིས་སློབ་མ་ལ་དམ་བཅའ་བ་བརྟན་པར་གྱུར་པའི་ཕྱིར། འོག་ནས་བཤད་པ་འདི་ཡང་བརྗོད་དོ། །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། དེ་ནས་སློབ་མ་ལ་འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་ཅེས་བསྒོ་ལ། སློབ་མའི་སྙིང་གར་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་པ་ཁ་དོག་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དབུས་སུ་ཡི་གེ་ཧཱུཾ་གནས་པ་བསྒོམ་མོ། །ལྐོག་མར་ཡང་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ཟླུམ་པོ་ཁ་དོག་དཀར་པོ་བུམ་པས་མཚན་པ་ལ། དབུས་ན་ཡི་གེ་ཨ་གནས་པར་བསྒོམ་མོ། །སྤྱི་བོར་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་


DTG044_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཁ་དོག་སྔོན་པོ་བ་དན་གྱིས་མཚན་པ་ལ་དབུས་སུ་ཡི་གེ་ཧ་གནས་པར་བསམ་མོ། །སློབ་མའི་རྐང་བའི་འོག་ཏུ་ཡང་ཡི་གེ་ཛྙཻཾ་འོད་ཟེར་འབར་བ་དང་བཅས་པ་བསམས་ལ། དེའི་ཡང་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་ན་ར་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར་པོ་བསམས་ནས། དྲིལ་བུ་དཀྲོལ་ཞིང༌། ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙཱལ་ཡ། ཧཱུཾ་ཧ་ཨ་ཛྷཻ་ཞེས་བརྗོད་པར་བྱའོ། །སློབ་མ་དེའི་ལྕེ་ལ་ཡི་གེ་ཧྲཱིཿ་དམར་པོ་བསམས་ལ། དེ་འདོ་དཔག་ཏུ་མེད་པའི་སྐུར་བསམས་ནས་བབས་པར་གྱུར་པ་དང༌། འདོད་ཆགས་རྡོ་རྗེར་དེ་གནས་པ་ལ། རྡོ་རྗེ་དགེ་བ་དང་མི་དགེ་བ་སྨྲོས་ཤིག་ཅེས་དྲིས་ནས། ཨོཾ་ཏིཥྛ་བཛྲ་ཞེས་བྱ་བ་འདིས་སློབ་མ་དེ་བརྟན་པར་བྱའོ། །དེ་ནས་པྲ་ཏའི་ཙྪ་བཛྲ་ཧོཿ། ཞེས་བརྗོད་དེ། མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་དུ་དོར་ལ། དེ་བླངས་ནས་པྲ་ཏི་གྲྀཧྞཱ་ཏྭ་མི་མས་ཏྭ་མ་ཧཱ་བ་ལ། ཞེས་བྱ་བ་འདིས་སློབ་མའི་མགོ་པོ་ལ་བཅིངས་ནས། དེའི་མིག་གཉིས་སུ་ཡི་གེ་ཨོཾ་འོད་ཟེར་དང་བཅས་པ་བསམས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་མ་མེད། །ཅེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་ལ། གདོང་གཡོགས་བཀྲོལ་ནས་དཀྱིལ་འཁོར་གྱི་བདག་པོ་ནས་བདུད་རྩི་ཐབ་སྦྱོར་གྱི་བར་དུ་བསྟན་པར་བྱའོ། །དེ་ལ་ལྷ་རྣམས་ཀྱི་མཚན་མའམ། མཚན་མ་དང་ཉེ་བར་མེ་ཏོག་གི་ཕྲེང་བ་གང་དུ་བབས་པ་དེའི་རྣལ་འབྱོར་སྦྱིན་པར་བྱའོ། །ཡང་ན་སློབ་མ་གང་ལ་དད་པ་དེའི་སྦྱོར་བ་སྦྱིན་པར་བྱའོ། །སློབ་མ་གཞུག་པའི་ཆོ་གའོ། །ད་ནི་དབང་བསྐུར་བ་ཡིན་ཏེ། དེའི་རིམ་པ་ནི་འདི་ཡིན་ནོ། །སྔར་བཤད་པའི་རྣམ་པར་རྒྱལ་བའི་བུམ་པ་ལ་གཞག་པའི་སྣོད་ལ་གནས་པའི་ཆུས་སློབ་མ་རྣམ་པར་སྣང་མཛད་དུ་བསྒོམས་པའི་སྤྱི་བོར། །ཨོཾ་བཛྲ་ཨ་བྷི་ཥི་ཉྩ། ཞེས་ཟློས་ཤིང་དབང་བསྐུར་བ་ནི་ཆུའི་དབང་བསྐུར་བའོ། །གསེར་ལ་སོགས་པ་ཁམས་ཀྱི་རང་བཞིན་ལས་བྱས་པའམ། འབུར་དུ་བརྐོས་པའམ། རི་མོ་བྲིས་པའི་ཅོད་པ་ན་དེ་མ་འབྱོར་ན་རས་ལས་བྱས་པ་དེའི་སྤྱི་བོར་བཞག་ལ། ལག་པས་འཛིན་དུ་བཅུག་གནས་སྤྱི་བོ་དེར་མི་བསྐྱོད་པ་བུམ་པ་བསྣམས་པ་


DTG044_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཞིང༌། རིག་པ་དུ་མས་ཀྱང་སློབ་མ་ལ་དབང་བསྐུར་བ་བསམ་པར་བྱ་བ་ནི་ཅོད་པན་གྱི་དབང་བསྐུར་བའོ། །དེའི་སྙིང་གར་རྡོ་རྗེ་བཞག་ལ་དེ་ཡང་ལག་པས་འཛིན་དུ་བཅུག་ནས་དེའི་སྤྱི་བོར་མི་བསྐྱོད་པ་བུམ་པ་བསྣམས་པ་བསམས་ནས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་གྱུར། །སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །ཞེས་བརྗོད་པ་ནི་རྡོ་རྗེའི་དབང་བསྐུར་བའོ། །དེའི་རང་གི་གདོད་མའི་ལྷའི་རྣལ་འབྱོར་བྱིན་ལ་སློབ་མ་རྡོ་རྗེ་དང་དྲིལ་བུ་དག་འཁྱུད་པའི་ཚུལ་གྱིས་འཛིན་དུ་བཅུག་ལ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷིཥི་ཉྩམི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད་པར་བྱ་སྟེ། འདི་ནི་བདག་པོའི་དབང་བསྐུར་བའོ། །དེའི་སྤྱི་བོར་ལག་པ་བཞག་ལ། ཨོཾ་བཛྲས་ཏྭ་སྟྭཾ་ཨ་བྷིཥི་ཉྩ་མི་བཛྲ་ནཱ་མཿ་ཨ་བྷིཥེ་ཀ་ཏ། ཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་མིང་གི་དབང་བསྐུར་བས། རང་གི་དངོས་ཀུན་གང་སྣང༌། །གཅོ་བོ་དེ་ནི་རྣམ་པར་རྒྱལ། །རང་བཞིན་གྱིས་ནི་ཆོས་དག་པས། །སངས་རྒྱས་ཡེ་ཤེས་གང་ཡིན་དེའོ། །ཞེས་སློབ་མ་ལ་བསྒོ་བར་བྱ་བ་ནི་མིང་གི་དབང་བསྐུར་བའོ། །རིག་པའི་དབང་བསྐུར་བའི་རྣམ་པར་དག་པ་ནི་འདི་ལྟ་སྟེ། ཆུའི་དབང་བསྐུར་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཅན། མི་བསྐྱོད་པའི་རྣམ་པར་དག་པའོ། །ཅོད་པན་གྱི་དབང་བསྐུར་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་རིན་ཆེན་འབྱུང་ལྡན་གྱིའོ། །རྡོ་རྗེའི་དབང་བསྐུར་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་འོད་དཔག་ཏུ་མེད་པའིའོ། །བདག་པོའི་དབང་བསྐུར་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དོན་ཡོད་པར་གྲུབ་པའིའོ། །མིང་གི་དབང་བསྐུར་བ་ནི། མ་རིག་པ་འགགས་ནས་རིག་པའི་ཁམས་དང༌། རིག་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཅན་རྣམ་པར་སྣང་མཛད་ཀྱི་རྣམ་པར་དག་པ་ཡིན་ནོ། །དེའི་རྗེས་ལ་གལ་ཏེ་ཕྱིར་མི་ལྡོག་པའི་དབང་བསྐུར་པར་མི་བྱེད་ན། རིག་པའི་དབང་བསྐུར་བ་ལ་ཡང་རྡོ་རྗེའི་བརྟུལ་ཞུགས་དང༌། ལུང་བསྟན་པ་དང༌། དབུགས་དབྱུང་བ་སྦྱིན་པར་བྱའོ། །ཡང་ན་རིག་པའི་དབང་བསྐུར་བ་ཙམ་བྱེད་ན། དེའི་ཚེ་དེའི་རྗེས་ལ་རྡོ་རྗེའི་བརྟུལ་ཞུགས་ཁོ་ན་ཙམ་སྦྱིན་པར་བྱ་བ་ལ་ཕྱིར་མི་ལྡོག་པའི་དབང་བསྐུར་བའི་དུས་སུ་ནི་འདི་


DTG044_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལུང་བསྟན་སྦྱིན་པར་བྱའོ། །དེ་ལ་རྡོ་རྗེའི་བརྟུལ་ཞུགས་ནི་འདི་ཡིན་ཏེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ལག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ཞེས་བརྗོད་ལ་རྡོ་རྗེ་སློབ་མ་འཛིན་དུ་བཅུག་ལ་སྔགས་འདི་བརྗོད་དུ་གཞུག་སྟེ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧི་ཧཱུཾ། དེ་ནས། ཐོབ་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག ། ཅེས་བརྗོད་ཅིང་འདིས་རྡོ་རྗེ་འཛིན་དུ་གཞུག་གོ །དེའི་རྗེས་ལ་རྡོ་རྗེ་དྲིལ་བུ་འཛིན་དུ་བཅུག་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་སྒྲ་ཡི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བ་འདིས་འཛིན་དུ་བཅུག་པ་སྟེ་ཆོས་ཀྱི་ཚུལ་ཉིད་དུ་འདིས་དཀྲོལ་བར་བྱའོ། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །ངོ་བོ་ཉིད་དག་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་བྱེད་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ལ་ཁུ་ཚུར་གཡོན་པས་ཆོས་གོས་ཀྱི་མཐའ་ནས་བཟུང་སྟེ། སྙིང་གར་བཞག་ལ་ལག་པ་གཡས་པ་མཆོག་སྦྱིན་པར་བྱས་ནས། སློབ་དཔོན་དང་དེ་བཞིན་གཤེགས་པས་ལུང་བསྟན་པར་བྱ་སྟེ། འདི་ནི་ངས་ཁྱོད་ལུང་བསྟན་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་གི་སྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ། སིདྡྷི་བྷུ་ར་བྷུ་བ་སྭཿ། འདི་ཡིས་དབང་བསྐུར་གྱུར་པ་ཡི། །སྔགས་པ་འགྲོ་བ་ཀུན་གྱི་བདག །བླ་ན་མེད་པའི་བྱང་ཆུབ་ཏུ། །བདེ་གཤེགས་ཀྱིས་ཀྱང་ལུང་བསྟན་མཛད། །ཅེས་བྱ་བའི་ཚིགས་སུ་བཅད་པ་ནི་ལུང་བསྟན་པའོ། །དེ་ནས་དེར་ཚིགས་སུ་བཅད་པ་འདི་དག་གིས་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། མཆོག་གསང་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེང་ཉིད་ལེགས་པར་གནས། །བདེ་ཆེན་


DTG044_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོད་མི་ན་ཏེ། །མི་ཚུགས་པ་དང་མི་སོད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །དམ་ཚིག་སྔོམ་པ་གྲུབ་པ་འདི། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་ན་རྡོ་རྗེ་གང་ཡིན་པའོ། །དམ་པའི་ཆོས་ནི་མི་སྤང་ཞིང༌། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་ཀྱིས་ནི་མ་གདུངས་ཤིང༌། །ཅི་བདེ་བས་ནི་བདེ་བར་གཟུང༌། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་དོར་ཞིང༌། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་མཚུངས་བློ་ཡིས་ནི། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ནི་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་ཏེ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང༌། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་འགྱུར། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུངས། །རྟག་ཏུ་དེ་བཞིན་གཤགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་འབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གང་ཕྱིར་འདིར་ནི་ལེགས་གནས་པས། །དང་ཁྱད་སྐྱེ་བ་འབྲས་བར་བཅས། །


DTG044_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ལྷ་རྣམས་ཀུན་མཉམ་པར། །དེང་ཁྱོད་གྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་པོའི་བདག་པོར་བརྟན་པ་ཡིན། །དེང་ནི་བདུད་ལས་རྣམ་རྒྱལ་ཏེ། གྲོང་ཁྱེར་མཆོག་ཏུ་རབ་བ་ཞུགས་པ། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་ཉིད་ཐོབ་པར་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་བསྐྱེད་བརྟེན་པར་གྱིས། །དེང་ནི་འགྲོ་ལ་མྱུར་བདེ་རྡོ་རྗེ་སེམས་དཔའ་དང༌། །རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །དེ་ནས་དེའི་རྗེས་ལ་ཚིགས་སུ་བཅད་པ་འདི་དག་གིས་ཆོས་བཤད་པར་བྱ་སྟེ། །སྙིང་པོ་བསྙེན་པ་སོགས་བཤད་པས། །ཕྱག་རྒྱ་ཆེན་པོར་བྱིན་བརླབས་ལ། །དམ་ཚིག་འདོད་པའི་གཟུགས་སོགས་ཀྱིས། །མ་ཆགས་གསང་སྔགས་ཡང་དག་བཟླ། །རང་རིག་པ་ཡི་ངོ་བོ་ཉིད། །ཕྱོགས་བཅུར་དུས་གསུམ་བཞུགས་པ་སྟེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དཀའ་ཐུབ་སྔོམ་པ་མི་ཟད་པ། །བརྟེན་པས་འགྲུབ་པར་མི་འགྱུར་གྱི། །སྐུ་གསུང་ཐུགས་བྱུང་མཁའ་ལས་སྐྱེས། །ནང་གི་མངོན་པར་ཤེས་པས་འགྲུབ། །དེ་བས་སངས་རྒྱས་སེམས་དཔའ་མཆོག །སྔགས་ཀྱི་སྤྱོད་མཆོག་སྤྱོད་པ་རྣམས། །ཆོས་ཀྱི་ཡི་གེ་མཆོག་ཐོབ་པ། །འདོད་པ་ཐམས་ཅད་བསྟེན་པས་སོ། །བདེ་དང་སྡུག་བསྔལ་གཉིས་བདག་ཅན། །འདོད་པའི་ཡོན་ཏན་ལྔ་རྣམས་བསྟེན། །ཡེ་ཤེས་དོན་གཉེར་འདོད་ཆགས་ཅན། །སྦྱོར་བས་བསྒྲུབས་ན་མྱུར་དུ་འགྲུབ། །སྐུ་གསུང་ཐུགས་ནི་ཡང་དག་འགྲུབ། །གང་གཞན་སྨན་པར་བཤད་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་པར་འགྱུར། །སྐུ་གསུང་ཐུགས་ནི་བསྒོམས་པས་སོ། །ཞེས་བྱ་བ་ནི་ཆོས་བཤད་བའོ། །དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་བ་དང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བ་ལ་སོགས་པ་ཤེས་པར་བྱ་བའི་ཕྱིར། །དེ་ཉིད་ཀྱི་ནི་རྡོ་རྗེ་གཟུང༌། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །ཞེས་བྱ་བ་དེ་ནི་འདི་ཡིན་ནོ། །རིག་པའི་དབང་


DTG044_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བའི་ཆོ་གའོ། །ད་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བ་སྟེ། དེའི་རིམ་པ་ནི་འདི་ཡིན་ནོ། །སློབ་མས་ཕྱག་བྱས་ལ། །བྱང་ཆུབ་རྡོ་རྗེ་རྗེ་སངས་རྒྱས་ཀྱིས། །མཆོད་ཆེན་ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་གདབ་པའོ། །དེའི་འོག་ཏུ་ཡོ་བྱད་འབྱོར་ན། །གདུགས་དང་རྒྱལ་མཚན་གདགས་པ་དང༌། འཁོར་ལོ་དང༌། དུང་ལ་སོགས་པ་དབང་བསྐུར་བའི་རྫས་རྣམས་ཉེ་བར་བསམས་ལ། །སྔ་མ་བཞིན་དུ་སློབ་མ་སྒོར་སེང་གེའི་སྟན་ལ་གཞག་པའི་སྟན་ནང་ཚངས་ཅན་ལ་འདུག་ཏུ་བཅུག་སྟེ། སྟེང་ནས་བླ་རེ་བྲེ་བ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །དེ་དག་མ་འབྱོར་ན་སྣ་ཚོགས་པདྨ་འདབ་མ་བརྒྱད་པར་ཁྲིའུ་དང་སྟན་བཞག་ལ་རང་གི་ལྷའི་སྦྱོར་བ་དང་ལྡན་པར་བཞག་ལ། །ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་ལས། དཀྱིལ་འཁོར་གྱི་འཁོར་ལོ་ལྟ་བུའི་དེ་བཞིན་གཤེགས་པ་ནམ་མཁའ་ཁྱབ་པར་བྱུང་བ་རྣམས་ཀྱིས་ཕྱག་ན་བུམ་པ་བསྣམས་ཤིང༌། གདུགས་དང་རྒྱལ་མཚན་དང༌། བ་དན་ལ་སོགས་པས་དབང་བསྐུར་བར་མཛད་པར་བསམས་ལ། སློབ་དཔོན་གྱིས། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང༌། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། དཀྱིལ་འཁོར་ཞེས་བྱ་གང་བཤད་པ། །ཡིད་ནི་དཀྱིལ་འཁོར་དམ་པ་ཡིན། །གཞལ་ཡས་ཁང་ནི་ཡེ་ཤེས་ཏེ། །སེམས་ཀྱི་བརྩེགས་པ་བསྒྲེང་བ་ཡིན། །ཕྱི་ཡི་གྲུབ་བཞི་བ་གང་ཡིན། །ཚད་ཀྱིས་མཉམ་ཉིད་གྱུར་བ་ཡིན། །བྱམས་པ་ལ་སོགས་སེམས་གང་ཡིན། །ཐིག་བཞི་ཞེས་ནི་བཤད་པ་ཡིན། །ཆོས་ཀྱི་སྦྱོར་བ་རྗེས་དྲན་ཉིད། །གང་དེ་རྡོ་རྗེའི་ཐིག་ཏུ་བཤད། །ལྟ་བ་ཀུན་ལས་རྣམ་གྲོལ། །ཡེ་ཤེས་ཐིག་ཏུ་བཤད་པ་ཡིན། །ཚུལ་ཁྲིམས་སོགས་ཀྱི་དམ་པ་ནི། །གང་ཡིན་རྒྱན་དུ་བཤད་པ་ཡིན། །དད་དབང་ལ་སོགས་སེམས་


DTG044_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན། །ར་བ་ལྔས་ནི་ཡང་དག་བྱུང༌། །རྣམ་པར་ཐར་པ་བཞི་པོ་ནི། །སྒོ་རྣམས་སུ་ནི་ཡང་དག་བཤད། །ཡང་དག་སྤོང་བ་བཞི་པོ་ནི། །རྟ་བབས་རྣམས་དང་ཀ་བར་བྱུང༌། །དྲན་པ་ཉེར་གཞག་བཞི་པོ་ནི། །ཁྱམས་རྣམས་བཞི་པོར་ཤེས་པར་བྱ། །རྫུ་འཕྲུལ་རྐང་པ་བཞི་པོ་ནི། །དེ་ནི་སྒོ་ཁྱུད་རྣམ་བཞི་ཡིན། །བྱང་ཆུབ་ཡན་ལག་བདུན་པ་ཡིན། །ཕྲེང་བ་མེད་ཏོག་ཆུན་བརྒྱན་པ། འཕགས་ལམ་ཡན་ལག་བརྒྱད་པ་ནི། །ཀ་བ་བརྒྱད་ཅེས་བྱ་བར་བཤད། །སྒྲིབ་པ་གཉིས་ལས་རྣམ་གྲོལ་ཞིང༌། །ཏིང་འཛིན་ཡེ་ཤེས་ཀྱིས་བརྟགས་པ། །ལམ་གྱི་ཡེ་ཤེས་ཁྱད་པར་རྣམས། །རྔ་ཡབ་ཅེས་ནི་ཡང་དག་བཤད། །ཉོན་མོངས་ཐམས་ཅད་ངེས་གཅོད་ཅིང༌། །ཉོན་མོངས་འཕྲོག་པས་དྲ་བ་སྟེ། །ཡང་དག་གཅོད་ཅིང་སྤོང་བ་ཉིད། །སེལ་བའི་སྤོང་བ་ལ་གནས་པ། །ཚོགས་གཉིས་ཀྱི་ནི་སྦྱོར་བ་ཉིད། །ཉོན་མོངས་པ་ཡི་ཕྱེད་འཕྲོག་པ། །དྲ་བ་ཕྱེད་ཅེས་བྱ་བར་བཤད། །ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྒྲགས་པར་བྱའོ། །ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་བཤད། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། མེ་ནི་གོས་དཀར་མོ་རུ་བཤད། །རླུང་ནི་སྒྲོལ་མར་རབ་ཏུ་བསྒྲགས། །གཏི་མུག་གཏི་མུག་ལོངས་སྤྱོད་པས། །གཏི་མུག་ཟད་ཕྱིར་གཤིན་རྗེ་གཤེད། །དེ་ནས་ལུས་མཐར་བྱེད་པ་སྟེ། །དེས་ན་ཤེས་བྱ་མཐར་བྱེད་འགྱུར། །ཉེས་པ་ཉེས་པ་ལོངས་སྤྱོད་པས། །ཉེས་བཟང་ཕྱིར་ཤེས་མཐར་བྱེད། །དེས་ན་སེམས་ནི་མཐར་བྱེད་དེ། །དེས་ན་ཉོན་མོངས་མཐར་བྱེད་འགྱུར། །འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། །འདོད་ཆགས་ཟད་པས་པད་མཐར་བྱེད། །དེས་ན་ཆགས་པ་མཐར་བྱེད་དེ། །དེ་བཞིན་སྙོམས་འཇུག་མཐར་བྱེད་འགྱུར། །ཉོན་མོངས་ཀུན་ཟད་གང་ཡིན་དང༌། །དེ་བཞིན་ལས་ནི་ཐམས་ཅད་ཟད། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །བགེགས་མཐར་བྱེད་ཅེས་བྱ་བར་བཤད། །ཅེས་བྱ་བ་ནི་ལྷའི་དེ་ཁོ་ན་ཉིད་དོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བའི་རིམ་པའོ། །དེའི་འོག་ཏུ་རྗེས་སུ་གནང་བའི་དབང་བསྐུར་བ་སྦྱིན་


DTG044_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། ཇི་ལྟར་ཇི་ལྟར་འདུལ་འགྱུར་བའི། །དེ་ལྟ་དེ་ལྟར་ཆགས་ལ་སོགས། །གཙང་བས་སེམས་ཅན་དོན་བྱེད་དོ། །ཉིན་རེ་ཞིང་ནི་ཐུན་བཞི་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པས། །གྱུར་ནས་ཐུན་མོང་ཅིག་ཤོས་ཀྱི། །དངོས་གྲུབ་ཐོབ་པ་བསྒྲུབ་པར་བྱ། །ཞེས་བརྗོད་པར་བྱའོ། །དེ་ནས་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་གཟུངས་ཀྱི་དཀྱིལ་འཁོར་དུ་བཅུག་ལ། །དེ་དང་ལྷན་ཅིག་གསང་བའི་མཆོད་པ་བྱས་ནས། །ཐུབ་པའི་དབང་ཚོགས་རྡོ་རྗེའི་མཐར། །ཡང་དག་འབབ་སྟེ་བདེ་མཆོག་སྟེ། །ཐུ་བོ་ཐ་མ་མིན་པར་བསྡམ། །སྣོད་གྱུར་སྒོར་ནི་ངེས་པར་དབབ། །བརྟན་པའི་བློ་ལྡན་སྣོད་ཀྱིས་ཀུན། །རྣམ་སྣང་བདག་ཉིད་ཅན་འཐུངས་ལ། །སྣ་ཚོགས་བཞིན་ཏེ་སྣ་ཚོགས་འགྱུར། །ཀྱེ་མ་ཤིན་ཏུ་བདེན་ཚིག་བརྗོད། །གཟུངས་འདི་ཤིན་ཏུ་ཡིད་འོང་ཏེ། བརྟན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་འཁོར་ལོའི་རབ་སྦྱོར་བས། །བདུད་རྩིའི་བདག་ཉིད་ཅན་བདེ་སྤྱད། །རྡོ་རྗེ་སྐྱིལ་ལ་ཀྲུང་ཡིད་དང་སེམས། །ནོར་ལྡན་ཁོངས་སུ་གཏོགས་པར་ལྟ། །དེ་ལྟར་སློབ་དཔོན་གྱི་ཤེས་རབ་དང་འདུས་པའི་རྒྱུར་གྱུར་བས་དེ་ཁོ་ན་ཉིད་ཉེ་བར་།ཚོན་པར་བྱའོ། །དེ་ཡང་དེ་བཞིན་ནོ་ཞེས་བྱ་བ་ཡང་བསྟན་པར་བྱ་སྟེ། །འདི་དག་ནི་གསང་བའི་དབང་བསྐུར་བ་དང༌། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེའི་རྗེས་ལ་དཀྱིལ་འཁོར་གྱི་ཁང་བ་ནས་ཕྱིར་བྱུང་ལ་ཇི་སྐད་དུ་བཤད་པའི་ཞི་བའི་སྦྱིན་སྲེག་བྱས་ནས། །སླར་ཡང་དཀྱིལ་འཁོར་གྱི་ཁང་བར་ཞུགས་ནས། ཤར་སྒོར་འདུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། བསྟོད་པ་ཡང་བྱས་ནས། ཡི་གེ་གསུམ་ཐ་མ་མུཿ་དང་བཅས་པས་གཤེགས་སུ་གསོལ་བར་བྱའོ། །ཚོན་རྩི་ཡང་ཕྱག་ནས་སྣོད་གཙང་མར་བཞག་ལ་རྒྱ་མཚོར་འབབ་པའི་ཆུ་བོར་དོར་བར་བྱའོ། །དེ་ནས་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷ་རྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱཏ་ཅེས་བྱ་བའི་སྔགས་བརྗོད་ཅིང་དཀྱིལ་འཁོར་གྱིས་གཞི་བྱུག་པའམ་བྱུག་ཏུ་གཞུག་པར་བའོ། །དེའི་རྗེས་ལ་གཏོར་མ་རྒྱ་ཆེན་པོ་བྱས་ལ། །གཏོར་མའི་སྔགས་ཀྱིས་སྦྱིན་པར་བྱའོ། །འཁོར་ལོ་འདྲི་བའི་ཆོ་ག་བྲིས་པ་ལས། བདག་གིས་བསོད་ནམས་དྲི་མེད་གང་བསགས་པས། །དས་ནི་འགྲོ་བ་མ་


DTG044_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འདི་དག་ཀུན། །རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པར་ཤོག །དེ་བཞིན་བློ་གྲོས་རྣོ་ཞིང་འགྲོ་བ་རྣམས། །སྲིད་བའི་རྒྱ་མཚོ་ལས་ནི་འདོན་པ་དང༌། སྔགས་པས་མ་ལུས་གསང་སྔགས་ཚུལ་གྱིས་ནི། །ཡང་དག་མན་ངག་ལེགས་པར་ཐོབ་པར་ཤོག །དཀྱིལ་འཁོར་བྲི་བའི་ཆོ་ག་སློབ་དཔོན་བསོད་སྙོམས་པས་མཛད་པ་རྫོགས་སོ།། །།སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།།


previousདཀྱིལ་འཁོར་གྱི་ཆོ་ག། བསོད་སྙོམས་པ།next