Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།


  expand section
  expand section
  expand section
  expand section
   
  expand section
  expand section
  expand section
   
  expand section
  expand section
  expand section
  expand section
  expand section
  expand section
   
   
  expand section
  expand section
   
   
   
དེ་ཁོ་ན་ཉིད་བཅུ་པ།  རྒྱན་པ།
   
  expand section
   
   
  expand section
  expand section
   


 
previousདེ་ཁོ་ན་ཉིད་བཅུ་པ། རྒྱན་པ།next

དེ་ཁོ་ན་ཉིད་བཅུ་པ།
རྒྱན་པ།


DTG044_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ད་ཤ་ཏ་ཏྟྭཱ། བོད་སྐད་དུ། དེ་ཁོ་ན་ཉིད་བཅུ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་ཡང་དག་ཇི་ལྟ་བར། །རབ་ཏུ་བརྟག་པར་སུ་ཡིས་ནུས། །རང་གི་འཁོར་ལོ་གནས་བསྙེན་པ། །བྱས་ནས་དེ་འོག་དཀྱིལ་འཁོར་བྲི། །དཀྱིལ་འཁོར་ས་ནི་སྦྱང་བྱ་བ། །ཕྱི་རོལ་མཆོད་པའི་ཡོན་གྱིས་ཏེ། །དགོངས་ཀ་ནང་གིས་དག་པ། །བཏབ་ནས་ས་གཞི་ཡོངས་སུ་གཟུང༌། །ལྷག་པར་གནས་པ་ཉིད་གཉིས་པ། །རབ་གནས་ཚོགས་བུམ་པ་དང་མེ་ལོང་ཨ་རྒྷ་བླ་རེ་སོགས། །ལས་ནི་ཐམས་ཅད་པ་ཡི་སྣོད། །སྲོད་ལ་སློབ་མ་དམ་པ་དང༌། །ས་དང་འཁོར་ལོ་གཙོ་སྐྱོབ་པ། །ཡེ་ཤེས་སྲད་བུ་སྦྱངས་ནས་ནི། །དེ་ནས་ཚོན་ཡང་དགྱེ་བྱ་སྟེ། །ཉིན་གསུམ་པ་ལ་མཚན་མ་ནི། །དགོད་པ་ལ་སོགས་རྫོགས་པར་བལྟ། །དཀྱིལ་འཁོར་མཚན་མོ་བསྒྲུབ་བྱ་ཞིང༌། །གསོལ་གདབ་ཕྱོགས་སྐྱོང་གཏོར་མ་སྦྱིན། །གདོང་གཡོགས་ལ་སོགས་ཆོ་ག་བཞིན། །སོ་སོར་རང་སྔགས་ལྡན་པ་ཡིས། །བླ་མ་བདག་པོ་བློ་ཡིས་ནི། །འཇུག་པར་སློབ་དཔོན་ཡང་དག་བྱ། །ཆུ་དང་ཅོད་པན་རྡོ་རྗེ་བདག །མིང་དང་བུམ་པ་གསང་བ་དང་། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །ཡང་དག་བརྗོད་དེ་དེ་བཞིན་ཡང༌། །བརྟུལ་ཞུགས་ལུང་བསྟན་དབུགས་དབྱུང་ལ། །རྗེས་གནང་མཐའ་ཡི་རིམ་པས་ཀྱང༌། །དེ་ནས་འདི་ལྟར་སློབ་མ་གཞུག །ཡོན་བླངས་ནས་ནི་དབང་བསྐུར་ཞིང༌། །ཐོག་མ་དབུས་དང་མཐའ་མ་རུ། །སྦྱིན་སྲེག་བྱས་ནས་འཁོར་ལོ་གཤེགས། །གསང་བའི་ཚིག་ཅེས་བྱ་བ་ཡི། །བཅུ་པོ་འདི་དག་བླ་མས་ཀྱང༌། །གཞན་དུ་མི་འགྱུར་སློབ་མ་ལ། །མན་ངག་དག་ནི་བསྟན་པར་བྱ། །བསྲུང་དང་ཕྱིར་བཟློག་འཁོར་ལོ་དང༌། །ཁ་སྦྱར་དབྱེ་དང་གཏོར་མ་དང༌། །མ་དང་སྔགས་བཏུ་བཟླས་བརྗོད་དང༌། །དྲག་པོ་དཀྱིལ་འཁོར་སྒྲུབ་པའོ། །སློབ་དཔོན་ལས་ནི་བྱས་པ་ཡིས། །བདག་གིས་དགེ་བ་གང་


DTG044_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པས། །འཇིག་རྟེན་འགྲོ་དོན་གྱིས་བརྒྱན་ཞིང༌། །དཔལ་ལྡན་གསང་འདུས་ལ་གནས་ཤོག །ཚིགས་སུ་བཅད་པ་བཅུ་པའོ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །དེ་ལ་སོགས་པའི་ཡོན་ཏན་ལྡན། །སློབ་མའང་ཡོན་ཏན་དེ་ལྟ་བུ། །ཅུང་ཟད་དམན་པས་གསོལ་བ་གདབ། །དེ་ནས་དཔལ་ལྡན་སྔགས་ཚུལ་བཤད། །ཐར་རྒྱལ་འབྲས་བུ་འདོད་པས་བྱ། །གཞན་དུ་བླ་མ་སློབ་མ་དང༌། །ངེས་པར་ཉམས་པ་ཉིད་དུ་འགྱུར། །དེ་ལ་སློབ་དཔོན་ལ་སློབ་མས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་ནས། དེའི་ཚེ་སེམས་ཅན་གྱི་ཁམས་འདི་དག་ཐམས་ཅད་བླ་ན་མེད་པའི་བདེ་བའི་གནས་ལ་བདག་གིས་དགོད་པར་བྱའོ་ཞེས་ལྷག་པའི་བསམ་པ་བསྐྱེད་ལ། །སློབ་མ་ལ་ཁྱོད་ཀྱིས་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་སམ་འོན་ཏེ་མ་བྱས་ཞེས་དྲི་བར་བྱའོ། །གལ་ཏེ་ཅུང་ཟད་ནི་ཚོགས་སོ། །ཅུང་ཟད་ནི་མ་ཚོགས་སོ་ཞེས་ཟེར་ན། དེའི་ཚེ་དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་སྙིང་གར་གནས་པའི་ཀཾ་ལས་བྱུང་བའི་སྡིག་པ་ཁ་དོག་གནག་པ་མི་སྡུག་པ་ཤ་ཟ་ལྟ་བུ་སྣའི་རྩེ་མོར་བྱུང་བ་དང༌། ཧཱུཾ་དེ་ཡང་སྙིང་གར་ཕྱིན་ཏེ་བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་གྱུར་ནས་བྱུང་སྟེ། ཨོཾ་ཨཱ་ན་མཿས་མནྟ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཎཱཾ་ན་མོ་བཛྲ་ཀྲོ་དྷ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཟ་རུ་བཅུག་ནས་སློབ་མ་དེ་ཡང་སཾ་ལས་ཀུན་དུ་བཟང་པོའི་གཟུགས་སུ་བསྐྱེད་དེ་བདུད་རྩི་ཐབ་སྦྱོར་གྱི་ཕུར་བུས་དེའི་སེམས་ཀྱི་བགེགས་ལ་བཏབ་ནས་བགེགས་ཞི་བར་བྱ་བའི་ཕྱིར་བདུད་རྩི་ཐབ་སྦྱོར་གྱི་སྔགས་འདི་བཟླས་པར་སྦྱིན་པར་བྱའོ། །བདག་ཀྱང་སྔོན་དུ་བསྙེན་པ་བྱ་བའི་ཕྱིར་ཏིང་ངེ་འཛིན་གསུམ་བསྐྱེད་དེ་ཐུན་བཞིར་བཟླས་པས་འཁོར་ལོ་ཅན་སྔགས་འབུམ་བཟླས་ཞེས་བྱ་བ་ལ་སོགས་པའི་གྲངས་བཟུང་བ་ལ་བཟླས་བརྗོད་བྱའོ། །ཡང་ན་ཕྲ་མོའི་རྣལ་འབྱོར་དང༌། ཐིག་ལེའི་རྣལ་འབྱོར་ལ་གནས་པས་སེམས་ཀྱི་


DTG044_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་པ་རྩེ་གཅིག་པས་བྱའོ། །སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པའི་ཕྱིར་ས་ཡོངས་སུ་བརྟག་པར་བྱ་སྟེ། གཙུག་ལག་ཁང་ངམ་མཆོད་རྟེན་དང་འདུ་ཁང་ལ་སོགས་པ་གནས་ཤིས་པ་རྣམས་སུ་མཆོད་ཡོན་དབུལ་བ་ལ་སོགས་པའི་ཆོ་ག་ཇི་ལྟ་བས་བརྐོ་ཞིང་སླར་དགང་བ་ལ་སོགས་པའི་བཤད་པ་རྣམས་དེ་བཞིན་དུ་བྱ་སྟེ། དཀྱིལ་འཁོར་གྱི་ཁང་པ་བརྩིག་པར་བྱའོ། །ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མ་ནུས་ན། །ལག་པས་མནན་ཞིང་ཡི་གེ་གསུམ། །སྔགས་བཟླས་སླར་ནི་བརྐོ་བར་བྱའོ། །ཁང་ཐོག་དང་ནི་རྡོ་ལེབ་དང༌། །བ་ལང་ལྷས་དང་གཙུག་ལག་ཁང༌། །མཆོད་རྟེན་དྲུང་དང་འབབ་ཆུའི་འགྲམ། །ས་གཞི་སྔར་ནི་ཡོངས་སྦྱངས་པས། །ཁུང་བུ་བཀང་བ་ལ་སོགས་པས། །སླར་ནི་སྦྱང་སོགས་བྱ་མི་དགོས། །ཕྱིའི་ས་སྦྱང་བའི་ཆོ་གའོ། །མཚན་མོ་དེར་བདུད་རྩི་ཐབ་སྦྱོར་གྱི་འཁོར་ལོའི་སྦྱོར་བས་གནས་ཏེ་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ནི་ནང་གི་ས་གཞི་ཡོངས་སུ་སྦྱོང་བའི་ཆོ་གའོ། །དེ་ནས་ཐིག་འདེབས་པའི་སྲད་བུས་ཐེག་བཏབ་ལ། ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་དང་དཀྱིལ་འཁོར་གྱི་ཁང་པའི་དབུས་སུ་འདུག་སྟེ། རྣལ་འབྱོར་པ་ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་བསྒོམས་ལ་སྒོ་སྲུང་གི་རང་གི་སློབ་མ་བཞི་སློབ་དཔོན་དུ་བསྐོས་པས། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་པ་ལ་སོགས་པ་ནས་ཁ་ལོས་སྒྱུར་བ་ལ་ཐུགས་པའི་ཚིགས་སུ་བཅད་པ་རེ་རེ་འདོན་དུ་གཞུག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་སྤྲུལ་པའི་འཁོར་ལོ་ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ། རང་གི་ལྷ་ཁྲོ་བོའི་སྦྱོར་བ་བསྒྱིངས་པ་དང་བཅས་པའི་རྡོ་རྗེ་འགྲོས་ཀྱིས་གར་བྱེད་ཅིང་ལྷ་ལ་སོགས་པ་ཞེས་པ་ནས་གདོན་མི་ཟ་བ་ལ་ཐུག་པ་བརྗོད་པར་བྱ་སྟེ། བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་བཏབ་ལ་རྡོ་རྗེ་ར་བའི་ཕྱི་རོལ་དུ་དབང་ཆེན་དང་མེའི་དཀྱིལ་འཁོར་དག་གིས་ཕྱོགས་དང་མཚམས་བཅིང་བ་བྱས་ནས་མཉམ་པར་བཞག་པས་དེ་ཉིད་དུ་ཉལ་


DTG044_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དང་པོ་ཡོངས་སུ་གཟུང་བའི་ཆོ་གའོ།། །།ཉི་མ་གཉིས་པ་ལ་བུམ་པ་བཅུ་དགུ་ལ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་ཉི་མ་ལ་རང་གི་འཁོར་ལོ་ཇི་ལྟ་བ་བཞིན་དུ་ལྷ་བཅུ་དགུའི་མཚན་མ་རྣམས་བྲིས་པའི་དཀྱིལ་འཁོར་དང་རྗེས་སུ་མཐུན་པར་བྲི་བར་བྱའོ། །དེ་ཡང་སྤྱན་གྱི་ནི་མིག་གོ །མཱ་མ་ཀཱིའི་ནི་རྡོ་རྗེ་སྔོན་པོའོ། །བུམ་པ་བཅུ་བྱེད་ན་རྣམ་པར་རྒྱལ་བའི་བུམ་པའི་ཁའི་སྟེང་དུ་གཙོ་བོའི་མཚན་མ་དང་ངོས་བཞིར་དེ་བཞིན་གཤེགས་པ་བཞིའི་མཚན་མ་དང་གཟུགས་རྡོ་རྗེ་ལ་སོགས་གཞན་གཅིག་ལའོ། །ལྷག་མ་བརྒྱད་ལ་སྤྱན་ལ་སོགས་པ་དང་གཤིན་རྗེ་གཤེད་ལ་སོགས་པའི་མཚན་མ་དགོད་པའོ། །བུམ་པ་ལྔ་བྱེད་ན་སྤྱན་ལ་སོགས་པ་ལྷ་མོ་བཞིའི་མཚན་མ་རྣམས་བུམ་པ་གཅིག་ལ་བྲི། །གཤིན་རྗེ་མཐར་བྱེད་དང༌། ཤེས་རབ་མཐར་བྱེད་དང༌། པདྨ་མཐར་བྱེད་ཀྱི་མཚན་མ་གཅིག་ལ་བྲི། བདུད་རྩི་ཐབ་སྦྱོར་གྱི་མཚན་མ་ལས་ཐམས་ཅད་བའི་བུམ་པ་ལ་བྲི། བུམ་པ་ལྷག་མ་གཉིས་ལ་ནི་སྔ་མ་བཞིན་དུའོ། །དེ་བཞིན་གཤེགས་པ་བདུན་གྱི་མཚན་མ་རྡོ་རྗེ་བྲི་སྟེ། རིགས་མི་ཤེས་པ་རྣམས་ཀྱི་ཡང་དེ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྷ་མོ་གཉིས་སུ་མེད་པ་ལས་གླེགས་བམ་གྱིས་ཕྱེས་ནས་ཐུགས་ཀྱི་ནང་དུ་འདུས་པ་ཡིན་ནོ། །མཆོད་རྟེན་ནི་འཁོར་ལོ་སྟེ། དེ་བཞིན་གཤེགས་པའི་རིགས་ཡིན་པའི་ཕྱིར་རོ། །གླེགས་བམ་གཞན་དག་ནི་པདྨའི་མཚན་མ་སྟེ། གསུང་རྡོ་རྗེའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་ཀུན་ནས་འཁོར་བར་བཞག་ལ་དེ་རྣམས་སུ་མཆོད་ཡོན་གྱི་སྣོད་ལས་སྤོས་ཆུ་ཅུང་ཟད་བཅུག་ནས་རང་རང་གི་འཁོར་ལོ་བསམས་ལ་མཆོད་པ་ལྔས་མཆོད་དེ། རང་རང་གི་ས་བོན་ཡི་གེ་གསུམ་གྱི་ནང་དུ་བཅུག་སྟེ། འཁོར་ལོའི་དབང་པོ་རྣམ་པར་རྒྱལ་བ་ལ་བཟླས་པར་བྱའོ། །ལས་ཐམས་ཅད་པ་ལ་རིག་པའི་བདག་པོ་དང༌། རིགས་ཀྱི་སྙིང་པོ་དང༌། རིགས་ཀྱི་རིག་མ་རྣམས་ཀྱིས་བཟླས་པར་བྱའོ། །དཔལ་ཧེ་རུ་ཀའི་རིགས་ཀྱི་བདག་པོ་ནི་མི་


DTG044_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་བའོ། །རིགས་ཀྱི་སྙིང་པོ་ནི་ཧཱུཾ་ཡིག་གོ །རིགས་ཀྱི་རིག་མ་ནི་མཱ་མ་ཀཱིའོ། །བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་ཡི་གེ་གསུམ་གྱི་ནང་དུ་བཅུག་པ་དང༌། ཧཱུཾ་ཞེས་བྱ་བའི་སྔགས་ཡི་གེ་གསུམ་གྱི་ནང་དུ་བཅུག་པ་དང༌། མཱ་མ་ཀཱིའི་སྔགས་ཡི་གེ་གསུམ་གྱི་ནང་དུ་བཅུག་པ་ནི་རིགས་ཀྱི་བདག་པོ་དང༌། རིགས་ཀྱི་སྙིང་པོ་དང་རིགས་ཀྱི་རིག་མ་རྣམས་ཀྱི་ལས་ཐམས་ཅད་པའི་བུམ་པ་ལ་བཟླས་པར་བྱའོ། །བཟླས་བརྗོད་བྱས་ནས་སྣོད་གཅིག་ཏུ་ཡང་མཆོད་ཡོན་སྩོལ་བ་བླ་ན་ཡོད་པ་དང་བཅས་པའི་ཕྱི་རོལ་མཆོད་པ་དང༌། རབ་གནས་ཀྱི་ཆོ་གར་བཤད་པའི་རིམ་པས་བུམ་པ་ལེགས་པར་གནས་པ་དང་མེ་ལོང་ལ་སོགས་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པོ། །ཉེ་བར་མཁོ་བ་ལྷག་པར་གནས་པའི་ཆོ་གའོ། །དགོངས་ཀའི་དུས་སུ་ཡང་དཀྱིལ་འཁོར་གྱི་ཁང་པའི་སྔ་ཁང་ངམ་ཁྱམས་སུ་སློབ་དཔོན་འདུག་སྟེ། མདུན་དུ་འདུག་པའི་སློབ་མ་ཕྲེང་བ་ཐོགས་པ་དགེ་བསྙེན་མ་ཡིན་པ་ལ་དགེ་བསྙེན་གྱི་སྡོམ་པ་བྱིན་ནས་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ནི་ཞེས་བྱ་བ་ནས་འབྲས་བུ་རྒྱས་ཞེས་བྱ་བའི་བར་དུ་བཤད་པར་བྱའོ། །དེ་ནས་དེ་རང་གི་ལུས་སུ་བཅུག་སྟེ་རང་གི་རྡོ་རྗེའི་ལམ་ནས་ཕྱུང་ནས་རང་གི་ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་ནང་དུ་དེ་བཅུག་ལ་འགྲོ་བའི་ལུས་བཞིན་དུ་དབང་བཀུར་ཏེ། སའི་སྙིང་པོ་ལ་སོགས་པ་བཞིན་དུ་ཕྱུང་ནས་དགའ་ཆེན་ཞེས་བྱ་བ་ནས་འཇུག་པར་འཚལ་ཞེས་བྱ་བའི་བར་དུ་ལན་གསུམ་འདོན་དུ་གཞུག་གོ །སློབ་དཔོན་གྱིས་ཀྱང་ཁྱོད་ནི་ཚུལ་ཆེན་ཞེས་བྱ་བ་ནས། བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བྱ་བ་ལ་སོགས་པའི་བར་གྱིས་ཚིག་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར། ལན་གསུམ་བརྗོད་པས་གཟེངས་བསྟོད་ལ། གང་ཞིག་ཐོག་མེད་ཅེས་བྱ་བ་ནས་ད་ནི་གནས་པར་བགྱི་ཞེས་བྱ་བ་ལ་སོགས་པའི་བར་དུ་བརྗོད་པར་བྱའོ། །དེ་ནས་བསྙེན་པ་ལ་སོགས་པའི་ཡན་ལག་དང་ལྡན་པས་ལྷར་བསྐྱེད་པ་ཕྱི་རོལ་བྱི་དྲི་ལ་སོགས་པས་ཀྱང་མཆོད་ནས་ཐལ་མོ་དེ་རྣམས་ལ་སོ་ཤིང་སྦྱིན་


DTG044_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེས་ཀྱང་མཆོད་ནས་མདུན་དུ་བའི་ལྕི་བས་བྱུགས་པའི་གྲུ་བཞི་པའི་ས་ལ་ལྟོས་པ་མེད་པར་དོར་བར་བྱའོ། །དེ་ནས་ཧཱུཾ་ལས་བསྐྱེད་པའི་ཆུ་དེ་ཉིད་བཟླས་ལ་འཐོར་འཐུང་བྱ་བའི་ཕྱིར་སྦྱིན་པར་བྱའོ། །ཨོཾ་ཧྲཱིཿཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བཏབ་པའི་སྐྱོར་ཆུ་ལན་གསུམ་འཐུང་དུ་བཅུག་ལ་བོས་ནས་མདུན་དུ་བཞག་སྟེ། སྲད་བུ་སུམ་བསྒྲིལ་མདུད་པ་གསུམ་དང་ལྡན་པ་དཔུང་པ་གཡས་པར་བཅིངས་ལ། ཧཱུཾ་ལས་བསྐྱེད་པའི་ཀུ་ཤ་སར་པ་མ་ཉམས་པ་གཅིག་ནི་སྔགས་བྱ་བའི་ཕྱིར་སྦྱིན། གཉིས་པ་ཡང་ཧཱུཾ་ལས་བསྐྱེད་དེ་འོག་ཏུ་སྟན་དུ་གདིང་པའི་ཕྱིར་བྱིན་ལ་བདུད་རྩི་ཐབ་སྦྱོར་གྱིས་ཡང་དག་པར་བསྲུངས་ཏེ་ཆོས་བསྟན་པས་གཟེངས་བསྟོད་པའི་ཕྱིར་འཇིག་རྟེན་དུ་ནི་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བརྗོད་ལ་ནང་པར་ང་ལ་རྨི་ལམ་སྨྲོས་ཤིག་ཅེས་བསྒོ་སྟེ། ཁད་པ་གཞན་དུ་སེང་གེའི་ཉལ་ཐབས་ཀྱིས་ཉལ་དུ་གཞུག་གོ །སློབ་དཔོན་དོན་དུ་གཉེར་བའི་སློབ་མ་ལ་ནི། ཐུབ་པ་ཉི་མ་མ་ལུས་པ། །ཞེས་བྱ་བ་ནས། མཆོད་པའི་ལས་ཀྱང་ཅི་ནུས་བྱ། །ཞེས་བྱ་བའི་བར་དུ་འཁོར་ལོ་ཕྱིར་མི་ལྡོག་པའི་དབང་བསྐུར་བའི་སྡོམ་པ་བྱིན་ལ། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ཞེས་བརྗོད་ལ་དེ་ལ་ཁྱད་པར་གྱི་སྡོམ་པ་བསྒྲགས་ཤིང་དེ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་གོ །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་བླ་མ་དེ་ལས་གཞན་པའི་སློབ་དཔོན་བཞི་དང་བཅས་པར་དཀྱིལ་འཁོར་གྱི་ཁང་པར་ཞུགས་ལ་ཕྱོགས་སུ་ཕུར་བུས་ཡང་དག་པར་གདབ་སྟེ། རྡོ་རྗེ་ར་བའི་ཕྱི་རོལ་དུ་དབང་ཆེན་དང་མེའི་དཀྱིལ་འཁོར་གཉིས་ཀྱིས་ཕྱོགས་མཚམས་བཅིང་བ་བྱས་ལ་འདི་ལས་བཤད་པའི་སའི་ལྷ་མོ་རྣམས་མཆོད་ལ། སྐྱོབ་པ་སངས་རྒྱས་ཞེས་བྱ་བ་ནས་དཀྱིལ་འཁོར་བྲི་ཞེས་བྱ་བའི་བར་གྱིས་གསོལ་བ་གདབ་པའོ། །སའི་ལྷ་མོ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ནམ་མཁའ་ན་གནས་པའི་དཀྱིལ་འཁོར་ཡིད་ཀྱིས་


DTG044_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་ལ་བདུད་རྩི་ལྔའི་དཀྱིལ་འཁོར་བཅུ་དགུ་ལ་རང་རང་ཇི་ལྟ་བ་བཞིན་དུ་བཅུག་སྟེ། ཡང་དག་པར་མཆོད་ནས་ནི་མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་ཅིང་བདུད་རྩི་ལྔ་བསྟབས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་སྤོས་ཁང་ཐོགས་ལ་བཅོམ་ལྡན་ཞེས་བྱ་བ་ནས་མཛད་དུ་གསོལ་ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་ལན་གསུམ་བརྗོད་པ་འདིས་ནི་འཁོར་ལོའི་གཙོ་བོ་དང་སངས་རྒྱས་ཐམས་ཅད་ལྷག་པར་གནས་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ཇི་སྐད་དུ་བཤད་པའི་སྣོད་ལྔ་ལ་གཞག་པའི་ཁ་དོག་སྣ་ལྔ་པའི་སྲད་བུ་ལ། རྟག་པ་ལ་སོགས་པའི་འཁོར་ལོའི་གཙོ་བོ་རྣམས་བཀོད་དེ། རང་གི་ཕྱོགས་ན་བཞུགས་པའི་རྟག་པ་ལ་སོགས་པའི་སྙིང་པོར་གྱུར་པ་དེ་ཁ་དོག་རྣམས་དང་ལྡན་པའི་འོད་ཟེར་སྲད་བུར་བསམས་ཏེ། ཨོཾ་ཨཱཿཔཉྩ་ཤཱ་ཤྭ་ཏ་སུ་ཏྲཾ་སཱ་ཙཀྲ་སུ་ཏྲ་ནཱ་ཡ་ཧཱུཾ། ཞེས་བརྗོད་པས་འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གནས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟར་གསོལ་བ་གདབ་པས། མཉེས་པ་དེ་རྣམས་གཞུག་པའི་སྲད་བུ་ལ་རྫི་མ་མྱུར་བར་འདེགས་ཤིང་མིག་འགུལ་བའི་འབར་བའི་ལྟ་བས་བཀུག་སྟེ། ལྔ་པོ་འདི་ལྟར་གཅིག་ཏུ་བྱས་ནས་བསྒྲིལ་བར་བྱའོ། །ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷརྨཱ་ཧཱུཾ། ཨོཾ་ཨ་སྥ་ར་སྥར་ཨ་ནུ་པྲ་བཥྚི་སརྦྦ་དྷརྨྨ་ཧཱུཾ། ཨོཾ་ཨཱཿཨཱ་ཏྱནྟ་ཨ་ནུ་པྲ་བིཥྚི་སརྦ་དྷརྨཱ་ཧཱུཾ། ཞེས་བརྗོད་དེ། དེ་ནས་བདུད་རྩི་ཐབ་སྦྱོར་གྱི་སྦྱོར་བས་རྡོ་རྗེ་དྲིལ་བུ་ཐོགས་པའི་སློབ་མ་སྲད་བུ་མཐའ་ནས་འཛིན་པ་དང་བཅས་པས་སློབ་དཔོན་རྡོ་རྗེ་ཐོགས་ལ་ཡེ་ཤེས་ཀྱི་སྲད་བུ་གཡོན་པའི་ཁུ་ཚུར་གྱིས་བཟུང་སྟེ། ཛཿཞེས་ལན་གསུམ་བརྗོད་ལ་སློབ་མ་ལ་བཏང་ནས། ཛཿཛཿཛཿཞེས་བརྗོད་ཅིང་སློབ་མ་ཡང་འགྲོ་བར་བྱའོ། །སློང་དཔོན་ནུབ་ཕྱོགས་ཀྱི་སྒོར་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ་ཚངས་པའི་ཐེག་གདབ་པར་བྱའོ། །


DTG044_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་གཡས་ཕྱོགས་སུ་བསྐོར་ནས་ལྷོ་ཕྱོགས་ཀྱི་སྒོར་སོང་སྟེ་བྱང་དུ་བལྟས་ཏེ་འདུག་ལ། ཚངས་པའི་ཐིག་གཉིས་གདབ་པར་བྱའོ། །དེ་བཞིན་དུ་དེ་ཉིད་དུ་ཤར་ལྷོ་མཚམས་སུ་སོང་སྟེ། བྱང་ཕྱོགས་སུ་ཁ་བལྟས་ཏེ་འདུག་ལ་ཤར་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་བཞིན་དུ་བྱང་ཕྱོགས་སུ་སོང་སྟེ་ལྷོ་ཕྱོགས་སུ་བལྟས་ནས་འདུག་ལ་ནུབ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་བཞིན་དུ་དེ་ཉིད་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། བྱང་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་བཞིན་དུ་ཤར་ལྷོ་མཚམས་སུ་སོང་སྟེ། ནུབ་ཕྱོགས་སུ་བལྟས་ནས་འདུག་ལ་ལྷོ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་ཉིད་དུ་འདུག་སྟེ་ནུབ་བྱང་ཕྱོགས་སུ་བལྟས་ལ་མཚམས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་དེ་བཞིན་དུ་སོང་སྟེ་ལྷོ་ནུབ་མཚམས་སུ་འདུག་ལ་བྱང་ཤར་མཚམས་སུ་བལྟས་ལ་མཚམས་ཀྱི་ཐིག་གདབ་པར་བྱའོ། །སློབ་མ་ཡང་བསྐོར་ཕྱོགས་སུ་སོང་སྟེ། དེ་ཡང་དེར་སློབ་དཔོན་ལ་མངོན་དུ་ཕྱོགས་ནས་གདབ་པར་བྱའོ། །འདི་ནི་ཡེ་ཤེས་ཀྱི་སྲད་བུ་མངོན་པར་འདུ་བྱ་བ་དང་གདབ་པའོ། །དེ་བཞིན་དུ་ཚོན་རྩི་ལྔ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་ཡེ་ཤེས་ཀྱི་ཚོན་གང་ཡིན་པ་དེ་བཞིན་དུ་བཀུག་སྟེ། གཟི་བྱིན་བསྐྱེད་ལ་སློབ་དཔོན་ནང་དུ་གནས་ནས་ཤར་དུ་བལྟས་ཏེ། བྱང་ཤར་མཚམས་ནས་བརྩམས་ཏེ། གཡས་སུ་བསྐོར་ཞིང་སོ་སོར་ཚོན་རྩི་དགྱེ་བར་བྱའོ། །དེའི་འོག་ཏུ་གཞན་དག་ནི་སློབ་མ་སློབ་དཔོན་བཞི་དང་བཅས་ཏེ་དགྱེ་བར་བྱའོ། །ཉི་མ་གསུམ་པ་ལ་ཚོན་རྩི་དགྱེ་བ་དང་མཚན་མ་དགོད་པ་ལ་སོགས་པ་ལེགས་པར་རྫོགས་པ་དང༌། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་ཞུགས་ལ་བསྐོར་བ་བྱ་སྟེ། བལྟས་ལ་མ་ཚང་བ་དང་ལྷག་མའི་ཉེས་པ་བསྐང་བའི་ཕྱིར་ཞི་བའམ་རྒྱས་པའི་སྦྱིན་སྲེག་བྱའོ། །བུམ་པ་རྣམས་ཀྱང་འཁོར་ལོའི་ཕྱི་རོལ་གྱི་མཚམས་སུ་བཞག་ལ་རྣམ་པར་རྒྱལ་བའི་བུམ་པ་ཤར་ཕྱོགས་ཀྱི་སྒོ་དང་ཉེ་བའི་གནས་ཀྱི་ཆ་སྒོའི་ཕྱི་རོལ་དུ་གཞག་གོ་ཞེས་ཟེར་རོ། །ལ་ལ་ནི་ལྷོ་ཕྱོགས་ཀྱི་སྒོའི་ཕྱི་


DTG044_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དུ་གཞག་གོ་ཞེས་ཟེར་རོ། །གཞན་དག་ནི་ཁྲིའི་སྟེང་དུ་རྣམ་པར་རྒྱལ་བའི་བུམ་པ་བདག་པོའི་གཡས་དང་བདུད་རྩི་ལྔའི་སྣོད་དབུས་སུ་གཞག་གོ་ཞེས་ཟེར་རོ། །འཇུག་པར་འདོད་པས་ཀུ་ཤའི་ཆུན་པོ་དང་བཅས་པའི་བདུད་རྩི་ཐབ་སྦྱོར་གྱི་བུམ་པ་དཀྱིལ་འཁོར་གྱི་ཁང་པའི་ཤར་གྱི་ཕྱོགས་སུ་གཞག་ཅིང་སློབ་དཔོན་གྱི་སྟན་ཡང་བཏིང་ལ་དགོངས་ཀའི་དུས་སུ་དཀྱིལ་འཁོར་བསྒྲུབས་ལ། བླ་ན་ཡོད་པ་དང་བཅས་པའི་མཆོད་པས་མཆོག་ལ། མགོན་པོ་དངོས་གྲུབ་ཐམས་ཅད་ཀྱིས་ཕྱི་རོལ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ནས་ཕྱིར་བྱུང་ལ་འདི་ལས་བཤད་པའི་གཏོར་མ་ཆོ་ག་བཞིན་དུ་བྱིན་གྱིས་བརླབས་ཏེ། དེའི་འོག་ཏུ་སློབ་མ་འཇུག་པའི་ཆོ་ག་བཞིན་དུ་སློབ་དཔོན་ཞུགས་ལ་སོ་སོར་ཕྱག་བྱ་སྟེ། དབང་བསྐུར་བ་ལ་སོགས་པ་ཡིད་ཀྱིས་བླངས་ནས་རང་གི་བདག་པོའི་བདག་ཉིད་ཀྱི་སློབ་དཔོན་དུ་གྱུར་པ་ལས་ཐམས་ཅད་བྱེད་པར་མོས་པར་བྱའོ། །འཁོར་ལོའི་དེ་ཁོ་ན་ཉིད་ཀྱང་ཆོས་ཉིད་ཀྱི་གཟུགས་བརྙན་བཞིན་དུ་ཤེས་པར་བྱས་ལ། ནམ་མཁའ་ལས་བྱུང་ཞེས་བྱ་བ་ནས་དྲི་མ་མེད་མཐོང་ཤོག་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་སློབ་མ་སྐལ་པ་ཆེན་པོའི་ཆ་ལུགས་དང་ལྡན་པ་ལ་ཕྱི་རོལ་དུ་གདོང་གཡོགས་དམར་པོས་གདོང་བཀབ་སྟེ། ཐལ་མོས་མེ་ཏོག་དཀར་པོ་གཅིག་ཐོགས་ལ་སྐྱེས་བུའི་རིག་པས་ཁྲིད་ལ་ཡོལ་བ་གཉིས་ཀྱི་བར་དུ་ཐེམ་པ་ལ་བཞག་སྟེ། བླ་མས་ཧཱུཾ་གིས་ཡོལ་བའི་ཕྱོགས་གཅིག་བཏེག་ནས་ཀུ་ཤའི་ཆུན་པོས་བསང་གཏོར་བྱས་ལ་སྡུག་པ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །དེས་ཀྱང་བདག་ནི་སྐལ་བ་བཟང་པོ་ཞེས་སྨྲ་བ་དང་ཡང་དག་པར་མཆོད་ལ་དཀྱིལ་འཁོར་གྱི་ཁང་པར་བཅུག་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི་ཞེས་བྱ་བ་དང༌། བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་ལ་དེའི་སྙིང་གར་ས་བོན་ལས་རྡོ་རྗེ་བསྐྱེད་ལ། ཨོཾ་སུ་ར་ཏ་ས་མ་ཡ་སྟྭཾ། ཞེས་བྱ་བ་ནས་མ་དད་པར་མི་བྱའོ་ཞེས་བྱ་བའི་བར་དུ་བརྗོད་ཅིང༌།


DTG044_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུཾ་ཞེས་བྱ་བ་གཉིས་ཀྱིས་ཡིད་ཀྱིས་བཀུག་ལ་དེར་གཞུག་སྟེ། དཀྱིལ་འཁོར་གྱི་ཆོ་གར་བཤད་པའི་ཡི་གེ་ལྔ་པོ་ཨ་ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་དེ། འཇུག་པའི་སྒོའི་སྟན་གྱི་སྟེང་དུ་བཞག་ལ་རྣམ་པར་སྣང་མཛད་དང་གཤིན་རྗེ་གཤེད་ཀྱི་བར་དུ་བཞག་ནས་དེང་ཁྱོད་ཅེས་བྱ་བ་ནས་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱ་བའི་བར་དུ་བརྗོད་ལ་དེའི་སྙིང་གར་རྡོ་རྗེ་བཞག་ནས། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་ནས་བདུད་རྩི་ལྔ་དུང་ཆོས་ལས་མཐེ་བོ་སྲིན་ལག་དེའི་ཁར་མངོན་དུ་བྱིན་ལ། འདི་ནི་ཞེས་བྱ་བ་ནས་ཋ་ཞེས་བྱ་བའི་བར་དུ་བརྗོད་དེ། འཐུང་ངུ་བཅུག་ལ་སློབ་མའི་དམ་བཅའ་བ་བརྟན་པར་བྱ་བའི་ཕྱིར་དེང་ཕྱིན་ཆད་ཅེས་བྱ་བ་ནས་གྱུར་ཏེ་རེ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨྲར་བཅུག་ལ་སློབ་མ་རླུང་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞག་སྟེ། ཧ་ཨ་ཧཱུཾ་ཞེས་བྱ་བའི་སྐུ་གསུང་ཐུགས་ཀྱི་སྙིང་པོ་བཀོད་པ་དང༌། རྐང་པ་གཉིས་ཀྱི་འོག་ཏུ་ཛྷཻཾ་ཞེས་བྱ་བ་རླུང་དང་མེའི་དཀྱིལ་འཁོར་བསམས་ལ། ཨཱ་བེ་ཤ་ཡ་ནས་ཛྷཻཾ་ཞེས་བྱ་བའི་བར་དུ་དྲིལ་བུ་དཀྲོལ་ཞིང་ལན་གསུམ་བརྗོད་པར་བྱའོ། །སྒོ་སྲུང་གི་སློབ་མ་བཞིས་ཀྱང་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་དེའི་ལྕེ་ལ་ཨ་དམར་པོ་དང་འོད་དཔག་ཏུ་མེད་པར་བསམས་ཏེ་བབས་པར་གྱུར་པ་དང༌། བྲུ་ཧི་བཛྲ་ཤུ་བྷ་ཨ་ཤུ་བྷ་དྲི་བ་དང་བབས་པ་བརྟན་པར་བྱ་བའི་ཕྱིར། ཏིཥྛ་བཛྲ་ཞེས་བརྗོད་པས་ཉེ་བར་བསྡུ་བ་ནི་དབབ་པའི་ཆོ་གའོ། །དེ་ནས་པྲ་ཏཱིཙྪ་བཛྲ་ཧོཿ། ཞེས་འདོན་དུ་བཅུག་ལ་དེའི་ལག་པ་ན་གནས་པའི་མེ་ཏོག་དཀྱིལ་འཁོར་དུ་འདོར་བཅུག་ནས་མེ་ཏོག་དེ་གང་གི་རིགས་སུ་བབ་བས་པར་ཤེས་པར་བྱ་སྟེ། བླངས་ནས་དེའི་མགོ་ལ་བཅིངས་ལ་པྲ་ཏི་གྲྀཧྞ་སྟྭཾ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བརྗོད་པར་བྱས་ནས་རྒྱུད་གཞན་ལས་བཤད་པའི་ཕྲེང་བའི་དབང་བསྐུར་བར་བྱའོ། །དེ་ནས་དེའི་མིག་གཉིས་


DTG044_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨོཾ་བསམས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་དེ། གདོང་གཡོགས་པ་ཀྲོལ་ཏེ་དཀྱིལ་འཁོར་གྱི་བདག་པོ་ལས་བརྩམས་ཏེ་བདུད་རྩི་ཐབ་སྦྱོར་གྱི་བར་དུ་བརྟན་པར་བྱའོ། །སློབ་མ་འཇུག་པའི་ཆོ་གའོ། །སྟན་དེ་ཉིད་ལ་ཤར་ཕྱོགས་སུ་ཁ་བསྟན་ནས་སྐྱིལ་མོ་ཀྲུང་གིས་འདུག་ཏུ་བཅུག་སྟེ། སྔར་བཤད་པའི་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་མཆོད་ཡོན་གྱི་སྣོད་བཞག་པའི་ནང་དུ་བུམ་པ་ཐམས་ཅད་ལས་ཆུ་ཉུང་ཟད་ཙམ་ཞིག་ཐུག་ལ་ལོ་མའི་ཆུན་པོས་བླངས་པའི་ཆུ་དང༌། སློབ་མ་བསྙེན་པ་ལ་སོགས་པའི་རིམ་པས་རང་གི་ལྷར་བསྐྱེད་པའི་མགོ་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་བརྗོད་ཅིང་དབང་བསྐུར་བར་བྱ་བའི་ཆུའི་དབང་བསྐུར་བའོ། །གོས་ལ་སོགས་པས་བརྒྱན་པའི་ཅོད་པན་དེའི་རིགས་ཀྱི་གཙོ་བོས་མཚན་པར་བསམས་ལ་དེའི་མགོ་ལ་བསྐོན་ལ་འཆད་པར་འགྱུར་བ་རྣམས་སོ། །ཅོད་པན་དང་དར་དཔྱངས་ཀྱི་དབང་བསྐུར་བའོ། །དེའི་སྙིང་གར་རྡོ་རྗེ་བཞག་ལ་དེས་ལག་པ་གཡས་པས་བཟུང་ནས་སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་པར་བྱ་བ་ནི་རྡོ་རྗེའི་དབང་བསྐུར་བའོ། །རང་གི་བདག་པོའི་སྦྱོར་བ་དང་ལྡན་པ་ལས་དེའི་སྙིང་གར་རྡོ་རྗེ་དང་དྲིལ་བུ་བཟུང་ནས་ལག་པ་གཡས་པ་དང་གཡོན་གྱིས་འཁྱུད་ཅིང༌། ཨོཾ་བཛྲ་ཨདྷི་བ་ཏི་སྟྭཾ་ཨ་བྷིཥིཉྩཱ་མི་ཏིཥྛ་བཛྲས་མ་ཡ་སྟྭཾ། ཞེས་བརྗོད་པར་བྱ་སྟེ། འདི་ནི་བདག་པོའི་དབང་བསྐུར་བའོ། །རྡོ་རྗེ་དང་དྲིལ་བུ་དང་ལྡན་པ་དེའི་མགོ་ལ་དེའི་ལག་པ་བཞག་སྟེ། ཨོཾ་བཛྲ་ས་ཏྭ་སྟྭཾ། ཨ་བྷི་ཥིཉྩཱ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་ཆེ་གེ་མོ་ཞེས་བརྗོད་པར་བྱ་སྟེ། འདི་ནི་མིང་གི་དབང་བསྐུར་བའོ། །ལ་ལ་དག་ནི་མེ་ཏོག་གང་དུ་བབས་པ་དེའི་རིགས་དང་རྗེས་སུ་མཐུན་པར་མིང་གདགས་པར་བྱའོ་ཞེས་ཟེར་རོ། །དེ་ནས་རང་གི་བདག་པོ་ཞེས་བྱ་བ་ནས་དབང་བསྐུར་བ་ཡང་འདི་ཡིན་ཞེས་བྱ་བའི་བར་དུ་བརྗོད་ཅིང་ཆོས་བཤད་དེ། དབང་བསྐུར་ལྔ་པོས་ནི་མི་བསྐྱོད་པ་ལ་སོགས་པའི་རྣམ་པར་དག་པ་ཤེས་པར་


DTG044_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འདི་ནི་རིག་པའི་དབང་བསྐུར་བའོ། །དབང་བསྐུར་བ་དེ་རྣམས་ཀྱིས་ནི་འབྲས་བུར་གྱུར་པའི་ཡེ་ཤེས་ལྔ་རྫོགས་པར་འགྱུར་ཏེ། དེ་བས་སློབ་མ་མི་ཕྱེད་པར་གྱུར་ཅིང་སྟོང་པ་ཉིད་ཀྱི་ཁམས་སོ། །རིགས་ཀྱི་སྐྱེ་བའི་གནས་སུ་འགྱུར་ཞིང་བྱང་ཆུབ་ལ་དབང་བའི་སྐལ་བ་དང་ལྡན་པར་འགྱུར་རོ། །དེ་ནས་དེ་ལ་རྡོ་རྗེའི་བརྟུལ་ཞུགས་དང་ལུང་བསྟན་པ་དང་དབུགས་དབྱུང་བ་དག་བསྟན་པར་བྱ་སྟེ། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ལ་དེའི་ལག་ཏུ་རྡོ་རྗེ་བྱིན་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པ་བརྗོད་ནས་དེའི་ལག་པ་གཡས་པར་འཛིན་དུ་གཞུག་སྟེ་འདི་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས་ཐོག་མཐའ་མེད་པའི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བླ་མས་བརྗོད་ལ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་བར་བྱའོ། །དེ་ནས་འདི་དེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ལ་ལག་པ་གཡོན་པར་དྲིལ་བུ་འཛིན་དུ་བཅུག་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དབ། །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་དུ་བཅུག་ལ། སྙིང་པོ་བསྙེན་པ་སོགས་བཤད་པ། །ཞེས་བྱ་བ་ནས་བསྒོམ་པས་སོ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ལྟར་སྲིད་པའི་ལོངས་སྤྱོད་རྣམ་པར་དག་པའི་ཐབས་བསྟན་ནས་དེའི་འོག་ཏུ་ཕྱིར་མི་ལྡོག་པའི་དབང་བསྐུར་བ་མི་བྱེད་ན་ལུང་བསྟན་པ་དང་དབུགས་དབྱུང་བ་དག་བྱ་སྟེ། འདི་ནི་རིག་པའི་དབང་བསྐུར་བ་དང་རྗེས་སུ་འབྲེལ་པའི་ཆོ་གའོ། །དེ་ནས་བབས་ལ་སློབ་དཔོན་ལ་མཆོད་ལ། བླ་མ་ལ་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེ་ནས་བླ་མ་མགུ་བས་སྡོམ་པ་བཞི་བྱིན་ནས་སྟན་དེ་ཉིད་ལ་སྔ་མ་བཞིན་དུ་འདུག་ཏུ་བཅུག་ནས། ཡན་ལག་བཞིའི་ཆོ་གས་རང་གི་སྔགས་ཀྱི་སྦྱོར་བ་བྱ་སྟེ། རང་གི་སྙིང་ག་ལས་སྤྲུལ་པའི་རིག་མ་མཆོད་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བ་ནི་རྡོ་རྗེ་ཆེ་ཞེས་བྱ་བའི་ཚིགས་སུ་བཅད་པ་ཟློས་པས་དབང་བསྐུར་བར་བྱའོ། །དེ་ནས་དཀྱིལ་འཁོར་ལ་བལྟས་ཏེ་སྔ་མ་བཞིན་དུ་སྟན་ལ་འདུག་ཏུ་བཅུག་


DTG044_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་མཉམ་མེད་པ་ཞེས་བྱ་བ་ནས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ་ཞེས་བྱ་བའི་བར་དུ་བསྟན་པར་བྱ་སྟེ་འདི་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བའོ། །གལ་ཏེ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་མི་སྟེར་ན་དེའི་ཚེ་འདིར་ལུང་བསྟན་པ་དང༌། དབུགས་དབྱུང་བ་བྱིན་ལ་རྗེས་སུ་གནང་བ་བྱིན་པར་བྱ་སྟེ། དེ་ནི་བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་སྟོན་པ་ལ་སོགས་པ་ལ་དབང་བར་གྱུར་ཏེ། འདིའི་མིང་ནི་སློབ་དཔོན་དུ་དབང་བསྐུར་བ་ཞེས་བྱའོ། །དེ་ནས་ཡང་དག་པར་མཆོད་ལ་ཤེས་རབ་གཏད་ནས། བྱང་ཆུབ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བླ་མ་ལ་གསོལ་བ་གདབ་སྟེ། དེས་སྡོམ་པ་བཞི་བྱིན་ལ་སློབ་མ་ཡོལ་བས་བར་དུ་བཅད་པར་བཞག་ནས་གསང་བའི་མཆོད་པ་ནི་མཐར་ཡོལ་བའི་མཐའ་མ་བཏེག་སྟེ། མཐེ་བོང་དང་སྲིན་ལག་གིས་རྡོ་རྗེ་བཟུང་ནས་གསང་བའི་དབང་སྦྱིན་པར་བྱའོ། །དེས་ཀྱང་ཀྱེ་མ་བདེའོ་ཞེས་བརྗོད་དེ་མྱང་བར་བྱའོ། །སློབ་དཔོན་རང་ཉིད་ཕྱིར་ལོག་ནས་པདྨ་ལ་གནས་པ་རང་གིས་མྱང་སྟེ། དེས་ཀྱང་ཁ་ཡིས་རང་གི་རྡོ་རྗེ་མྱང་དུ་བཅུག་ནས་རང་གི་སྟན་ནང་ཚངས་ཅན་ལ་སོགས་པ་ལ་འདུག་པར་བྱའོ། །དེ་ནས་ཕན་ཡོན་བརྗོད་པར་བྱ་སྟེ། ཞུགས་པར་གྱུར་པའི་སློབ་མ་ལ། །འདི་ནི་རྡོ་རྗེ་ཅན་ཀུན་གྱིས། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ལ་ལ་དག་ནི་ཡང་དེ་བཞིན་དུ་གསོལ་བ་གདབ་པར་བྱའོ་ཞེས་ཟེར་རོ། །དེ་ནས་མདུན་དུ་འདུག་པ་དེ་དག་གི་ལག་པ་གཡས་པ་གཡོན་པའི་སྟེང་དུ་བཞག་སྟེ། མངོན་སུམ་དུ་ཤེས་རབ་ཡན་ལག་འདུས་ཞེས་བྱ་བ་ལ་སོགས་པ་ནས་ཁོངས་སུ་གཏོགས་པར་བསམས་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །ཡོལ་བའི་ནང་དུ་བསངས་ཏེ་འདུག་ནས་གསང་བའི་མཆོད་པ་ལ་གནས་པའི་སློབ་མ་ལ་བལྟས་ཏེ། གལ་ཏེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའམ། དེའི་རིགས་ཀྱི་རྣལ་འབྱོར་པ་ཡིན་ན་དེའི་ཚེ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་


DTG044_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་གི་སྙིང་ག་ནས་རྣམ་པར་སྣང་མཛད་སྤྲོ་བ་ནི། རིག་མ་ལ་འཁྱུད་པའི་ལུས་བདེ་བ་ཆེན་པོའི་ཆ་བྱང་དུ་བྱས་ལ། རྡོ་རྗེ་དང་པདྨ་དག་ལས་བདུད་རྩིའི་ཆུ་རྒྱུན་འབབ་པར་བསམས་ལ་འབབ་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་ཟླ་བའི་ཁ་དོག་དང་ལྡན་པས་དེ་ལ་དབང་བསྐུར་བར་བསམས་ནས། རྣམ་པར་སྣང་མཛད་སློབ་མ་དེ་ཉིད་ལ་ཐིམ་པར་བྱས་ལ་མར་གྱི་བུམ་པ་བཞིན་དུ་ཞུགས་པར་སེམས་ཀྱིས་བསམ་པར་བྱའོ། །ཡང་ན་རིགས་གཞན་གྱི་རྣལ་འབྱོར་པ་ཡིན་ན་དེའི་ཚེ་དེའི་རིགས་ཀྱི་ལྷ་སྤྲོས་ཏེ། དེའི་རིགས་ཀྱི་མདོག་དང་ལྡན་པའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བ་དེ་བཞིན་དུ་བསམ་པར་བྱ་ཞིང་།གཏི་མུག་ཅེས་བྱ་བ་ནས་རང་ཉིད་གྱུར་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །མཐར་བླ་མ་ཡོལ་བ་ནས་བྱུང་སྟེ། རང་གི་སྟན་ལ་འདུག་པ་དེ་དག་མདུན་ན་ཙོག་ཙོག་པོར་འདུག་པ་ལ། དེ་དག་གི་རིག་མའི་ལག་པ་གཡོན་པ་སློབ་མའི་ལག་པ་གཡས་པར་བཞག་པ་བཟུང་ནས་རང་གི་ལག་པ་གཡས་པ་སློབ་མའི་མགོ་བོར་བཞག་ནས། ཐབས་གཞན་གྱིས་ནི་ཞེས་བྱ་བ་ནས་མཆོག་མ་ཡིན་ཞེས་བྱ་བའི་བར་དང༌། བྱང་ཆུབ་སྤྱོད་པ་གཞན་ཞེས་བྱ་བ་ནས་ཐོབ་མི་འགྱུར་ཞེས་བྱ་བའི་བར་དུ་བརྗོད་དོ། །དེ་ནས་སློབ་དཔོན་དེ་ལྷ་ལས་བབས་པའི་ཕྱག་རྒྱ་དང་ལྡན་པས་འདི་ཉིད་ཅེས་བྱ་བ་ནས། བདེ་བར་གཤེགས་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །རྗེས་སུ་གནང་བ་ཡང་བྱིན་ནས་ཇི་ལྟ་ཇི་ལྟ་ཞེས་བྱ་བ་ནས། བྱང་ཆུབ་མཆོག་ཏུ་འགྱུར་ཞེས་བྱ་བའི་བར་དུ་བརྗོད་ལ། དབུགས་དབྱུང་བའི་ཕྱིར་མཐོང་བ་དང་ནི་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ནས་འགྱུར་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །གཞན་དག་ནི་ཕྱག་རྒྱ་བྱིན་གྱིས་བརླབས་ཞེས་བྱ་བ་ལ་སོགས་པ་ཡང་འདིར་བརྗོད་པར་བྱའོ་ཞེས་ཟེར་རོ། །དེ་ནས་སློབ་མས་བླ་མའི་ཞབས་གཉིས་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་དུ་ནི་བགྱིད་པར་འཚལ། །ཞེས་བརྗོད་པར་བྱའོ། །ཕྱག་འཚལ་བ་དང་ལེགས་པར་གནས་སོ། །ཞེས་བཀྲ་ཤིས་པའི་ཚིགས་ཀྱང་བརྗོད་པར་བྱའོ། །དེ་ནས་འདི་ལ་གསང་


DTG044_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གནས་བསླབ་པར་བྱའོ། །ཧཱུཾ་བཛྲ་ཀྲི་ཏ་བྷུ་མེ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་ར་བ་དང་གུར་གྱི་ཕྱི་རོལ་ཏུ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་བཞི་ནི་བསྲུང་བ་ཡིན་པར་ལ་ལ་དག་འདོད་དེ། ས་བོན་ལཾ་སེར་པོ་ལས་སའི་དཀྱིལ་འཁོར་ཟུར་བཞི་པ་མཚམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་མ་དང༌། ཡཾ་སྔོན་པོ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱིས་མཚན་པ་དང༌། དེའི་ཕྱི་རིམ་དུ་ཆུའི་དཀྱིལ་འཁོར་བསམ་པར་བྱ་སྟེ། ས་བོན་བཾ་ལས་བྱུང་བ་མདོག་དཀར་པོ་དང༌། དེའི་ཕྱི་རིམ་དུ་ས་བོན་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ་བསམ་མོ། །མཆོག་ཏུ་བསམ་པ་ནི་ནམ་མཁའ་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་བྷྲཱུཾ་འོད་ཟེར་སེར་པོ་དང་ལྡན་པ་བསམས་ནས། བྷྲཱུཾ་ལས་བྱུང་བའི་འཁོར་ལོ་མདོག་སེར་པོ་རྩིབས་བཅུ་པ་བསམས་ལ། དེའི་དབུས་སུ་དཔལ་རྡོ་རྗེ་ཧཱུཾ་མཛད་བསམས་ཏེ། དེས་ལྷ་ཆེན་པོ་དང་ཨུ་མ་མ་ནན་པར་བསམ་མོ། །དེ་ཡང༌། གཡས་ན་རྡོ་རྗེ་རལ་གྲི་སྟེ། །གཡོན་ན་ཞགས་པ་ལྕགས་ཀྱུ་བསྣམས། །སྒེག་པ་ཁྲོ་བོའི་གཟུགས་འཆང་ཞིང༌། །ཁམས་གསུམ་དག་ནི་འདུལ་བར་བརྩོན། །གཤིན་རྗེ་གཤེད་སོགས་ཁྲོ་བོ་རྣམས། །མཁས་པས་ཕྱོགས་ཀྱི་རྩིབས་ལ་བསམ། །འདོད་རྒྱལ་དབྱིག་སྔོན་སྟོབས་མི་གཡོ། །ཤར་ལྷོ་མཚམས་སོགས་རྩིབས་ལ་བསམས། །གཙུག་ཏོར་འཁོར་ལོས་སྒྱུར་བ་སྟེ། །གནོད་མཛེས་འོག་སྟེ་རིམ་བཞིན་བསམ། །ཞེས་བཤད་པ་ཡིན་ནོ། །དེ་ལ་ཁྲོ་བོ་བཅུའི་ས་བོན་ནི་ཡི་གེ་ཧཱུཾ་སྟེ་གཞན་གཙུག་ཏོར་འཁོར་ལོས་སྒྱུར་བའི་ས་བོན་ནི་ཡི་གེ་བྷྲཱུཾ་མོ། །གཞན་དག་ནི་པྲཾ་དང་ཧཱུཾ་དག་གཞན་གྱིས་མི་ཐུབ་པ་དང༌། སྟོབས་པོ་ཆེའི་ས་བོན་ཡིན་པར་འདོད་དོ། །འདོད་པའི་རྒྱལ་པོ་གནོད་མཛེས་དང༌། །མི་གཡོ་གཙུག་ཏོར་འཁོར་ལོས་སྒྱུར། །འཁོར་ལོའི་གཙོ་བོ་དང་བཅས་པ། །ཨག་ཚོམ་མེད་པར་རིན་ཆེན་གཅོད། །གཞན་དག་དེ་ལས་བཟློག་པའོ། །ཀུན་ཀྱང་ཉི་མའི་དཀྱིལ་འཁོར་ལ། །གཡོན་བརྐྱང་ནས་ནི་བཞུགས་པའོ། །ཉི་མའི་འོད་དང་ལྡན་པ་ལ། །རང་སྣང་རིག་པའི་བདེ་མྱོང་དང༌། །ལྡན་པ་འཁྱུད་པ་ཡི་ནི་ལུས། །ཁྲོ་བོ་ཆེན་པོ་


DTG044_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་མཐར་བྱེད་ཀྱི་ཞལ་དང་པོ་དང༌། སྐུ་མདོག་དམར་པོ་ཞལ་གཡས་ནག་པོ་གཡོན་དཀར་པོའོ། །གཙུག་ཏོར་འཁོར་ལོས་སྒྱུར་བའི་ཞལ་དང་པོ་དང་སྐུ་མདོག་སེར་པོ་ཞལ་གཡས་སྔོན་པོ་གཡོན་དཀར་པོའོ། །ཤེས་རབ་མཐར་བྱེད་ཀྱི་ཞལ་དང་པོ་དང༌། སྐུ་མདོག་དཀར་པོ་ལ་ཞལ་གཡས་སྔོན་པོ། གཡོན་དམར་པོའོ། །གང་གཞན་སྐུ་མདོག་སྔོན་པོར་བཞུགས་པ་དེ་དག་གི་ཞལ་གཡས་དཀར་པོ་གཡོན་དམར་པོ་སྟེ། ཞལ་དང་པོ་སྐུའི་མདོག་དང་མཐུན་ནོ། །ཐམས་ཅད་ཀྱི་ཅོད་པན་ལ་ནི་མི་བསྐྱོད་པ་བཞུགས་པ། གཤིན་རྗེ་གཤེད་ཀྱི་ཅོད་པན་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་ཀྱི་ཅོད་པན་ལ་འོད་དཔག་ཏུ་མེད་པ་བཞུགས་པའོ། །ཐམས་ཅད་ཀྱི་ཡང་ཕྱག་གཡས་ན་རལ་གྲི། ཕྱག་གཡོན་གཉིས་ན་རིན་པོ་ཆེ་དང་པདྨ། པདྨ་མཐར་བྱེད་ཀྱི་ཕྱག་གཡས་གཉིས་ན་པདྨ་དང་རལ་གྲི། གཡོན་གཉིས་ན་འཁོར་ལོ་དང་རིན་པོ་ཆེ་བསྣམས་པའོ། །རྩིབས་བཅུ་ལ་གནས་པའི་ཁྲོ་བོ་བཅུ་པོ་རྣམས་ཀྱི་ཕྱག་གཡས་ཀྱི་དང་པོ་ནི་རྩ་བའི་ཕྱག་མཚན་ཐོབ་དང༌། ལྕགས་ཀྱུ་དང་དབྱིག་པ་དང༌། དབྱུག་པ་སྔོན་པོ་དང༌། པདྨ་དང་རྩེ་གསུམ་པ་དང༌། རྡོ་རྗེ་དང༌། རལ་གྲི་དང༌། འཁོར་ལོ་སེར་པོ་དང༌། རྡོ་རྗེ་བསྣམས་པའོ། །གཤིན་རྗེ་གཤེད་ལ་སོགས་པ་ཤར་ལ་སོགས་པའི་རྩིབས་ལ་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །ཁྲོ་བོ་མི་གཡོ་བའི་ཁྱད་པར་བཤད་པར་བྱ་སྟེ། ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི་འཛིན་པ། གཡོན་ན་འཁོར་ལོ་དང་ཞགས་པ་བསྣམས་པ། སྤྱན་ཡོ་བ་བྱིས་པའི་རྒྱན་གྱིས་བརྒྱན་པ་བསམ་པར་བྱའོ། །སྤྱན་ཡོ་རྡོ་རྗེ་འཛིན་པ་ནི། །མི་གཡོ་བྱིས་པའི་རྒྱན་གྱིས་བརྒྱན། །ཞེས་བྱ་བ་ཡིན་ནོ། །འདིའི་མཚོན་ཆ་གཙོ་བོ་ནི་རྡོ་རྗེར་ཁ་ཅིག་འདོད་དོ། །མི་གཡོ་བའི་མཚོན་ཆའི་གཙོ་བོ་ནི་རལ་གྲི་ཡིན་པར་ཁ་ཅིག་འདོད་དོ། །འོག་གི་ཆའི་འཁོར་ལོའི་རྩིབས་ལ་གནོད་མཇེས་རྒྱལ་པོ་ཕྱག་གཡས་ན་རྡོ་རྗེ་ནག་པོ་བསྣམས་པའོ། །སྟེང་གི་རྩིབས་ལ་བཞུགས་པའི་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཕྱག་གཡས་ན་འཁོར་ལོ་རྩིབས་བརྒྱད་པ་བསྣམས་


DTG044_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པ་འོད་ཀྱི་འཁོར་ལོ་ཅན་བསམ་པར་བྱའོ། །ཁྲོ་བོ་འཇིགས་ཕྱག་ལྡན་པས་ཁྱབ། །འབར་བའི་ཕྲེང་བས་འཁྲུག་པའི་འོད། །མི་འགྱུར་ལྟ་བུའི་ཤུགས་ཀྱིས་ནི། །གཡས་ཕྱོགས་བསྐོར་བས་འཁོར་བར་འགྱུར། །ཕྱོགས་བཅུར་གནས་པའི་ཁྲོ་བོ་ནི། །སྟོབས་ཆེན་ཕ་རོལ་གནོན་པ་སྟེ། །དེ་རྣམས་གཡོ་བ་མེད་པ་ནི། །ཤེས་རབ་ཐབས་ཀྱི་བདེ་བའི་བདག །བསྲུང་ཕྱིར་རྣལ་འབྱོར་པས་བརྟགས་བསམ། །ཐེག་པ་དམན་པར་ལྷུང་རྣམས་ལ། །སྲུང་བའི་དོན་དུ་འཁོར་ལོ་དང༌། །ལྟེ་ནང་ཁོང་སྟོང་གནས་པ་ཡང༌། །རྡོ་རྗེ་ཧཱུཾ་མཛད་སྙིང་དབུས་སུ། །ཆོས་ཀྱི་འབྱུང་གནས་ཕྱག་རྒྱ་དེར། །གཞལ་ཡས་ཁང་སོགས་བསྒོམ་པར་བྱ། །འཁོར་ལོ་སེར་པོ་རྩིབས་བཅུ་ལ། །དེ་ཡི་དབུས་སུ་བསྒོམ་པར་བྱ། །ཞེས་ལེའུ་བཅོ་བརྒྱད་པ་ལས་བརྗོད་པའི་དབུས་ཀྱི་སྒྲའི་དགོས་པ་ནི་འདིས་བཤད་པར་འགྱུར་རོ། །དེ་བཞིན་གང་ཚེ་དེས་འཁོར་ལོ། །དབུས་སུ་གཙུག་ཏོར་གྱིས་བརྒྱན་ན། །སྟེང་གི་རྩིབས་ལ་ཧཱུཾ་མཛད་དེ། །གཡོན་དུ་འཁོར་བར་བསམ་པར་བྱ། །མཆོད་པ་ལ་སོགས་སྔོན་བྱས་ནས། །མཚན་མོ་དག་ནི་ལན་གསུམ་ཞིག །གསང་སྔགས་བརྗོད་དེ་མཆོད་བྱས་ནས། །ཕྱིར་ཟློག་ཞེས་བྱར་གྱུར་པ་ཡིན། ཨོཾ་ཨཿཨུཥྞཱི་ཥ་བཛྲ་ཙཀྲ་བརྟི། སརྦ་ལོ་ཀོཏྟ་རཱ་མནྟྲ་ཏནྟྲ། ཙུརྞ་པྲ་ཡོ་གི་ནཱི་སརྦ་བི་ཥ་བི་ཙུརྞ་ཡ། མ་མ་ཀྲྀ་ཏ་ཡེ་ན་ཀེ་ན་ཙིཏ། ཀྲྀ་ཏེ་ནི་ཀ་རི་ཎི་པ་ཏཱ་ནི་སརྦྦ་ནི། ཚིནད་ཚིནད། བྷིནྡ་བྷིནྡ། ཀཾ་པ་ཀཾ་པ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བི་དྷྭ་ནྶ་ཡ། བི་དྷྭ་ནྶ་ཡ། ཤ་ཏ་ས་ཧ་སྲ། བི་ཙུརྞ་ཡ་པི་ཙུརྞ་ཡ། ཨུཥྞཱི་ཥ་བཛྲ་ཙཀྲ་བརྟི། བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་ཉིན་མོ་དང་མཚན་མོ་ལན་གསུམ་བརྗོད་ནས། རྣལ་འབྱོར་པའམ་འགའ་ཞིག་གནོད་པ་བྱ་བར་རྩོམ་པ་དེ་ཉིད་ལ་དེ་ཐམས་ཅད་དབབ་པར་འགྱུར་རོ། །ཕྱིར་བཟློག་པའོ། །གྲོག་ལ་སོགས་པ་ལ་འཁོར་ལོ་གཉིས་བྲིས་ཏེ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་སྦྱོར་བ་ཇི་ལྟ་བ་དང་ལྡན་པས་གྲོ་གའམ་དར་ལ་


DTG044_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་སྐྱེས་པ་བསྲུང་བའི་ཕྱིར་གུར་གུམ། བུད་མེད་བསྲུང་བའི་ཕྱིར་ནི་གི་ཝང་གིས་དཀྱིལ་འཁོར་ཟུར་བཞི་པ། སྒོ་བཞི་པ་རྟ་བབས་བཞི་དང་ལྡན་པ་བྲིས་པ་དེའི་ནང་དུ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་ལྟེ་བ་ལ་འཁོར་ལོ་རྩིབས་བརྒྱད་པ་དེའི་ལྟེ་བ་ལ་གསུམ། སྟེང་དུ་ཟླ་བ་ཕྱེད་པ་ལ་ཐིག་ལེས་བརྒྱན་པ། ལ་ལ་ནས་དྲུག་པར་འགྱུར་བའི་ས་བོན་ནི་ཧ་ཞེས་བྱ་བའི་དོན་ཏེ། དེའི་ནང་དུ་ཨོཾ་ཨཱཿཛིན་ཛིཀ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཧཱུཾ་ཞེས་བྱ་བ་བྲིའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་རྩིབས་ཀྱི་དབུས་སུ་ནི་མི་བསྐྱོད་པ་ལ་སོགས་པ་ཕྱུང་བའི་སྔགས་བྲི་བར་བྱའོ། །མེ་ལ་སོགས་པ་མཚམས་ཀྱི་རྩིབས་ལ་ནི་སྤྱན་ལ་སོགས་པ་ཕྱུང་བའི་སྔགས་བྲིའོ། །འཁོར་ལོའི་མུ་ཁྱུད་ལ་ནི་ཨོཾ་ཨཿཨོཾ་ཧཱུ་ལུ་ཧུལུ། ཏིཥྛ་ཏིཥྛ། ཆེ་གེ་མོའི་ཨུ་པ་དྲ་བ་དི་ཀཾ་བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བྱ་བ་མགོ་ནང་དུ་བསྟན་ལ་གཡས་ཕྱོགས་སུ་བསྐོར་ནས་འཁོར་བར་བྲིའོ། །ཤར་ལ་སོགས་པའི་སྒོ་བཞིར་ནི། གཤིན་རྗེ་གཤེད་ལ་སོགས་པ་ཕྱུང་བའི་སྔགས་བྲིའོ། །གཟུགས་རྡོ་རྗེ་ལ་སོགས་པ་ལྷ་མོ་དྲུག་གི་གནས་སུ་ནི་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་མམ། རང་རང་གི་ས་བོན་དང་བཅས་པ་སྟེ། ཨོཾ་ཛཿཧཱུཾ་ཞེས་བྱ་བ་ལ་སོགས་པའོ། །དར་ལ་སོགས་པ་དེ་རིམ་པ་བརྒྱད་ལ་སོགས་པར་ལྟེ་བ་ལ་སྦུ་གུ་ལ་དཀྲིས་ནས་སྲད་བུས་དཀྲིས་ཏེ། རྒྱ་སྐྱེགས་ལ་སོགས་པས་བྱུགས་ལ། རབ་ཏུ་གནས་པར་བྱས་ནས་དཔུང་པའམ་མགུལ་དུ་གདགས་པར་བྱའོ། །དེ་ནས་ཏིང་ངེ་འཛིན་གསུམ་དང་ལྡན་བའི་སློབ་དཔོན་གྱིས་རང་གི་འདོད་པའི་ལྷའི་ཐུགས་ཀར་བཤད་མ་ཐག་པའི་གཞལ་ཡས་ཁང་གི་ནང་དུ་ཆུད་པའི་འཁོར་ལོ་དེར་གནས་ཇི་ལྟ་བར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་བཅུ་དགུའི་ངོ་བོ་ཉིད་ཀྱི་སྔགས་དང་ལྡན་པ། མུ་ཁྱུད་ལ་བཀོད་པའི་ཡི་གེ་རེ་རེའི་འོད་ལས་བྱུང་བའི་འཕགས་པ་བདུད་རྩི་འཁྱིལ་པའི་ཚོགས་རྣམས་ཀྱིས་རྣམ་པར་འཚེ་བ་ཐམས་ཅད་རྣམ་པར་འཇིགས་ཤིང་དེའི་ལྟེ་བའི་རང་གི་མིང་གི་ཡི་གེ་དང་པོ་ལས་བྱུང་བའི་བསྒྲུབ་པར་བྱ་བ་བསམས་ནས། དེའི་ཤེས་པ་བཀུག་སྟེ་གཅིག་ཏུ་བྱས་ནས་ཡི་གེ་ཧཾ་གི་ཆོ་


DTG044_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གས་གོ་བསྐོན་པའི་ལུས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འབྱིན་པའི་སྔགས་ཀྱི་ཕྲེང་བ་ལས་བདུད་རྩིའི་རྒྱུན་འཛག་པས་ལུས་ཁྱབ་པར་བསམས་ལ། འོད་ཀྱི་སྒོ་ལས་བྱུང་བའི་ལྷ་སྐུ་མདོག་དཀར་པོ་དང་ལྡན་པའི་ལྷའི་ཚོགས་བུམ་པ་དཀར་པོ་ལས་བདུད་རྩིས་དབང་བསྐུར་རོ། །ཡང་ན་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་སམ། ཡང་ན་ཞུ་བར་གྱུར་ནས་བདག་ཉིད་ལ་ཞུགས་པའི་དབང་བསྐུར་བས་དབང་བསྐུར་བ་དང༌། ཉེས་པ་ཐམས་ཅད་དང་བྲལ་བར་བསམས་ལ་ཡང་དང་ཡང་དུ་གསང་སྔགས་བཟླས་བརྗོད་བྱས་ནས་བླ་ན་ཡོད་པ་དང་བཅས་པའི་མཆོད་པ་བྱས་ལ། ལྷའི་མཆོད་པའི་གནས་སུ་ཁ་སྦྱར་ལ་གཞག་པའམ། མགུལ་ལ་སོགས་པར་གདགས་པར་བྱ་སྟེ། དེ་དེ་ནས་ཞི་བར་འགྱུར་བ་ནི་ཞི་བའི་ལས་ཡིན་ལ་ལས་ཐམས་ཅད་ནི་འདི་ནང་དུ་འདུས་པ་ཡིན་ཏེ་མངོན་པར་འདོད་པ་མ་ཡིན་པའི་ཉེས་པ་ཐམས་ཅད་ཞི་བར་བྱེད་པའི་ཕྱིར་ཞི་བའི་བསྲུང་བའོ། །རིག་པའི་དོན་དུ་ནི་ཕྱིར་བཟློག་པའི་འཁོར་བའོ། །གང་ཞིག་དཀོན་མཆོག་གསུམ་གནོད་བྱེད། །མི་གང་སློབ་དཔོན་ལ་འཁུ་དང༌། །ཕ་དང་མ་ནི་གནོད་བྱེད་དང༌། །དེ་བཞིན་གཞན་ཡང་རྟག་གསོད་པ། །དེ་ལ་རྣལ་དབང་མགོན་པོས་ནི། །བརྩེ་བས་གཞན་དབང་འགྱུར་སེམས་ཀྱིས། །སྦྱིན་དང་བརྗོད་པས་ལས་དེ་ལས། །བཟློག་པར་བྱ་ཞིང་གསོལ་བ་གདབ། །གལ་ཏེ་རྨོངས་པ་མི་ལྡོག་ན། །དེ་ཚེ་ལས་འདི་བརྩམ་བར་བྱ། །ཁ་སྦྱོར་དབྱེ་བ་བཤད་པར་བྱ་སྟེ། ཐུན་མཚམས་དང་པོའི་མཐར་རང་གི་ལྷའི་སྦྱོར་བ་རང་གི་ཕྱག་རྒྱ་ལེགས་པར་བསླབས་པ་དང་ལྷན་ཅིག་སྐད་ཅིག་གིས་བྱས་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་སངས་རྒྱས་ཐམས་ཅད་ཀྱི་ཚོགས་སྤྲོས་ལ་འོད་ཟེར་དེ་ཉིད་ལས་བསྒྲུབ་བྱ་སྤྲོས་ཏེ། རང་གི་མདུན་དུ་ཡང་སྤྲོས་པའི་སངས་རྒྱས་ཀྱི་སྐུ་དང༌། ཕྱོགས་བཅུར་གནས་པའི་སེམས་ཅན་ཐམས་ཅད་ཀྱི་ཚོགས་བསྒྲུབ་པར་བྱ་བ་དེས་མཚོན་ཆ་སྣ་ཚོགས་ཀྱིས་དུམ་བུ་བརྒྱར་བྱས་ཤིང་ཕྱེ་མར་བྱས་པ་དང་ཁྲོས་པའི་སེམས་དང་ངག་རྩུབ་པོས་ཀྱང་གནོད་པ་བྱས་པར་


DTG044_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ་སེམས་ཅན་གདུག་པ་དེ་ང་ནི་སངས་རྒྱས་གསོད་པའོ་ཞེས་འགྱོད་པ་སྐྱེས་ཤིང་དམྱལ་བའི་འཇིགས་པས་སྐྲག་ཅིང་སྐྱབས་མེད་པར་བལྟས་ནས་དེ་གནོན་པར་བྱ་བའི་དོན་དུ་སྙིང་རྗེ་ཆེན་པོས་ཁྲོ་བ་བསྐྱེད་ལ། དེ་ལས་གང་བྱས་པ་རང་གི་བདག་པོ་ལ་གསང་བར་གསོལ་ལོ། །དེ་ནས་བདག་པོ་དེ་དཀྱིལ་འཁོར་དང་བཅས་པ་སྔོན་པོར་གྱུར་པ་ལ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བར་བྱས་ནས་ལས་ཡང་དག་པར་བརྩམ་པར་བྱ་སྟེ། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མ་ལ་གནས་པའི་སྙིང་པོའི་འོད་ཟེར་གྱིས་གཙོ་བོ་དྲངས་ལ། རྡོ་རྗེའི་ལམ་ནས་ཞུ་བར་གྱུར་པས་ཆུ་སྐྱེས་སུ་གནོད་མཛེས་ལྟ་བུར་བྱུང་བར་བསམ་མོ། །ལ་ལ་དག་ནི་འདིའི་ཕྱག་ན་ལྕགས་ཀྱུ་དང༌། རལ་གྲི་དང༌། རིན་པོ་ཆེ་དང༌། ཞགས་པ་བསྣམས་པའོ་ཞེས་ཟེར་རོ། །གཞན་དག་ནི་གནོད་མཛེས་ཞེས་བྱ་བའི་སྒྲ་རྡོ་རྗེ་ཧཱུཾ་མཛད་ལ་བྱའོ་ཞེས་ཟེར་རོ། །དེས་བསྒྲུབ་པར་བྱ་བའི་བསྲུང་བ་ཕྲོགས་པར་བློ་དང་ལྡན་པས་བསམ་པར་བྱའོ། །སྟེང་འོག་གི་ཆར་ཡང་ཧཱུཾ་དང་བཾ་ལས་བྱུང་བའི་ཁ་སྦྱོར་རིམ་པ་བཞིན་དུ་མགོ་དང་རྐང་པ་ལ་གནས་པའི་ཕྱིའི་བསྲུང་བའི་ཁ་སྦྱོར་དང་མགོར་གནས་པའི་དབྱངས་ཀྱི་ཡི་གེ་ཐ་མ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་དྲངས་ཏེ། གནོད་མཛེས་ཉིད་ཀྱིས་སྒྲུབ་པ་པོའི་གཡོན་ཕྱོགས་སུ་བཞག་ལ། དེ་ནས་ཡང་བསྒྲུབ་པར་བྱ་བའི་རྡོ་རྗེའི་ལམ་ནས་དེ་བཅུག་ནས། སྙིང་གར་གནས་པའི་མི་བསྐྱོད་པའི་ཡེ་ཤེས་སེམས་དཔའི་མདུན་ཕྱོགས་ན་གནས་པའི་དཔལ་ལྡན་གནོད་མཛེས་ཀྱིས་ཡེ་ཤེས་སེམས་དཔའ་ལ་རིགས་པ་མང་པོས་གསོལ་བ་གདབ་སྟེ། གང་ཞིག་ལས་ནི་འདི་ལྟ་བུ། །གནས་གྱུར་རྣམ་པ་ཐམས་ཅད་དུ། །ཕྱིས་ལེགས་འགྱུར་ཕྱིར་སྤང་དུ་གསོལ། །འདི་ནི་མ་དད་པར་སྨྲ་བ། སློབ་དཔོན་ལ་སྨོད་པ། སངས་རྒྱས་མང་པོ་གསོད་པར་བྱེད་པ་ལགས་ཀྱིས། འདི་ལ་བྱིན་གྱིས་རློབ་པ་དང་བསྲུང་བ་སྤང་དུ་གསོལ། དེ་ལྟ་མ་ཡིན་ན་ཁྱེད་རྣམས་ནི་བརྫུན་དུ་སྨྲ་བ་དང༌། རང་གིས་གསུངས་པའི་དམ་


DTG044_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལས་འདས་པ་ཡིན་ནོ། །དེས་ན་ངེད་ཀྱིས་ནི་འདིའི་ལུས་བཏང་གིས་ཇི་ལྟར་འདོད་པ་བཞིན་དུ་གྱིས་ཤིག་ཅེས་གསུངས་ཤིང་ཞལ་གྱིས་བཞེས་ཏེ། ཡེ་ཤེས་སེམས་དཔའ་དགྱེས་ན་ནི། །བསྒྲུབ་པར་བྱ་བའི་ལུས་ལས་གཤེགས། །གནོད་མཛེས་སྐད་ཅིག་དེ་ཉིད་ལ། ཁ་སྦྱར་འབྱེད་ཅིང་གསོད་པར་བྱེད། །ཇི་ལྟ་བུའི་ཁ་སྦྱར་བཀུག་ནས་ཁྱེར་ཏེ་འོངས་པ་དེ་ལྟ་བུ་བཤད་པར་བྱ་སྟེ། རྡོ་རྗེའི་ཁ་སྦྱར་དང༌། རལ་གྲིའི་ཁ་སྦྱར་དང༌། པདྨའི་ཁ་སྦྱར་དང༌། ནོར་བུའི་ཁ་སྦྱར་དང༌། འཁོར་ལོའི་ཁ་སྦྱར་རིམ་པ་ཇི་ལྟ་བ་བཞིན་དུ་སྟེང་འོག་གི་ཆར་ཁ་སྦྱར་གྱི་དབུས་སུ་གནས་པའི་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་བཀུག་ལ་གཡོན་ཕྱོགས་སུ་གཏད་ནས། དེ་ཉིད་དུ་རང་གི་ལྷ་མོའི་པདྨ་ལ་བསྲུང་བ་དང༌། འཁྲུལ་འཁོར་དང༌། སྔགས་དང༌། ཡམས་དང༌། འཚེ་བ་ལ་སོགས་པ་བྱེད་པ་ཞུ་བར་གྱུར་ནས། རྡོ་རྗེའི་ལམ་ནས་བགེགས་མཐར་བྱེད་ཀྱི་ཕུར་བུའི་གཟུགས་ཀྱིས་གཙོ་བོའི་ས་བོན་གྱིས་དྲངས་ལ་ལག་པ་གཡོན་པས་མགུལ་ནས་བཟུང་བའི་ཕུར་བུ་འདེབས་བྱེད་ཀྱི་ལག་པ་གཡས་ན་གནས་པའི་རྡོ་རྗེ་ཐོ་བས་བརྡུངས་ནས་དེའི་སྔགས་གསལ་པོར་བརྗོད་ཅིང་ཐམས་ཅད་སྤངས་པར་བསམས་ལ། ཕུར་བུས་གདབ་པར་བྱའོ། །དེའི་སྔགས་ནི་ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེས་ན་ལུས་ལ་ཏིལ་མར་གྱིས་བསྐུས་པ། གོས་མེད་པ། སྐྱབས་མེད་པ། འཇིགས་པས་ཉེན་པ། སྐྲ་གྲོལ་བ། ནུས་པ་དང་བྲལ་བ། མེའི་དཀྱིལ་འཁོར་གྱི་མདུན་ན་གནས་པ། བསྲུང་བ་ཐམས་ཅད་སྤངས་པར་བསམས་ལ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་སྙིང་པོའི་འོད་ཀྱིས་སངས་རྒྱས་ཀྱི་སྤྲིན་གྱི་ཚོགས་བཀུག་ལ་རང་གི་ལུས་ལ་གཞུག་པར་བྱའོ། །དེ་ནས་དེ་ཞི་བའི་ཚུལ་ལས་ཁྲོ་བོའི་ཉམས་དང་ཆ་ལུགས་སུ་བསྒྱུར་ཏེ། ཤིན་ཏུ་ཚ་བའི་ཏིལ་མར་གྱི་ནང་དུ་ཆུ་བསིལ་བཞུགས་པ་བཞིན་དུ་ཡོངས་སུ་གྱུར་ཅིང༌། ཤིན་ཏུ་འབར་བ་ཁྲོ་བས་འཁྲུགས་པར་རྣམ་པར་འགྱུར་ཞིང༌། གཙིགས་པ་འཇིགས་སུ་རུང་བ། རྡོ་རྗེ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་


DTG044_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྣམས་པ་སྤྲོས་ཏེ། དེ་རྣམས་ཀྱིས་གཏུབས་པ་དང༌། ཅེ་སྤྱང་ལ་སོགས་པས་ཟོས་པ་དང༌། ནད་ཀྱིས་གདུངས་ཤིང་ཕྱེ་མར་བྱས་ནས་བསད་པར་བསམས་ལ། འཁྲུལ་འཁོར་དང་སྔགས་ལ་སོགས་པས་བྱའོ། །དེ་ལྟར་བསྒྲུབ་པར་བྱ་བ་བསད་ནས། བསམ་གཏན་དང་སྔགས་ལ་སོགས་པའི་ལས་ཀྱིས་ཞུ་བའི་དངོས་པོར་གྱུར་པ་དང༌། ལྷ་མོ་ཐམས་ཅད་ཀྱིས་ཡོངས་སུ་བསྐུལ་ལ། དེའི་ཚེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་གིས་མཚན་པས་མི་བསྐྱོད་རྡོ་རྗེའམ། གཞན་དག་ཏུ་སྔགས་པས་བྱའོ། །དེ་ནས་ཨོཾ་ཨཱཿབཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཞེས་བརྗོད་དེ་ཕུར་བུ་གདབ་པར་བྱའོ། །དེ་ནས་རང་རང་གི་ས་བོན་གྱི་ལྕགས་ཀྱུས་དྲངས་པའི་སྤྱན་ལ་སོགས་པའི་རིག་མ་རྣམས་ཀྱིས་ཡེ་ཤེས་རྡོ་རྗེ་ཅན་ལ་དབང་བསྐུར་ཞིང་རིག་པ་དེ་ཉིད་དུ་ཞུགས་པར་བསམ་པར་བྱའོ། །དེ་ནས་ཡེ་ཤེས་རྡོ་རྗེ་ཅན་དེ་ཉིད་ཀྱི་སྙིང་གར་བཞག་སྟེ། ཡང་དེ་བཞིན་དུ་དབང་བསྐུར་ལ། དེ་ཞུ་བར་གྱུར་ནས་ཞུགས་པ་དང༌། དེ་མི་བསྐྱོད་པའི་བདག་ཉིད་དུ་བྱ་སྟེ། མཆོད་ཅིང་བསྟོད་པ་དང་བདུད་རྩི་མྱང་བ་ལ་སོགས་པ་བྱའོ། །ཡང་དག་གསུངས་པས་ཇི་སྐད་དུ། །བཤད་པའི་ཆོ་ག་འདི་ཡིས་ནི། །མི་བསྐྱོད་རྡོ་རྗེ་སངས་རྒྱས་ཀྱི། །ཞིང་དུ་སྡིག་ཅན་ཁྲིད་འགྱུར་ཏེ། །རྨོངས་པ་འདི་ཡིས་འཆི་བ་ནི། །ཕྱིན་ཅི་ལོག་ཏུ་བཏགས་པར་ཟད། །ཆགས་དང་ཞེ་སྡང་གཏི་མུག་གིས། །གང་གིས་ལོག་པར་བཟུང་གྱུར་ནས། །འགྲོ་བ་རྣམས་ནི་གསོད་བྱས་ན། །འོག་ཏུ་བལྟས་ཏེ་མནར་མེད་སྐྱེ། །གལ་ཏེ་སེམས་ཅན་གདུག་པའི་འདོད་པའི་ལྷ་ཤེས་ན་དེའི་ཚེ་དེ་ལྟ་བུའི་སེམས་དཔའི་ཧཱུཾ་ལ་སོགས་པ་ལས་བྱུང་བ་རྡོ་རྗེ་ལ་སོགས་པའི་ཁ་སྦྱོར་གྱི་ནང་ན་གནས་པའི་རིམ་གྱིས་རང་གི་རིགས་དང་རྗེས་སུ་མཐུན་པའི་མཚན་མའི་ཁ་སྦྱར་ཕྱི་རོལ་ན་གནས་པ་མཆོག་ཏུ་ཁ་སྦྱར་བྱས་པར་འགྱུར་རོ། །གལ་ཏེ་དེའི་ལྷག་པའི་ལྷ་མ་ཤེས་ན་དེའི་ཚེ་མི་བསྐྱོད་པའི་གཟུགས་སུ་བལྟ་བར་བྱའོ། །གཞུང་གཞན་དག་ནི་རང་གི་མཚན་མ་གཅིག་གི་ནང་དུ་ཆུད་པའི་ཡེ་ཤེས་སེམས་དཔའོ་ཞེས་འདོད་དོ། །བསྒྲུབ་པར་བྱ་བ་ལ་ལས་འདི་བྱས་ནས་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས་


DTG044_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་སྦྱང་བའི་ཐབས་ཉམས་སུ་མ་བླངས་ན་འཆི་བའི་འོག་ཏུ་ངན་འགྲོར་སྐྱེ་བར་འགྱུར་ཏེ། གང་ཞིག་མངོན་པར་ཤེས་པ་ཐོབ་ཅིང༌། ཤིན་ཏུ་ཤེས་པ་དག་གིས་མངོན་སྤྱོད་ཀྱི་ལས་བྱ་བར་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཡིན་ནོ། །དེ་ཡང༌། གང་གིས་ཐོག་མཐའ་དབུས་དག་ཏུ། །སྙིང་རྗེ་ཉམས་པར་མ་གྱུར་ཅིང༌། །གང་གིས་སྙིང་རྗེ་སྔོན་བྱས་ལ། །དེ་ཡིས་བྱ་ཡི་གཞན་གྱིས་མིན། །དེ་ལ་དང་པོ་ཁོ་ནར་སྔགས་པས་བཟའ་བ་དང༌། བཅའ་བ་དང༌། གཞིབ་པ་དང༌། བལྡག་པ་ལ་སོགས་པ་རྣམ་པ་མང་པོ་སྣ་ཚོགས་པ་དང་ལྡན་པ་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། དྲིལ་བུ་ལ་སོགས་པ་ཡོངས་སུ་རྫོགས་པ་དང༌། རོལ་མོའི་སྒྲ་ཆེན་པོ་རྣམ་པ་ལྔ་བཞག་ལ། གཏོར་མ་མདུན་དུ་གཞག་པ་ནི་ཤིང་རྟའམ་ཙེལ་པོའམ་ཁུར་བུ་གཞག་པའམ་ཐ་ན་སྙིམ་པ་གསུམ་ཡན་ཆད་ཅི་འབྱོར་པའམ་མ་འབྱོར་ན་ཐམས་ཅད་ཡིད་ཀྱིས་བསྐྱེད་ལ་གཏོར་མ་ལ་བལྟས་ཏེ་སྐད་ཅིག་མ་རང་གི་ལྷ་སྐུ་མདོག་ནག་པོ་དང་ལྡན་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་སྙིང་པོའི་འོད་ཟེར་གྱིས་འཇིག་རྟེན་སྐྱོང་བ་ཐམས་ཅད་བཀུག་ལ་རང་རང་གི་གཟུགས་ཀྱིས་རང་རང་གི་ཕྱོགས་སུ་བཞག་སྟེ། རང་གི་སྙིང་གའི་འོད་ཟེར་ལས་བྱུང་བའི་ཕུར་བུ་བཅུའི་སྟེང་དུ་རང་གི་ཕྱོགས་ཀྱི་ཁྲོ་བོ་དབྱིབས་སུ་གནས་པ་ལ་ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ཤེས་རབ་དམ་པ་ལ་འཁྱུད་པ། སྲུང་བའི་འཁོར་ལོར་བཤད་པའི་མཚོན་བྱ་ལ་སོགས་པ་དང་ལྡན་པ་སྤྲོ་བར་བྱའོ། །སྤྲོས་ནས་རང་གི་ལྷག་པའི་ལྷ་མཆོག་ཁྲོས་ནས་གཡས་ན་རྡོ་རྗེ་ཐོ་བ་བསྣམས་པ། གཡོན་པས་ཕུར་བུའི་མགུལ་ནས་བཟུང་སྟེ་སྤྱི་བོ་ནས་བརྡུངས་ཤིང་སྤྱི་བོ་ནས་རྐང་པའི་མཐར་ཐུག་པའི་བར་དུ་ཕྱོགས་སྐྱོང་རྣམས་ལ་ཕུར་བུ་གདབ་པར་བྱའོ། །གསང་སྔགས་འདི་ཡང་བསྒྱིངས་པ་དང་བཅས་པས་གདོན་པར་བྱ་སྟེ། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་སརྦ་དུཥྚ་ཨིནྡྲོ་པིཎྜཱན་ས་པ་རི་བཱ་ར་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཔྲཛྙཱནྟ་


DTG044_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲྀཏ་སརྦ་དུཥྚ་ཡ་མཱན་ས་བ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཔདྨཱནྟ་ཀྲྀཏ་སརྦ་དུཥྚ་ནཱ་གཱན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿབིགྷྣཱཾ་ཏ་ཀྲྀཏ་སརྦ་དུཥྚ་ག་ན་པ་ཏི་ཀུ་བེ་རཱཎ་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཊཀྐཱི་རཱ་ཛཱན་སརྦ་དུཥྚ་ཨགྣི་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ནཱི་ལ་དཎྜ་སརྦ་དུཥྚ་ནཻ་རྲྀ་ཏྱ་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་མ་ཧཱ་བ་ལ་སརྦ་དུཥྚ་བ་ཡུ་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཨ་ཙ་ལ་སརྦ་དུཥྚ་ཨཱི་ཤ་ནཱ་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿབྲུཾ་ཙཀྲ་སརྦ་དུཥྚ་ཙནྡྲ་ཨརྐ་པ་ཏི་མ་ཧཱན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་སུཾ་བྷ་སརྦ་དུཥྚ་བེ་མ་ཙི་ཏྲ་པྲྀ་ཐྭི་དེ་བ་ཏཱན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་ལྟར་ཕུར་བུ་བཏབ་པའི་རྗེས་ཐོགས་ལ་གསང་བ་འདུས་པའི་ལྷའི་རྣམ་པར་གྱུར་ཏོ། །དེ་ནས་འདི་རྣམས་ཀྱི་མཚན་མ་ལ་སོགས་པ་བཤད་པར་བྱ་སྟེ། རྡོ་རྗེ་མཚོན་ཆ་ནི་ལུས་དང་གདོང་དང་པོ་སེར་པོ། གཡས་ནག་པོ། གཡོན་དཀར་པོ། ལག་པ་གཡས་གཉིས་ན་རྡོ་རྗེ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་ཐོགས་པ། ཟླ་བའི་སྟེང་ན་འདུག་པ། རིན་པོ་ཆེའི་ཅོད་པན་གྱི་སྟེང་དུ་མི་བསྐྱོད་པས་མཚན་པ། མིག་སྟོང་དང་ལྡན་བཤར་དུ་གནས་པར་བསམ་པར་བྱའོ། །དེ་དང་ཧ་ཅང་མི་རིང་བའི་གཡོན་ལོགས་སུ་རྡོ་རྗེ་སྒྱུ་མ་སྔོན་པོ། གདོང་གཡས་དཀར་པོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་འཁོར་ལོ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་དུང་དང་པདྨ་ཐོགས་པ། ཉི་མའི་སྟན་ལ་གནས་པ། ཉི་མའི་འོད་ཡོད་པ། མི་བསྐྱོད་པའི་ཅོད་པན་ཅན་ནོ། །མེའི་ཕྱོགས་སུ་རྡོ་རྗེ་སྔོན་པོ་མེ། གདོང་དང་པོ་དང་ལུས་མདོག་དམར་པོ། གདོང་གཡས་སྔོན་པོ། གཡོན་དཀར་པོ། ལག་པ་གཡས་གཉིས་ན་བགྲང་ཕྲེང་དང་མི་འཇིགས་པ་སྟེ། ལག་པ་གཡོན་གཉིས་ན་དབྱིག་པ་དང་གུནྡྷེ་ཐོགས་པ་མིག་དམར་བ། ཉི་མའི་སྟན་ལ་འདུག་པ། ཉི་མའི་འོད་ཡོད་པ། མི་བསྐྱོད་པའི་ཅོད་པན་ཅན་ནོ། །བདེན་བྲལ་གྱི་ཕྱོགས་སུ་རྡོ་རྗེ་གཏུན་ཤིང་མདོག་ནག་པོ། གདོང་གཡས་དཀར་པོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་གྲི་གུག་


DTG044_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་ཁྲག་གིས་བཀང་བའི་ཐོད་པ་ཐོགས་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཨག་ཚོམ་གྱི་ཕྲེང་བས་རྣམ་པར་མཛེས་པ། ཉི་མའི་སྟན་ལ་གཡོན་བརྐྱང་བས་གནས་པ། མི་བསྐྱོད་པའི་ཅོད་པན་ཅན་ནོ། །ནུབ་ཕྱོགས་སུ་རྡོ་རྗེ་སྐུ་མདོག་དཀར་པོ། གདོང་གཡས་སྔོན་པོ། གཡོན་དམར་པོ། ལག་པ་གཉིས་ན་སྤྲུལ་གྱི་ཞགས་པ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་ཐོགས་པ། ཟླ་བའི་སྟེང་དང་པདྨའི་འོད་ཡོད་པ་འོད་དཔག་མེད་ཀྱི་ཅོད་པན་ཅན་ནོ། །རླུང་གི་ཕྱོགས་སུ་རྡོ་རྗེ་རླུང་མདོག་ལྗང་གུ་གདོང་གཡས་སྔོན་པོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་གོས་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་ཐོགས་པ། ཟླ་བའི་སྟན་དང་ཟླ་བའི་འོད་ཡོད་པ། དོན་ཡོད་གྲུབ་པའི་ཅོད་པན་ཅན་ནོ། །དེ་དང་ཧ་ཅང་མི་རིང་བའི་གཡོན་ལོགས་སུ་རྡོ་རྗེ་སྣ་མདོག་དཀར་པོ། གདོང་གཡས་སྔོན་པོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་ལ་དུ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་ཆང་གིས་བཀང་བའི་ཁམ་ཕོར་ཐོགས་པ། ཟླ་བའི་སྟན་ལ་འདུག་ཅིང་ཉི་མའི་འོད་ཡོད་པ། མི་བསྐྱོད་པའི་ཅོད་པན་ཅན་ནོ། །བྱང་ཕྱོགས་སུ་རྡོ་རྗེ་འཇིགས་བྱེད་མདོག་སེར་པོ། གདོང་གཡས་ནག་པོ། གཡོན་དཀར་པོ། ལག་པ་གཡས་གཉིས་ན་བི་ཛ་པཱུ་ར་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་པདྨ་དང་ནེའུ་ལེ་ཐོགས་པ། ཉི་མའི་སྟན་ལ་འདུག་ཅིང་ཉི་མའི་འོད་ཡོད་པ། མི་བསྐྱོད་པའི་ཅོད་པན་ཅན་ནོ། །དབང་ལྡན་གྱི་ཕྱོགས་སུ་རྡོ་རྗེ་ཁྲོ་བོ་མདོག་དཀར་པོ། གདོང་གཡས་སྔོན་པོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་རྩེ་གསུམ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་བསྣམས་པ། མིའི་རུས་པའི་རྒྱན་ཅན་ཟླ་བའི་སྟན་ལ་འདུག་ཅིང་ཟླ་བའི་འོད་དང་རྒྱན་ཡོད་པ་འོད་དཔག་ཏུ་མེད་པའི་ཅོད་པན་ཅན་ནོ། །སྟེང་གི་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་འོད་མདོག་དཀར་པོ། གདོང་གཡས་སྔོན་པོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་པདྨ་དམར་པོ་དང་


DTG044_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་འཁོར་ལོ་ཐོགས་པ། ཟླ་བའི་སྟན་ལ་འདུག་ཅིང་ཟླ་བའི་འོད་ཡོད་པ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །དེ་ཉིད་ཀྱི་གཡོན་ལོགས་སུ་རྡོ་རྗེ་འཁྱིལ་པ་མདོག་དམར་པོ། གདོང་གཡས་སྔོན་པོ། གཡོན་དཀར་པོ། ལག་པ་གཡས་གཉིས་ན་པདྨ་དམར་པོ་དང་རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་འཁོར་ལོ་ཐོགས་པ། ཉི་མའི་སྟན་ལ་འདུག་ཅིང་ཉི་མའི་འོད་ཡོད་པ། རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་ནོ། །འདི་ཉིད་ཀྱི་གཡོན་ལོགས་སུ་རྡོ་རྗེ་མི་སྨྲ་བ་མདོག་སེར་པོ། །གདོང་གཡས་ནག་པོ། གཡོན་དཀར་པོ། ལག་པ་གཡས་གཉིས་ན་པདྨ་སེར་པོ་དང༌། རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་འཁོར་ལོ་ཐོགས་པ། ཟླ་བའི་གདན་ལ་འདུག་ཅིང་ཟླ་བའི་འོད་ཡོད་པ། རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་ནོ། །འོག་ཏུ་ཐགས་བཟངས་རིས་མདོག་སྔོན་པོ། གདོང་གཡས་དཀར་པོ། གཡོན་དམར་པོ། ལག་པ་གཡས་གཉིས་ན་རྡོ་རྗེ་དང་འཁོར་ལོ་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་ཐོགས་པ། ཉི་མའི་གདན་ལ་འདུག་ཅིང་ཉི་མའི་འོད་ཡོད་པ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །དེའི་གཡོན་ལོགས་སུ་སའི་ལྷ་མོ་མདོག་སེར་བ། གདོང་གཡས་སྔོ་བ། གཡོན་དཀར་བ། ལག་པ་དང་པོ་གཉིས་ཀྱིས་རང་སྣང་བ་ལ་འཁྱུད་པ་ལྷུར་བྱེད་པ། གཡས་གཉིས་ན་པདྨ་སེར་པོ་དང༌། རལ་གྲི་ཐོགས་པ། གཡོན་གཉིས་ན་རིན་པོ་ཆེ་དང་འཁོར་ལོ་ཐོགས་པ། ཟླ་བའི་གདན་ལ་འདུག་ཅིང་ཟླ་བའི་འོད་ཡོད་པ། རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་ནོ། །འདི་དག་ཐམས་ཅད་ཀྱང་སྣ་ཚོགས་པདྨའི་སྟེང་ན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ལག་པ་དང་པོ་གཉིས་ཀྱིས་རང་སྣང་ལ་འཁྱུད་པའི་རིན་པོ་ཆེའི་ཅོད་པན་ཅན་ནོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་ལྷའི་གོས་དང་ཕྲེང་བ་དང༌། བྱུག་པ་དང་ལྡན་པ། མཚན་དང་དཔེ་བྱད་ཉེ་བར་འབར་བ། ཕྱག་རྒྱ་བཞིས་རྒྱས་བཏབ་པ་སྟེ། དེ་ལྟ་བུར་གྱུར་པ་བདེ་བར་གཤེགས་པ་དང་འདྲ་བར་བསམས་ལ། འདོད་པའི་ལྷ་སྐུ་མདོག་སྔོན་པོ་ཡོངས་སུ་གྱུར་ཏེ། ལྷན་ཅིག་སྐྱེས་པའི་མདོག་དང་ལྡན་པའི་འདོད་པའི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པར་བཤད་པའི་ཆོ་གས་ཤེས་རབ་ཀྱི་བ་སྤུ་རེ་རེ་ནས་བྱུང་བ། འོད་ཟེར་


DTG044_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རྒྱ་ཆེན་པོ་འཐོན་པ་ལས་བྱུང་བའི་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་དང་དེ་བཞིན་དུ་ཕྱིའི་དྲི་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མཆོད་ལ། སྔར་ཡང་དག་པར་བརྟགས་པའི་གཏོར་མ་བདུད་རྩི་ལྔ་དང་ལྡན་པ་ལ་གཏོར་མའི་སྔགས་མངོན་པར་བཟླས་པས་ཚིམ་པར་བྱ་ཞིང༌། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །ཞེས་བྱ་བའི་ཚིགས་སུ་བཅད་པས་བསྟོད་ལ། དགའ་ཞིང་མགུ་ནས་མངོན་པར་འདོད་པའི་དངོས་གྲུབ་སྟེར་བར་བརྩོན་པ་རྣམས་ལ་གསོལ་བ་བཏབ་ནས་བཟོད་པ་གསོལ་ཏེ་སྔགས་འདིས་གཤེགས་སུ་གསོལ་བར་བྱ་སྟེ། ཨོཾ་ཨཱཿཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱཏ་ཧཱུཾ་མུཿཞེས་པས་སོ། །ཚོན་དང་ལྷ་རྣམས་ཀྱི་མཚན་མ་དང༌། སྙིང་པོ་ལ་སོགས་པ་འདི་ཉིད་ཀྱིས་གཤེགས་སུ་གསོལ་པར་བྱའོ། །ཨོཾ་ཨཱཿསརྦ་ཏྲཻ་དྷྭ་ཛ་ད་ཤ་དི་ཀ་ལོ་ཀ་དྷཱ་ཏུ་ཨཱ་ནནྟ་ག་ག་ན། ས་མུ་དྲ་མེ་གྷ་བྱཱུ་ཧ་པྲ་ས་ར་པ་ར་མཱ་ནུ་ཛོ་མཎྜལ། པ་རཾ་པ་ར་ཨནྟརྒ་ཏ་ས་མ་པཏྟྱཱ་བ་སྠཱི་ཏཱཿ། དྷཱརྨ་དྷཱ་ཏུ་སཾ་བ་ས་ར་ཨཱ་ཀཱ་ཤ་དྷཱ་ཏུ་པཪྻ་བཱ་ས་ན། སརྦ་ཏྲྱ་དྷྭ་ཛ་ད་ཤ་དིཀ་ལོ་ཀ་དྷཱ་ཏུ་ཨཱ་ནནྟ་ག་ག་ན། ས་མུ་དྲ་མེ་གྷ་ན་བྱཱུ་ཧ་པྲ་ས་ར་ག་ག་ན་ས་མཱ། སརྦ་ལོ་ཀ་པཱ་ལ་སརྦ་སཏྭཱཤྩ། ཏདྱ་ཐཱ། བཛྲཱ་ཡུ་དྷ། མཱ་ཡ་བཛྲ་བཛྲཱ་ན་ལ། བཛྲ་ཀཱ་ལ། བཛྲ་མུ་ཥ་ལ། ནཱ་ག་བཛྲ། བཛྲཱ་ནཱི་ལ། བཛྲ་ཤོཎྜ། བཛྲ་བྷཻ་ར་བ། བཛྲ་ཀྲོ་དྷཱ། བཛྲ་པྲ་ཕཱ། བཛྲ་ཀུཎྜ་ལི། མཱུ་ན་བཛྲ། པི་མ་ཙི་ཏྲ། པྲྀ་ཐྭཱི་དེ་བ་ཏཱ། ས་པ་རི་བཱ་ར་ཨི་དན། པུཥྤ། དྷཱུ་པ། དཱི་པ། གནྡྷ། ནཻ་བི་དྱཱ་དི་སཾ་ཡུ་ཀྟཾ། བ་ལིཾ་ཨུ་པ་ཧ་རཾ་པྲ་ཏཱིཙྪ། ཨུ་པ་བྷུ་ཛྱ་མ་མ་སརྦ་སཏྭཱ་ནཱཉྩ། ཧི་ར་ཎྱ་སུ་བརྞ། དྷ་ན་དྷཱ་ནྱ། ཨཱ་ཡུཿཡོ་བ་ན་ཨ་རོ་གྱ། སཚུ་ཁ་ཨཱ་པ་ཧ་ར་ཀཱན་སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱན། སརྦ་དུཥྜཱན་པྲ་དུཥྚཱན། མ་ནུཥྱ་ཨ་མ་ནུཥྱཱ་ན། ཛཾ་བྷ་ཡ་སྟཾ་བྷ་ཡ། བནྡྷ་ཡ། བིདྷྭནྶཱ་ཡ་མ་མ་ཧི་ར་ཎྱ་སུ་བརྞ། དྷ་ན་དྷཱ་ནྱ། ཨཱ་ཡུཿཡོ་བ་ན། ཨ་རོ་གྱ། སཚུ་ཁཱ་ནི་མ་ཧཱ་སུ་ཁཱ་ནི། པྲ་བྲྀདྡྷ་ཡེ། ཡཱ་བ་ད་ཨཱ་བོ་དྷི་མཎྜ་པཪྻནྟཾ། ཌྷཽ་ཀ་ཡ་ཏྱ་མ་ཏ་ས་ཧ་ཡི་ཏྭཾ། ཤཱནྟིཾ་རཀྵཱཉྩ་ཀུ་རུ་ཧཱུཾ། ཨོཾ་ཨཱཿཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཱཾ་ཨཱ་དྱ་ནུཏྤ་ནྣ་ཏྭཱཏ་ཧཱུཾ་ཕཊ་སྭཱ་ཧཱ་ཧཱུཾ། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཕྱོགས་དང་མཚམས་རྣམས་སུ་མཎྜལ་ཟླུམ་པོ་བྱའོ། །དབང་ལྡན་དང་དབང་པོའི་མཎྜལ་གྱི་བར་དུ་ཟླ་བ་དང་ཉི་མ་དང༌། ཚངས་པ་ཆེན་པོའི་མཎྜལ་གཅིག་བྱའོ། །དེ་བཞིན་དུ་སྲིན་པོ་དང༌། ཆུ་ལྷའི་མཎྜལ་གྱི་


DTG044_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཐགས་བཟང་ས་རིས་དང༌། ས་ཡི་ལྷ་མོའ་མཎྜལ་གཅིག་བྱའོ། །དེར་རྡོ་རྗེ་མཚོན་ཆ་ལ་སོགས་པ་ལ་སྔགས་ཀྱིས་མངོན་པར་བསྔགས་ཏེ། གཏོར་མ་དང༌། དྲི་དང༌། མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། ཆང་ལ་སོགས་པ་དབུལ་བར་བྱའོ། །རིག་པའི་དབང་བསྐུར་བ་དང༌། ཕྱིར་མི་ལྡོག་པའི་དབང་བསྐུར་བ་འདི་གཉིས་ནི་བུམ་པའི་དབང་བསྐུར་བ་སྟེ། དང་པོར་བཤད་པ་ཡིན་ནོ། །དེ་ནས་ཀྱེ་མ་བདེ་བ་ཞེས་བརྗོད་དེ། སེམས་ཀྱི་དམ་པ་མྱང་བ་ནི་གཉིས་པའོ། །རྨོངས་པ་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་ཉམས་སུ་བླང་བ་གསུམ་པའོ། །བདག་གི་སྟོན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་བྱེད་པས་དེ་ཡང་ཞེས་བྱ་བའི་ཚིགས་སུ་བཅད་པའི་དོན་ཡང་བཤད་པ་ནི་བཞི་པའོ། །སྔར་བཤད་པའི་བྲིས་པའི་དཀྱིལ་འཁོར་རམ། ཡིད་ཀྱིས་བརྟགས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རམ། རས་ཀྱི་རི་མོ་ལ་དམིགས་པ་ཡང་རུང་སྟེ། གཙང་ཞིང་ཉམས་དགའ་བ་རྣམ་པར་དབེན་པའི་ས་ཕྱོགས་སུ་བུམ་པའི་དབང་བསྐུར་བ་ཐོབ་པའི་སློབ་མ་སྔགས་དང་རྒྱུད་ལེགས་པར་བསླབ་པ་བཞིན་ལེགས་པ་མི་གཡེངས་བ། དེ་ཁོ་ན་ཉིད་རིག་པ་ལ་བརྩོན་པ་དང་དམ་ཚིག་བསྲུང་བ་ལ་བརྩོན་པ། རང་གི་རིགས་སམ་གཞན་ཡང་རུང་སྟེ། རྒྱུད་ལས་བཤད་པའི་བདེན་པའི་རྒྱུ་ཐམས་ཅད་དང་ལྡན་པ་རྡོ་རྗེ་སློབ་དཔོན་ལ་དབུལ་བར་བྱའོ། །དེ་ནས་དེ་གཡོན་ལོགས་སུ་གནས་པ་དང་ལྷན་ཅིག་བཞུགས་པའི་བླ་མ་ལ། འོ་མ་དང་མར་མེ་དང་བསྙེན་བཀུར་བ་དང༌། དྲི་དང་ཕྲེང་བ་ལ་སོགས་པ་རྒྱ་ཆེན་པོས་མཆོད་ལ་ཕྱི་རོལ་གྱི་ཡོ་བྱད་བླ་ན་ཡོད་པའི་མཆོད་པ་དང་བཅས་པས་ཀྱང་ཡང་དག་པར་མཆོད་ལ་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས་ཐལ་མོ་སྦྱར་ལ། སློབ་དཔོན་ཆེན་པོ་ལ་གསོལ་བ་གདབ་པར་བྱ་སྟེ། ཁྱེད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བླ་མེད་བྱ་བ་བདག་གིས་རིག །ད་ཡང་དབང་བསྐུར་རིན་ཆེན་གྱིས། །མགོན་པོ་རྗེས་སུ་བཟུང་བར་མཛོད། །བདེ་ཆེན་དཔལ་གྱི་མགོན་པོ་ཡིས། །སངས་རྒྱས་སྐྱོབ་པ་ཇི་ལྟར་ནི། །བདག་པོའི་དེ་ཉིད་སྟོན་མཛད་པ། །དེ་བཞིན་བདག་ལ་མགོན་དགྱེས་མཛོད། །སྡུག་བསྔལ་ཀུན་གྱི་གནས་གྱུར་པའི། །དམྱལ་ལས་གཙོ་བོས་


DTG044_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་དུ་གསོལ། །སྡུག་བསྔལ་ཐམས་ཅད་བཅད་པ་དང༌། །མགོན་མེད་པ་ལ་སྙིང་རྗེ་མཛོད། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོན་དཔའ་བོ་ཐུབ་ཆེན་པོ། །དེ་བས་སངས་རྒྱས་མཆོག་བརྙེས་མཛོད། །དེ་ལྟར་གསོལ་བའི་ཆོ་ག་མཆོག ། དམ་པ་དེ་ནི་ཐོས་གྱུར་ནས། །བླ་མ་དཔལ་ལྡན་ཡོན་ཏན་མཚོས། །སྙིང་རྗེ་སློབ་པ་ལ་བསྐྱེད་ལ། །བཞིན་ནི་རབ་ཏུ་དང་གྱུར་པས། །རང་གི་བརྩེ་བ་རབ་དགའ་ཞིང༌། །རྣལ་འབྱོར་རྒྱུད་ལས་འབྱུང་བའི་མཆོག །དམ་ཚིག་བཟང་པོ་བསྟན་པར་བྱ། །སྲོག་ཆགས་བུ་ཁྱོད་ཀྱིས་སོད་ཅིག །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །གཞན་གྱི་ཆུང་མ་བསྟེན་པར་བྱ། །དམ་ཚིག་སྡོམ་པ་མཆོག་བཞི་ནི། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ། །དྲི་ཆུ་བཤང་དང་ཤ་མཚལ་ཆེན། །ལྔ་པ་སེམས་ལས་བྱུང་བ་དང༌། །ཁྱི་མི་རྟ་དང་གླང་ཆེན་བ། །སྦྱང་བ་ལ་སོགས་ཆོ་གས་ནི། །ཁྱོད་ཀྱིས་རྟག་ཏུ་བཟའ་བྱ་སྟེ། །དམ་ཚིག་འདི་ནི་རྨད་བྱུང་བའོ། །དེ་ནས་སྔར་བཤད་པའི་དཀྱིལ་འཁོར་ཉིད་དུ་བསྒོམས་པས་ཡོངས་སུ་བརྟགས་པའི་དཀྱིལ་འཁོར་ལ་སློབ་དཔོན་ལྷ་ཐམས་ཅད་ཀྱི་འཁོར་ལོའི་དབུས་སུ་གནས་ཏེ་རང་གི་ལྷག་པའི་ལྷའི་སྦྱོར་བ་ཇི་ལྟ་བུ་དང་ལྡན་པས་རང་གི་རིག་མའི་པདྨར་བདུད་རྩི་རྣམ་པ་ལྔ་བཅུག་སྟེ། མན་ངག་ཇི་ལྟ་བ་བཞིན་དུ་དེའི་རྣལ་འབྱོར་དང་ལྡན་པས། །དབང་བསྐུར་བར་བྱ་བའི་རང་གི་ལྷག་པའི་ལྷ་སྤྲོས་ནས་དེས་སེམས་ཅན་གྱི་དོན་བྱེད་དུ་བཅུག་སྟེ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། དེའི་རྣམ་པར་གྱུར་པས་སློབ་མ་ཡང་དེའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། མིག་ལ་སོགས་པ་རང་གི་ལྷ་དང་ལྡན་པར་བསྒོམས་ཏེ། རང་གི་བ་སྤུའི་བུ་ག་རྣམས་ལས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུའི་ཚོགས་ཀྱིས་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། རང་གི་ལུས་ལ་བཅུག་ནས་ལས་ལ་གནས་པ་ཞུ་བར་གྱུར་ཏེ། མཆོག་ཏུ་དགའ་བ་ནི་གནས་སྐབས་ན། རྡོ་རྗེའི་ལམ་ནས་བྱུང་ནས་མཐེ་བོ་དང་སྲིན་ལག་གིས་བཟུང་སྟེ། སློབ་མའི་ཁ་རུ་སྦྱིན་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པའི་སློབ་མས་བདེ་བ་ཆེ་ཞེས་བརྗོད་ནས་སེམས་ལས་བྱུང་བ་


DTG044_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཏུང་བར་བྱའོ། །འདི་ནི་རྡོ་རྗེ་ཅན་ཀུན་གྱི། །དབང་བསྐུར་ཆོ་ག་མཆོག་ཡིན་ཏེ། །སྔགས་འདི་ཐམས་ཅད་གྲུབ་པ་དང༌། །ལས་ཀྱི་མཆོག་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ནི་གཉིས་པའོ། །དེ་ནས་པདྨ་ལ་གནས་བླ། །མེ་ཏོག་དང་ལྡན་སེམས་བྱུང་བ། །རང་གི་ཁ་ཡིས་མཆོད་དོན་དང༌། །རྡོ་རྗེར་སོན་པའི་རིག་མའི་ཁས། །མི་ཡི་ཐོད་པའི་ནང་བླུགས་པ། །དྲི་ཆེན་དྲི་ཆུ་ཤ་ལྡན་པ། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ནས་དེའམ་གཞན་ཤིན་ཏུ་དད་པ་དང་ལྡན་པ། ཤེས་རབ་ཆེ་བ། གཟུགས་བཟང་བ། སྒྲུབ་པ་པོ་ལ་དགའ་བ། སྦྱོར་བ་གཅིག་པའི་བྱ་བ་ལ་གོམས་པ། དམ་ཚིག་ཤེས་ཤིང་ལེགས་སྤྲས་པ། །བླ་མ་ལ་ནི་སྒྲུབ་པ་པོས། །ཡོན་གྱི་དོན་དུ་དབུལ་བར་བྱ། །ཡང་སློབ་མས་བླ་མ་ལ་གསོལ་བ་བཏབ་ལ་མཆོད་པ་ལ་སོགས་པ་བྱས་ཏེ། བླ་མས་བྱིན་གྱིས་བརླབས་ནས་ཕྱག་རྒྱ་དེ་སློབ་པའི་ཆེད་དུ་སྦྱིན་པར་བྱའོ། །མེ་ཏོག་ལ་སོགས་དམ་ཚིག་ལྡན། །སངས་རྒྱས་སོགས་པར་བྱིན་གྱིས་བརླབས། །དེ་དང་རྣལ་འབྱོར་སྙོམས་འཇུག་ཅིང༌། །བླ་ན་ཡོད་དང་བཅས་པས་མཆོད། །སློབ་མ་ཕྱི་རོལ་མཆོད་པ་ཡིས། །རྡོ་རྗེ་འཛིན་ནི་གཉིས་པ་བཞིན། །བཀྲ་ཤིས་སྣ་ཚོགས་སྒྲོགས་པ་དང༌། །རོལ་མོའི་སྒྲ་ནི་དུ་མ་དང༌། རྔ་ཡབ་རྒྱལ་མཚན་གདུགས་ལ་སོགས། །མེ་ཏོག་ཕྲེང་བཟང་ཙནྡན་སོགས། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས། །བརྟན་ཞིང་མཉམ་པར་བཞག་ནས་སུ། །དེ་ལ་ཆོ་ག་བཞིན་དབང་བསྐུར། །མེ་ཏོག་ཕྲེང་ཐོགས་བཞི་ཐལ་སྦྱར། །དེར་སློབ་དཔོན་རང་གི་བདག་པོའི་སྦྱོར་བ་དང་ལྡན་པས་སློབ་མ་ཡང་དེའི་སྦྱོར་བ་དང་ལྡན་པར་བྱེད་དུ་བཅུག་ལ་མཉམ་པར་བཞག་ནས་རང་གི་རིགས་ཀྱི་སའི་སྤྲིན་རྣམས་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་གང་བའི་ཆུ་ཤེལ་གྱི་བུམ་པ་ཐོགས་པ་སྤྲོས་ཏེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ཕབ་པས་དབང་བསྐུར་བ་སྩོལ་ནས་དེ་དག་ཐམས་ཅད་མཆོག་ཏུ་བདེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་ཞུ་བར་གྱུར་ཏེ། ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་རེད་ནས་སློབ་མའི་ལུས་ལ་ཞུགས་པ་དང་དེ་ཡང་ལྷའི་ལུས་བདེ་བ་ཆེན་པོའི་ངོ་བོ་ཉིད་དུ་གྱུར་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་འདི་སྟོན་པ་ཡིན་ཏེ། རྨོངས་པའི་གཏི་མུག་སྦྱོར་བ་ཅན། །ཞེས་བྱ་བ་ནས། ཤེས་རབ་


DTG044_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བདག་ཉིད་འགྱུར། །ཞེས་བྱ་བའི་བར་ནི་གསུམ་པ་ཡིན་ནོ། །དེ་ལར་གནས་པའི་རིག་མ་ཡི། །དེ་ཚེ་བླ་མས་ལག་བཟུང་ནས། །སློབ་མ་ཡི་ནི་ལག་ཏུ་གཏད། །དེ་བཞིན་གཤེགས་པ་དབང་དུ་སྩོལ། །བདག་གིས་དེ་རིང་ནས་བརྩམས་ནས། །སྒྲུབ་པ་པོ་ལ་བུ་མོ་གཏད། །བྱང་ཆུབ་ཆེན་པོ་བསྒྲུབ་པའི་ཕྱིར། །དེ་བཞིན་གཤེགས་པ་མཁྱེན་པར་གསོལ། །ཞེས་སོ། །དེ་ནས་དེ་ལ། གཟུངས་མ་དེ་ཉིད་ཉམས་དགའ་བ། །ཁྱོད་ཀྱིས་རྟག་ཏུ་བསྒྲུབ་པར་བྱ། །ཞེས་བརྗོད་དོ། །ལག་པར་གཏད་ནས་ཞེས་པ་ནས་མཆོག་མ་ཡིན་ཞེས་བྱ་བའི་བར་ཏེ་འདི་ནི་བཞི་པའོ། །དེ་ནས་བརྩམས་ཏེ་དེ་ལ་ནི། །གསང་བའི་མཆོག་ནི་བཤད་པར་བྱ། །རྒྱུད་ཀུན་དུ་ནི་གང་སྦས་པ། །ཡི་གེ་ཕྱག་རྒྱ་སྦས་རྣམས་ཀྱང༌། །བཤད་མ་ཐག་པའི་ཆོ་གས་འདི་ལ་བྱིན་གྱིས་བརླབས་ལ་དེ་ལ་བླ་མས་སྦྱིན་པར་བྱ་སྟེ། འདི་ནི་སངས་རྒྱས་མ་རུ་བ་སྒྲགས་། །ཞེས་བྱ་བའི་ཕྱིར་དང༌། རྡོ་རྗེ་འཛིན་པའི་སྤྲུལ་པའི་བདག་ཉིད་བླ་མ་དང་འབྲེལ་པ་དེ་མ་ཐག་ཏུ་ལོངས་སྤྱོད་པའི་ཕྱིར་རོ། །སེམས་ཅན་ཁམས་ནི་དཔག་མེད་པ། །ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ནོ། །དེ་ཉིད་གསུམ་དང་སྦྱིན་པ་སྤེལ། །ཞེས་བྱ་བའི་དོན་ནི་འབྱིན་པའི་སྔགས་དེ་ཁོ་ན་ཉིད་གསུམ་དང་སྤེལ་བར་བྱ་སྟེ། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ། ཞེས་བྱ་བ་ལ་སོགས་པའོ། །སྙིང་པོའི་ས་བོན་ཡང༌། ཡི་གེ་གསུམ་དང་སྤེལ་ན་སྔགས་སུ་འགྱུར་ཏེ། ཨོཾ་ཨཱཿབྲུཾ་ཧཱུཾ་ཞེས་བྱ་བ་ལ་སོགས་པའོ། །སྙིང་པོ་མི་ཤེས་པ་དག་ནི་མིང་གི་ཡི་གེའི་ནང་ན་གང་དང་པོ་ཡོད་པ་དེ་ཐིག་ལེ་དང་བཅས་ནས་སྙིང་པོའི་ས་བོན་དུ་འགྱུར་ཏེ། དེ་བ་དཏྟྭ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ལ་སོགས་པའོ། །ཕྲེང་བའི་སྔགས་ཀྱང་ཡི་གེ་གསུམ་དང་སྤེལ་ན་སྔགས་ཞེས་བྱ་བའི་མིང་ཐོབ་སྟེ། ཨོཾ་ཨཱཿ་ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦརྠ་སཱ་དྷ་ནཾ་སྭཱ་ཧཱ་ཧཱུཾ་ཞེས་བྱའོ་ཞེས་ལ་ལ་འདོད་དོ། །གཞན་དག་ནི་ཕྲེང་བའི་སྔགས་རྣམས་ནི་སྒྲ་ཇི་བཞིན་དུ་བྱའོ་ཞེས་ཟེར་རོ། །རྒྱས་པ་ལ་སོགས་པའི་དུས་སུ་ནི་སྭཱ་ཧཱའི་གནས་སུ་ཨོཾ་ལ་སོགས་པར་འགྱུར་ཏེ། པུཥྚིཾ་ཀུ་རུ་ཨོཾ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སིདྡྷི་མེ་བ་ཤིཾ་ཀུ་རུ་ཧོ། །ཨཱ་ཀཪྵ་ཡ་ཛཿབཻ་དེ་ཤ་ཡ་ཧཱུཾ། ཨུཙྪ་ཊ་ཡ་ཕཊ། ཨུཙྪ་ཊ་ཡ་ཧཱུཾ། ཨུཙྪ་ཊ་ཡ་ཧཱུཾ་


DTG044_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་ཅེས་བྱ་བ་གང་ཡང་རུང་བའོ། །མཱ་ར་ཡ་ཕཊ། དེ་སྐད་དུ་བརྗོད་པ་རྒྱས་པ་དང་ཞི་བ་ལ་སོགས་པ་ནི་སྔགས་ཀྱི་མཐའ་མར་བསྐུལ་བའི་ཚིག་གཞུག་པར་བཤད་པ་ནི་འདི་དག་གིས་བྱའོ་ཞེས་པའོ། །ཡང་ཞེས་བྱ་བའི་སྒྲས་ནི་མིང་ནང་དུ་ཆུད་པས་ཐོག་མ་དང་ཐ་མར་འདི་དག་སྤེལ་བར་བྱའོ་ཞེས་ཕྱོགས་གཉིས་པ་སྟོན་པ་ཡིན་ཏེ། སྭཱ་ཧཱ་དེ་བ་དཏྟྭ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་རྒྱས་པའི་ལས་རྣམས་ལ་ཡང་ངོ༌། །ཇི་ལྟ་བ་བཞིན་དུ་གནས་པའི་སྔགས་ཉིད་ལས་ཐམས་ཅད་བྱེད་དེ། པུཥྚིཾ་ཀུ་རུ་ཞེས་བྱ་བ་ལ་སོགས་པ་སྤེལ་བར་གཞན་དག་གོ །ཡང་ཞི་བ་ལ་སོགས་པ་བསྐུལ་བའི་དབང་གིས་ལས་གང་བྱེད་པར་གྱུར་པ་དེ་ནི་རིག་པ་ཞེས་བྱ་བ་སྟེ། ཨོཾ་ཨཱཿ་ཛིན་ཛིཀ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཧཱུཾ། ཞེས་བྱ་བ་ལ་སོགས་པའོ། །ཕྲེང་བའི་སྔགས་ཀྱང་རིག་པ་ཞེས་བྱ་སྟེ། དེ་ལས་བཤད་པའི་ལས་རྣམས་བྱེད་པའོ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་གསལ་ཞེས་བྱ་བ་ལ་སོགས་པ་ལ་རླུང་དང་ཆུ་དང༌། དབང་ཆེན་དང༌། མེའི་དཀྱིལ་འཁོར་ལ་སོགས་པའི་སྐུ་ལ་སོགས་པའི་ས་བོན་བསམ་པར་བྱའོ་ཞེས་ལ་ལ་ཟེར་རོ། །རྡོ་རྗེ་ཞེས་པ་ནི་མི་ཤིགས་པ་ཡིན་པས་ཟླ་བའི་དཀྱིལ་འཁོར་བཞིན་ནོ། །གསལ་བ་ཞེས་པ་ཡང་དེ་བཞིན་ནོ། །ཆོས་ཞེས་བྱ་བ་ཡང་རང་གི་མཚན་ཉིད་འཛིན་པ་ཡིན་པས་ཟླ་བའི་གཟུགས་སོ། །དེར་འཁོར་ལོ་ཞེས་བྱ་བ་ནི་སྟན་དེར་ཡེ་ཤེས་སེམས་དཔའི་ས་བོན་གང་སྔར་གནས་པའི་ཟླ་བའི་གདན་ནམ་ཉི་མའི་གདན་ནོ། །དེ་སྐད་དུ་ལེའུ་བཅོ་བརྒྱད་པ་ལས་བཟླས་པ་ལ་ནི་སྤྲོ་བ་དང༌། བསྡུ་ཞེས་བྱ་བ་ལ་སོགས་པ་ནས་དེ་ཉིད་བསྐུལ་བར་སྨྲ་བའོ་ཞེས་བྱ་བའི་ཕྱིར་རོ། །སྣ་ཚོགས་ཞེས་པ་ནི་སྣ་ཚོགས་པའི་རང་བཞིན་ཡེ་ཤེས་སེམས་དཔའི་ས་བོན་ནོ། །དུས་གསུམ་ས་བོན་ནི་ཡི་གེ་གསུམ་དང་ལྷན་ཅིག་ཏུ་བཟླས་པའོ། །ལེའུ་བཅུ་གསུམ་པ་ལས་གསུངས་པ། དམ་ཚིག་དེ་ནི་རྡོ་རྗེ་གསུམ། །དབུ་མའི་དམ་ཚིག་རྡོ་རྗེ་ཅན། །དེ་ཉིད་དམ་ཚིག་རྡོ་རྗེ་ཡི། །བཟླས་པ་མ་ནིང་ཞེས་བརྗོད་དོ། །རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྣམས་སོ། །དམ་ཚིག་ཅེས་བྱ་བ་ནི་འདའ་བར་མི་བྱ་བའོ། །དེ་ཁོ་ན་ཉིད་ནི་ས་བོན་ཏེ། ཨོཾ་ཨཱཿཧཱུཾ་ཞེས་པའོ། །དམ་ཚིག་རྡོ་རྗེ་ཅན་རྣམས་ནི། །དམ་ཚིག་སེམས་དཔའི་དེ་ཁོ་ན་ཉིད་ཡིན་ལ། སྙིང་པོ་དང་


DTG044_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པ་དང་ཕྲེང་བའི་སྔགས་ཀྱང་དབུས་སུ་འགྱུར་ཏེ། ཨོཾ་ཨཱཿམཾ་ཧཱུཾ་ཞེས་པ་ལ་སོགས་པའོ། །དེ་ཉིད་ཅེས་པ་ནི་བརྗོད་མ་ཐག་པའི་ཆོ་ག་སྟེ། ལྷ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ཡང་བཤད་དོ། །ཡང་ན་གཞན་དུ་བཤད་པར་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ཡང་ཡིད་བཞིན་གྱི་རིན་པོ་ཆེ་ལྟ་བུ་ཡིན་པའི་ཕྱིར། དམ་ཚིག་རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་དབྱེར་མེད་པའི་ལྷ་ལ་དམིགས་པའི་ངོ་བོའོ། །དེའི་དེ་ཉིད་ནི་དབྱེར་མི་ཕྱེད་པའི་ཤེས་རབ་ལྷ་མོའི་རྣམ་པར་ཡོངས་སུ་གྱུར་པའོ། །དེ་དག་གི་དབུས་སུ་ཡང་དག་པར་སྦྱོར་བ་ལས་བྱུང་བ་བདེ་བ་ཆེན་པོའོ། །དམ་ཚིག་རྡོ་རྗེའི་ཞེས་པ་གཏི་མུག་གི་རིགས་ཀྱི་ལྷ་རྣམས་སོ། །དེ་སྐད་དུ་ཡང་གསུངས་པ། འདོད་ཆགས་སྐྱེས་པ་བུམ་མེད་ནི། །ཞེ་སྡང་གཏི་མུག་གཉིས་སྤངས་པའོ། །ཞེས་སོ། །དེ་ཉིད་ཐུན་མོང་བ་ཉིད་དུ་བསྟན་པར་འདོད་ནས་གསུངས་པའོ། །དེ་ཉིད་ཅེས་པ་ནི་རྡོ་རྗེ་ཅན་ཐམས་ཅད་ཀྱི་རིགས་ཀྱི་ལྷ་རྣམས་སོ། །བུད་མེད་དང་སྐྱེས་པའི་རྣམ་པར་རྟོག་པ་མེད་པས་མ་ནིང་གི་བཟླས་པ་ཞེས་སོ། །དེ་ལྟར་ཡེ་ཤེས་ཞབས་ཀྱིས་གསུངས་པ། རྒྱ་མཚོ་ཆུ་རུ་པད་ཆེན་པོ། །འོད་ཟེར་འབར་བས་ཡང་དག་འཁྲུག །དེ་རྣམས་རིག་མ་དང་ལྡན་པ། །རྨི་ལམ་ཡོངས་སུ་གསལ་བར་མཐོང༌། །དེ་རུ་གང་དེ་སྐྱེ་འགྱུར་བ། །བརྫུན་དང་བདེན་པ་སྤངས་པའོ། །འདི་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་རྟོགས་བྱ་མཁས་པ་ཡིས། །ཞེས་སོ། །ཕྱི་རོལ་དོན་མེད་ཀྱང་དཀར་པོ་དང་བདེ་བ་ལ་སོགས་པའི་རྣམ་པའི་ཤེས་པ་ལས་དཀར་པོ་དང་བདེ་བ་ལ་སོགས་པའི་རྣམ་པའི་ཤེས་པ་སྐྱེ་བར་འགྱུར་རོ། །བག་ཆགས་གཙོ་བོར་གྱུར་པ་སད་པ་ལས་རྨི་ལམ་ལ་སོགས་པ་བཞིན་ནོ། །གང་རྣམ་འགྲེལ་ལས། གང་གི་ཅུང་ཟད་དེ་ཉིད་ནི། །གང་གི་བག་ཆགས་སད་བྱེད་ཡིན། །དེ་ལ་བློ་ནི་ངེས་པ་སྟེ། །ཕྱི་རོལ་དོན་ལ་ལྟོས་པ་ཡིན། །གང་ཞིག་གང་གི་རྣམ་པར་བསྒོས། །དེ་ནི་དེ་ཡི་རྣམ་པར་བསྐྱེད། །གང་དང་གང་གི་དངོས་པོ་ཡིས། །མི་རྣམས་ཡིད་ནི་ཡང་དག་སྦྱར། །དེ་རྣམས་དེ་ཡི་རང་བཞིན་འཐོབ། །ཇི་ལྟར་སྣ་ཚོགས་ནོར་བུ་བཞིན། །ཞེས་བརྗོད་པའི་ཕྱིར་རོ། །དེ་ཡང་སྔོན་པོ་ལ་སོགས་པའི་རྣམ་པ་གནག་གི་ཚེ་རྗེས་སུ་མཐུན་པའི་གཟུགས་དེས་རབ་ཏུ་སྣང་བ་ཡིན་ཏེ། དེའི་ཚེ་བདེ་བ་ལ་སོགས་པའི་ངོ་བོ་ཉིད་དུ་བརྗོད་དེ། རྗེས་སུ་འཛིན་པ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཐམས་ཅད་ཉིད་འཁོར་བར་འགྱུར་ཏེ་བདེ་བ་འདོད་པ་དང་སྡུག་བསྔལ་དང་བྲལ་བར་འདོད་པའི་


DTG044_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །ལན་ནི་དེས་ན་འདི་རྣམས་མཆོག་ཏུ་དགའ་བའི་བདག་ཉིད་ཁོ་ནའི་ཁྱད་པར་དུ་འཕགས་པའི་རྣམ་པར་འགྱུར་ལ་དེ་ཡང་བསྒོམས་པའི་སྟོབས་ཀྱིས་གསལ་པོར་འགྱུར་རོ་ཞེས་ཏེ། བདེ་བའི་ངོ་བོ་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་ནི་དེ་ཁོ་ན་ཉིད་དུ་འགྱུར་རོ་ཞེས་སོ། །དེ་སྐད་དུ་ཡེ་ཤེས་ཞབས་ཀྱིས་གསུངས་པ། ཤེས་རབ་ཐབས་ཀྱི་བདག་ཉིད་དྲི་མ་མེད་པ་ཡི། །ཏིང་འཛིན་ལས་བྱུང་དམ་པའི་བདེས་གང་བར། །འཁོར་ལོ་བསམས་ནས་ཞེས་པ་དང༌། རྟོག་པ་ཀུན་ལས་ངེས་གྲོལ་མཆོག །བདེ་བའི་རྒྱུར་གྱུར་པ་རྣམས་ཀྱིས་ནི་ཞེས་ཀྱང་ངོ༌། །འདིར་ཚིགས་སུ་བཅད་པ་རྣམས་སུ་འགྱུར་ཏེ། དཔལ་ལྡན་ཆོས་འབྱུང་ནས་གནས་པ། །ཇི་ལྟར་གཞལ་ཡས་ཁང་བརྗོད་པར། །འདོད་པའི་ཡོན་ཏན་ལྔས་དབང་ཕྱུག །ཡིད་འོང་གནས་ནི་ཕུན་སུམ་ཚོགས། །བསྒོམས་ཏེ་རྒྱལ་བའི་སྙོམས་འཇུག་འདོད། །དགའ་བས་ཟབ་མོའི་ལས་གནས་པ། །དེ་ཡི་རྗེས་ལ་ཆེན་པོར་གྱུར་པ་དགོད་པ་ལ་འདོད། །འཇིག་ཆགས་ཆེན་པོ་དང་ནི་འདྲ་བར་འགྱུར་བ་ཡིན། །དེ་དག་དེ་རུ་རྟོག་མེད་པ་དེ་ཐབས་དང་བློ། །ཏིང་འཛིན་ཡང་དག་བྱུང་བས་རབ་ཏུ་བདེ་བས་གང༌། །གང་ཞིག་བདེ་བ་ཆེན་པོ་སྐྱེས། །འདོད་པའི་ཡོན་ཏན་ལྔ་རང་བཞིན། །བསྒོམས་པའི་སྟོབས་ཀྱིས་གསལ་བ་ནི། །ཉིན་དང་མཚན་དུ་རྒྱུན་མི་ཆད། །དེ་ཤེས་རྟོགས་པའི་རང་བཞིན་ཕྱིར། །གསལ་བར་སྣང་བ་རྟོག་པ་མེད། །མ་དཔྱད་ཉམས་དགྲ་ཡོད་པ་སྟེ། །འདིར་ནི་བརྗོད་མེད་རྟོག་བྲལ་བས། །སྔར་གྱི་གོམས་པའི་སྟོབས་ཀྱིས་ཀྱང༌། །སྙིང་རྗེས་སྤྲོ་དང་བསྡུ་བ་ཡིན། །ལྷུན་གྱིས་གྲུབ་པས་སེམས་ཅན་དོན། །དེ་ཕྱིར་ཡིད་བཞིན་ནོར་བུ་བཞིན། །འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །དབང་དུ་ཟིན་ཀྱང་མི་བཟློགས་ཏེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་རིགས་པ་ལས་སོ། །དེ་ནི་རྟོག་པ་མེད་པའི་ཆོས་ཡིན་ཏེ། །བུད་མེད་སྐྱེས་པའི་རྟོག་སྤངས་པ། །དེ་ནི་མ་ནིང་བཟླས་པ་ཡིན། །ཕྱི་རོལ་དགའ་བ་སྐད་ཅིག་སྟེ། །དཔེ་དང་བྲལ་བས་བརྗོད་པར་བྱ། །རྡོ་རྗེ་པདྨ་འདུས་པ་ལས། །ལས་ཀྱི་ཕྱག་རྒྱ་དང་ལྡན་པ། །གང་ཞིག་འདི་ནི་བསྒོམས་པ་ལས་སོ། །བདེན་པ་གསུངས་པས་མངོན་སུམ་བརྗོད། །དེ་ནི་ལས་དང་སེམས་ཅན་གྱི། །བྱང་ཆུབ་སེམས་ནི་བསྟན་པ་ལ། །གང་ལ་ལས་ཀྱི་ཕྱག་རྒྱ་སྤངས། །གཞན་དུ་མཚོན་པ་ནུས་མ་ཡིན། །རྟོགས་པ་དང་པོའི་ལས་ཅན་གྱིས། །གཞན་དུ་རིགས་པ་མ་ཡིན་ནོ། །བཟང་པོའི་གནས་ལ་དེ་ནུས་པ། །ཐོག་མཐའ་བར་དུ་དྲི་མེད་ལ། །འདི་ལྟར་དེ་ནི་མཆོག་ཞི་བ། །ནམ་མཁའི་ཁམས་སུ་གྲགས་པར་གནས། །རྡོ་རྗེ་པདྨའི་སྦྱོར་བ་ནི། །ཡང་དག་


DTG044_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རབ་སྦྱིན་ལས་ཀྱང་ཐོབ། །དང་པོའི་ལས་ཀྱི་སེམས་ཅན་རྣམས། །མཚོན་ཆ་ཡིད་ཆེས་བྱེད་པའོ། །རྡོ་རྗེ་ནམ་མཁའི་ཁམས་སྦྱོར་དང༌། །རིག་པ་ལས་ཀྱང་རྨད་བྱུང་ཆེ། །གང་དེ་བདེ་བ་སྐྱེད་བྱེད་པ། །མཆོག་ཏུ་དགའ་བར་བྱེད་པ་པོ། །དེ་ཟད་པ་ལས་དགའ་བྲལ་ཏེ། །བྲལ་དགའ་མཐའ་ཡིན་དེ་ནི་མཆོག །རང་གི་ངོ་བོ་བསྟན་དུ་མེད། །ཅུང་ཟད་དེ་རུ་སྐྱེ་འགྱུར་བ། །དབང་པོ་ཀུན་ལས་གྲོལ་བ་ཡིན། །རྩོད་མེད་མཆོག་ཏུ་ཞི་བ་པོ། །ཁྱབ་དང་དངོས་པོ་མེད་པ་ཡི། །དེ་ནི་བྱང་ཆུབ་གནས་མཆོག་གོ །ཀུན་ཏུ་བཟང་པོར་གྲགས་པ་བཟང༌། །བྲལ་དགའ་མཐའ་རུ་རྣམ་པར་གནས། །སྒྲུབ་པ་པོ་ཡི་མཆོག་གསང་སྟེ། །དེ་ནི་གྲོལ་བ་གནས་སུ་བསྒྲགས། །གཞན་དག་གི་བརྗོད་པ་ནི་དགའ་བ་དང༌། མཆོག་ཏུ་དགའ་བ་དང༌། དགའ་བྲལ་དུ་གྲགས་པའི་སྐད་ཅིག་མ་གསུམ་རིམ་གྱིས་སྐྱེ་བར་འགྱུར་ཏེ། དགའ་བྲལ་གྱི་དབུས་སུ་དེ་བཞིན་གཤེགས་པ་དྲུག་པ་ནི་དེ་ཡིན་ནོ་ཞེས་སོ། །གཞན་དག་བརྗོད་པ་ནི་སྐད་ཅིག་མ་དང༌། ཕྲ་བ་དང་རྟེན་དང༌། དེ་བཞིན་དུ་རྣམ་པར་གནོན་པའི་མཐའ་དང༌། ཆོས་ཐམས་ཅད་གཏོད་བར་བྱེད་པ་ཞེས་པ་སྟེ། དགའ་བའི་སྐད་ཅིག་མའི་ངོ་བོ་ཞེས་སོ། །དེ་རྣམས་ལས་གཞན་པ་ནི་དགའ་བའི་སྐད་ཅིག་མ་སྟེ། དོན་དམ་པར་བརྗོད་དུ་མེད་པ་དང༌། སྒྲས་ཀྱང་བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དྲུག་པའོ། །དགའ་བའི་སྐད་ཅིག་མ་འདི་རྣམས་ནི་ཕྲ་མོའི་རྣལ་འབྱོར་བསྒོམས་པས་བརྟན་པར་བྱས་པའི་སེམས་རྣལ་འབྱོར་པ་བསྒོམ་པ་ལ་མངོན་པར་དགའ་བའི་བསྒོམས་པའི་སྟོབས་ཀྱིས་རང་གི་རིག་པའི་སྐད་ཅིག་མ་གསལ་བའི་རྣམ་པ་སྐྱེ་བར་འགྱུར་རོ་ཞེས་པ་ལ་སོགས་པའོ། །རིག་པའི་བརྟུལ་ཞུགས་ཀྱི་སྐབས་སུ་གསུངས་པ་ནི། པདྨར་རྡོ་རྗེ་སྦྱར་བྱས་ནས། །བྱང་ཆུབ་སེམས་ནི་གཏང་མི་བྱ། །བསྐྱེད་པར་བྱས་ནས་དགའ་བ་དེ། །སེམས་ཀྱིས་གང་བྱས་བསྒོམ་པར་བྱ། །རྣལ་འབྱོར་པ་ཡི་བྱང་ཆུབ་སེམས། །ཇི་སྲིད་གཏོང་བར་མི་བྱེད་པ། །དེ་སྲིད་རྒྱུན་མི་འཆད་པ་ནི། །དགའ་བ་ཅུང་ཟད་འབྱུང་བ་བདེ། །དེ་ཉིད་དང་ལྡན་བདག་ཉིད་ནི། །བསྒོམས་པས་ངེས་པར་གྲོལ་བར་འགྱུར། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །དངོས་གྲུབ་ཀུན་གྱི་གཏེར་གྱུར་པ། །མ་སྨད་དངོས་གྲུབ་ཇི་ལྟར་འགྱུར། །ཕྱག་རྒྱ་ཆེན་པོར་ལྡན་པ་གང༌། །བདེ་བ་ཆེན་པོ་མྱོང་བྱེད་པ། །ཡེ་ཤེས་བདུད་རྩི་དེ་ཉིད་མཆོག །དེ་ནི་སྨྲ་བར་ནུས་ཉིད་མིན། །གུས་པར་བསྒོམས་པས་གོ་བྱ་གང༌། །རང་རིག་རང་གི་མཚན་ཉིད་ཡིན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྤྲོ་དང་བསྡུ་པ་མཛད་པ་པོ། །རྒྱུའི་གནས་སྐབས་སུ་མཆོག་ཏུ་


DTG044_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་མཚན་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་ཡེ་ཤེས་ལ་སྦྱང་བར་བྱ་སྟེ། འདིས་ཀྱང་དེའི་རང་བཞིན་ཉིད་ཀྱི་ངོ་བོར་གྱུར་པ་ནི་དགའ་བའི་རང་བཞིན་གྱི་བྱང་ཆུབ་ཏུ་བརྗོད་དོ། །དོན་དམ་པར་ནི་ཡུལ་དང་ལྷན་ཅིག་པའི་བདེ་བའི་སེམས་ལས་སྐྱེས་པའི་བདེ་བདག་སྲིད་པ་མ་ཡིན་ཏེ། དེའི་ཚེ་བདེ་བ་དང་བདེ་བ་མ་ཡིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །འོན་ཀྱང་ཇི་ལྟར་གོམས་པའི་སྟོབས་ཀྱིས་གསལ་བའི་རྣམ་པ་ནི་རང་རིག་པའི་མཐར་ཐུག་པ་སྦ་བར་ནུས་པ་མ་ཡིན་པའི་གསལ་བ་ཉིད་དོ་ཞེས་གཞན་དག་གོ །མི་རྟོག་པ་ཉིད་ཀྱིས་དབང་པོའི་མངོན་སུམ་བཞིན་དུ་རྣལ་འབྱོར་གྱི་མངོན་སུམ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འཛིན་པ་གཞན་ན་དེ་གཞན་མིན། །ཁྱོད་ཀྱང་དེ་བཞིན་ང་ཡང་གཞན། །ཀྱེ་སྙིང་ཁྱོད་ཀྱང་མཉམ་གྱུར་ན། །ང་ཡིན་ཞེས་ནི་སུ་ཡིས་ཤེས། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པ་མ་ཡིན་ཏེ། །བུད་མེད་ཐམས་ཅད་རྒྱུ་ཕྱག་རྒྱ། །དམིགས་མེད་ཐེག་པ་བླ་ན་མེད། །ཅེས་སྡོམ་པ་ལས་སོ། །བདེ་བ་ཆེན་པོའི་རྗེས་སུ་དམིགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སེམས་ཀྱིས་བསྒོམ་པར་བྱ་སྟེ། དེ་ཡང་མ་ནིང་གི་རྟགས་ཡིན་པས་མ་ནིང་གི་བཟླས་པར་བརྗོད་དོ། །དགའ་བྲལ་གྱི་ནི་དབུས་སུ་ནི། །གང་དུ་མཚོན་བྱ་རབ་ཏུ་གནས། །སྔོན་པོ་ལ་སོགས་རྣམ་བྲལ་བ། །བསྒོམ་པར་བྱ་བ་ཁ་ཅིག་གོ །དབང་པོ་གཉིས་ཀྱིས་སྙོམས་པར་འཇུག །ལྷ་རྣམས་དམིགས་པ་མེད་པ་ནི། །རྟེན་མེད་པ་ལ་བསྒོམ་པ་ནི། །ནུས་པར་མིན་ཞེས་གཞན་སྨྲའོ། །རེག་ལས་སྐྱེས་ཀྱི་དགའ་མཚུངས་པ། །བདེ་དང་བསྒྲུབ་པ་ཟག་པ་མེད། །ཇི་ལྟར་གཞན་ཡང་རྒྱུ་ལས་ནི། །དེ་འདྲའི་འབྲས་བུ་ཇི་ལྟར་འདོད། །ཅེས་སོ། །ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པས། ཇི་སྐད་བཤད་པའི་ཆོ་ག་ཡིས། །ཐུན་མཚམས་བཞིར་བྱིན་གྱིས་རློབ་པ་ལ་བརྩོན་པ། དམ་ཚིག་དང་སྡོམ་པ་ལ་གནས་ཏེ། མཚན་མ་ཐོབ་ནས་ཟླ་བ་དྲུག་ཏུ་བསྒོམ་པར་བྱའོ། །དེ་ལྟ་ན་ཡང་འདོད་པའི་ལྷ་མ་གྲུབ་ན་སླར་ཡང་ཆོ་ག་མ་ཚང་བ་མེད་པས། དམ་ཚིག་ལ་སོགས་པ་ལ་གནས་ཏེ་སླར་ཡང་ཟླ་བ་བཅོ་བརྒྱད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ལྟ་ན་ཡང་གལ་ཏེ་མ་གྲུབ་ན་ཐུན་མཚམས་ཀྱི་མཐར་དྲག་པོའི་སྦྱོར་བ་བརྩམ་པར་བྱའོ། །གང་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་ཁ་དོག་ནག་པོ་དང་ལྡན་པ་སྦྱངས་པའི་ཤེས་རབ་མ་དང་ལྷན་ཅིག་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་བ་དང་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་དང༌། གཞལ་ཡས་ཁང་ཡང་མངོན་


DTG044_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཀྱི་ཆོ་ག་བཞིན་དུ་ནག་པོར་བསྒོམས་ཏེ་མཆོད་པ་དང༌། བསྟོད་པ་དང་བདུད་རྩི་མྱང་བ་བྱས་ནས་དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་གྱིས་དེ་བཞིན་གཤེགས་པའི་ཚོགས་བཀུག་སྟེ། ཤེས་རབ་དང་ཐབས་ཀྱི་སྦྱོར་བས་ཆུ་སྐྱེས་སུ་ཕབ་ནས་ཇི་ལྟར་བསྒོམ་པའི་གཟུགས་ཀྱིས་དཀྱིལ་འཁོར་གྱི་རྣམ་པར་མེའི་དཀྱིལ་འཁོར་ལ་འཇིགས་ཤིང་འདར་བ་དང་ལྡན་པ་བལྟ་བར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་འབར་བས། དེ་བཞིན་གཤེགས་པའི་ཚོགས་བཀུག་སྟེ། ཤེས་རབ་དང་ཐབས་ཀྱི་སྦྱོར་བ་དང་ལྡན་པས་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་ཕྱུང་སྟེ། གཤིན་རྗེ་མཐར་བྱེད་ཀྱི་ཕུར་པའི་གཟུགས་སུ་བྱས་ལ། དེ་བཞིན་དུ་གཞན་དག་གི་བདག་པོ་ཁ་དོག་ནག་པོ་ཁྲོས་པ་རྡོ་རྗེ་ནས་ཕྱུང་སྟེ། ཕྱག་གཡོན་པས་སྐེ་ནས་བཟུང་ནས་ཕྱུང་བའི་ཕུར་པའི་མགོ་བོར་བརྡུངས་པ་ནི་གཡས་པའི་ཕྱག་གི་རྡོ་རྗེ་ཐོ་བས་གདབ་པར་བྱ་སྟེ། བསྒྱིངས་པ་དང་བཅས་པས་སྔགས་ཟློས་ཤིང་ངོ༌། །ཨོཾ་ཨཱཿཚིནྡ་ཚིནད། ཧ་ན་ཧ་ན། ད་ཧ་ད་ཧ་དྷི་པ་ཏི་ཙཀྲ་བཻ་རོ་ཙ་ན་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་པའོ། །ཕུར་བུ་དེ་ཡང་རྡོ་རྗེས་མནན་པ་དང་ལྡན་པར་བལྟ་བར་བྱ་སྟེ། དེ་དངོས་གྲུབ་ཏུ་འགྱུར་རོ། །དེ་ནས་ཨོཾ་ཨཱཿབཛྲོད་ཀཱི་ལ་ཡ་ཧཱུཾ་ཞེས་སྔགས་བརྗོད་པས་ཕུར་པ་དབྱུང་བར་བྱའོ། །དེ་ནས་རང་གི་ཁ་དོག་གིས་གནས་ཏེ་རང་གི་ས་བོན་གྱིས་བསྐུལ་བའི་སྤྱན་ལ་སོགས་པ་རྣམས་ཀྱིས་ཨོཾ་རུ་རུ་སྥུ་རུ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་ཅིང་ཕུར་པས་བཏབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་དབང་བསྐུར་བ་སྦྱིན་པར་བྱའོ། །འདིའི་རྗེས་སུ་འབྲངས་པས་དེའི་རིགས་རྣམས་ཀྱིས་དྲག་པོའི་སྒྲུབ་པའི་ཐབས་བལྟ་བར་བྱའོ། །རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་དྲག་པོའི་བསྒྲུབ་པའོ། །དེ་བཞིན་དུ་ཁ་དོག་ནག་པོ་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་པའི་ལྷ་རྣམས་དང༌། ཟླ་བའི་གདན་དང་གཞལ་ཡས་ཁང་ལ་སོགས་པ་རྣམས་ལྷན་ཅིག་ཏུ་བསྒོམས་ཏེ། པདྨ་མཐར་བྱེད་ཁ་དོག་དམར་པོའི་ཕུར་བས་གདབ་པར་བྱ་སྟེ། ཨོཾ་ཨཱཿཧྲི་བྷུར་བྷུ་བཿཨ་མྲྀ་ཏཱ་བྷཾ་ཀཱི་ལ་ཡ་དེའི་རིགས་ཀྱི་ལྷ་རྣམས་ཀྱི་ཡང་རུང་སྟེ། ཧཱུཾ་ཕཊ་འོད་དཔག་ཏུ་མེད་པ་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་དྲག་པོའི་སྒྲུབ་ཐབས་སོ། །མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང༌། དོན་ཡོད་གྲུབ་པའི་སྦྱོར་བ་ཡིས། ཁ་དོག་ནག་པོར་དཀྱིལ་འཁོར་དང་བཅས་པར་བསྒོམས་ནས་འདི་རྣམས་ཀྱི་རིགས་དང་བདུད་རྩི་འཁྱིལ་པའི་ཕུར་པ་སྔགས་འདིས་གདབ་པར་བྱ་སྟེ། ཨོཾ་ཨཱཿབཛྲ་རཱ་ཛ་ཨ་ཀྵི་བྱ་ཀཱི་ལ་ཡ་དེའི་རིགས་ཀྱི་ལྷ་རྣམས་


DTG044_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རུང༌། ཧཱུཾ་ཕཊ་མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་དྲག་པོའི་སྒྲུབ་ཐབས་སོ། །གདབ་པར་བྱ་བ་དང་ཕུར་བུ་དང་འདེབས་པར་བྱེད་པ་འདི་དག་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པས་བྱ་སྟེ། གཞན་དུ་ན་འགྲུབ་པར་མི་འགྱུར་རོ། །དྲག་པོའི་སྒྲུབ་པའི་དུས་སུ་དེ་བཞིན་གཤེགས་པ་རྣམས་ཀྱི་དབུ་རྒྱན་དུ་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱའོ། །གནོད་མཛེས་རྒྱལ་པོ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དབུ་རྒྱན་གཉིས་པར་བསྒོམ། ཡང་ན་རྡོ་རྗེ་འཛིན་པ་སངས་རྒྱས་རྣམས་ཀྱི་གནས་ལྔ་རྣམས་སུ་བསྒོམ་པར་བྱ་སྟེ། སྤྱི་བོ་དང་ལྐོག་མ་དང་ཐུགས་ཀ་དང་ལྟེ་བ་གསུམ་འདུས་གསང་བ་རྣམས་སུའོ། །དེ་ནས་རྣལ་འབྱོར་དམ་ཚིག་མཆོག །ཅེས་བྱ་བ་ལ་སོགས་པ་ནས། འཁོར་ལོ་ཡང་དག་ལེགས་བྲིས་ལ། །སྔར་ཞེས་བྱ་བ་ལ་སོགས་པའི་གཞུང་གི་དོན་ནི་འདི་ཡིན་ཏེ། ཚོན་རྩི་དགྱེ་བ་དང༌། མཚན་མ་དགོད་པ་ལ་སོགས་པ་རྫོགས་པ་དང༌། རྡོ་རྗེ་ར་བ་དང༌། འོད་ཀྱིས་བསྐོར་བའི་ཕྱི་རོལ་དུ་དཀྱིལ་འཁོར་གྱི་ཁང་པའི་ས་གཞི་བའི་ལྕི་བས་བྱུགས་ལ་སྤོས་ཆུས་ཆག་ཆག་བཏབ་སྟེ། མེ་ཏོག་གི་སིལ་མ་གཏོར་ལ་བུམ་པ་རྣམས་གཞན་དུ་བཞག་སྟེ། བླ་རེས་ལ་སོགས་པ་བྲེ་བ་དང༌། མཆོད་པ་རྣམ་པ་ལྔ་དང༌། ཕྱི་ནང་གི་མཆོད་པས་རྒྱ་ཆེར་མཆོད་པར་བྱའོ། །དེའི་ཆོ་ག་ནི་འདི་ཡིན་ཏེ། ཤར་ཕྱོགས་ཀྱི་སྒོར་སྟན་ཤིན་ཏུ་བཟང་པོ་ལ་སློབ་དཔོན་ཤིན་ཏུ་ཁྲུས་བྱས་པ་ཡན་ལག་དྲིས་བྱུགས་པ་ཕྲེང་བ་དང་གོས་ཀྱིས་བརྒྱན་པ་ལྷ་ལ་མངོན་པར་ཕྱོགས་ནས་འདུག་སྟེ། ལོ་བཅུ་གཉིས་ལོན་པ་རྒྱུད་ལས་བཤད་པའི་མཚན་ཉིད་དང་ལྡན་པའི་ཕྱི་རོལ་གྱི་བུད་མེད་ཡོད་པར་གྱུར་ན་དེ་དང་ལྷན་ཅིག་སྙོམས་པར་ཞུགས་ལ། ཏིང་ངེ་འཛིན་གསུམ་གྱི་སྦྱོར་བ་དང་ལྡན་པས་དཀྱིལ་འཁོར་བསྒྲུབ་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་བསྒྲུབ་པ་ལ་སྒྲུབ་ཐབས་ཀྱི་ཆོ་གའི་རིམ་པས་དང་པོའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། དེ་ནས་རང་འོད་ཀྱི་ཆུ་སྐྱེས་སུ་ཡིད་ཀྱིས་གཞལ་ཡས་ཁང་བསྐྱེད་ནས་སྙིང་པོ་འོད་ཀྱིས་དྲངས་པའི་དེ་བཞིན་གཤེགས་པའི་ཚོགས་རང་གི་ལུས་ལ་བཅུག་སྟེ། ཞུ་བར་གྱུར་པའི་རྡོ་རྗེ་ལམ་ནས་བཏོན་ཏེ། སྤྲུལ་པའི་གཞལ་ཡས་ཁང་ན་གནས་པའི་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་ཉི་མ་ལ་གནས་པའི་གདན་བཅུ་དགུ་ལ་རང་གི་རིགས་ཀྱི་མདོག་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་བསམས་ལ་དེ་ཡོངས་སུ་གྱུར་པ་ལས་འཁོར་ལོའི་གཙོ་བོའི་ས་བོན་ལས་བྱུང་བའི་ལྷ་བཅུ་དགུའི་བདག་ཉིད་ཇི་སྐད་དུ་བཤད་པའི་


DTG044_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བསམས་ནས་དེར་སློབ་མ་འཇུག་པའི་ཆོ་གས་ཞུགས་ཏེ། དབང་བསྐུར་བ་ཐམས་ཅད་ཐོབ་པའི་འོག་ཏུ་རྗེས་སུ་གནང་བ་ཐོབ་ནས་ཇི་ལྟ་བ་བཞིན་དུ་ཕྱུང་སྟེ་རང་གི་མཚན་མ་ཇི་ལྟ་བའི་གནས་སུ་བཞག་ནས་རྡོ་རྗེ་དང་ཆུ་སྐྱེས་བསྐྱོང་པའི་ཕཊ་ཀྱི་སྒྲས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ལ། དཀྱིལ་འཁོར་གྱི་འཁོར་ལོའི་ངོས་ལ་བཞག་ཅིང་འཁོར་ལོ་ཅན་དང་ལྷན་ཅིག་འོངས་པའི་བགེགས་རྣམས་གཤིན་རྗེ་གཤེད་ལ་སོགས་པའི་སྦྱོར་བས་བསྐྲད་ལ་རྡོ་རྗེ་རབ་ཁ་གྱེས་པའི་མཚམས་ཡིད་ཀྱིས་སྐད་ཅིག་ཙམ་གྱིས་བརྟན་པར་གྱུར་པར་བལྟའོ། །དེ་ནས་ཨོཾ་ཨཱཿམཾ་པྲ་བཱ་ར་སངྐཱ་ར་པྲ་ཏཱིཙྪ་ཧཱུཾ་ཞེས་པ་འདི་ཡིས་དེ་ལ་ཨརྒྷ་དབུལ་བར་བྱའོ། །ཨོཾ་ཨཱཿམཾ་པ་ཏྱཾ་པྲ་ཏཱིཙྪ་ཧཱུཾ་ཞེས་བྱ་བ་འདིས་ཞབས་བསིལ་དབུལ་ལོ། །དེ་ནས་སྤྱན་མ་ལ་སོགས་པ་སྤྲོས་པས་མཆོད་ནས་མི་བསྐྱོད་པ་ནི་ཞེས་བྱ་བ་ལ་སོགས་པས་བསྟོད་ལ་སྒོ་བ་རྣམས་ཀྱིས་སྒོའི་བྱ་བའོ། །ཨོཾ་ཨཱཿཡ་མནྟ་ཀྲྀཏྟ་ཛྙཱ་ན་མཎྜལ་ཨ་ཀཪྵ་ཡ་ཛཿཧཱུཾ་ཞེས་བརྗོད་པ་དང་མདུན་ན་གནས་པའི་འཁོར་ལོ་གཤིན་རྗེ་གཤེད་ཀྱི་འོད་ཟེར་གྱིས་དགུག་པར་བྱའོ། །ཨོཾ་ཨཱཿཔྲཛྙཱནྟ་ཀྲྀཏྟ་ཛྙཱ་ན་མཎྜ་ལ་པྲ་བེ་ཤ་ཡ་ཧཱུཾ་ཧཱུཾ་ཞེས་བྱ་བས་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པར་བྱའོ། །ཨོཾ་ཨཱཿཔདྨཱནྟ་ཀྲྀཏྟ་ཛྙཱན་མཎྜ་ལ་བྷནྡ་ཡཾ་བཾ་ཧཱུཾ་ཞེས་པས་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་བཅིང་བར་བྱའོ། །ཨོཾ་ཨཱཿབི་གྷྣཱནྟ་ཀྲྀཏྟ་ཛྙཱ་ན་མཎྜ་ལ་ཏོ་ཥ་ཡ་ཧོཿཧཱུཾ་ཞེས་བྱ་བས་བདུད་རྩི་འཁྱིལ་པའི་འོད་ཟེར་རྣམས་ཀྱིས་དཀྱིལ་འཁོར་པ་དངོས་གྲུབ་སྟེར་བ་ལ་མངོན་དུ་ཕྱོགས་པར་བྱའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ལྷན་ཅིག་དམ་ཚིག་གི་དཀྱིལ་འཁོར་གཅིག་ཏུ་བྱས་ཏེ། ཡེ་ཤེས་སེམས་དཔའ་ཡང་དཀྱིལ་འཁོར་གྱི་བདག་པོར་འགྱུར་ཏེ་འདི་ནི་ཆེན་པོའི་བསྙེན་པའོ། །རང་འོད་ཀྱི་ལྷ་མོའི་སྙིང་གའི་ཡེ་ཤེས་སེམས་མ་ནི་བདག་པོ་མེད་པ་ཡིན་ནོ། །ཆེན་པོའི་ཉེ་བར་སྒྲུབ་པ་དང༌། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་དང་ལྡན་པའི་དཀྱིལ་འཁོར་ཡང་དག་པར་མཆོད་ནས་མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། ཕྲེང་བ་དང་བྱུག་པ་དང༌། ཕྱེ་མ་དང༌། ཆོས་གོས་དང༌། གདུགས་དང་རྒྱལ་མཚན་དང༌། བ་དན་དང༌། བླ་རེས་དང༌། རྔ་ཡབ་ལ་སོགས་པ་དང༌། བཟའ་པ་དང༌། བཅའ་བ་དང༌། བལྡག་པ་དང༌། གཞིབ་པ་དང༌། བཏུང་བ་ལ་སོགས་པའི་གཏོར་མའི་ཉེ་བར་སྤྱོད་པ་དང༌། གླུ་དང་ཉེ་བར་སྤྱོད་པ་དང༌། གླུ་དང་གར་དང་རོལ་མོ་དང་རྒྱན་དང་རང་གིས་བརྟགས་པའི་གླང་པོ་


DTG044_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་དང༌། རྟ་དང་བ་ལང་གི་ཁྱུ་ལ་སོགས་པ་བསྟབས་ཏེ་དྲིལ་བུ་དཀྲོལ་ཞིང་མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟོད་པ་བྱའོ། །སྒོ་སྐྱོང་བཞི་ཡིས་ཀྱང་བརྗོད་མ་ཐག་པའི་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་དང༌། དྲིལ་བུ་དཀྲོལ་ཞིང་བསྟོད་པ་ལ་ཐུག་པ་ཐམས་ཅད་ཉམས་སུ་བླང་བར་བྱའོ། །ཕྱི་ནས་ལས་ཀྱི་ཕྱག་རྒྱའི་ཆུ་སྐྱེས་ལ་གནས་པ་རང་གི་ཁས་མེ་ཏོག་དང་བཅས་པའི་རང་གི་སེམས་ལས་བྱུང་བ་བླངས་ཏེ་རང་གི་རྡོ་རྗེ་ལ་གནས་པ་ཡང་རིག་པའི་ཁ་ཡིས་བླངས་ནས་ཙནྡན་བཟང་པོ་ལ་སོགས་པ་དང་ལྡན་པའི་པདྨའི་སྣོད་དུ་བླུགས་པའི་ཡེ་ཤེས་ཀྱི་བདུད་རྩི་བསྐྱེད་པ་ལ་མཆོད་པའི་དོན་དུ་དབུལ་བར་བྱའོ། །མགོན་པོ་རྣམས་དང་རང་ཉིད་ཀྱིས་སྤྲུལ་པ་ལ་ཡང་ཕྱག་བྱ་སྟེ། བཟོད་པར་གསོལ་ནས་དངོས་གྲུབ་ཐམས་ཅད་ཀྱི་རྗེས་སུ་སེམས་ཅན་གྱི་དོན་མཛོད་ཅིག་ཅེས་གསོལ་བ་བཏབ་ནས་སྒྲུབ་པའི་གྲོགས་མ་ཆོག་དཀྱིལ་འཁོར་དུ་བཞག་སྟེ། ཕྱིར་བྱུང་ལ་གཏོར་མ་བཏང་ནས་འདི་སྐད་བརྗོད་པའི་རིམ་གྱིས་སློབ་མ་གཞུག་པའི་ཆོ་གས་སློབ་དཔོན་ཉིད་འཇུག་པར་བྱའོ། །སླར་ཡང༌། བཟང་པོ་ཞབས་ཀྱིས་བརྗོད་པའི་དོན། །སྒོ་རྣམས་ཀུན་དུ་ཤེས་བྱས་ལ། །རང་གི་འཁོར་ལོར་རབ་གསལ་བར། །ཞེས་པ་ལ་སོགས་པའི་དོན་ཡིན་ནོ། །ཕྱི་རོལ་གྱི་རིག་མ་མེད་ན་ཡང་འདི་ཁོ་ན་ལྟར་དཀྱིལ་འཁོར་བསྒྲུབ་པར་བྱའོ། །སྔགས་བཏུ་བ་དང་གཏོར་མ་བསྲུང༌། །ཕུར་བུས་གདབ་དང་འཁོར་ལོ་སྒྲུབ། །ཁ་སྦྱར་དབྱེ་དང་དབང་བསྐུར་བཟླས། །ཕྱིར་བཟློག་པ་ནི་གཉིས་སུ་གྲགས། །གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་བྱས་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ནི་མགོན་པོས་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་ཤིང༌། །མ་རྙེད་པ་དང་མ་འབྱོར་པ། །འདིར་ནི་བྱ་བ་གང་བྱས་རྣམས། །དེ་དག་ཐམས་ཅད་བཟོད་པར་མཛོད། །དེ་ཁོ་ན་ཉིད་བཅུ་པ་སློབ་དཔོན་རྒྱན་པས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousདེ་ཁོ་ན་ཉིད་བཅུ་པ། རྒྱན་པ།next