Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།


  expand section
  collapse section
   
   
   
   
   
   
   
  expand section
  expand section
   
  expand section
  expand section
  expand section
   
  expand section
དགའ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ།  རྒྱལ་བའི་སྦྱིན།
  expand section
  expand section
  expand section
  expand section
  expand section
   
   
  expand section
  expand section
   
   
   
   
  expand section
   
   
  expand section
  expand section
   


 
previousདགའ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ། རྒྱལ་བའི་སྦྱིན།next

དགའ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ།
རྒྱལ་བའི་སྦྱིན།

དང་པོའི་སྦྱོར་བའི་ཏིང་ངེ་འཛིན།


DTG044_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲི་ཡ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དགའ་བའི་སྒྲུབ་བའི་ཐབས་ཞེས་བྱ་བ། དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཆོས་དང་ལོངས་སྤྱོད་སྤྲུལ་པ་ཡི། །སྐུ་གསུམ་རྣམ་པར་གནས་གྱུར་པ། །འཇམ་དཔལ་ཡང་དག་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་རིམ་བཤད་བྱ། །དཔལ་ལྡན་གསང་འདུས་ལ་བརྟེན་ནས། །ཕུན་སུམ་ཚོགས་པ་ཀུན་བྱེད་པ། །བླ་མས་ཇི་ལྟར་བསྟན་པ་ཡི། །ཡེ་ཤེས་ཞབས་ཀྱིས་ལམ་བསྟན་པས། །ཤེས་རབ་ཐབས་ཀྱི་རང་བཞིན་གྱི། །ཤེས་སྒྲུབ་ལྡན་པའི་སེམས་དག་ལ། །ཕལ་ཆེར་གསལ་བའི་སྒྲ་ཡི་དོན། །བདག་མཉམ་བློ་ལྡན་ལ་ཕན་པར། །བླ་མ་རྙེད་དཀའ་འཇིག་རྟེན་ན། །དལ་འབྱོར་ཤིན་ཏུ་གཡོ་བ་སྟེ། །སྣོད་ལ་ཤེས་རབ་ཐབས་འདི་ནི། །དེ་ཕྱིར་སེམས་ཀྱིས་བྱ་བར་རིགས། །བྱམས་དང་སྙིང་རྗེ་མཉམ་ལྡན་པས། །སེམས་ནི་བྱང་ཆུབ་བསྐྱེད་བྱས་ལ། །སངས་རྒྱས་རྣམས་ཀྱི་རབ་ཟབ་པའི། །ཚུལ་ལ་ལྷག་པར་མོས་པའི་ཡིད། །སྦྱིན་དང་ཁྲིམས་སོགས་ཕུན་སུམ་ཚོགས། །སྲིད་དང་ལོངས་སྤྱོད་ལ་ཕྱིར་ཕྱོགས། །སེམས་ཀྱི་སྡུག་བསྔལ་ཡང་སྐྱོ་མེད། །ལྷ་རྣམས་བསྟེན་པ་བྱེད་གྱུར་པ། །ཆུ་དང་ཆོད་པན་རྡོ་རྗེ་དང༌། བདག་པོ་མིང་དང་སློབ་དཔོན་གསང༌། །ཤེས་རབ་ཡེ་ཤེས་བརྟུལ་ཞུགས་སོགས། །བསོད་ནམས་ཡེ་ཤེས་ཆེར་འཆར་བའི། །དཔལ་ལྡན་གསང་འདུས་དཀྱིལ་འཁོར་དུ། །ཇི་ལྟར་རིགས་པར་དབང་བསྐུར་བ། །བླ་མ་ཡོངས་སུ་མཉེས་པ་ཡིས། །དབང་བསྐུར་རྡོ་རྗེ་སེམས་བརྟན་པ། །རྣལ་འབྱོར་སྤྱོད་ནུས་རྣལ་འབྱོར་པས། །རི་བོ་ལ་སོགས་ཡིད་འོང་བར། གནས་བྱས་


DTG044_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་བསྒྲུབ་པར་བྱ། །བསམ་གཏན་སོགས་པ་ལ་བརྩོན་པ། །མཚན་མོ་ཕྱེད་ཀྱི་ལྷག་མ་ལ། །ཆོ་ག་བཞིན་དུ་ལངས་བྱས་ལ། །སྙིང་ཟླར་དེ་ཉིད་མཾ་འོད་ལྡན། །གདོང་ལ་སོགས་པ་དག་པར་བྱ། །དེ་ནས་ཆུ་བཟངས་སྨན་དང་ནི་།མེ་ཏོག་ག་པུར་ཙནྡན་གྱིས། །བསམ་གཏན་གནས་ནི་ཡང་དག་གནས། །བསམས་པས་ཀྱང་ནི་ཡིད་འོང་བྱ། །བདེ་བའི་ལྟན་ལ་གནས་ནས་ནི། །ལེགས་བརྟན་རྡོ་རྗེའི་སྐྱིལ་མོ་ཀྲུང༌། །དེ་རུ་ཡང་ན་བདེར་གནས་པས། །བསམ་གཏན་རབ་ཏུ་བསམ་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཀུན་དུ་བླ་མར་བཅས་པ་ཡི། །དུས་གསུམ་གཤེགས་པས་ཡོངས་གང་བ། །ནམ་མཁར་མངོན་སུམ་བཞིན་བལྟས་ལ། །ས་བོན་མཾ་བྱུང་གཟུགས་སོགས་པས། །དེ་བཞིན་རིན་ཆེན་ཕུང་པོ་ཡིས། །མཆོད་སོགས་རྟོག་པ་སྤང་བྱས་ནས། །རབ་ཏུ་འབད་པས་དེ་རྣམས་མཆོད། །དེ་རྣམས་སྤྱན་སྔར་གནས་བྱས་ལ། །པུས་མོ་བཙུགས་ཏེ་ཐལ་སྦྱར་ནས། །དམིགས་པ་མེད་པར་བྱས་ནས་ནི། །སྡིག་པ་བཤགས་པ་ལ་སོགས་བྱ། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེར་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤད་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རང་ཞིང༌། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། །བདེ་གཤེགས་རྣམས་ལ་རྟག་ཏུ་བསྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང༌། །སེམས་དཔའ་དམ་པ་ཀུན་གྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་པར་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ཡང་དག་གྲོལ་འགྱུར་ཞིང༌། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའོ་སོགས་ས་ལ་རབ་བཞུགས་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་


DTG044_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་པར་སྨིན་པ་དག་གྱུར་ཅིང༌། །སྒྲིབ་པ་ཀུན་གྱི་བདག་ཆགས་ཡང་དག་འབྱིན། །ལྷག་པར་མོས་བས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ། །སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས། །ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། །འཇིག་རྟེན་མཐར་འབྱིན་བསམ་པ་དང༌། །ལོག་པར་ལྟ་བའི་བསྒོམ་པ་དང༌། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་པའི། །ཉེས་པས་འགྲོ་བ་འདི་བསྐྱེད་པས། །སྙིང་རྗེ་ཐམས་ཅད་དམིགས་བྱས་ཏེ། །དོན་དམ་པ་ནི་ཇི་ལྟ་བར། །བྱང་ཆུབ་སེམས་མཆོག་བསྒོམ་པ་བྱ། །ཚིགས་བཅད་དོན་འདི་བསམ་བྱ་སྟེ། །ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །དེ་ཕྱིར་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །དེ་ལྟར་སྟོང་པ་དང་ལྡན་པར། །འགྲོ་བ་འདི་ཀུན་བལྟ་བྱས་ནས། །ཇི་སྲིད་སེམས་ནི་བརྟན་འདོད་བས། །སྔགས་འདི་ཉེ་བར་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་ཉིད་རོ་གཅིག་གང་སེམས་དཔའོ། །བྱང་ཆུབ་མཆོག་ཏུ་མི་འགྱུར་རོ། །གནས་དང་གཞལ་ཡས་བདག་ཉིད་དེ། །རང་གི་སེམས་ཀྱིས་འདི་ལྟར་བྱ། །སངས་རྒྱས་ཞིང་དུ་ནམ་ཡང་ནི། །མ་དག་པ་ཡིས་འཚང་མི་རྒྱ། །དེ་ཡིས་དང་པོར་ཞིང་དག་ཕྱིར། །རང་སེམས་ཉི་མར་བསྒོམ་པར་བྱ། །དེ་རུ་ཧཱུཾ་སྐྱེས་རྡོ་རྗེ་ནི། །ཁ་གྱེས་སྔོན་པོ་འོད་འབར་བ། །དེ་ཡི་དབུས་གནས་ཧཱུཾ་ཡིག་ལས། །རྡོ་རྗེ་ཕྲ་མོ་རྣམས་སྤྲོ་བྱ། །འོག་དང་སྟེང་དང་ཕྱོགས་བཞི་རུ། །རྡོ་རྗེ་གུར་དང་ནི། །རྡོ་རྗེ་རང་བཞིན་ས་གཞི་བྱ། །བསྲུང་བའི་དོན་དུ་བསམ་པར་བྱ། །སྡུག་བསྔལ་ཀུན་འབྱུང་ཤེས་པ་དང༌། །འགོག་པ་དང་ནི་ལམ་དང་ནི། །ཟད་དང་མི་སྐྱེ་ཆོས་དང་ནི། །དེ་བཞིན་རྗེས་དང་ཀུན་རྫོབ་དང༌། །སྔོན་གྱི་གནས་འགྲོ་ཤེས་པ་དང༌། །ཇི་ལྟར་ཐོས་པ་རྣམ་པར་ཤེས། །ཆོས་དབྱིངས་ཐ་དད་མེད་པ་རྣམས། །ཤེས་པ་འདི་རྣམས་སུ་འགྱུར་རོ། །འདི་ལྟར་ཤེས་པ་བཅུ་གཅིག་ནི། །ལེགས་པར་རྫོགས་པའི་རྒྱུ་


DTG044_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། །རྩིབས་བཅུ་ལ་ནི་ཁྲོ་བོ་བཅུ། །ལྟེ་བར་མཆོག་ནི་བཅུ་གཅིག་པ། །ཤར་སོགས་ཕྱོགས་ནི་དེ་རྣམས་སུ། །གོ་རིམས་བཞིན་དུ་དེ་རྣམས་ལ། །གཤིན་རྗེ་ཤེས་རབ་མཐར་བྱེད་བསྒོམ། །པདྨ་བགེགས་ནི་མཐར་བྱེད་ཀྱང༌། །མེ་ལ་སོགས་པའི་མཚམས་རྣམས་སུ། །འདོད་སྔོན་སྟོབས་དང་མི་གཡོ་རྣམས། །སྟེང་དུ་གཙུག་ཏོར་རྒྱལ་པོར་འགྱུར། །འོག་ཏུ་གནོད་མཛེས་འདྲེན་པའོ། །ལྟེ་བར་རྡོ་རྗེ་ཧཱུཾ་མཛད་དཔལ། །རྟག་པ་ལ་སོགས་པར་ཡང་འགྱུར། །རང་གི་ལྷག་པའི་ལྷ་ཡང་འདིར། །རྣལ་འབྱོར་པ་ནི་ཁ་ཅིག་འདོད། །ཐོབ་ལྕགས་ཀྱུ་དབྱིག་པ་དང༌། །དབྱུག་པ་པདྨ་རྩེ་གསུམ་དང༌། །རྡོ་རྗེ་རལ་གྲི་འཁོར་ལོ་དང༌། །རྡོ་རྗེ་རྡོ་རྗེ་གཡས་ན་འཛིན། །ཕྱག་གཡས་ཐམས་ཅད་རལ་གྲི་སྟེ། །གཡོན་ན་རིན་ཆེན་པདྨའོ། །སྤྱན་གཡོན་རྡོ་རྗེ་འཛིན་པར་འགྱུར། །མི་གཡོ་བྱིས་པའི་རྒྱན་གྱིས་བརྒྱན། །རྩ་པའི་ཕྱག་མཚན་རྡོ་རྗེ་སྟེ། །གཡས་ཉིད་ན་ནི་ཡང་དག་གནས་། །གང་གི་གཡས་ན་པདྨ་ཡོད། །དེ་ཡི་གཡོན་དུ་འཁོར་ལོའོ། རྡོ་རྗེ་ཧཱུཾ་མཛད་ཀྱི་གཡོན་དུ། །ཞགས་པ་ལྕགས་ཀྱུའི་ཕྱག་འབར་བ། །ཨུ་མ་དང་བཅས་བདེ་བྱེད་ནི། །ཞབས་ཀྱི་མནན་ནས་ཡང་དག་གནས། །གཞན་གྱིས་མི་ཐུབ་དཀར་པོར་འགྱུར། །པདྨ་མཐར་བྱེད་དམར་པོ་སྟེ། །གཙུག་ཏོར་ཁ་དོག་སེར་པོར་འགྱུར། །ལྷག་མ་རྡོ་རྗེ་འཛིན་ནག་པོ། །དམར་དང་སེར་དང་ལུས་དཀར་རྣམས། །གཡས་པའི་གདོང་ནི་ངག་པོ་མཛེས། །དཀར་དང་དཀར་མིན་དམ་བ་ནི། །དེ་རྣམས་ཀྱི་ནི་གཡོན་དུ་བསྒྲགས། །ཁྲོ་བོ་ནག་པོ་རྣམས་ཀྱི་ནི། །དབྱེ་བས་ཁ་དོག་ཤེས་པར་བྱ། །ནས་ཀྱི་མྱུ་གུ་དང་འདྲ་བ། །གཡོན་པ་དམར་པོའི་རྣམ་པ་སྟེ། །གཡས་པ་དཀར་པོར་འདོད་པ་ཡིན། །བདེན་བྲལ་དང་ནི་རླུང་གི་མཚམས། །གང་ཞིག་ཕྱོགས་སུ་གནས་པ་རྣམས། །ཐམས་ཅད་མི་སྡུག་ཐུང་བ་སྟེ། །གདོང་འཇིགས་གསུམ་པ་ཆེན་པོ་སྟེ། །སྨ་ར་སྨིན་མ་སྐྲ་སེར་བ། །གད་རྒྱངས་བཞད་པར་བྱེད་པའོ། །སྟག་གི་པགས་པས་གོས་མཛད་ཁྲོ། །སྦྲུལ་གྱི་རྒྱན་ནི་འཛིན་པའོ། །མགུལ་དང་ལག་པ་རྣ་བ་ལ། །རིགས་ལྡན་དུང་དང་འཇོག་པོ་རྣམས། །དམར་སེར་


DTG044_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་ལྡན་ནོར་རྒྱས་ནི། །སྐ་རགས་སུ་ནི་རྣམ་པར་གནས། །རྐང་པ་དཔུང་པར་དཀར་བ་ཡི། །པདྨ་པདྨ་ཆེན་པོ་གནས། །ཀ་རྐོ་ཊ་དང་མཐའ་ཡས་དག །ལྗང་སྔོ་སེ་རལ་མགོ་ལའོ། །མཆེ་བས་ཅུང་ཟད་མཆུ་མནན་ཏེ། །ཞལ་ནི་རྣམ་པར་བརྒྱན་པའོ། །ཞི་བའི་རྒྱན་དང་གོས་བཟང་སྟེ། །གཟུགས་མཛེས་གཞན་ནི་མཚམས་ཐུང་བ། །སྔ་མ་སྐུ་ནི་གྱེན་འགྲེང་ཚོགས། །གཞན་ནི་རིན་ཆེན་དབུ་བརྒྱན་ནོ། །ཐམས་ཅད་སྨིན་མ་ཁྲོ་གཉེར་འཁྱོག །ཞལ་ནི་གཉེར་མས་མཚན་མ་སྟེ། །སྣ་ཚོགས་ཆུ་སྐྱེས་ཉི་མ་ལ། །གཡོན་བརྐྱང་ཞབས་ཀྱིས་ཡང་དག་གནས། །ཕྱོགས་སུ་ཁྲོ་བོའི་རིགས་སྤྲོ་བ། །སྡང་ཚོགས་ཐམས་ཅད་འཇིགས་བྱེད་པ། །འོག་མ་བར་དང་མཐར་བྲལ་བ། །སྐྱེ་དང་འཇིག་པ་རྣམ་པར་སྤངས། །ཐམས་ཅད་ཡེ་ཤེས་ཙམ་ལ་བརྟེན། །ཆོས་ཀྱི་དེ་ཉིད་གོ་འཕང་གནས། །འདི་ནི་ཤེས་པ་ཇི་ལྟར་ཐོབ། །གྲུབ་ནས་ཡོངས་སུ་གནས་པའོ། །འཁོར་ལོར་ཆོས་འབྱུང་ཕྱག་རྒྱ་ནི། །གྲུ་གསུམ་དཀར་པོ་སྟེང་གནས་པ། །དབུས་གནས་སྣ་ཚོགས་པད་རྡོ་རྗེ། །ནང་གི་ནམ་མཁའི་རང་བཞིན་དུ། །རྫོགས་པའི་སངས་རྒྱས་འོད་འཕྲོ་ལྡན། །ཕྱོགས་ནི་མཐའ་ཡས་གསལ་བལྟ་དང༌། །སྣ་ཚོགས་རྡོ་རྗེ་ལ་གནས་བསྒོམ། །ཟླ་བར་བྷཱུཾ་ནི་ཡང་དག་འབར། །འཁོར་ལོ་རྩིབས་ནི་བཅུ་གཉིས་པ། །མ་རིག་ལ་སོགས་ཡན་ལག་དག །ས་བོན་བཅས་པ་དེ་གྱུར་ནས། །རྟག་པ་རིག་མར་བཅས་ལ་བྱུང༌། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱི། །རྣམ་དག་འཁོར་ལོ་བསྒོམ་པར་བྱ། །དེ་ལ་སངས་རྒྱས་སངས་རྒྱས་མིན། །མཉམ་ཕྱིར་གྲུ་བཞིར་གནས་པའོ། །དེ་ཡི་རྣམ་དག་རྣམ་བསྟན་ཕྱིར། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ལས། །དྲན་པ་དག་པ་ཤར་ཕྱོགས་སྒོར། །གང་ཕྱིར་དྲན་པ་སྔོན་འགྲོ་བས། །དགེ་ལ་རྗེས་སུ་འཇུག་པར་འགྱུར། །དགེ་དང་མི་དགེའི་ཆོས་རྣམས་ནི། །བསྐྱེད་དང་མི་བསྐྱེད་པ་ཡི་ཕྱིར། །རྩོམ་དང་ཡོངས་སུ་སྦྱོང་ཡིན་ཏེ། །སོ་སོར་རྟོག་དང་བྱ་ལྷུར་ལེན། །འདི་ནི་བརྩོན་འགྲུས་རྣམ་དག་པས། །དེས་ན་ལྷོ་ཡི་སྒོ་རུ་འགྱུར། །འདུན་པ་བརྩོན་འགྲུས་དེ་བཞིན་སེམས། དཔྱོད་པ་ཞེས་བྱ་འདི་དག་པས། །རྫུ་


DTG044_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་རྐང་པ་བཞི་ཡིན་ཏེ། །དེ་བས་ནུབ་ཕྱོགས་སྒོ་རུ་འགྱུར། །དད་པ་བརྩོན་འགྲུས་དྲན་པ་ཉིད། །ཏིང་འཛིན་ཤེས་རབ་དང་བཅས་པ། །དབང་པོ་ལྔ་པོ་དེ་དག་པས། །བྱང་ཕྱོགས་སྒོར་ནི་འདི་འགྱུར་རོ། །རྟོག་དང་དཔྱོད་དང་དགའ་བ་དང༌། །བདེ་དང་ཏིང་ངེ་འཛིན་རྣམས་ནི། །བསམ་གཏན་དང་པོ་ཡན་ལག་ལྔ། །གཉིས་པ་ཡན་ལྔ་བཞི་ཡིན་ཏེ། །རྟོག་པ་དང་ནི་དཔྱོད་པ་དང༌། །ནང་ནི་རབ་ཏུ་དང་བ་དང༌། །བསམ་གཏན་དང་པོའི་ཡན་ལག་མཐས། །དེ་ཡིས་གང་ནི་ལྡན་གྱུར་བའོ། །བཏང་སྙོམས་དྲན་པ་དང་འབྲེལ་པ། །ཤེས་བཞིན་དང་ནི་བདེ་བའི་རྟེན། །དེ་ནི་སེམས་རྩེ་གཅིག་པར་ལྡན། །ཡན་ལག་ལྔ་ལྡན་གསུམ་པ་ཡིན། །བཏང་སྙོམས་དྲན་པ་ཡོངས་སུ་དག །བདེ་སྡུག་མིན་པའི་ཚོར་བ་དང༌། །སེམས་རྩེ་གཅིག་དང་ལྡན་པས་ན། །ཡན་ལག་བཞི་ལྡན་བཞི་པ་ཡིན། །གོ་རིམས་ཇི་བཞིན་བསམ་གཏན་ནི། །བཞི་པོ་ཡོངས་སུ་དག་པ་ཡིས། །འདི་དག་སྒོ་སྒྲོ་གྱུར་པ་ཡི། །རྟ་བབས་གཟུགས་ཀྱིས་མཛེས་པར་བྱས། །དཔའ་འགྲོ་ནམ་མཁའ་མཛོད་དུ་གྲགས། །དྲི་མེད་སེང་གེ་རྣམ་རོལ་པའོ། །རིང་འཛིན་འདི་རྣམས་རྣམ་དག་པ། །ཁྱམས་ནི་བསྐོར་བར་གྱུར་པའོ། །ཨ་ཀཱ་རོ་མུ་ཁཾ་ཞེས་སོགས། །བཟོད་དང་ཆོས་དང་དོན་སྔགས་ཀྱི། །གཟུགས་རྣམས་དག་ཅིང་དག་པ་ཡིས། །མཆོད་བཟངས་ཀྱིས་ནི་ལག་སྤྲེལ་བའི། །དེ་དག་ཁྱམས་རྟེན་ལྷ་མོ་ཡིས། །ཀུན་ནས་ཡོངས་སུ་བསྐོར་བའོ། །སེམས་ཅན་འདོད་པ་རྫོགས་བྱེད་པས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་བརྒྱན། །མདོ་དང་དབྱངས་དང་ལུང་བསྟན་དང༌། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། དེ་ལྟ་བུར་བྱུང་ཤིན་ཏུ་རྒྱས། །སྐྱེས་བའི་རབས་རྣམས་སྒྲ་སྒྲོགས་པ། །སྟོན་པའི་བསྟན་པ་ཡན་ལག་དགུ། །ཕྱོགས་བཅུ་རབ་ཏུ་སྐོར་བར་བྱེད། །འདི་ནི་རླུང་གིས་སྐྱོད་པའོ། །བ་དན་དྲིལ་བུའི་སྒྲ་སྒྲོགས་ལྡན། །དྲན་པ་ཤེས་རབ་ཏིང་ངེ་འཛིན། །ཤིན་ཏུ་སྦྱངས་དང་དགའ་བཏང་སྙོམས། །བརྩོན་འགྲུས་ཞེས་པ་འདི་བདུན་པ། །བྱང་ཆུབ་ཡན་ལག་རྣམ་དག་པས། །དྲ་བ་དྲ་ཕྱེད་ཉིད་ཟླ་དང༌། །ཕྲེང་བཟངས་མེ་ལོང་རྔ་ཡབ་མཛེས། ཇི་ལྟར་


DTG044_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་བཀོད་པ་ཡི། །འདི་རྣམས་ཀྱིས་ནི་མཛེས་བྱས་པའོ། །སྟོང་ཉིད་ལ་སོགས་རྣམས་པ་དང༌། གཟུགས་ཅན་གཟུགས་རྣམས་ལྟ་བྱེད་པ། །ཟིལ་གྱིས་མནན་ནས་རབ་ཏུ་ཤེས། །དེ་ནི་རྣམ་ཐར་དང་པོ་ཡིན། །ནང་ནི་གཟུགས་མེད་འདུ་ཤེས་པས། །ཕྱི་རོལ་གཟུགས་ལ་སྔར་བཞིན་དུ། །མཐོང་བ་ཞེས་པ་གཉིས་པ་སྟེ། །རྣམ་པར་ཐར་པ་ཡང་དག་བརྗོད། །སྡུག་པའི་རྣམ་ཐར་ལུས་ཀྱིས་ནི། །གཟུགས་དང་ལྡན་པ་ཉིད་བརྗོད་པས། །མངོན་སུམ་བྱས་ནས་རྫོགས་བྱས་ཏེ། །ནམ་མཁའ་དང་ནི་རྣམ་ཤེས་དང༌། །ཅི་ཡང་མེད་པ་གཞན་ཡིན་ཏེ། །འདུ་ཤེས་མེད་མིན་འདུ་ཤེས་མེད། །སྐྱེ་མཆེད་བདུན་གྱི་དབྱེ་བ་ཡིས། །འགོག་པའི་སྙོམས་པར་འཇུག་པ་ནི། །བརྒྱད་པ་ཉེ་བར་བརྗོད་པ་སྟེ། །ཡིད་ནི་རྣམ་པར་གྲོལ་བ་ཡིས། །རྣམ་པར་ཐར་པར་དེས་འདོད་དོ། །འདི་ལྟར་རྣམ་ཐར་བརྒྱད་རྣམས་ནི། །གོ་རིམས་ཇི་བཞིན་རྣམ་དག་པས། །འཁོར་ལོ་རིན་ཆེན་མཚོ་སྐྱེས་དང༌། །རལ་གྲི་ཀ་བ་བརྒྱད་ཀྱིས་བརྒྱན། །ཀུན་དུ་བར་ཆད་མེད་པ་ཡིས། །རྡོ་རྗེ་ཐེག་པ་རབ་བསྐོར་བས། །ཀ་བའི་སྟེང་དུ་གནས་གྱུར་པ། །རྡོ་རྗེ་ཕྲེང་བ་ཟླུམ་པོས་བསྐོར། །གཟུགས་ལ་སོགས་པ་ཕྱིན་ཅི་ལོག །རབ་ཏུ་ཞི་བས་བླ་མེད་པའི། །ཚད་མེད་པ་དང་ཡང་དག་སྤངས། །འདོད་པའི་ཡོན་ཏན་ལྔ་པོ་འདི། །ཤིན་ཏུ་རྣམ་དག་ལས་གྲུབ་པ། །ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་བརྒྱན། །མཆོད་པ་རྣམ་པ་ལྔ་ཡིས་དགྱེས། །ཆོ་ག་ཇི་བཞིན་རྣམ་པར་གསོལ། །འགྲོ་བ་ཀུན་དང་ཐ་མི་དང༌། །ཉེས་པས་གང་ལ་མ་གོས་པ། །གནས་འདི་དག་ནི་བཅུ་དགུ་རུ། །སྣ་ཚོགས་པད་མས་བརྒྱན་བྱས་པའོ། །རྨོངས་དང་རབ་རིབ་གཞིར་གྱུར་པ། །འདམ་ནི་རྣམ་པར་སྐྱེམས་པས་ན། །བྱང་ཆུབ་སེམས་ཀྱི་མྱུ་གུ་དག །སྨིན་པའི་དོན་དུ་ཡང་འདི་ཡིན། །སྙིང་རྗེའི་རང་བཞིན་ཉི་བཟང་པོ། །བདུན་གྱིས་ཡོངས་སུ་བརྒྱན་པའོ། །དབུས་ཀྱི་སྟན་དང་མདུན་སྤངས་ཏེ། །ཕྱོགས་དང་སྒོ་ན་རྣམ་པར་གནས། །དགེ་བའི་རྩ་བ་འཕེལ་བ་དང༌། །ཉོན་མོངས་གདུང་བ་ཞི་བའི་ཕྱིར། །ཤེས་རབ་བདག་ཉིད་མངོན་ཁྱབ་པ། །ལྷག་མ་ནུབ་མོ་བྱེད་པ་ཡིན། །ཚོགས་གཉིས་ཡང་དག་རྫོགས་འགྱུར་བས། །གྲུབ་པར་བསྟན་པའི་དོན་གྱི་ཕྱིར། །


DTG044_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེས་བརླན་པས་ཡང་དག་གང༌། །བུམ་པ་གང་བས་འདི་བརྒྱན་བྱས། །ཡེ་ཤེས་ལྔ་ཡི་རང་བཞིན་གྱིས། །དེ་བཞིན་རིན་ཆེན་ལྔ་ཡི་གཟུགས། །གཞལ་ཡས་ཁང་གི་རྣམ་པ་ནི། །རང་གི་སེམས་ནི་རྣམ་དག་པའོ། །དེ་དབུས་གདན་གྱི་ཟླ་བ་ལ། །ཉིས་འགྱུར་དབྱངས་ཡིག་བཅུ་དྲུག་སྟེ། །མཚན་ནི་སུམ་ཅུ་རྩ་གཉིས་ཚོགས། །བསྐྱེད་པར་ནུས་པས་བསྒོམ་པར་བྱ། །ལུགས་དང་མཐུན་དང་མི་མཐུན་པའི། །ཕྲེང་གཉིས་དག་ནི་དགོད་པར་བྱ། །དག་བའི་ཟླ་བ་ཤེལ་འདྲ་བས། །འོད་ཟེར་ཕྲེང་བ་སྤྲོ་བར་བྱེད། །འདི་ལྟར་གཞན་ཡང་བསྒོམ་བྱ་སྟེ། །དབྱངས་ཡིག་བཅུ་དྲུག་ལས་བྱུང་བ། །སྟོང་པ་ཉིད་ཀྱིས་འཕངས་པས་ན། །གང་ཕྱིར་སེམས་ནི་འདི་ལྟར་འགྱུར། །ངེས་ན་ཤེས་རབ་རང་བཞིན་འདི། །རི་བོངས་ཅན་དུ་ཡང་དག་མཚོན། །ཤེས་རབ་ཡང་ནི་གཉིས་མེད་ཤེས། །བཅུ་དྲུག་སྟོང་པ་ཉིད་གསུངས་པ། །དཀྱིལ་འཁོར་ཚོགས་ནི་དག་ཆེན་པོ། །ནམ་མཁའ་བཞིན་དུ་དྲི་མ་མེད། །གནས་ངན་ལེན་ནི་ཀུན་ནས་གྲོལ། །རྟོག་པ་སྤངས་པའི་མཆོག་ཡིན་ནོ། །ཉོན་མོངས་དྲི་མ་ཐམས་ཅད་དག །ཟླ་བ་མཐོང་བ་སྔོན་འགྲོ་བ། །འདིར་ནི་སངས་རྒྱས་ཡོན་ཏན་ཀུན། །ཨ་ལ་སོགས་པའི་གཟུགས་ཀྱིས་གནས། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨམ་ཨཱཿ། འདི་དག་བཅུ་དྲུག་ཚོགས་པས་ནི། །བྱུང་བ་ངེས་པར་བསྟན་པ་ཡིན། །ཀུན་དུ་བཟང་པོའི་གསལ་བ་རུ། །ཡེ་ཤེས་ཞབས་ནི་ཉིད་ཀྱིས་སུ། །དེར་གནས་ཆོ་ག་བཞིན་དུ་སྦྲ། །དབྱངས་ཡིག་བཅུ་དྲུག་སྨྲ་བ་ཡིས། །ཇི་ལྟར་བརྗོད་པའི་དབྱངས་ཡིག་གིས། །བསིལ་བའི་འོད་ཟེར་རབ་བསྒྲུབ་པ། །འདི་རྣམས་འདི་ལྟར་གྲུབ་པ་ནི། །སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །སྐུ་ནི་བྱིན་གྱིས་བརླབས་འགྱུར་བ། །གང་ཕྱིར་འདི་ལས་འབྱུང་བར་འགྱུར། །དྷ་ད་ཡ་ལ་ཝ་བསྣན་བྱ། །ཀ་སོགས་ཉིས་འགྱུར་བྱས་པ་ལས། །དེ་སྟེང་རི་བོང་ཅན་བལྟ་སྟེ། །དཔེ་བྱད་སྒྲུབ་བར་བྱེད་པའོ། །བྱང་ཆུབ་སེམས་ཀྱི་རང་བཞིན་པས། །བྱང་ཆུབ་སེམས་ཀྱི་རྣག་བཞིན་པས། །སྙིང་རྗེ་རྩ་བའི་རང་བཞིན་གྲགས། །བསོད་ནམས་ཚོགས་ནི་ཡང་དག་རྫོགས། །ཡིད་ལས་བྱུང་ཡང་རྙོག་པ་བྲལ། །འཛིན་རྟེན་རབ་གྲགས་གྲངས་ཀྱིས་ནི། །གཟུགས་བརྙན་


DTG044_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་སྦྱོར་པ་ལས། །སངས་རྒྱས་ཡོན་ཏན་ཀུན་གྱི་ལུས། །འདིར་ནི་ཀ་ལ་སོགས་བས་གསལ། ཡང་གསུངས་པ། སྙིང་རྗེ་ཆགས་ལས་ཡང་དག་བྱུང༌། །སེམས་ཅན་རྗེས་སུ་འཛིན་བྱེད་པ། །དགེ་བའི་ཆོས་ནི་ཡང་དག་རྫོགས། །ཉོན་མོངས་ཀུན་ལ་ངེས་གནོད་པ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །བྱང་ཆུབ་ཟླ་བ་གཉིས་པའོ། །འདིར་ཡང་སངས་རྒྱས་ཡོན་ཏན་རྣམས། །ཀ་སོགས་གཟུགས་ཀྱིས་ཡང་དག་འཇུག །གཟུགས་བརྙན་རབ་ཏུ་སྦྱོར་བས་སོ། །ཞེས་སོ། །ཀུན་གཞི་རྣམ་ཤེས་གྱུར་བ་ལས། །འདི་ནི་ཟླ་བ་གཉིས་སུ་གྲགས། །མེ་ལོངས་ཡེ་ཤེས་སུ་བརྗོད་པ། །རྣམ་པ་དང་པོ་ཉིད་ཡིན་ནོ། །ཉོན་མོངས་ཅན་ཡིད་གྱུར་པ་ལས། །མཉམ་པ་ཉིད་ཀྱི་ངོ་བོ་ཉིད། །དེར་ཡང་ཧཱུཾ་བྱུང་རྡོ་རྗེ་སྟེ། །དམར་གསལ་བ་ཡེ་འོད་ཅན་ནོ། །ཕུང་པོ་ལྔ་ནི་རྣམ་དག་པས། །ཡེ་ཤེས་ལྔ་རུ་བསྟན་པ་ཡིན། །སྟེང་དུ་གནས་པ་དེ་ཡི་ནི། །ལྟེ་བར་ཧཱུཾ་ཡིག་ཟླ་གཉིས་གནས། །བརྗོད་བྱ་རྗོད་བྱེད་ལས་འདས་ཏེ། །ཆོས་ཉིད་རབ་ཏུ་རྟོགས་པས་ན། །དེ་ནི་རྟོགས་པར་གྱུར་པ་ལས། །སོ་སོར་ཀུན་དུ་རྟོག་པར་བསྒོམ། །དེ་ལས་དེ་བཞིན་གཤེགས་སྤྲོས་པས། །འགྲོ་བ་ཀུན་ལ་ཕན་བྱས་ནས། །སངས་རྒྱས་གང་དེ་འདིར་བསྡུས་པ། །དེ་ནི་བྱ་བ་ནན་ཏན་ནོ། །བྱང་ཆུབ་སྤྱོད་གང་དག་པ་ནི། །བླ་མེད་སངས་རྒྱས་ཡེ་ཤེས་སོ། །དེ་རྣམས་དག་ནི་རང་བཞིན་གཟུགས། །བརྟན་པས་རྡོ་རྗེ་ཉིད་དུ་འགྱུར། །འདི་ལྟར་ཡིད་ཀྱིས་བསྒོམ་བྱས་ནས། །རང་གཟུགས་ཐ་དད་མེད་པའི་དངོས། །རྡོ་རྗེ་ཇི་ལྟར་བསྟན་མཐོང་ནས། །དེ་ལ་བདག་ཏུང་རྒྱལ་བྱ། །དེ་ཡང༌། སངས་རྒྱས་ཀུན་གྱི་སྐུ་འདི་ནི། །སྣང་བ་མེད་ཅིང་གནས་མེད་པ། །མ་སྐྱེས་མ་བྱས་དག་པ་སྟེ། །རང་བཞིན་ལ་སོགས་རྣམ་པར་སྤངས། །མི་མཆོད་མི་ཕྱེད་སྲེག་ཏུ་མེད། །ལྷག་མ་མེད་པ་ཆོས་ཀྱི་སྐུ། །རྡོ་རྗེ་བདག་ཉིད་ཡང་དག་འབྱུང༌། །རྡོ་རྗེ་སྐུ་ནི་བླ་ན་མེད། །ཅེས་གསུངས་སོ། །རང་གི་སེམས་ཀྱི་འཕེན་པ་ཡིས། །བྱང་སེམས་ཤར་བ་མཆོག་ཡིན་ནོ། །སྤྲོ་དང་བསྡུ་བ་དག་ལ་ནི། །བརྟན་པར་བྱེད་འདོད་བྱིན་གྱིས་བརླབ། །རྫོགས་སངས་རྒྱས་སུ་མཉམ་འགྲོ་བ། །རྒྱུད་གཞན་ལས་ཀྱང་གསུངས་པ་ཡིན། །སྔགས་ནི་འདི་རྣམས་འདིར་བརྗོད་པ། །གང་ཞིག་སྔགས་ནི་རིག་པས་


DTG044_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ། ཨོཾ་ཙིཏྟ་པྲ་ཏི་བེ་དྷཾ་ཀ་རོ་མི། ཨོཾ་བོ་དྷི་ཙི་ཏྟཾ་ཨུཏྤཱ་ད་ཡཱ་མི། ཨོཾ་ཏིཥྛ་བཛྲ། ཨོཾ་པར་བཛྲ། ཨོཾ་སཾ་ཧ་ར་བཛྲ་ཨཱཏྨ་ཀོ྅ཧཾ། ཨོཾ་ཡ་ཐཱ་སརྦྦ་ཏ་ཐཱ་ག་ཏ་ཏ་ཧཱ་ཨ་ཧཾ། ཞེས་པའོ། །དེ་ལ་ཟླ་སོགས་ཡོངས་གྱུར་པས། །སྐད་ཅིག་ཡེ་ཤེས་སྦྱོར་བ་ཡིས། །ཀུན་དུ་བཟང་བོར་བདག་ཉིད་ནི། །རྒྱལ་བ་རྣམས་བསྐྱེད་རྒྱལ་བ་ཡིན། །སངས་རྒྱས་ཀུན་གྱི་རང་བཞིན་མགོན། །རྣམ་ཐར་སྒོ་གསུམ་གྱི་ནི་ཞལ། །སྔོན་པོ་དཀར་པོ་དམར་པོར་ལྡན། །གཡས་དང་དབུས་དང་གཡོན་རྣམས་།ཤེས་རབ་ཐབས་ནི་བདག་ཉིད་སྐུ། །རྡོ་རྗེ་རལ་གྲི་ནོར་བུ་པད། །གཉིས་ཀྱིས་ཤེས་རབ་ལ་འཁྱུད་པ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས། །མི་བསྐྱོད་པ་ཡིས་སྤྱི་བོར་བརྒྱན། །རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའོ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ཞི་དང་སྒེག་པའི་གཟུགས་འཛིན་པ། །ཕུན་ཚོགས་ཀུན་བྱེད་མགོན་པོ་སྟེ། །མཚན་མོ་བྱེད་པའི་འོད་བྱེད་པ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་པའི། །རང་བཞིན་དུ་ནི་བསྒོམ་པར་བྱ། །འདོད་ཆགས་ཆེན་པོ་འདུལ་བ་ཡི། །སེམས་ཅན་ཁམས་ལ་ཀུན་དུ་ནི། །སྣོད་ལྡན་ལ་ནི་བལྟས་ནས་ནི། གསང་བ་འདུས་པའི་དོན་བསྟན་ཕྱིར། །དག་པའི་སྒྱུ་མའི་སྒྲ་རྣམས་ཀྱིས། །ལུས་ལ་སངས་རྒྱས་རྣམས་བཅུག་སྟེ། །བདེ་བ་རྫོགས་པ་ཡང་དག་གྲུབ། །ཐམས་ཅད་སངས་རྒྱས་གཅིག་གཟུགས་གྱུར། །སྤྱན་དང་གཟུགས་ཀྱི་རྡོ་རྗེ་སོགས། །གཟུགས་སུ་སྤྲུལ་ནས་ཕྱུང་བ་རྣམས། །དེ་རྣམས་རང་གི་རིག་མ་ལ། །ཇི་ལྟ་བ་བཞིན་ཡང་དག་གཞུག །དེ་བཞིན་འཁོར་ལོའི་སངས་རྒྱས་རྣམས། །བཅུག་སྟེ་ཞུ་བར་གྱུར་པ་རྣམས། །ལྷ་མོའི་པདྨར་སྤྲོ་བྱས་ལ། །རྡོ་རྗེ་ཅན་གྱིས་གནས་བར་བལྟ། །དེ་དག་ཡོངས་སུ་གྱུར་པ་སེམས། །རྟེན་དང་བརྟེན་བཅས་དཀྱིལ་འཁོར་ཏེ། །མི་བསྐྱོད་གཙོ་བོ་བསྒོམ་བྱས། །སྐྱེ་བོའི་ཚོགས་ནི་ཡང་དག་གཞུག །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །དེ་བཞིན་རྡོ་རྗེ་ཅན་གྱིས་གཞུག །བྱང་ཆུབ་སེམས་སུ་ཞུ་ལྡན་བས། །དེ་ཡིས་སྐྱེ་བ་དབང་བསྐུར་བྱ། །དེ་ནས་བྱང་ཆུབ་སེམས་ཀྱིས་ནི། །འགྲོ་ལ་འོད་ཟེར་རེག་གྱུར་པས། །སྟོན་པའི་བྱིན་གྱིས་བརླབས་དབང་གིས། །ཡང་དག་བྱང་ཆུབ་བདེ་ཐོབ་པ། །ཐམས་ཅད་ཞལ་གསུམ་ཕྱག་དྲུག་སྟེ། །ས་སྙིང་


DTG044_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ངོ་བོ་ཉིད། །དཀྱིལ་འཁོར་འཁོར་ལོ་ཅན་གྱུར་པ། །སངས་རྒྱས་ཀུན་གྱི་ཡོན་ཏན་ལྡན། །དེ་ཕྱིར་དེ་རྣམས་མཉམ་པར་ལྡན། །དེར་གནས་སངས་རྒྱས་མཁས་པ་ཡིས། །སེམས་ཀྱིས་མང་པོ་གདོན་བར་བྱ། །གཉུག་མའི་ས་བོན་ཇི་ལྟ་བས། །དམ་པའི་མིག་དང་རྣ་བ་སྣ། །ལྕེ་དང་ལུས་དང་ཡིད་རྣམས་ཀྱིས། ཡོངས་སུ་དག་པའི་རང་བཞིན་ནི། །དེ་ནི་ཡེ་ཤེས་བཟང་ཤར་བ། །ས་སྙིང་ལ་སོགས་དྲུག་པོ་ཡི། །ས་བོན་ལ་སོགས་རིམ་བཞིན་ཡིན། །ཀྵིཾ་ཛྲཱིཾ་ཁཾ་གཾ་དེ་བཞིན་དུ། །ཥྐཾ་སཾ་ཞེས་པ་ཡི་གེའི་རིམ། །ཛཿ་ཧཱུཾ་བཾ་ཧོཿ་དེ་བཞིན་དུ། །ཁཾ་རཾ་ས་བོན་རིམ་འདི་རྣམས། །གཟུགས་སོགས་རྡོ་རྗེ་དྲུག་རྣམས་ཀྱིས། །གཟུགས་སོགས་སྐྱེ་མཆེད་བདག་ཉིད་དོ། ལཾ་མཱཾ་པཾ་ཏཱཾ་འདི་ཞེས་བྱ། །ས་བོན་ས་བོན་རིག་པས་བརྗོད། །སྤྱན་མ་ལ་སོགས་བཞི་པོ་ནི། །ས་ལ་སོགས་པའི་རང་བཞིན་ཡིན། །གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་དང་ནི་རྣམ་ཤེས་ཀྱང༌། །རྟག་ཏུ་རྣམ་པར་དག་གྲུབ་པའི། །རྟག་པ་ལ་སོགས་པར་གསལ་ལོ། །བྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་ས་བོན། །འདི་རྣམས་གོ་རིམས་ཇི་བཞིན་འགྱུར། །འདི་ལྟར་ཐམས་ཅད་ཕྱུང་ནས་ནི། །ལྷག་པའི་ལྷ་རྣམས་བསྒྲུབ་པར་བྱ། །དེ་ལ་ལྷག་པའི་ལྷ་རྣམས་ནི། །སངས་རྒྱས་དཀྱིལ་འཁོར་འཁོར་ལོ་ཅན། །སྔོན་བཞིན་རྣལ་འབྱོར་པས་བསྐུལ་བས། །རང་གི་ཁ་རུ་གཞུག་པར་བྱ། །དེ་ནི་བྱང་ཆུབ་སེམས་བྱས་ལ། །རྡོ་རྗེ་ནས་ནི་སོན་པར་བལྟ། །རིག་མའི་པདྨའི་ནང་སོང་བ། །ཁ་དོག་གཟུགས་སུ་གྱུར་པའོ། །ཤེས་རབ་ཐབས་ཀྱི་ཆགས་ཆེན་གྱི། །རང་བཞིན་ཕྱིར་ན་འོད་གསལ་བའོ། །དེ་རུ་ཨོཾ་ཨཱཿ་ཧཱུཾ་བསམ་མོ། །ཧོཿ་དམར་གཉིས་ཀྱི་དབུས་བཅུག་ལ། །ཤེས་རབ་ཐབས་ཀྱི་རང་བཞིན་གྱི། །མེ་འབར་བས་ནི་ཞུ་བར་བྱས། །འོད་ཀྱི་ཚོགས་སུ་གྱུར་བ་ཡི། །འོད་ནི་འབར་བས་ཡབ་ཡུམ་ཡང༌། །ཟླ་བ་དང་འདྲ་ཞུ་བའི་གཟུགས། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །མྱ་ངན་འདས་པའི་ལམ་བཞིན་གནས། །དོགས་མེད་རང་ཉིད་ཀྱིས་བལྟས་ལ། །བྱམས་པ་སྙིང་རྗེའི་རྒྱུ་མཐུན་དང༌། །དགའ་དང་བཏང་སྙོམས་རང་བཞིན་གྱི། །མཱ་མ་ཀཱི་དང་སྤྱན་མར་གྲགས། །གོས་དཀར་སྒྲོལ་མ་


DTG044_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་རུ། །མི་དམིགས་པ་ཡི་སྦྱོར་བ་ཡིས། །དེ་ཡི་འོད་ཟེར་ལས་བྱུང་བ། །འདི་རྣམས་རང་གི་གནས་བཞུགས་པས། །བསྐུལ་བས་རྩོལ་བ་བསྒོམ་པར་བྱ། །སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བཱཾ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་སྐྱབས་སུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེ་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེའི་གསུངས་ཏེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་ནི་དོན་དང་དགོངས་པ་མཛད་ལ་རབ་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །དགའ་བའི་སྤྱོད་པ་ཀུན་དུ་བཟང་པོ་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་བརྩེ་བ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིང་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །འདི་རྣམས་ཀྱིས་ནི་བསྐུལ་བའི་སེམས། །ཞུ་བའི་གཟུགས་སུ་བསྒོམ་པར་བྱ། །སེམས་ཅན་དོན་ཉམས་མཐོང་བས་ན། །བདག་ཉིད་ཕུན་ཚོགས་ཉམས་པ་འདྲ། །སྒྱུ་མ་ལྟ་བུར་མོས་པ་ཡིས། །ཆོས་རྣམས་ཐམས་ཅད་བརྟག་པར་བྱ། །ཡོངས་སུ་གྱུར་ནས་སངས་རྒྱས་སྤྲོས། །ཞུ་བ་ཡི་གེ་མཾ་དུ་བསྒོམ། །དེ་ཡོངས་གྱུར་བས་རལ་གྲི་སྟེ། །ས་བོན་མཾ་འབར་ཡུ་བར་ནི། །བདག་གི་རང་བཞིན་དེ་ལྟར་བསྒོམ། །སེམས་བརྟན་དེ་ཉིད་རིག་པས་སོ། །དེ་ལས་བྱུང་བའི་སངས་རྒྱས་ཚོགས། །འགྲོ་ལ་ཕན་པར་བལྟ་བར་བྱ། །སླར་ཡང་ད་རུ་ཞུགས་གྱུར་ནས། །འཇམ་པའི་རྡོ་རྗེར་བསྒོམ་པར་བྱ། །སྤྲོ་བྱ་རྒྱན་དང་ཅོད་པན་ཅན། །གུར་གུ་མ་རློན་པའི་འོད་ལྡན་པ། །རལ་གྲི་མདའ་དང་ཆུ་སྐྱེས་སྡོ། །གཞུ་


DTG044_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་མཚན་པ་བཞི་པོ་དང༌། །རྩ་བའི་ཕྱག་གཉིས་ཀྱིས་འཁྱུད་པ། །ཤེས་རབ་འདི་ཞལ་མྱང་བས་འགྱིང༌། །ཟླ་བར་རྡོ་རྗེ་སྐྱིལ་མོས་གནས། །ན་བཟའ་དམ་པས་རྒྱན་གྱིས་མཛེས། །གཡས་དང་གཡོན་གྱི་ཞལ་དག་ནི། སྔོ་དཀར་སྒེག་པའི་གཟུགས་འཛིན་པ། །སངས་རྒྱས་ཚོགས་ནི་མ་ལུས་སྤྲོ། །སྲིད་གསུམ་མ་ནི་རབ་ཏུ་བསྒྲུབ། །སྲིད་པ་སྡུག་བསྔལ་དབང་སོང་བ། །ཉོན་མོངས་ཀུན་སྐྱེས་བསལ་བར་མཛད། བདག་ཉིད་བདེ་བ་དང་མཉམ་པས། །སྡུག་བསྔལ་ཐམས་ཅད་རྣམ་པར་སྤངས། །རབ་ཏུ་རྟོགས་པའི་སྣོད་རུང་བ། །སེམས་ཅན་ཀུན་གྱི་དོན་བྱས་ཏེ། །སྙིང་རྗེ་ཆགས་མེད་ངོ་བོ་ཡིས། །ཀུན་རྫོབ་ཏུ་ནི་ཐབས་བསྟན་ཏོ། །མྱ་ངན་འདས་ཀྱང་ཚུལ་བཞིན་དུ། །ཡང་དག་མ་ཡིན་སྒྲོ་འདོགས་སྲིད། །སོ་སོའི་སྐྱེ་བོར་བདེན་འགྱུར་བའི། །སྡུག་བསྔལ་ཐམས་ཅད་ཞི་བར་བྱེད། །གང་ཞིག་འདིར་ནི་མོས་བྱེད་པ། །ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པའོ། །རྣམ་པར་བྱང་ལ་ཞུགས་པ་ཡི། །སྤང་བར་བྱ་ཕྱིར་འདི་བརྗོད་དོ། །ཨོཾ་དྷ་རྨྨ་དྷཱ་ཏུ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཆུང་ངུའི་གཉེན་པོའི་ཡན་ལག་ཉིད། །ཆུང་ངུའི་རྒྱུ་མཐུན་འབྲས་བཟང་པོ། །དེ་ནས་མིག་སོགས་བྱིན་བརླབ་པ། །ཐམས་ཅད་མཁྱེན་པ་ཐོབ་ཕྱིར་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །ཀྵིཾ་ཡིག་དཀར་དང་འཁོར་ལོ་ལས། །ཕྱག་དང་ཞལ་དང་མཚོན་ཆ་ཉིད། །རྣམ་པར་སྣང་མཛད་རང་བཞིན་ཅན། །མིག་ཏུ་ས་ཡི་སྙིང་བོར་གྲགས། །ཕྱག་ན་རྡོ་རྗེ་རྣ་བར་སོན། །ཟླ་བར་ཛྲཱི་ཡིག་རྡོ་རྗེ་ལས། །བྱུང་བ་མི་བསྐྱོད་པ་འདྲའི་གཟུགས། །ཟླ་བར་ཁཾ་དང་རིན་ཆེན་སྐྱེས། །སྣ་ཡི་ནང་དུ་མཁའ་སྙིང་པོ། །རིན་ཆེན་འབྱུང་ལྡན་དང་འདྲ་བར། །ཁ་དོག་མཚན་མ་ཞལ་རྣམས་སོ། །སྒྲོལ་མའི་བདག་པོར་ཡང་དག་གནས། །གཾ་དང་མཚོ་སྐྱེས་ལས་བྱུང་བ། །འཇིག་རྟེན་མགོན་པོ་ལྕེ་ལའོ། །ཁ་དོག་ལ་སོགས་དཔག་མེད་འདྲ། །མཚན་མོ་བྱེད་བཟང་གཟུགས་སྟེང་གནས། །ཡི་གེ་ཥྐཾ་མཆོག་རལ་གྲི་ལས། །ཞལ་སོགས་དོན་ཡོད་དང་འདྲ་བར། །མགོ་བོར་སྒྲིབ་པ་རྣམས་སེལ་གཙོ། །འོད་དཀར་གདན་ལ་སཾ་སྐྱེས་ཏེ། །རྡོ་རྗེ་འཛིན་པའི་གཟུགས་འདྲ་བ། །སྙིང་གར་ཀུན་ཏུ་བཟང་པོར་གྲགས། །བྱང་


DTG044_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་བསྒོམ་པར་བྱ། །ཐམས་ཅད་རྡོ་རྗེ་སྐྱིལ་མོ་ཀྲུང༌། །རབ་འཕྲོ་རིན་ཆེན་ཅོད་པན་ཅན། །ཤེས་རབ་དམ་པས་འཁྱུད་ཞི་བ། །ཟླ་བཟང་ལ་བརྟེན་འོད་གསལ་བ། །རང་གི་ཁ་དོག་ས་བོན་བསྒྲུབས། །སྤྲོ་ཞིང་བསྡུ་བའི་སྦྱོར་བ་ཡིས། །རང་རང་སྐྱེ་མཆེད་བདག་ཉིད་གཟུགས་རང་རང་རྣམ་པར་ཡང་དག་གནས། །དེ་བཞིན་མཚན་རང་ས་བོན་ལས། །རང་གི་གདན་ལ་གནས་པའི་གཟུགས། །གཟུགས་སོགས་གཟུགས་ཀྱི་རྡོ་རྗེ་སོགས། །ས་སོགས་སྤྱན་ལ་སོགས་པ་རྣམས། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །གཟུགས་སོགས་ཕུང་པོ་ལྔ་པོ་རྣམས། །བསྒོམ་བྱ་ངེས་པར་མོས་པ་ཡིས། །སེམས་ནི་བརྟན་པ་ཉིད་ཀྱིས་ནི། །འདི་དག་ཉེ་བའི་སྒྲུབ་པ་དང༌། །རྣམ་པར་སྨིན་པའི་འབྲས་བུར་བྱེད། །ཆོས་དང་ལོངས་སྤྱོད་སྦྲུལ་པ་ཡི། །སྐུ་ཡི་དོན་དུ་འདི་བསྒོམ་བྱ། །སྙིང་ཟླར་གནས་བའི་ཧཱུཾ་ཡིག་ལས། །ཡང་དག་བྱུང་བའི་རྡོར་དབུས་སུ། །དེ་བཞིན་ཧཱུཾ་སྐྱེས་རྡོ་རྗེ་ནི། །ཕྲ་མོ་བསྒོམ་བྱ་ཧཱུཾ་དང་བཅས། །དེ་ཡིས་སངས་རྒྱས་འོད་ཟེར་གྱིས། །སེམས་ཅན་དོན་བྱས་ཡོངས་གྱུར་ནས། །ཐུགས་ཀྱི་རྡོ་རྗེ་དབང་ཕྱུག་བསྒོམ། །ཕྱག་ན་རྡོ་རྗེ་དང་འདྲ་མཆོག །ཐུགས་རྡོར་རང་སྙིང་ས་བོན་གྱི། །འོད་ཟེར་ལས་སྤྲུལ་གཟུགས་རྣམས་ཀྱིས། །ཐུགས་ཀྱི་རྡོ་རྗེས་གང་ཁྱབ་པ། །ཕྱོགས་གནས་ཡང་དག་རྫོགས་སངས་རྒྱས། །སྙིང་གའི་ས་བོན་འོད་ཟེར་གྱིས། །ཀུན་དུ་ཡང་དག་སྤྲུལ་པའོ། །གཟུགས་སོགས་རྡོ་རྗེར་གྱུར་པ་ཡིས། །དེ་རིགས་ནང་ཞུགས་བདག་ཉིད་ཀྱིས། །མཆོད་བྱས་དེ་རྣམས་ཐུགས་རྡོ་རྗེ། །བྱིན་གྱིས་བརླབ་ཕྱིར་གསོལ་བ་གདབ། །ཚིགས་བཅད་འདི་གཉིས་རྟོགས་བྱས་ལ། །ཐམས་ཅད་བདེ་བྱེད་བརྗོད་པར་བྱ། །དཔལ་ལྡན་རྡོ་རྗེ་ཐུགས་འཆང༌། །བྲོད་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །སངས་རྒྱས་ཀུན་གྱི་ཐུགས་རྣམས་ཀྱིས། །ཡོན་ཏན་གྱིས་ནི་མཉམ་གྱུར་པ། །དེ་ཡིས་བྱིན་གྱིས་


DTG044_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པའི་ཐུགས། །སེམས་སུ་བརྟན་པར་རྣམ་པར་བལྟ། །རྫོགས་སངས་རྒྱས་ཀྱི་ཐུགས་རྡོ་རྗེའི། །བདག་པོ་དང་མཉམ་བལྟ་པར་བྱ། །ཐུགས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས། །རྡོ་རྗེའི་ཚིག་གིས་བརྗོད་པར་བྱ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པ་ནི་སྔགས་སོ། །དེ་སྟེང་ནུ་མའི་དཀྱིལ་དུ་ནི། །མཚན་མའི་དཀྱིལ་དུ་གསོལ་གདབ་མེད། །དམ་ཚིག་སེམས་དཔའ་དང་འདྲ་བ། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །ལྐོག་མར་ཨཱཿ་སྐྱེས་ཆུ་སྐྱེས་ལ། །ཨཱཿ་ལས་བྱུང་བའི་པདྨ་ནི། །ཕྲ་མོས་བོན་བཅས་པ་བསྒྲོམ་། །གསུང་གི་རྡོ་རྗེ་བསམ་པར་བྱ། །སྤྱན་རས་གཟིགས་དང་དེ་འདྲ་བསྒོམ། །མཁའ་གནས་གསུང་གི་རྡོ་རྗེ་བསྣམས། །ཡང་དག་མཆོད་བྱ་གསོལ་བ་གདབ། །དེ་ཡི་ཚིགས་ཅད་གཉིས་བརྗོད་དོ། །ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབ་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །དབྱངས་ཀྱི་ཡང་ལས་ཀུན་ཕུན་ཚོགས། །རང་གི་ངག་ནི་མོས་པར་བྱ། །སངས་རྒྱས་གསུང་དང་མཉམ་གྱུར་པ། །སྔགས་འདིས་བྱིན་གྱི་བརླབ་པར་བྱ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྤྱི་བོར་ཟླ་གནས་ཨོཾ་ལས་ནི། །བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ། །ཨོཾ་དང་འཁོར་ལོ་པྲ་ལས་བྱུང༌། །ས་སྙིང་དང་འདྲ་དེ་བ་ལྟས་ནས། །རྫོགས་པའི་སངས་རྒྱས་ཕྱོགས་གནས་ལ། །ཚིགས་བཅད་གཉིས་ཀྱི་སྐུ་རྡོར་ཚོགས། །བྱིན་གྱིས་བརླབ་ཕྱིར་གསོལ་བ་གདབ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །བྱིན་གྱིས་བརླབ་པར་སྐུ་བལྟས་ལ། །མཚན་ནི་སུམ་ཅུ་རྩ་གཉིས་འབར། །དཔེ་བྱད་བཟང་པོ་ཕུན་


DTG044_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ། །མཉམ་པར་བྱ་ཕྱིར་བརྗོད་པར་བྱ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྙིང་ལ་སོགས་སྐུ་མཐར་ཐུག །མིག་ལ་སོགས་པ་རྣམ་དག་པ། །འདི་ལྟར་མདོར་བསྡུས་ཤེས་བར་བྱ། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་པའོ། །ཆུར་དུའི་སྒྲུབ་པའི་ཡན་ལག་དང༌། །ཆུང་དུའི་སྐྱེས་བུའི་བྱེད་འབྲས་སོ། །ཇི་ལྟར་ཆོས་རྒྱལ་དབང་བསྐུར་བ། །དེ་བཞིན་འདིར་ནི་དྲན་པར་བྱ། །ཡེ་ཤེས་སེམས་དཔའི་ཐུགས་འོད་ཀྱིས། །རྫོགས་པའི་སངས་རྒྱས་བསྐུལ་ནས་ནི། །འོད་ཟེར་ལས་བྱུང་རིག་མ་རྣམས། །བར་མེད་ཁྱབ་པ་གང་རྣམས་ཀྱིས། །པདྨའི་ཕྱག་ནི་ནུས་པ་ཡིས། །རིན་ཆེན་བུམ་པ་ཡིད་འོང་བ། །རང་ལུས་རྣམ་དག་ཁ་དོག་བཟང༌། །བྱང་ཆུབ་སེམས་ཀྱིས་རབ་གྱང་བས། །གཟུགས་ལ་སོགས་པའི་རྡོ་རྗེས་ཀྱང༌། །མཆོད་པ་སྔོན་དུ་འགྲོ་བ་ཡིས། །བདག་ཉིད་འཁོར་ལོས་སྒྱུར་བཞིན་དུ། །དེ་ཉིད་རིག་པས་དབང་བསྐུར་བྱ། །སྤྱི་བོར་མི་བསྐྱོད་རྫོགས་སངས་རྒྱས། །འཆད་པར་འགྱུར་བའི་ཕྱག་སོགས་ལྡན། །བྱང་ཆུབ་སེམས་ནི་དམ་པའི་ཆུ། །ཡོངས་སུ་གྱུར་བས་བསྒོམ་པར་བྱ། །ཡེ་ཤེས་ཆེན་པོའི་མཐུར་ཤེས་བྱ། །ཆུང་ངུའི་སྒྲུབ་པ་ཆེན་པོ་དང༌། །འབྲས་བུ་ཡང་ནི་དྲི་མེད་ནི། །ཆུང་ངུའི་ངོ་བོར་རབ་ཏུ་བསྒྲགས། །རྒྱུ་མཐུན་རྒྱུ་དང་འདྲ་བ་སྟེ། །རྣམ་པར་སྨིན་པ་ལྷག་འབྲས་བུ། །གང་གིས་སྟོབས་ལས་གང་སྐྱེས་པ། །འབྲས་བུ་དེ་ནི་སྐྱེས་བུར་འདོད། །དྲི་མེད་བྲལ་བའི་འབྲས་བུ་སྟེ། །གང་ཕྱིར་ཆོས་ཀུན་བདག་པོའོ། །མ་ལུས་སེམས་ཅན་ཕུན་ཚོགས་དོན། །སྣ་ཚོགས་དྲི་མ་འཁྲུ་བས་སོ། །དེ་བཞིན་ཤེས་རབ་མདུན་བལྟས་ལ། །རང་སྙིང་བདག་ཉིད་མཉམ་བྱས་པ། །དེ་ནི་སྔར་བཞིན་བསྒོམས་ནས་ནི། །མིག་ལ་སོགས་པ་སྦྱང་བའོ། །སླར་ཡང་འདི་ཡི་བྱེ་བྲག་ནི། །རྣམ་པར་གཞན་དག་བརྗོད་པར་བྱ། །སྐུ་སོགས་བྱིན་གྱིས་བརླབ་པ་ལ། །ཚིགས་བཅད་བརྗོད་པ་སྤངས་པའོ། །དེ་ནི་འབྲིང་གི་བསྙེན་སོགས་དང༌། །ལྡན་པར་ཉེ་བར་བརྟག་པར་བྱ། །ཐབས་ནི་ཡེ་ཤེས་ལྔ་ཡིན་ཀྱང༌། །ཤེས་རབ་ཆགས་པ་དག་གྱུར་ཏེ། །དཔལ་ལྡན་གསང་འདུས་རྫོགས་བྱང་ཆུབ། །སྒྲུབ་པར་འདོད་པའི་སེམས་ལ་ནི། །བྱང་ཆུབ་མངོན་དུ་བྱེད་འདོད་པ། །བཏང་སྙོམས་ལམ་ལ་ཞུགས་


DTG044_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །དཀར་དང་དཀར་མིན་ལྗང་སེར་དང༌། །དམར་པོ་ལྗང་སྔོན་འོད་འདྲ་བ། །ཨོཾ་ཧཱུཾ་སྭཱ་དང་ཨཱཿ་ཧཱ་ར་བཅས། །གོ་རིམས་འདིས་ནི་བྱིན་གྱིས་བརླབ། །སྙིང་མིན་སྐུ་ཡི་རྡོ་རྗེར་གྲགས། །ལྟེ་མེན་རྡོ་རྗེ་འཛིན་པའོ། །གསང་མིན་རིན་ཆེན་འབྱུང་ལྡན་ནོ། །གསང་བར་འདོད་ཆགས་རྡོ་རྗེའོ། །བརླ་ནས་རྐང་པ་ལ་གཏུགས་ལ། །དོན་ཡོད་བལྟས་ཏེ་ཡི་གེ་དེས། །ལྷ་མོའི་ཁ་དོག་དབྱིབས་རྣམས་ནི་།དེ་ལ་དེ་རྣམས་བརྟག་པར་བྱ། ཧཱུཾ་སྐྱེས་པདྨ་འདབ་བརྒྱད་པ། །དེ་ནི་ད་མར་པོ་འོད་ཕྲེང་བ། །གསང་ཡིན་རང་གི་གསང་བ་ཡང༌། །རྡོ་རྗེར་གྱུར་པར་རྣམ་པར་བསམ། །ཡི་གེ་ཨཱ་དང་ཨོཾ་ལས་བྱུང༌། །དེ་དག་ཟེ་འབྲུ་ནོར་བུ་དང༌། །སངས་རྒྱས་གཟུགས་ནི་དུ་མ་རུ། །བདག་ཀྱང་བསྒོམ་པར་བྱ་བའོ། །འདོད་ཆགས་ཆགས་པའི་སྤྱན་གྱིས་བལྟ། །དེ་ནས་དེ་དང་བདེ་འདོད་པས། །རྒྱལ་བའི་རྗེས་ཆགས་བྱ་བ་ཡི། །ལུགས་ཡིན་ཞེས་ནི་བྱས་པའི་སེམས། །མཉམ་པའི་ཡེ་ཤེས་སྦྱོར་བ་ཡིས། །འོད་ཟེར་ཞགས་པས་བཀུག་ནས་ནི། །སྔགས་པས་དགའ་བ་བརྩམ་པར་བྱ། །རང་འདྲའི་ནང་དུ་ལྷུང་གྱུར་བས། །འདོད་ཆགས་ཉེས་བ་སྤངས་ནས་ནི། །སྐལ་བཟང་མ་དང་རྗེས་ཆགས་བྱ། །སངས་རྒྱས་མཆོད་ཕྱིར་ང་རྒྱལ་བྱ། །སྔགས་འདི་ཉེ་བར་བརྗོད་པར་བྱའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཏིང་འཛིན་རང་དོན་བསྒོམ་པའོ། །འདི་ནི་དང་པོའི་སྦྱོར་བའོ། །

དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན།


DTG044_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་དཀྱིལ་འཁོར་རྒྱལ་པོ་མཆོག །གཞན་གྱི་དོན་དུ་བསྒོམ་པར་བྱ། །ཡེ་ཤེས་སེམས་དཔའི་སྙིང་ཟླ་ཡི། །ཡི་གེ་མཾ་གྱི་འོད་ཟེར་གྱིས། །སངས་རྒྱས་ཚོགས་ལ་གསོལ་བཏབ་ནས། །རང་གི་ས་བོན་ནང་གཞུག་བྱ། །རང་རིག་པདྨའི་ཁོངས་སུ་ནི། །རྡོ་རྗེ་ནས་ནི་གདོན་པར་བྱ། །བྱང་ཆུབ་སེམས་ནི་ཞུ་གྱུར་ནས། །རང་གི་འོད་ནི་འབར་བ་ལས། །དེ་དག་གྱུར་པ་ས་བོན་ཏེ། །རང་གི་འོད་ཟེར་འབར་བ་ལས། །དེ་གྱུར་རང་གི་ས་བོན་དགོད། །རང་གི་དཀྱིལ་འཁོར་བསྒོམ་པར་བྱ། །རྟེན་དང་བརྟེན་པ་རྣམ་པར་གསལ། །གཅིག་ཉུང་ཉི་ཤུའི་ལྷ་རྣམས་སོ། །དེ་རུ་བརྟན་པར་བྱས་ནས་ནི། །རྗེས་གནང་ཐོབ་བྱ་རིགས་བདག་ལས། །ཆོ་ག་བཞིན་དུ་འཁོར་ལོ་


DTG044_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གདོན། །སྒྲུབ་བ་པོ་ཡིས་སྔགས་བརྗོད་པས་།བདེན་མིན་སྒྲོ་འདོགས་ལས་བྱུང་བ། །ཞ་སྡང་རྒྱུན་ནི་དག་པ་ཡིས། །མ་འདྲིས་ཨིནྡྲ་ནཱི་ལའི་འོད། །ཕྱག་མཚན་རྡོ་རྗེ་སེམས་དང་མཚུངས། །རྣམ་དག་ཡེ་ཤེས་ལས་གྲུབ་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས། །ཅུང་ཟད་འགྲོ་བའི་ཉམས་ཚུལ་ལྡན། །སངས་རྒྱས་སྟོང་ནི་སྤྲོ་བྱེད་པ། །དམར་དང་གནག་དང་དཀར་པོའི་གཟུགས། །གཡོན་དང་དབུས་དང་གཡས་རྣམས་སོ། །བཛྲ་དྷྲྀཀ་གིས་ཡང་དག་བསྐུལ། །མི་བསྐྱོད་གཙོ་བོ་གདོན་པར་བྱ། །ཕྱོགས་ཀྱི་སེམས་ཅན་ཞེ་སྡང་རིགས། །ཞེ་སྡང་རྡོ་རྗེའི་རང་བཞིན་བྱས། །ཡིད་ཀྱིས་དེ་ལྟར་རིག་བྱས་ནས། །བསྡུས་ནས་བདག་ལ་བསྟིམ་པར་བྱ། །གཟུགས་ཕུང་ཀུན་གཞི་རྣམ་པར་ཤེས། །གཏི་མུག་ལུས་ནི་རྣམ་དག་པ། །མེ་ལོང་ཡེ་ཤེས་ཡང་དག་པ། །འཁོར་ལོ་རལ་གྲི་ནོར་བུ་བད། །རྡོ་རྗེ་འཛིན་ཆེན་རྣམ་པ་ཡི། །ཞལ་དང་ཁ་དོག་རྗེས་སུ་བྱེད། །སླར་ཡང་ཡིད་ཀྱིས་གདོན་པར་བྱ། །ཛིན་ཛིཀ་གིས་རྟག་པའོ། །འགྲོ་བའི་གཏི་མུག་བཅོམ་ནས་ནི། །མ་ལུས་དེ་ཡི་ངོ་བོར་བྱས། །དེ་བསྡུས་ནས་ནི་བློ་ལྡན་གྱིས། །མདུན་དུ་རི་བོང་དཀྱིལ་འཁོར་དགོད། །ང་རྒྱལ་ཉོན་མོངས་ཅན་ཡོད་ཚོར། །ཕུང་པོ་རྣམ་པར་དག་གྱུར་པ།། །མཉམ་ཉིད་ཡེ་ཤེས་ཡང་དག་ལྡན། །འཇམ་པའི་རྡོ་རྗེ་ལྟ་བུའི་ཞལ། །རཏྣ་དྷྲྀཀ་གིས་རིན་ཆེན་དབང༌། །འཛམ་བུའི་ཆུ་བོའི་དང་མཚུངས་འོད། །བདག་ཉིད་ཆེན་པོས་གདོན་པར་བྱ། །རིན་ཆེན་རལ་གྲི་འཁོར་ལོ་པད། །དེ་ཡིས་མ་ལུས་འཇིག་རྟེན་འདི། །གཟིགས་ནས་བདག་དང་མཉམ་པར་མཛོད། །ཡང་དག་བསྡུས་ནས་ལྷོ་ཕྱོགས་ཆར། །དེ་ནི་ཉི་མར་དགོད་པར་བྱ། །འདུ་ཤེས་ཕུང་པོ་དག་འདོད་ཆགས། །རྣམ་རྟོག་ཤེས་པ་དག་གྱུར་པ། །སོ་སོར་ཡང་དག་རྟོག་པར་བྱ། །པདྨ་རལ་གྲི་ནོར་འཁོར་ལོ། །གཡས་དང་གཡོན་གྱི་ཞལ་དག་ནི། །འཇམ་པའི་ཆ་བྱད་དང་འདྲའོ། །སྣང་བ་མཐའ་ཡས་ཤིན་ཏུ་དམར། །ཨཱ་རོ་ལྀཀ་གིས་གདོན་བར་བྱ། །བརྗོད་བྱ་རྗོད་བྱེད་ལས་འདས་པའི། །ཆོས་ཉིད་རབ་ཏུ་སྟོན་བྱེད་པས། འདོད་ཆགས་སེམས་ཅན་དག་བྱས་ནས། །བཟློག་པ་ལས་ནི་ཡང་དག་བྱུང༌། །འདོད་ཆགས་ཆེན་པོ་ལ་གནས་པ། །བརྟུལ་


DTG044_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཅན་གྱིས་ཡང་དག་བཟུང༌། །རྒྱབ་ཏུ་པདྨ་ཉིད་ཀྱིལ་དུ། །དེར་བྱོན་གནས་པར་ཡང་དག་བལྟ། །ཕྲག་དོག་ལ་ཞུགས་རྣམ་པར་ཤེས། །འདི་བྱེད་ཕུང་པོ་དག་པ་ཡིས། །གཅིག་ཏུ་ལྗང་གུ་མཐའ་ཡས་འོད། །རལ་གྲི་འཁོར་ལོ་ནོར་བུ་པད། །པྲཛྙཱ་དྷྲྀཀ་གིས་དོན་ཡོད་གྲགས། །བྱ་བ་ནན་ཏན་བདེན་བའི་ལམ། །སེམས་ཅན་ཀུན་དོན་མཛད་པའོ། །ནམ་མཁའ་ཁྱབ་བར་སྤྲོ་བར་བྱ། །ཕྲག་དོག་གཙོ་བོའི་ཕྲག་དོག་ལ། །ཟློས་པས་རིམ་གྱིས་བཏུལ་ནས་ནི། །བྱ་ནན་ཡེ་ཤེས་དང་ལྡན་པར། །འགྲོ་བའི་རང་བཞིན་བྱས་ནས་ནི། །བསྡུས་ནས་བྱང་གི་ཕྱོགས་སུ་ནི། །མཚོ་སྐྱེས་ཉི་མའི་དཀྱིལ་འཁོར་དུ། །སླར་ཡང་བཞུགས་པར་བསྒོམ་པར་བྱ། །རྩེ་གཅིག་ཡིད་ཀྱིས་གསལ་བར་བསྒོམ། །ཀུན་ཀྱང་དམ་པའི་ཤེས་རབ་འཁྱུད། །ལེགས་བརྒྱན་རྩ་བའི་ཕྱག་གཉིས་ཀྱིས། །རྡོ་རྗེ་སྐྱིལ་མོ་ཀྲུང་བསྒོམ་བྱ། །རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའོ། །ས་དང་སྙིང་པོ་ཐབས་དང་ནི། །སྟོང་བ་ཉིད་སྒོའི་རང་བཞིན་ཅན། །རྟག་པའི་གཟུགས་ཀྱིས་སྤྱན་མ་ནི། །མོ་ཧ་ར་ཧཱི་ཞེས་པས་གདོན། །སེམས་ཅན་དོན་ལ་བརྩོན་པ་དང༌། །སྙིང་རྗེ་སྟོང་པ་ཉིད་ཀྱི་སྒོ། །རང་གི་ཉེས་སྤོང་བསམ་གཏན་དང་། །ཡང་དག་པ་ཡི་ལས་དང་ནི། །མྱུར་བར་བདེ་བའི་བྱང་ཆུབ་དང༌། །མ་ལུས་ཐབས་ནི་གསུམ་དག་དང༌། །འགྲོ་བ་རིང་དུ་སོང་བ་ལས། །ཇི་ལྟའི་སྟོབས་ཀྱིས་གཞག་བྱས་ནས། །ཉེས་དང་འཇིགས་པས་ཀུན་ཉེན་ལ། །ཕན་ཕྱིར་དེ་ནི་ཡང་དག་གནས། །བསྡུས་ནས་ཡིད་ཀྱིས་བལྟ་བྱས་ཏེ། །མེ་རུ་ཞི་བ་སྒྲུབ་བྱེད་མའོ། །བྱམས་དང་སྨོན་ལམ་ཡང་དག་ལྡན། །ཆུ་ཁམས་མཚན་མ་མེད་པ་ཡིས། །རྣམ་དག་ལྷ་མོ་མཱ་མ་ཀའི། །མི་བསྐྱོད་རང་འོད་དང་མཚུངས་པ། །དྭེ་ཥ་ར་ཏའི་ཞེས་བསྐུལ་ནས། །ཀུན་ནས་འོད་ཟེར་མི་མཉམ་དང༌། །ཚོགས་ནི་སོགས་པར་རྩོམ་པ་དང༌། །སེམས་ཅན་དོན་ལ་རྗེས་འབྲེལ་དང༌། །སངས་རྒས་ཞིང་ནི་རྣམ་དག་དང༌། །འདིར་ནི་སྨོན་ལམ་གསུམ་དག་དང༌། །མི་གཡོ་བ་ལ་ངེས་བཞུགས་ནས། །བྱམས་སོགས་དམ་པ་ལ་བཞུགས་ནས། །འགྲོ་བ་ཀུན་གྱི་དོན་བྱས་ཏེ། །འགྲོ་བ་དེ་དེ་འོད་འབར་བྱས། །


DTG044_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་བདེན་བྲལ་དུ་བཀོད་པ། །ཡང་དག་འཇིགས་པ་འཇོམས་བྱེད་མའོ། །སྟོབས་ཀྱི་ཕ་རོལ་ཕྱིན་དང་མེ། །དགའ་བ་དང་ནི་སྨོན་པ་མེད། །དག་པའི་གོས་དཀར་མོ་གདོན་བྱ། །འོད་དཔག་མེད་པའི་བཙུན་མོར་མཚུངས། །རཱ་ག་ར་ཏའི་ཞེས་བསྐུལ་ནས། །སྒེག་པའི་མཉམས་དང་དམ་པའི་དགའ། །དགའ་བ་ལ་སོགས་ཡོན་ཏན་དང༌། །རང་ལས་ཉོན་མོངས་བདུད་སོགས་ལས། །རྣམ་པར་བཟློག་ལ་དགོད་པ་སྟེ། །དེ་ཡིས་འགྲོ་ལ་ཕན་པར་བྱས། །འདིར་ནི་སྟོབས་ནི་རྣམ་གསུམ་དང༌། །ལེགས་པའི་བློ་གྲོས་ལ་གཞག་པ། །ཇི་ལྟར་བྱས་ནས་ཡང་དག་འོངས། །འོད་མཛེས་འཁྲིགས་པའི་ཕྲེང་བ་ཅན། །རླུང་དུ་རྒྱས་བ་འཕེལ་མཛད་མ། །རྣལ་འབྱོར་བ་ཡིས་བཞུགས་བར་བསྒོམ། །བཏང་སྙོམས་ཡེ་ཤེས་ཕ་རོལ་ཕྱིན། །རླུང་དང་རང་བཞིན་འོད་གསལ་བ། །རྣ་མ་དག་སྒྲོལ་མ་གདོན་པར་བྱ། །བཙོ་མའི་གསེར་གྱི་འོད་དང་ལྡན། །བཛྲ་ར་ཏཱི་ཞེས་སྔགས་ཀྱིས། །རིན་ཆེན་དབང་གི་ཞལ་མཛེས་མ། །འགྲོ་བའི་བྱ་ཀུན་རང་གི་ནི། །བཏང་སྙོམས་ཡོན་ཏན་སོགས་ཀྱིས་མཛད། །མི་རྟོག་པ་དང་རྣམ་རྟོག་དག །མཉམ་པར་རབ་ཏུ་རྟོགས་པ་དང༌། །སེམས་ཅན་དོན་ཐབས་ཕུན་སུམ་ཚོགས། །ལྐོག་ཏུ་གུར་པའི་རྗེས་འཇུག་ལ། །འགྲོ་བ་ཐམས་ཅད་ངེས་པར་སྦྱར། །ཡེ་ཤེས་ཕ་རོལ་ཕྱིན་ཡུམ་དང༌། །ཆོས་ཀྱི་སྤྲིན་གྱི་རང་བཞིན་གྱི། །ས་ལ་ཡང་དག་བཞུགས་པར་བྱ། །དེ་ནས་སྣ་ཚོགས་ཡོན་ཏན་རྟེན། །བསྒོམས་ནས་སྦྱོར་བས་བསྡུ་བྱས་ཏེ། །དབང་ལྡན་དུ་ནི་ལྷ་མོ་དེ། །དབང་གི་ལས་ནི་སྒྲུབ་བྱེད་བཞུགས། །ཐམས་ཅད་རིན་ཆེན་ཅོད་པན་མཚན། །ལང་ཚོ་སར་པས་འགྱིང་བག་ཅན། །རྡོ་རྗེ་སྐྱིལ་ཀྲུང་རྣལ་འབྱོར་ལྡན། །ཟླ་མཛེས་གདན་དང་དེ་ཡི་འོད། །བདག་འདྲའི་ཐབས་ལ་ཡང་དག་འཁྱུད། །མཛེས་མ་དགའ་བར་བསྒོམ་པར་བྱ། །ཕྱོགས་ཀྱི་འགྲོ་བའི་དོན་བྱས་ནས། །ཇི་ལྟ་ཇི་ལྟར་ད་ལྟར་བྱུང༌། །འཁོར་ལོ་ཨུཏྤལ་མར་པོ་པད། །ཨུཏྤལ་སེར་པོ་དང་འདྲ་བ། །ཕྱག་མཚན་འདི་རྣམས་གཙོ་བོར་འགྱུར། །ལྷག་མ་རང་གི་བདག་པོར་མཚུངས། །སེར་སྣའི་གཉེན་པོར་གྱུར་པ་ཡིས། །སྤྱན་མ་གཉིས་པ་ཉིད་ཡིན་ཏེ། །སྦྱིན་


DTG044_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕ་རོལ་ཕྱིན་དག་པ། །འདི་ལྟར་གཟུགས་ཀྱི་རྡོ་རྗེ་གདོན། །ཆོས་དང་ཟང་ཟིང་མི་འཇིགས་གྲངས། །ཇི་ལྟར་ནུས་བས་སྦྱིན་པ་ལ། །སེར་སྣའི་དྲི་མ་ལས་གྲོལ་ཕྱིར། །འགྲོ་བ་མ་ལུས་དགོད་པར་བྱ། །རབ་ནི་སྔོན་སོང་དགའ་བའི་སར། །འགྲོ་བའི་དམ་པ་བཞག་ནས་ནི་།ཕྱི་ཡི་དཀྱིལ་འཁོར་གྱི་མཚན་གྱི། །མེ་ཡི་མཚམས་སུ་གཞག་པར་བྱ། །རྣམ་དག་ཚུལ་ཁྲིམས་ལས་གྲུབ་པ། །མཱ་མ་ཀའི་དང་མཚུངས་པ་དེ། །སྒྲ་རྡོ་རྗེ་གྲངས་གདོན་པར་བྱ། །དན་སོང་གིས་འཇིགས་སྐྲག་བྱེད་པ། །སྡོམ་དང་ཤིན་ཏུ་སེམས་ཅན་དོན། །དམ་ཆོས་ཡོངས་སུ་འཛིན་པ་དང༌། །འདིར་ནི་ཚུལ་ཁྲིམས་རྣམ་གསུམ་ལ། །ཚུལ་ཁྲིམས་འཆལ་ལ་ཞུགས་པ་དག །སྣོད་ནི་ཇི་ལྟར་གཞག་པར་བྱ། །དེ་བཞིན་དྲི་མེད་ས་ལ་བཞག །སླར་ནི་ཇི་ལྟར་གཤེགས་བལྟས་ལ། །བདེན་བྲལ་ཏུ་ནི་ཡིད་འོང་མའོ། །དེ་བཞིན་བཟོད་པ་རྣམ་དག་མཆོག་རིན་ཆེན་དབང་ཕྱུག་ཤེས་རབ་མཚུངས། །སེམས་ཅན་ཀུན་ལ་ཕན་ལྡན་པ། །དྲི་ཡི་རྡོ་རྗེ་ཡང་དག་གདོན། །ཆོས་ལ་དམིགས་པ་ཕུན་ཚོགས་དང༌། །སེམས་ཅན་སྡུག་བསྔལ་ལྷག་གནས་དང༌། །གཞན་གྱིས་གནོད་པ་ལ་བཟོད་ལ། །འགྲོ་བ་མ་ལུས་བཀོད་བྱས་ཏེ། །དེས་ནི་འོད་བྱེད་ས་ལ་ནི། །རྟག་ཏུ་བརྟེན་པར་བྱེད་པའོ། །རླུང་དུ་མཛེས་པའི་གཟུགས་ཅན་ཏེ། །བྱོན་ནས་གནས་པར་བལྟ་བར་བྱ། །བརྩོན་འགྲུས་ཕུན་ཚོགས་རྣམ་དག་པ། །གོས་དཀར་མོ་དང་འདྲ་བ་གཞན། །སླར་ཡང་འོད་དཔག་མེད་འཛིན་མ། །རོ་ཡི་རྡོ་རྗེ་ཡང་དག་འབྱུང་། །གོ་ཆ་བཞི་དང་རབ་སྦྱོར་དང༌། །ཡོངས་སུ་བརྟན་པར་གྱུར་པ་ཡི། །འདིར་ཡང་བརྩོན་འགྲུས་རྣམ་གསུམ་དང༌། །སེམས་ཅན་འོད་འཕྲོ་ལ་འགོད་དེ། །ཡེ་ཤེས་བདུད་རྩི་ཚིམ་བྱེད་པས། །འགྲོ་བ་ཐམས་ཅད་ཚིམ་པར་བྱེད། །དེ་བྱོན་ནས་ནི་དབང་ལྡན་དུ། །ཡང་དག་གནས་པར་མཁས་པས་བསྒོམ། །བསམ་གཏན་རྣམ་དག་ཡང་དག་གྲུབ། །དོན་ཡོད་རང་འོད་རྗེས་བྱེད་མ། །འཇིག་རྟེན་རྣམ་གཡེང་ཞི་བའི་ཕྱིར། །རེག་བྱ་རྡོ་རྗེ་ཡང་དག་གདོན། །མཐོང་བའི་ཆོས་ལ་གནས་པ་དང༌། །ཉེས་པ་སེལ་བར་བྱེད་པ་དང༌། །ཁྱབ་བདག་དམ་པའི་


DTG044_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་ལ། །སྐྱེ་བོ་མ་ལུས་དེས་སྦྱར་ཏེ། །ཀུན་ཀྱང་སྦྱང་དཀའི་ས་ལ་ནི། །བརྟན་པར་ཡང་དག་སྦྱར་བྱས་ཏེ། །ཤར་གྱི་སྒོ་ཡི་བྱང་དུ་ནི། །བྱོན་ནས་ཡང་དག་གནས་པར་བསྒོམ། །ཤེས་རབ་ཕ་རོལ་ཕྱིན་རྣམ་དག །རང་བཞིན་ཞི་བའི་གཟུགས་ཅན་མ། །ཀུན་དུ་བཟང་པོའི་རིག་མའང༌། །དེ་ནས་ཆོས་དབྱིངས་རྡོ་རྗེ་གདོན། །སྦྱར་བྱ་ཐོས་དང་བསམ་པ་དང༌། །བསྒོམ་པ་ལ་ཡང་བྱེ་བྲག་ཏུ། །གཏི་མུག་མུན་པའི་སྐྱེ་བོ་ཀུན། །མངོན་དུ་གྱུར་ལ་བརྟན་པར་བྱས། །ཤར་སྒོའི་ལྷོ་ཡི་ཆ་ལ་ནི། །དམ་པའི་ལམ་མཆོག་གསལ་བྱེད་མ། །མཐའ་ཡས་ཡོན་ཏན་རྒྱ་མཚོ་ནི། །བློ་དང་ལྡན་པས་གནས་པར་བསྒོམ། །ཐམས་ཅད་འདི་ལ་ཤེས་བྱས་ཏེ། །ཐབས་དང་རྒྱན་དང་ཅོད་པན་དག །འདི་རྣམས་ཐམས་ཅད་ཀྱི་ཡང་ནི། །རྩ་བའི་མཚན་མའི་ཁྱད་པར་ནི། །མཛེས་པའི་མེ་ལོང་པི་ཝང་ཅན། །དྲི་ཡིས་རབ་གང་དུ་ང་དང་ནི། །ཡེ་ཤེས་བདུད་རྩིས་གང་བ་ཡི། །རོ་ཡི་སྣོད་ནི་ཤིན་ཏུ་མཛེས། །སྣ་ཚོགས་ཁ་དོག་གོས་དང་ནི། །ཆོས་འབྱུང་གི་ནི་ཕྱག་རྒྱ་ཡང༌། །ཕྱག་ནི་གཡས་པ་ཉིད་ཀྱིས་ནི། །ཕྱག་རྒྱ་མཆོག་ནི་ཡིན་ཕྱིར་འཛིན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །རིགས་ཀྱི་རིམ་པས་དགོད་བར་བྱ། །གང་ཕྱིར་འདི་སྐད་ལེའུ་ནི། །བཅོ་བརྒྱད་པ་ལས་ཡང་གསུངས་པ། །ཀུན་ཀྱང་རྫོགས་པའི་སངས་རྒྱས་སུ། །དཀྱིལ་འཁོར་དུ་ནི་དགོད་པའི་ཕྱིར། །དེ་རྣམས་གཞན་དུ་ཐོས་གྱུར་པས། །དེ་རྣམས་འབྱིན་པ་ཡིག་གསུམ་འདོད། །མ་དང་ཕུང་པོ་འཇིག་ཚོགས་ལྟ། །ཤེས་བྱའི་སྒྲིབ་པ་ཟད་ཅེས་བྱ། །དད་པའི་རང་བཞིན་ཡང་དག་གྲུ། །ཁྲོ་བོའི་ཚོགས་ནི་ཡང་དག་སྤྲོས། །གདུལ་དཀའ་འདུལ་ལ་རབ་བརྩོན་པ། །ཐམས་ཅད་དུ་ནི་འཇིགས་པའི་གཟུགས། །ཡ་མཱནྟ་ཀྲྀཏ་ཅེས་པས་ཁྲོ། །གཤིན་རྗེ་འཇོམས་བྱེད་སྤྲོ་བར་བྱ། །རང་གི་ཡོན་ཏན་ལ་བཀོད་ནས། །རྣམ་མནན་རིམ་པ་བསྒོམས་པ་ལས། །དེ་ནི་ཤར་ཕྱོགས་སྒོར་གནས་བསམ། །ཉི་མ་འདི་དཀྱིལ་འཁོར་དབུས་སུའོ། །ལེ་ལོ་ཉོན་མོངས་བདུད་དང་ནི་།མཐར་འཇིགས་ལྟ་བ་མི་མཐུན་ཕྱོགས། །རྣམ་དག་བརྩོན་འགྲུས་ཡང་དག་འབྱུང༌། །སེམས་ཅན་ཀུན་ལ་ཕན་དོན་དུ། །མ་ལུས་སྡང་བའི་ཚོགས་དག་


DTG044_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འདི་ལ་ཡང་ཁྱོད་ཀྱིས་གུས་པ་དེ་ལྟར་བྱོས་ཤིག་ཅེས་བྱའོ། །ཡང་ན་སྐུ་འདི་ཟུང་ལ་ཞེས་བྱ་བ་ནི་ཁྱོད་འདིའི་ལུས་སུ་བྱོས་ལ་འདི་དང་གཉིས་སུ་མེད་པར་བྱོན་ཤིག་ཅེས་པ་སྟེ། དེ་བས་ན་འདི་འཆད་པ་པོ་ཡང་ལག་ན་རྡོ་རྗེ་ཡིན་པར་འཆད་ཅིང་འཁོར་ཕུན་སུམ་ཚོགས་པ་བསྟན་པའི་དུས་སུ་ཡང༌། །ཞེ་སྡང་གཤིན་རྗེའི་དགྲ་དང་ཞེས་རྗེ་བཙུན་ཤཱཀྱ་ཐུབ་པ་ལས་ལྟོས་ཏེ་འཁོར་དུ་བསྟན་པ་ཡང་ཡིན་ལ། ཕྱག་ན་རྡོ་རྗེ་དང༌། །ཁྲོ་བོ་ཆེན་པོ་འདི་གཉིས་སུ་མེད་པ་ཉིད་སྟོན་པ་ཡང་ཡིན་ཏེ། རྒྱུད་འདིའི་འཆད་པ་པོ་ནི་འདི་ཉིད་ཡིན་ལ། སྟོན་པ་བཟང་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཏོག་ཉིད་དོ། །བདུད་དང་ཞེས་བྱ་བ་ལ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ནག་པོའི་རྩ་ལག་རྣམས་སོ། །ཀླུ་དང་ཞེས་བྱ་བ་ནི་གང་དག་ལྷ་མ་ཡིན་དང་བདུད་ལ་དགའ་བའི་ཀླུའི་རིགས་རྣམ་པ་ལྔ་དག་གོ །གནོད་སྦྱིན་དང་ཞེས་བྱ་བ་ནི་ལག་ན་རྡོ་རྗེ་དང༌། གོས་སྔོན་པོ་འཛིན་པ་དང༌། གསང་བ་བ་བདུད་ཀྱི་རིས་རྣམས་སོ། །ལྷ་རྣམས་ཞེས་བྱ་བ་ནི་རྒྱལ་ཆེན་རིས་བཞི་ལ་སོགས་པ་གང་དག་གང་བདུད་ལ་མངོན་པར་དགའ་བ་རྣམས་སོ། །དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་དུས་ན་ནི། ལྷ་ལ་སོགས་པ་ཕལ་ཆེར་གཞན་ལ་འཚེ་བ་མ་བཏང་ཞིང་བདུད་ཀྱི་རིས་པ་ཉིད་དུ་བགྲང་བ་ཡིན་ཏེ། དེ་ལྟར་ནི་གསང་བ་ཟླ་བའི་ཐིག་ལེ་ལས། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་ཀུན་དུ་བཟང་པོས་དཔལ་རྡོ་རྗེ་འཆང་བདེ་བ་ཆེན་པོས་བརྒྱན་པའི་དཔལ་ཡང་དག་པར་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བཞེངས་ནས་ཕྱོགས་བཅུའི་མཐའ་ཡས་འབྱམ་ཀླུས་པའི་འཇིག་རྟེན་གྱི་ཁམས་ཀུན་དུ་གཟིགས་ནས་ངོ་མཚར་དུ་གྱུར་ཏེ། ཀྱི་ཧུད་འཇིག་རྟེན་གྱི་ཁམས་འདི་ནི་སྟོང་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་རྣམས་དང་བྲལ་བས་གདུག་པ་ཐམས་ཅད་ཀྱིས་འདི་ཉེ་བར་གཅོས་ཏེ་གནོད་སྦྱིན་དང༌། སྲིན་པོ་ཐམས་ཅད་དང༌། ནང་དང་


DTG044_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བ་དང༌། གདོན་ཆེན་པོ་དང༌། །ཉོན་མོངས་པ་དང༌། ཡེ་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཡང་དག་པར་ཟོས་ཞེས་དགོངས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ལ་ཡང་དེ་ཉིད་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་འདུ་བ་མཛད་ནས་ཡང་ནས་ཡང་བཅོམ་ལྡན་འདས་ལ་གཟིགས་ཏེ། བདེ་བ་ཆེན་པོ་ཤིན་ཏུ་དགྱེས་པ་གཉིས་སུ་མེད་ལ་ལོངས་སྤྱོད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བསྐུལ་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ནས། བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་ཡང་དག་པར་ཐིམ་པར་གྱུར་པ་ན། །ཁམས་གསུམ་འདིར་དམ་པའི་ཆོས་སྟོན་པ་དང༌། འཇུག་པར་བྱེད་པ་དང༌། བསྟན་པ་ལ་གནས་པར་བྱེད་པ་འགའ་ཡང་མེད་ཅིང༌། །སངས་རྒྱས་དང༌། ཆོས་དང༌། དགེ་འདུན་འཇུག་བར་བྱེད་པ་ཡང་མེད། །ཁྲོས་པ་དང༌། །གཏུམ་པོ་དང༌། འཇམ་པ་ཆེན་པོ་དང༌། རབ་ཏུ་གདུག་པ་ཆེན་པོར་སེམས་པ་དང༌། འདོད་ཆགས་དང༌། ཞེས་སྡང་དང༌། གཏི་མུག་གི་མུན་པས་བསྒྲིབ་པ་དང༌། གཏུམ་འཁྲུག་ཆེན་པོ་དང༌། གཞན་གྱི་སྲོག་འཕྲོག་པ་དང༌། གཞན་གྱི་སེམས་འཕྲོག་པ་དང༌། གཞན་གྱི་བུད་མེད་ཀྱི་མཚུངས་པ་དང༌། བརྫུན་དང་ཕྲ་མ་དང༌། ཚིག་རྩུབ་མོ་ལ་སོགས་པའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པས་གཞལ་ལ་གཙེས་པ་དང༌། གཅིག་གི་ཤ་གཅིག་གིས་ཟ་བ་དང༌། ཐབས་མེད་པའི་ལས་ལ་གནས་པ་རྣམས་ཀྱིས་ཧུད་འཇིག་རྟེན་གསུམ་པོ་འདི་བརླག་གོ་ཞེས་སྔོན་གྱི་སྨོན་ལམ་གྱི་སྟོབས་ལ་གནས་པའི་དེ་བཞིན་གཤེགས་བ་རྣམས་ཀྱིས་གཟིགས་སོ་གཟུངས་ཏེ། །དེ་བས་ན་སངས་རྒྱས་འབྱུང་བ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་མ་ལུས་པ་བརྟེན་པས་ན། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཤོས་བསྟན་པ་ཡང་བདེ་བ་ཡིན། །ཞེས་ཚིགས་སུ་བཅད་དོ། །ད་ནི་རབ་ཏུ་མ་རུངས་པ་དེ་དག་གདུལ་བའི་ཐབས་གཞན་མེད་པས་སྐྲག་པར་གྱིས་ཤིག་ཅེས་གསུངས།


DTG044_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འདིར་མི་བསྒོམ། །ལྷག་མ་ནང་བདག་དཀྱིལ་འཁོར་མིན། །ཕྱག་རྒྱ་བཞི་ཡིས་མཚན་པ་དང༌། །རིགས་ཀྱི་བདག་པོ་དབང་བསྐུར་མིན། །ཤེས་རབ་ཐབས་ཀྱི་རང་བཞིན་མིན། །གང་རྣམས་ཞལ་གསུམ་ཕྱག་དྲུག་མིན། །གང་གིས་གང་ལ་ཕྱོགས་བཅུ་རུ། །འགྲོ་བའི་དོན་ནི་བྱེད་པ་མིན། །དབང་བསྐུར་གྱི་ནི་རྗེས་ཐོགས་ལ། །བློ་དང་ལྡན་བས་མཆོད་པར་བྱ། །ཚོགས་གཉིས་པོ་ནི་འཕེལ་ཕྱིར་དང༌། །ཡེ་ཤེས་སྙིང་པོ་བསྐྱེད་པའི་ཕྱིར། །ཡེ་ཤེས་སྙིང་གའི་ས་བོན་གྱི། །འོད་ཀྱིས་ཐམས་ཅད་ཀུན་ནས་བཀུག །དེ་ལ་གཟུགས་ལ་སོགས་པའི་ཡུལ། །རང་གི་སྙིང་གར་གཞུག་པར་བྱ། །དེ་ནས་ཞུ་བར་གྱུར་བསམས་ལ། །རྡོ་རྗེའི་ལམ་ནས་རྣམ་པར་འབྱུང༌། །ལྷ་མོའི་པདྨར་བལྟ་བར་བྱ། །དེ་ནི་བ་སྤུའོ་བུག་ལས། །འོད་ཟེར་གཟུགས་ཀྱིས་དེ་རྣམས་དབྱུང༌། །དེ་རྣམས་འོད་ཟེར་སྒོ་དབྱུང་བ། །རྒྱན་ནི་ཐམས་ཅད་འཛིན་པ་རྣམས། །རྟོག་པ་ལས་ནི་གྲོལ་འགྱུར་བས། རྫོགས་སངས་རྒྱས་ཀྱི་བདེ་རྒྱུ་ཡིས། །སྒྱུ་མ་ལ་སོགས་ཡང་དག་བལྟ། །འཇིག་རྟེན་ལྟ་ལ་མཁས་པ་རྣམས། །ནམ་མཁར་མ་ལུས་སྤྲུལ་བྱས་ལ། །མཆོད་པ་འཛིན་པས་བྲེལ་བའི་ཕྱིར། །གཟུགས་རྡོ་རྗེ་སོགས་ལྷ་མོའི་ཚོགས། ནམ་མཁའ་དང་ནི་མཉམ་གྱུར་པས། །ཀུན་ནས་དེ་ལས་བྱུང་གུར་པ། །ལྷ་རྫས་སྤོས་ནི་ཡིད་འོང་བ། །སྣ་ཚོགས་ཕྱི་ཡི་མེ་ཏོག་སོགས། །རང་གི་བདེ་བར་གཤེགས་ཀྱང་མཆོད། །མཆོད་པའི་བདག་ཉིད་མཉམ་སོན་པར། །མཆོད་པ་ཉིད་དུ་སེམས་ཀྱིས་བསམ། །མི་བརྟན་པ་ནི་རབ་ཞི་ཉིད། །སྔགས་འདི་བརྗོད་པར་བྱའོ། །ཨོཾ་སརྦྦ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཐམས་ཅད་སྒྲ་བརྙན་པར། །སྒྲ་ཡི་ཚོགས་ནི་ངེས་བསམས་ཏེ། །ཆོས་རྣམས་རང་ལས་དབྱེར་མེད་པས། །འདོད་པའི་ལྷ་ཡིས་བསྟོད་པར་བྱ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་


DTG044_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །ནམ་མཁའི་ཕྱོགས་གནས་ཟླ་བ་ལ། །གནས་པའི་ཧཱུཾ་སྐྱེས་བསྒོམ་བྱ་སྟེ། །དེ་ནི་རྡོ་རྗེ་ཧཱུཾ་བཅས་སོ། །དེ་ཡི་འོག་ཏུ་འདི་བསམ་བྱ། །དུང་མདོག་གཞུ་དབྱིབས་རྒྱལ་མཚན་ལྡན། །ཡཾ་སྐྱེས་རླུང་གི་དཀྱིལ་འཁོར་རོ། །དེ་དབུས་རཾ་སྐྱེས་དམར་པོ་ནི། །ཟུར་གསུམ་མེ་ཡི་དཀྱིལ་འཁོར་རོ། །དེ་སྟེང་ཨ་ལས་བྱུང་བ་ཡི། །པདྨའི་སྣོད་ཀྱི་དབུས་སུ་ནི། བི་མུ་མར་ཤུ་དང་བཅས། །གོ་ཀུ་ད་ཧ་ན་དང་ལྔའོ། །སངས་རྒྱས་ས་བོན་བུམ་སོགས་ཀྱིས། །གོ་རིམས་ཇི་བཞིན་བྱིན་གྱིས་བརླབ། །དེ་རུ་རྡོ་རྗེ་དབབ་པར་བྱའོ། །ཞུ་གྱུར་འོད་ཟེར་རྣམས་ཀྱིས་ནི། །དེ་ནས་ཐམས་ཅད་ཞུ་བྱས་ཏེ། །མེ་ནི་རབ་ཏུ་གསལ་བྱས་སོ་།ཡི་གེ་ཨོཾ་ནི་དེ་རུ་དགོང༌། །སྟོན་ཟླའི་འོད་ཟེར་ཕུང་པོ་འདྲ། །དེ་འོད་ཀྱིས་བཀུག་སངས་རྒྱས་ཀྱི། །བདུད་རྩི་མ་ལུས་ནང་དུ་གཞུག །བློ་དང་ལྡན་པས་བདུད་རྩེ་བཞིན། །དེ་ནི་འོད་ཟེར་གྱིས་གང་ལྟ། །ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བ་ཡི། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། །རང་གི་སྙིང་ཟླར་འཁོར་ལོ་ནི། །དཔའ་པོའི་བློ་ཡིས་བསྒོམས་པར་བྱ། །བདག་ཉིད་དཀྱིལ་འཁོར་བ་རྣམས་ཀྱིས། །ལྕེ་ལ་རྡོ་རྗེ་འབར་བ་སྟེ། །ཡང་དག་ཧཱུཾ་ཧཱུཾ་ནས་འབྲས་སྐྱེས། །རྩེ་ལྔ་དཀར་པོ་བསྒོམ་པར་བྱ། །རང་བཞིན་སྤྱི་བོར་བསམས་ནས་ནི། །དེ་བཞིན་གཤེགས་རྣམས་ཚིམ་པར་བྱ། །རྟོག་པ་མེད་པའི་སེམས་ཀྱིས་ནི། །བློ་དང་ལྡན་པས་འདི་བསམ་མོ། །ལྕེ་ཡི་རྡོ་རྗེ་སྦུ་གུ་ཡིས། །བློ་དང་ལྡན་པས་བཀུག་པར་བྱ། །བདག་དང་དཀྱིལ་འཁོར་པ་རྣམས་ཀྱང༌། །ཡེ་ཤེས་བདུད་རྩི་ཆུ་དེས་ཚིམ། །དཀྱིལ་འཁོར་འབྱིན་པ་སྔོན་འགྲོ་བའི། །བདུད་རྩི་མྱང་བའི་ཆོ་ག་ནི། །འདི་ནི་དཀྱིལ་འཁོར་རྒྱལ་མཆོག་གི །ཏིང་ངེ་འཛིན་དུ་ཡོངས་སུ་གནས། །

ལས་རྒྱལ་མཆོག་གི་ཏིང་ངེ་འཛིན།


DTG044_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་དབང་དུ་བྱ་བའི་ཕྱིར། །ཐིག་ལེའི་རྣལ་འབྱོར་ལ་སོགས་བསྒོམ། །ཇི་ལྟར་རིགས་པར་བསྒོམ་བྱ་སྟེ། །ལས་ཀྱི་རྒྱལ་མཆོག་སྒྲུབ་པ་ལའོ། །གཅིག་དང་དུ་མའི་ངོ་བོ་ཡིས། །ཕྱི་རོལ་དངོས་པོ་ཡོད་མ་ཡིན། །དེ་ཕྱིར་དེ་ཡིས་འཛིན་པ་མེད། །རྣམ་པར་ཤེས་ཀྱང་ཡོད་མ་ཡིན། །དེ་ཕྱིར་འདི་དག་རང་ཡིད་དངོས། །བག་ཆགས་ཀྱིས་དཀྲུགས་རྨི་ལམ་བཞིན། །འགྲོ་བ་ཇི་ལྟ་ཇི་ལྟར་མིན། །འདི་དག་རབ་ཏུ་རྟོགས་པར་བྱ། །འདི་ལྟར་སྤྱད་བྱས་རྫོགས་སངས་རྒྱས། །ཡེ་ཤེས་སྙིང་གའི་ས་བོན་རྣམས། །སྤྲོས་པས་འགྲོ་བ་མ་ལུས་པ། །དེས་ནི་རྫོགས་སངས་རྒྱས་སུ་བྱས། །སླར་ཡང་ཡིད་ཀྱིས་བཀུག་ནས་ནི། །རང་གི་སྙིང་གར་གཞུག་པར་བྱ། །ཙ་ན་ཀ་གནས་དབང་གྱུར་ལྟ། །རང་སྔགས་ཐིག་ལེའི་གཟུགས་ཅན་ནོ། །དེ་ཡི་ནང་སོང་བ་ལྟ་བར་བྱ། །བདག་ཉིད་ལྷ་ཡི་དཀྱིལ་འཁོར་ནི། །ཡེ་ཤེས་སེམས་པའི་དེ་འོད་ཀྱིས། །ཐུགས་ལ་སོགས་པ་སད་པར་བྱ། །སླར་ཡང་དེ་ཡིས་ཐམས་ཅད་ནི། །བར་མེད་རབ་ཏུ་གསལ་བར་རོ། །བ་སྤུའི་ཁུང་བུ་ལས་སོང་བ། །འོད་ཀྱིས་སྣ་ཚོགས་ཀྱང་གསལ་ལོ། །སླར་ཡང་དེ་ཉིད་དུ་བསམས་ཏེ། །རབ་ཞུགས་གསལ་བའི་གཟུགས་སུ་ལྟ། །རྣལ་འབྱོར་དེ་ལྟར་སེམས་རྩི་གཅིག །དེ་ནི་ཡེ་ཤེས་བདུད་རྩི་འབབ། །འདི་ནི་ཐིག་ལེའི་རྣལ་འབྱོར་རོ། །སྔར་བཞིན་འོད་ཟེར་གྱིས་བསྐུལ་བས། །སངས་རྒྱས་ཆོགས་ནི་ཡང་དག་གཞུག །རང་གི་ས་བོན་རྟག་ལས་གྲུབ། །ཞུ་བར་གྱུར་ཅེས་བསམ་པར་བྱ། །རང་རིག་གསང་བའི་སྣས་སྩལ། །ནས་ཙམ་གྱི་ནི་ཚད་དག་ནི། །རལ་གྲི་རང་ས་བོན་སྐྱེས་ལྟ། །དེ་དབུས་ཡུངས་ཀར་དང་མཉམ་པའི། །ཡེ་ཤེས་ལྔ་ཡི་རང་བཞིན་ཕྱིར། །ཁ་དོག་ལྔ་ལྡན་བསྒོམ་པར་བྱ། །ཇི་སྐད་བརྗོད་པ་དེའི་དབུས་སུ། །དཀྱིལ་འཁོར་རྫོགས་པར་བསྒོམ་པར་བྱ། །དང་པོ་སྨིག་རྒྱུ་འདྲ་བ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་ལྟ་བུ་གསུམ་པ་ཡིན། །མར་མེ་ལྟར་འབར་བཞི་པ་ཡིན། །སྤྲིན་མེད་ནམ་མཁའ་ལྟ་བུར་ནི། །རྟག་ཏུ་སྣང་བ་ལྔ་པ་ཡིན། །འདི་ལྟར་མཚན་མ་ལྔ་རྣམ་ནི། །སེམས་ཀྱིས་རབ་ཏུ་བརྟན་གྱུར་པར། །རྣལ་འབྱོར་པ་ཡིས་ཤེས་པར་བྱ། །འགྲོ་བའི་དོན་ནི་རབ་སྒྲུབ་པའི་ཕྱིར། །སྤྲུལ་པ་ཡི་ནི་དབང་གྱུར་


DTG044_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པར། །ཕན་སེམས་སྙིང་རྗེའི་བསམ་པ་ཡིས། །གཟུང་བ་ལ་སོགས་མ་མྱོང་བས། །བདག་ཉིད་རིག་ལ་བསྟན་ནས་ནི། །སངས་རྒྱས་སྤྲོ་བར་བྱ་བ་སྟེ། །མཚན་མའམ་འོད་ཟེར་ལ་སྦྲུལ་པས། །འདི་ནི་ཕྲ་མོའི་རྣལ་འབྱོར་རོ། །སྐུ་གསུང་ཡེ་ཤེས་ཐུགས་རྣམས་ནི། །བདག་ཉིད་བསྒོམ་ལ་རབ་བརྩོན་པ། །རང་མཚན་ལྟེ་བར་གནས་གྱུར་པ། །ཇི་ལྟར་ཇི་ལྟར་རང་བསྟན་ལ། །ཨོཾ་ཨཱཿ་མཾ་ཧཱུཾ་ཞེས་གསལ་བར། །བལྟ་བྱ་དེར་གནས་བློ་ཡིས་ནི། །སྔགས་ཀྱི་བཟླས་པའི་ཆོ་ག་བྱ། །འདིར་ནི་ཁ་ཅིག་ཡང་དག་གནས། །རླུང་དང་ཆུ་དང་དབང་ཆེན་དང༌། །མེ་ཡི་དཀྱིལ་འཁོར་དབུས་དག་ཏུ། །སྐུ་སོགས་ས་བོན་གཞན་དག་ནི། །གཞུང་ལུགས་སྨྲ་བས་བརྗོད་པའོ། །དེ་རྗེས་རང་གི་ཏིང་འཛིན་གནས། །མཁས་པས་རང་སྔགས་དབྱེ་བ་མེད། །རིང་མིན་ཐུང་མ་ཡིན་ནོ། །སྔགས་ནི་འདྲི་ལྟར་གདོན་པར་བྱ། །སྲོག་གི་རླུང་གིས་ཁྱབ་པར་བྱ། །ཨོཾ་ལ་སོགས་པའི་ས་བོན་གྱི། །སྐུ་ལ་སོགས་པ་སྤྲོ་པར་བྱ། །ཐམས་ཅད་ཐུགས་སོགས་བྱིན་རླབས་བཞིན། །དེ་རྣམས་གཟུགས་རྡོ་རྗེ་སོགས་ཀྱིས། །དེར་གནས་མཆོད་པ་བྱས་ནས་ནི། །བལྟ་བྱ་བདེ་མཆོག་ཐོབ་པ་ཡིས། །རྩོལ་བའི་རླུང་གིས་བཀུག་ནས་ནི། །རང་རང་ས་བོན་དུ་གཞུག་བྱ། །རིམ་པ་འདི་ལྟར་བྱ་བ་ནི། །སོ་སོར་རིམ་ནི་གསུམ་སྤྲོ་བ། །བརྗོད་བསམ་ལུས་སྤྲོ་བར་བྱ། །སྔགས་ཀྱི་བློ་ནི་བསྡུས་བྱས་ཏེ། ཡེ་ཤེས་ས་བོན་ཡེ་ཤེས་ལ། །ཀུན་ནམ་རྟག་ཏུ་སྤྲོ་བར་བྱ། །འདིར་ནི་རྣལ་འབྱོར་ཁ་ཅིག་གིས། །ཐིག་ལེ་ཕྲ་མོར་ཡང་དག་ལྡན། །ཆུང་ངུ་སོགས་དབྱེ་སྦྱོར་བ་ཡིས། །དང་པོར་མ་སྐྱེས་རང་བཞིན་དུ། །སྐུ་ལ་སོགས་པ་རྣམ་པར་བརྟག །རང་གི་ས་བོན་བྱང་ཆུབ་བརྟག །བསམ་གཏན་བཟླས་པའི་ཆོགས་གནས། །འདི་ནི་བཟླས་པའི་ཆོ་གའོ། །ཞུམ་པའི་སེམས་དང་ལེ་ལོ་དང༌། །རྒོད་པ་ལ་ནི་ལྷག་མཐོང་བྱ། །འདི་ལྟར་ཞུམ་པས་གཟུང་གྱུར་ནས། །ལྷ་མོའི་གླུ་ཡིས་བསྐུལ་བ་སྟེ། །རྒོད་པ་ཐིག་ལེའི་སྦྱོར་སོགས་ཀྱིས། །དེ་ཉིད་བསྒོམ་པས་ཞི་བར་བྱ། །དངོས་པོ་རྣམ་པར་དཔྱད་པ་ཡིས། །སྟོང་པ་ཉིད་ནི་ཡིད་ལ་བྱ། །བསྒོམ་པས་བསྐྱོད་པས་ངལ་གྱུར་ན། །དེ་རྣམས་ཞི་བར་བྱ་ཉིད་ལ། །འདི་ལྟར་ཚིམ་པའི་ཆོ་ག་


DTG044_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཉམས་སྟོབས་འཕེལ་བར་བྱ་བའི་ཕྱིར། །སྤྱི་བོར་མཐོ་གང་གིས་སྤངས་པར། །བདུད་རྩི་དཀྱིལ་འཁོར་བདུད་རྩི་བཅས། །ཨོཾ་ཡིག་དཀར་པོ་དང་ལྡན་ལྟ། །བདུད་རྩི་འཛག་པའི་འོད་དང་བཅས། །དེ་ནས་བདུད་རྩིའི་རང་བཞིན་རྒྱུན། །རྟག་ཏུ་འཛག་པར་བྱེད་པ་ནི། །སྲོག་རྩོལ་འོད་ཀྱིས་བཀུག་བྱ་སྟེ། །བློ་ལྡན་གྱིས་སྐུ་སོགས་ལ་དབབ། །འདི་ནི་ཚིམ་བྱེད་ཆོ་གའོ། །འདི་ལྟར་ཐང་ཅིག་ངལ་བསོ་སྟེ། །བདེ་ཞེན་གྱིས་ནི་མ་དཀྲུགས་པར། །ཐིག་ལེ་ལ་སོགས་སྔོན་འགྲོ་བའི། །མ་ཞན་པ་ཡིས་སྔགས་བཟླས་བྱ། །གང་ཚེ་འགྲོ་བར་འདོད་པ་དང་། །བསྒོམ་པ་གཏོང་བར་འདོད་པ་ཡིས། །དེ་ཚེ་མཆོད་བསྟོད་བདུད་རྩི་མྱང༌། །ཆོ་ག་བཞིན་དུ་བྱས་ནས་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །མཚན་མའི་ས་བོན་ལ་བསྡུས་བྱ། །སྤྲུལ་པའི་དཀྱིལ་འཁོར་ཐམས་ཅད་ནི། །ཆོ་ག་བཞིན་དུ་རིམ་གྱིས་སོ། །གདོད་ནས་མ་སྐྱེས་བསྒོམ་བྱ་སྟེ། །སྐུ་གསུང་ཐུགས་ཀྱི་བདག་ཉིད་དོ། །ནམ་མཁའ་བཞིན་དུ་མ་གོས་པ། །གཉིས་མེད་ཡེ་ཤེས་རང་བཞིན་ནོ། །འདི་ནི་ལས་ཀྱི་རྒྱལ་མཆོག་གི །ཏིང་ངེ་འཛིན་དུ་ཡོངས་སུ་བསྒྲགས། །

སྨོན་ལམ་སོགས་བསྟན་པ།


DTG044_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་སྨོན་ལམ་གདབ་བྱ་སྟེ། །སེམས་ཅན་དོན་ནི་ཉེར་འཕེལ་ཕྱིར། །བདག་གིས་བསོད་ནམས་གང་བསགས་དང༌། །འཇམ་པའི་རྡོ་རྗེ་བསྟེན་པ་ཡིས། །འཇམ་པའི་རྡོ་རྗེར་བདག་གྱུར་ནས། །སེམས་ཅན་སྡུག་བསྔལ་སྒྲོལ་གྱུར་ཅིག །སེམས་ཅན་དོན་ཐབས་ཕུན་སུམ་ཚོགས། །རྣམ་པར་རྒྱལ་བས་ལགས་གྲུབ་ཤོག །སེམས་ཅན་འཁོར་བ་ཇི་སྲིད་དུ། །དེ་སྲིད་འགྲོ་ལ་ཕན་བྱེད་ཤོག །ཆོས་དང་ལོངས་སྤྱོད་སྦྲུལ་པ་ཡིས། །སྐུ་གསུམ་རྣམ་པར་གནས་པ་དང༌། །བདག་ལ་འགྲོ་བ་རེ་བ་དང༌། །འདོད་པ་བདག་ལ་སྒྲུབ་པར་ཤོག །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །སྐད་ཅིག་གིས་ནི་ཐམས་ཅད་དུ། །གདུལ་བའི་ཐབས་ནི་རིག་པ་ཡིས། །སྣོད་དང་སྣོད་མིན་བསྐང་བར་བྱ། །གདུལ་བྱ་མ་ཡིན་པ་ཁ་ཅིག་ནི། །ཁམས་གསུམ་དག་ཏུ་བྱུང་གྱུར་ན། །ཐམས་ཅད་བྱང་ཆུབ་ལམ་ལ་ནི། །དེ་རྣམས་བདག་གིས་གཟུང་བར་བགྱི། །འདི་ནི་སྨོན་ལམ་མོ། །ལྷག་པའི་ལྷ་ཡི་སྦྱོར་བ་ཡིས། །ཏིང་ངེ་འཛིན་ལས་ལངས་ནས་ནི། །རྣལ་འབྱོར་ཡིད་ནི་ཆགས་མེད་པས། །སྣང་བའི་གོ་འཕང་ལ་གནས་ཏེ། །ཐམས་ཅད་རང་གི་ལྷ་


DTG044_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སམ། །རང་གི་རིགས་ཀྱི་རྗེས་རིམ་མམ། །གཟུགས་སོགས་རྡོ་རྗེའི་ངོ་བོའམ། །རང་རང་དག་པར་རྣམ་པར་གནས། །གཉིས་མེད་ཡེ་ཤེས་རང་བཞིན་གྱིས། །རྡོར་ཇེ་འཆང་ཆེན་བདག་ཉིད་རྣམས། །ཇི་ལྟར་ཐོབ་པའི་ཡུལ་རྣམས་ནི། །དོག་པ་མེད་པ་ཉེ་བར་སྤྱད། །འདི་ནི་མཐའ་ཡས་མཆོད་མཆོག་ཏུ། །སངས་རྒྱས་རྣམས་ཀྱིས་ཡང་དག་གསུངས། །རྟག་ཏུ་བར་མེད་སྦྱོར་བས་ན། །བྱང་ཆུབ་འབྲས་བུ་སྟེར་བར་བྱེད། །ཟས་ལ་སྦྱོར་ན་སྔར་བཞིན་དུ། །བདུད་རྩི་མྱང་བའི་ཆོགས་བརྟེན། །འདི་ནི་ཕྱི་ཡི་སྦྱིན་སྲེག་གམ། །གཞན་ཉིད་ཀྱིས་ཀྱང་བསྒྲེ་བར་བྱ། །ཡིད་ཀྱིས་བསམ་པ་ཙམ་གྱིས་ཀྱང༌། །ལེགས་པར་བརྟེན་པས་དེ་བཞིན་སྤྱོད། །ཕུང་པོའི་བུད་ཤིང་བ་སྲེགས་པ་ཡིས། །ཡེ་ཤེས་མེ་རུ་བླ་ན་མེད། །བདག་ཉིད་མཆོད་པ་ཉིད་ནི་བྱ། །གཞན་ནམ་རང་གི་ལྷག་པའི་ལྷ། །རྟག་ཏུ་འདོད་པའི་ཡོན་ཏན་གྱིས། །དམ་ཚིག་འདི་ནི་བདེ་གཤེགས་བཞེད། །སྔོམ་ལ་གནས་པས་ཇི་ལྟར་རྙེད། །བདག་ཉིད་དམ་ཚིག་མ་ཉམས་པས། །རྙེད་པས་ཉིན་མོའམ་མཚན་མོ་རུ། །ལེགས་པར་སྤྲོས་པས་ཡང་དག་སྤྱད། །གང་གིས་སེམས་ཅན་མཉམ་མེད་དོན། །སངས་རྒྱས་མཆོད་པ་མཆོག་ཡིན་ཏེ། །གང་ཡང་ལུས་ལ་སོགས་པའི་ལས། །སྙིང་རྗེའི་བསམ་པས་རྒྱལ་བ་སྟེ། །སྔགས་དང་ཕྱག་རྒྱའི་བདག་ཉིད་ཀྱིས། །དེ་ཀུན་དེ་ཡིར་འགྱུར་བ་སྟེ། །ལྷག་པའི་ལྷ་ཡི་སྦྱོར་བདག་ཉིད། །གང་ཉིད་ཐམས་ཅད་དུ་བྱ་སྟེ། །འདིའམ་གཞན་དུ་སྨན་པའམ། །ཕ་ཡིས་བུ་ལ་བསླབ་ཆེད་དུ། །འབྲས་བུ་མེད་ལ་ཕན་བསམས་པས། །ལས་ཀྱི་གནོད་པ་རྩོམ་པར་བྱེད། །ཤེས་རབ་ཐབས་ཀྱི་ཆོ་ག་དང༌། །དངོས་ཀུན་བདག་ཉིད་རིག་པ་ཡིས། །ནམ་མཁའ་དང་ནི་མཉམ་པའི་སེམས། །གཉིས་མེད་རྣལ་འབྱོར་མིན་ཞེས་འགྱུར། །དོན་ཡོད་གྲུབ་པའི་སྦྱོར་ལྡན་པས། །དེ་ཡི་འཁོར་ལོའི་དབུས་གནས་ཏེ། །ཇི་ལྟར་ཚུལ་བཞིན་དབང་བསྐུར་བ། །དམ་ཚིག་ཉམས་པ་བླང་བར་བྱ། །རང་གི་ཡེ་ཤེས་ཐུགས་ཟླ་རུ། །ཁམས་སྐྱེ་སྣ་ཚོགས་རྡོ་རྗེར་གནས། །ཟླ་བར་ཁཾ་ཡིག་བཅས་བསམས་ནས། །འོད་ཟེར་གྱིས་ནི་རྒྱལ་བ་བསྐུལ། །སླར་ཡང་འདི་ནི་ཁྱད་པར་ཏེ། །དབང་


DTG044_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་སྔོན་དུ་སོང་བ་ཡིས། །བླ་མ་བརྙས་ལ་སོགས་ཉེས་པ། །བཤགས་དང་སྦྱིན་དང་མཆོད་སྟོན་ནོ། །སྔར་གྱི་དབང་བསྐུར་བཞིན་དུ་ཁྲུས། །རང་གི་འཁོར་ལོའི་བདག་སྦྱོར་ལྡན། །ཐུན་མཚམས་གསུམ་དུ་བསྒོམ་བྱ་སྟེ། །ལས་དང་པོ་ཡིས་མཉམ་མར་བྱ། །རང་གིས་སྤྲུལ་པའི་དཀྱིལ་འཁོར་ནི། །སྔར་བཞིན་དུ་ནི་ཉེར་བསྡུས་ཏེ། །ཡེ་ཤེས་འཁོར་ལོར་མཉམ་སོན་པས། །ཤེས་རབ་སྙིང་རྗེར་ལྡན་པས་ཉལ། །ནང་པར་ཉལ་བས་ལྡང་བ་ན། །ལྷ་མོའི་གླུ་ཡིས་བསྐུལ་བ་སྟེ་།སྔར་བཞིན་བསྒོམ་པ་སྔོན་འགྲོ་པས། །རྟག་ཏུ་སྔགས་ཀྱི་བཟླས་པ་བརྩམ། །ཉེ་བའི་སྒྲུབ་པ་ནས་བརྩམས་ཏེ། །ཡེ་ཤེས་ཅུང་ཟད་ཐོབ་བདག་པོ། །སྔགས་ཀྱི་ཚུལ་ཁྲིམས་བརྟུལ་ཞུགས་ལྡན། །དང་པའི་ལས་དང་འདྲ་བར་བསྒོམ། །སྤྲོ་བ་དང་ནི་བསྡུ་པར་ལྡན། །སླར་ཡང་ཡང་དག་ཡེ་ཤེས་སོ། །སྐད་ཅིག་གིས་ནི་ཡེ་ཤེས་རྫོགས། །མཚན་མིན་རྣལ་འབྱོར་ཡང་དག་བསྟེན། །སོ་སོར་དཀྱིལ་འཁོར་ལ་གནས་པ། །རྟག་ཏུ་སྣང་བས་ཕན་པ་བསྒོམ། །འཁོར་ལོ་བདག་ཉིད་གཟུགས་ཀྱིས་ནི། །མཚན་མ་གཉིས་ནི་ཐོབ་གྱུར་པ། །དང་པོའི་ལས་ཅན་འདིར་ཤེས་བྱ། །དེ་ནས་རེ་རེ་འཕེལ་པ་ནི། །ལྷག་མའི་རྣལ་འབྱོར་པར་ཤེས་བྱ། །ཏིང་འཛིན་གསུམ་ནི་ཡོངས་རྫོགས་པ། །སྔ་མ་བཞིན་དུ་ལས་དང་པོའི། །འབྱིན་པའི་དཀྱིལ་འཁོར་སྔོན་སོང་བ། །ལྷག་མའི་མཚམས་ལ་བསྒོམ་པ་ཡི། །ཡེ་ཤེས་དཀྱིལ་འཁོར་འབྱིན་པ་དང༌། །སླར་ཡང་སྤྲུལ་པའི་དཀྱིལ་འཁོར་སྡུད་པ། །གང་ཚེ་ཉལ་བར་འདོད་གྱུར་ཞེས། །རྣལ་འབྱོར་བ་ནི་གཞན་དག་སྨྲ། །རྡུལ་ཚོན་དཀྱིལ་འཁོར་བྲི་བའམ། །ཡིད་ཀྱིས་སྤྲུལ་པར་བྱ་བ་ཡང༌། །སྐུ་གསུང་ཐུགས་ནི་ལེགས་མཆོད་པ། །ཆོ་ག་བཞིན་དུ་དེར་མཆོད་ནས། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །འཁོར་ལོའི་དབུས་སུ་ཡང་དག་གནས། །འདོད་པའི་དངོས་པོ་བསྒྲུབ་པར་བྱ། །དེ་ཡི་རྒྱུ་སེམས་བརྟན་པས། །སྔར་གསུངས་བདུད་རྩི་འཁྱིལ་པ་སྤྲོས་པའི་ཁྲོ་བོའི་འོད་ཟེར་ནམ་མཁར་འབར། །འཁོར་ལོའི་བདག་པོ་ཤེས་བྱ་ཆོ་ག་ཡིས་ནི་རང་ཉིད་དེ་ཡི་རྣལ་འབྱོར་ལྡན། །ངེས་པར་ཆོས་ཀྱི་རང་བཞིན་འོད་གསལ་མཆོག་ཉིད་ཅེས་པ་ཉིད་དུ་རིག་


DTG044_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ལོག་འདྲེན་བགེགས་ནི་སུན་ཕྱུང་བཅོམ་ལྡན་འདས་ཀྱིས་བདག་ཉིད་དབང་ནི་བསྐུར་བར་བྱ། །མི་བསྐྱོད་པས་དབེན་སླར་ཡང་གལ་ཏེ་སངས་རྒྱས་དེ་ཡི་བདག་པོར་འགྱུར། །འཁོར་ལོའི་བདག་པོ་དེ་ཡི་གནས་ཞུགས་དབུས་ཀྱི་ལྟེ་བའི་ཆ་ལ་ལྡན། །དེ་ནི་བཅོམ་ལྡན་མི་བསྐྱོད་ཅེས་སུ་གསལ་བར་གཞན་གྱིས་གཞུང་དག་སྨ་བྱེད་ཀྱང༌། །གསང་བར་ཡང་ནི་འཁོར་ལོའི་བདག་པོ་གསང་བ་དེ་ཡང་འགྱུར་ཞེས་འདིར་སྨྲ་མི་རིགས་མིན། །འདིར་ནི་དག་པའི་བློ་ཅན་རྣམས་ཀྱིས་མེ་ལོང་ལ་སོགས་གཟུགས་ལ་སོགས་པ་དག་པར་བརྗོད། །རྣམ་པར་ཤེས་པ་དེ་ཡི་བདག་པོར་གྱུར་བས་དབུས་ཀྱི་གདན་ལ་རིག་པར་འདོད། །སྤྱིར་བཏང་ལས་གཞན་འདིར་ནི་གཞན་དག་ནི། །ཉམས་མྱོང་གཅིག་པ་ཉིད་དེ་དེ་ཁོ་ནས། །སངས་རྒྱས་སངས་རྒྱས་མ་ཡིན་ཉིད་དུ་མཉམ། །སངས་རྒྱས་སངས་རྒྱས་མིན་པར་ཇི་ལྟར་རྟེན། །ཞི་དང་འཁྲུལ་པའི་དྲི་མའི་རྙོང་པས་གོས་པའི་ཡིད་ནི་དག་པས་དཀར་བའི་གཟུགས། །སེམས་ཅན་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་ཀྱིས་རྒྱས་བ་སེར་བའི་འོད། །དམར་པོ་འདོད་ཆགས་རྣམ་དག་ཀུན་གྱི་དབང་གིས་ཆོ་ག་ལ་ནི་སྦྱོར་གྱུར་པ། །བྱ་བ་ནན་ཏན་ཞེས་བྱའི་ངོ་བོ་རྒྱུར་པས་བཻ་ཌཱུ་ཪྻཱ་ཡི་ཁ་དོག་འབར། །ཞེ་སྔར་ཉོན་མོངས་རྣམ་དག་ཀྱང་ནི་ཤིན་ཏུ་སྡང་བ་རྣམས་ལ་གནས་པའི་འོད། །མེ་ལོང་ལ་སོགས་མི་འདོད་པས་ན་ཇི་ལྟར་ཡང་འདིར་ཞེས་སྡང་དག །རྡོ་རྗེ་ཅན་གྱིས་མེ་ལོང་སོགས་སུ་གྱུར་པ་སྔོན་པོའི་གཟུགས་སུ་གང་གིས་ཡིན། །ཅིའི་ཕྱིར་དབུས་སུ་ཞེ་སྡང་རྣམ་དག་གྲུབ་སྐུ་དཀར་པོ་ལ་སོགས་མཛེས་པར་འགྱུར། །ཇི་ལྟར་སྤྱིར་བཏང་ལ་ཡང་འདི་ནི་ནང་འདུས་རང་གི་བདག་དང་མི་བསྐྱོད་གཉིས། །དེའི་ཕྱིར་བདེ་བར་གཤེགས་པར་གཅིག་གྱུར་གཞན་མིན་དེ་ཡི་གཟུགས་མི་བསྟེན། །འདི་ལྟར་གཞན་དུ་འགལ་བ་སྤང་བའི་བློ་རྣམས་ཇི་ལྟར་ཡང་དག་གསུངས། །ཐ་དད་ཡེ་ཤེས་ཀྱིས་བྱས་གྱུར་པས་ཇི་ལྟར་སྒྲོལ་མ་ལ་སོགས་གཉིས་སུ་རྟོགས། །ཡེ་ཤེས་ལྔ་ཡི་བདག་ཉིད་རྣམ་ནི་འདི་རྣམས་ངེས་པར་ཡེ་ཤེས་སོ་སོ་སྟེ། །ལྷག་པར་གྲགས་པ་གང་གིས་གང་དུ་མྱུར་བ་ཡེ་ཤེས་དེའི་དག་པ། །ཡེ་ཤེས་ཀྱིས་འགྱུར་ཁ་དོག་གནས་པ་རྟོག་


DTG044_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པས་གལ་ཏེ་ཁ་དོག་ཡིན་གྱུར་ན། །དཀྱིལ་འཁོར་བདག་པོ་འཇམ་དཔལ་གསལ་བ་ཉིད་དུ་ངེས་པར་བདག་པོ་ཉིད་དུ་འགྱུར། །རྡོ་རྗེ་ཅན་གྱི་ལུགས་ནི་གལ་ཏེ་འགའ་ཞིག་ཡོད་ན་བདེ་གཤེགས་གནས་ལ་བརྟེན། །རང་རིགས་དབང་ཕྱུག་དང་ནི་རྒྱལ་བའི་སྲས་པོ་འཁོར་ལོའི་བདག་པོར་གནས་པར་བྱ། །སངས་རྒྱས་སངས་རྒྱས་མ་ཡིན་བདག་ཉིད་ངོར་མཚོན་གང་ཞིག་གསང་བའི་འཁོར་དབང་ཕྱུག །མི་བསྐྱོད་ངེས་པར་བདག་པོར་གྱུར་ན་རྣམ་པར་སང་སྣང་མཛད་ལ་སོགས་གཉིས་སུ་འགྱུར། །དཔལ་ལྡན་ཡེ་ཤེས་ཞབས་ཀྱི་ལམ་ཞུགས་བླ་མ་རྗེས་བསྟེན་པས། །བདག་གིས་མན་ངག་ཁྱད་པར་གང་ཞིག་ཅུང་ཟད་ཐོབ་གྱུར་པ། །འདི་ནི་དེ་ཡིད་རང་པ་ཉམས་པར་མ་གྱུར་ཞེས་ཕྱིར་དང༌། །དེ་ཕྱིར་འདི་ནི་ཡང་དག་སྤྲེལ་པ་བདག་མཉམ་བློ་ལ་ཕན་ཕྱིར་རོ། །ལེགས་པར་བསྡུ་བྱས་བདེ་བའི་སྒྲུབ་ཐབས་བྱང་ཆུབ་ལམ་ཐོབ་པ། །འདིར་ནི་བདག་གིས་གང་ཞིག་མཉམ་པ་མེད་པའི་བསོད་ནམས་གྲངས། །དཔལ་ལྡན་གསང་བ་འདུས་པའི་ཆོ་ག་ཉིད་ཀྱིས་སྐྱོན་སྤངས་པ། །དེ་ཡིས་བྱང་ཆུབ་མཆོག་གི་གོ་འཕང་སྐྱེ་བོ་ཐོབ་པར་ཤོག །རྒྱལ་དང་རྒྱལ་བའི་སྲས་ཀྱིས་གདུལ་བྱ་མ་ཡིན་སྤངས་གྱུར་པ། །བསམ་གྱིས་མི་ཁྱབ་རྣམས་ལ་ཕྱོགས་བཅུར་གནས་པའི་སེམས་ཅན་རྣམས། །དེ་ཡིས་བྱང་ཆུབ་སྒྲུབ་པའི་ཆེད་དུ་རྒྱལ་བས་བྱིན་ཞེས་པས། །དགའ་བའི་སྒྲུབ་ཐབས་ཞེས་གྲགས་འདི་ནི་བདག་གིས་བཀོད། །དགའ་བའི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་རྒྱལ་བས་བྱིན་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་པདྨ་ཀ་ར་ཝ་རྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར།།


previousདགའ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ། རྒྱལ་བའི་སྦྱིན།next