Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།


  expand section
  expand section
  expand section
  expand section
   
  expand section
  expand section
  expand section
   
  expand section
  expand section
  expand section
  expand section
  expand section
  expand section
   
   
  expand section
  expand section
   
   
   
   
  collapse section
   
   
   
  collapse section
བཞི་པ། སྒོམ་པའི་ཆོ་ག
  expand section
  expand section
  expand section
   
  expand section
   
   
  expand section
  expand section
   


 
previousབཞི་པ། སྒོམ་པའི་ཆོ་གnext

བཞི་པ། སྒོམ་པའི་ཆོ་ག

དང་པོའི་སྦྱོར་བའི་ཏིང་ངེ་འཛིན།

བསྙེན་སྒྲུབ་བཞིས་རིག་མ་བསྒྲུབས་པ།

ཆུང་ངུའི་ཡན་ལག་བཞི།

ཆུང་ངུའི་རྒྱུ་མཐུན་པའི་འབྲས་བུ་དང་ཆུང་ངུའི་བསྙེན་པ།


DTG044_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་བསྒོམ་པའི་ཆོ་ག་བརྗོད་དེ་སྔོན་དུ་བསྟན་པའི་ཆོ་གས་བསྒོམ་པའི་བདག་པོར་གྱུར་པའི་རྣལ་འབྱོར་པ་ཐོ་རངས་ཀྱི་ཐུན་མཚམས་སུ་གཉིད་རབ་ཏུ་སད་པ་ནི་ལྷ་མོའི་གླུའི་སྒྲས་རབ་ཏུ་སངས་པར་ལྷག་པར་མོས་པར་བྱ་སྟེ།


DTG044_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་གར་དབྱངས་ཡིག་དང་པོ་དཀར་པོ་ཡོངས་སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཇི་སྲིད་དུ་ནམ་མཁའ་ཁྱབ་པའི་འོད་དང་ལྡན་པའི་མཾ་ཡིག་གུར་གུམ་ལྟ་བུའི་མདོག་གྱེན་དུ་འགྲེང་བ་འོད་ཟེར་འཕྲོ་བ་བསྒོམས་ནས་ངོ་ལ་སོགས་པ་བཀྲུ་བར་བྱའོ། །དེ་ནས་ཟླ་བ་དང་ཉི་མ་དང་ཆུ་དང་སྨན་དང་དྲི་རྣམས་ཀྱིས་ཉེ་བར་བྱུགས་ལ་མེ་ཏོག་གིས་རྣམ་པར་ཉེ་བར་བརྒྱན་ཏེ། ཡིད་དུ་འོང་བའི་ས་ཕྱོགས་སུ་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་པའོ། །དེ་མི་ནུས་ན་ཡིད་ཀྱིས་དེ་ལྟར་ཐམས་ཅད་བསམ་པའམ། གང་དང་གང་དུ་དེ་དང་དེར་ཇི་ལྟར་བདེ་བར་འདུག་ནས་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་འགྲོ་བ་རྣམས་ལ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལ་ལན་དུ་ཕན་འདོགས་པ་ལ་སོགས་པ་ལ་མི་ལྟོས་པར་འཁོར་བ་དང་དེའི་རྒྱུ་ལས་འགྲོ་བ་རྣམས་ཉེ་བར་གདོན་པའི་བསམ་པ་ནི་སྙིང་རྗེའོ། །སེམས་ཅན་རྣམས་སངས་རྒྱས་ཉིད་དང་དེའི་རྒྱུ་མཐུན་པ་ཉེ་བར་སྦྱོར་བར་བྱེད་པའི་བསམ་པ་ནི་བྱམས་པའོ། །ཇི་ལྟར་བསྟན་པའི་འགྲོ་བའི་དོན་བྱ་བ་ལ་སངས་རྒྱས་ཉིད་མཉམ་པ་མེད་པའི་ཐབས་ལ་ངེས་པར་འཛིན་པའི་བར་དུ་དགའ་བ་ནི་དགའ་བའོ། །སངས་རྒྱས་ཉིད་བསྒྲུབ་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ལ་འཇུག་པ་དང༌། དེའི་འཇིག་རྟེན་གྱི་བྱ་བའི་ཆོས་བརྒྱད་ལ་སོགས་པ་མཐའ་དག་སྐབས་མ་ཡིན་བའི་བྱ་བ་ལ་མི་ལྟོས་པ་ནི་བཏང་སྙོམས་སོ། །དེ་ནས་སྙིང་གའི་ཟླ་བའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་ནས་སྙིང་རྗེ་ཆེན་པོས་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བླ་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏིལ་གྱི་གང་བུ་བཞིན་དུ་ཀུན་དུ་བར་མཚམས་མེད་པར་རྣམ་མཁའི་དབྱིངས་ཐམས་ཅད་དུ་མངོན་པར་ཁྱབ་པའི་འཇམ་དཔལ་རྡོ་རྗེའི་སྐུ་རྣལ་འབྱོར་པ་ལ་ཕན་པའི་ཆེད་དུ་ཉེ་བར་གནས་པར་དམིགས་ལ་ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་རྣམས་ཕུལ་ལ་ཕྱི་དང་ནང་དང་སྒྲུབ་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །ཨོཾ་ཡིག་ཡོངས་སུ་གྱུར་པའི་པདྨའི་སྣོད་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མན་འཇིའི་སྟེང་དུ་བཞག་ལ་བདུད་རྩི་རྣམ་པ་ལྔ་


DTG044_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྩོན་འགྲུས་ལྔ་རྣམས་བྲུཾ་ལ་སོགས་པའི་ས་བོན་གྱིས་བྱིན་གྱིས་བརླབས་པར་བལྟས་ན་དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབ་པའི་བླ་ན་མེད་པའི་ཆུ་དང་མེ་ཏོག་རྣམས་རབ་ཏུ་བསང་བ་དང༌། རང་གི་ས་བོན་དེ་ཁོ་ན་ཉིད་གསུམ་གྱི་ནང་དུ་སྨོས་པས་ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་རྣམས་ཕུལ་ནས་ཐུགས་ཀའི་ས་བོན་ལས་སྤྲོས་པའི་རིན་པོ་ཆེ་སྣ་བདུན་ལ་སོགས་པས་ཇི་སྲིད་དུ་རབ་ཏུ་ཕྱེ་བས་བླ་ན་མེད་པའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་སོ་སོར་མཆོད་པ་བྱེད་པ་ཞེས་བྱ་བ་ནི་ཕྱིའི་མཆོད་པའོ། །དེ་ནས་སྤྱན་མ་ལ་སོགས་པ་དཔག་ཏུ་མེད་པ་རྣམས་ཀྱིས་སོ་སོར་དཀྱིལ་འཁོར་གྱི་བདག་པོ་དང༌། དཀྱིལ་འཁོར་པ་རྣམས་ལ་ཇི་སྲིད་དུ་ཐིམ་སྟེ། དེ་རྣམས་ལ་མཆོད་པ་བྱེད་པ་ཞེས་བྱ་བ་ནི་གསང་བའི་མཆོད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་གྲངས་ཀྱི་བདག་ཉིད་ཀྱི་དངོས་པོ་རྣམས་མངོན་པར་སྤྲུལ་པ་ཡིད་ཀྱིས་བསྟོད་ལ་སྙིམ་པ་མེ་ཏོག་གིས་བཀང་བ་སྔོན་དུ་འགྲོ་བས་ཕྱག་འཚལ་ཏེ་བླ་ན་མེད་པའི་མཆོད་པའི་ཆོ་ག་བདུན་པོ་བརྗོད་ལ་ཚིགས་སུ་བཅད་པའི་དོན་མངོན་སུམ་དུ་ལྷག་པའི་བསམ་པས་བརྗོད་དེ། སྡིག་པ་ཐམས་ཅད་བདག་གིས་བཤགས་པར་བགྱིའོ། །མཆོག་ཏུ་དགའ་བས་དགེ་བ་རྣམས་ལ་རྗེས་ཡི་རང༌། །བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ལ་ཡང་ནི་སྐྱེ་བ་ཇི་སྲིད་གནས་པར་གསོལ་བ་འདེབས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བར་ཁས་འཆེ་ཡིད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །དེ་ཡི་ལམ་ལ་ཡང་དག་གནས་བགྱི་དགེ་བའི་ཆོ་ག་བྱང་ཆུབ་མཆོག་ཏུ་བསྔོ་བར་བགྱི། །ཞེས་བྱ་བ་ནི་སྒྲུབ་པའི་མཆོད་པའོ། །དེ་ནས་རབ་ཏུ་དགྱེས་པར་སྤྱན་གཟིགས་ཏེ་གང་དང་གང་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ལ་དེ་བཞིན་དུ་ཡང་ཇི་སྲིད་ནམ་མཁའི་ཁམས་སུ་རྒྱུན་མི་ཆད་པར་འདི་རྣམས་ལ་བདག་གིས་མཆོད་པ་རྣམ་པ་གསུམ་གྱིས་ལྷག་པར་མོས་པར་བྱས་ནས་མཐར་གཤེགས་སུ་གསོལ་བར་བྱའོ། །དེ་ནས་བདག་དཔལ་འཇམ་པའི་རྡོ་རྗེར་གྱུར་ནས་འཁོར་བའི་རྒྱ་མཚོར་གནས་པའི་སེམས་ཅན་འདི་རྣམས་བླ་ན་མེད་པའི་ཆོས་བསྟན་པའི་གཟིངས་ཀྱིས་དཔལ་གསང་བ་འདུས་པ་


DTG044_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་གླིང་ལ་ཉེ་བར་གཞག་པར་བྱའོ་ཞེས་སྨོན་པ་བྱང་ཆུབ་ཀྱི་སེམས་རྣམ་པར་བསྒོམ་ཞིང༌། འཇུག་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་པར་བྱའོ། །སྟོང་པ་ནི་ལུས་དང་ལོངས་སྤྱོད་དང་གནས་ལ་སོགས་པའི་རྣམ་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང༌། ཉན་ཐོས་དང་སློབ་པ་དང་མི་སློབ་པ་དང༌། སོ་སོའི་སྐྱེ་བོའི་ཚོགས་ཀྱིས་བདག་ཉིད་རྒྱུ་བ་དང་མི་རྒྱུ་བ་སྣ་ཚོགས་པ་འདི་རྣམས་དོན་དམ་པར་གཟུང་བ་དང་འཛིན་པའི་རང་བཞིན་བདག་མེད་པའི་ཕྱིར་རོ། །མཚན་མ་མེད་པ་ནི་དོན་དམ་པར་རྒྱུ་མེད་པའི་ཕྱིར་རོ། །སྨོན་པ་མེད་པ་ནི་དོན་དམ་པའི་རང་བཞིན་ཤིན་ཏུ་ལྷག་པའི་འབྲས་བུ་མེད་པའི་ཕྱིར་རོ། །སེམས་ཅན་སོ་སོ་དོན་དམ་པར་རང་བཞིན་གྱིས་འོད་གསལ་བ་གཟུང་བ་དང་འཛིན་པ་མེད་པ་རྒྱུ་དང་འབྲས་བུ་མེད་པ་ཇི་སྲིད་སྣང་བའི་མཐར་ཐུག་པའི་རྣམ་པ་སྣ་ཚོགས་པ་རྣམས་གཉིས་སུ་མེད་པ་ཙམ་དུ་འདོད་པའི་ཕྱིར་རོ། །དེ་བས་ན་སོ་སོའི་རྣམ་པ་གཉིས་སུ་མེད་པ་ཙམ་གྱི་བདག་ཉིད་སྣ་ཚོགས་པའི་ཆོས་ཅན་རྣམས་གཟུང་བ་དང་འཛིན་པ་དང་རྒྱུ་དང་འབྲས་བུ་ལ་སོགས་པ་མཐའ་དག་ཏུ་རྟོག་པས་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །འདིར་ཡང་དེ་ལྟར་འདོད་པའི་རྟོག་པ་རྣམས་སྟོང་པ་ཉིད་དེ་ཇི་ལྟར་ལྷག་པའི་བསམ་པ་དངོས་པོ་མེད་པས་ཕུང་པོའི་ཚོགས་རྣམས་རྟག་པ་དང་རྒྱུན་མི་འཆད་པ་དང༌། མི་ཕྱེད་པ་ནི་ཆོས་ཀྱི་སྐུར་བརྗོད་དོ། །འདི་ཉིད་སྟོང་པ་ཉིད་ཀྱི་སྔགས་འདིས་བརྟན་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱའོ། །དེ་ནས་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་ལ་བརྟེན་ནས་ལུས་དང་ལོངས་སྤྱོད་དང་གནས་ལ་སོགས་པའི་རྣམ་པའི་རང་གི་སེམས་ཀྱི་རྒྱུད་ཡོངས་སུ་གྱུར་པ་ལས་ནམ་མཁའ་ལ་ཨོཾ་ཡིག་དམར་པོའོ། །དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དམར་པོའོ། །དེའི་སྟེང་དུ་ཧཱུཾ་ཡིག་ནག་པོ་མགོ་གྱེན་དུ་བལྟས་པ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་གྱེན་དུ་བསྒྲེང་བར་གནས་པའོ། །དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་གྱི་གནས་སུ་ཧཱུཾ་ཡིག་དེ་ཉིད་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་ཡིག་


DTG044_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐམས་ཅད་སྤྲོས་པའི་རྡོ་རྗེ་རྩེ་ལྔ་པ་ནག་པོ་ནས་ཀྱི་འབྲུ་ཙམ་གྱི་རང་བཞིན་གྱི་འོད་ཟེར་རྣམས་ཡོངས་སུ་གྱུར་པ་ལས་ཇི་ལྟར་འདོད་པའི་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང༌། ལོགས་སུ་གྱུར་པས་རྡོ་རྗེའི་ར་བ་དང་སྟེང་དུ་གྱུར་པས་རྡོ་རྗེའི་གུར་རྣམ་པར་བསྒོམ་ཞིང་ཧཱུཾ་ཡིག་ཟད་པ་ལས་རྡོ་རྗེ་ལ་སོགས་པ་མེད་པར་རྣམ་པར་བསམ་པ་དང༌། རྡོ་རྗེའི་རང་བཞིན་གྱི་ས་གཞིའི་འོག་ཏུ་དེ་ལས་ལྷག་པར་ལཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང༌། དེའི་འོག་ཏུ་ཡང་དུ་བ་ལྟ་བུ་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་ཆུ་དང་ཞེང་དུ་གྲངས་མེད་པའི་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་མཐའ་གཉིས་རླུང་གིས་བསྐྱོད་པ་དང་ལྡན་པའི་རྒྱལ་མཚན་སྔོན་པོ་གཉིས་ཀྱིས་མཚན་པ་དང༌། དེའི་ཡང་སྟེང་དུ་རྡོ་རྗེ་ར་བས་བསྐོར་བའི་ཤིན་ཏུ་རིང་བར་རཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་དཔངས་སུ་རྡོ་རྗེ་ར་བའི་མཐར་ཐུག་པར་འབར་བ་དང༌། རྡོ་རྗེ་གུར་གྱི་སྟེང་དུ་བཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་བུམ་པས་མཚན་པ་དཔའ་རླབས་ཀྱིས་བསྐྱོད་པ་མེའི་དཀྱིལ་འཁོར་འབར་བའི་མཐར་ཐུག་པར་གནས་པར་བསྒོམ་པར་བྱའོ། །རྡོ་རྗེའི་རང་བཞིན་གྱི་ས་གཞི་ལ་སོགས་པའི་དབུས་སུ་ལོགས་ལ་མ་རེག་པར་ནམ་མཁའ་བར་སྣང་ལ་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་བཅུ་གཅིག་ལྷག་པར་གནས་པ་འཁོར་ལོ་སེར་པོ་རྩིབས་བཅུ་པ་མྱུར་དུ་འཁོར་བའི་སྲུང་བའི་འཁོར་ལོ་མན་ངག་ཇི་ལྟ་བ་བཞིན་དུ་རྣམ་པར་བསྒོམ་པར་བྱའོ། །དེ་ཡང་གཤིན་རྗེ་གཤེད་ལ་སོགས་པ་དང༌། འཇམ་པའི་རྡོ་རྗེ་ལ་སོགས་པ་འཆད་པར་འགྱུར་བའི་བཅོམ་ལྡན་འདས་ཐམས་ཅད་ཉིད་མཆོད་པའི་ཆོ་གར་བཀོད་པ་བཞིན་དུ་ཕྱག་དང་ཞལ་དང་ཁ་དོག་དང་དབྱིབས་ལ་སོགས་པ་རྣལ་འབྱོར་པས་བལྟ་བར་བྱའོ། །བསྒོམ་པའི་ཆོ་གར་ཡང་གནས་དེ་དང་དེར་འདི་རྣམས་མཆོག་ཏུ་གཟུང་བར་བྱའོ། །ང་རྒྱལ་དང་བཅས་པའི་སྔོན་དུ་བསྟན་པའི་སྲུང་བའི་འཁོར་ལོ་སྐད་ཅིག་ཙམ་གྱིས་རྣམ་པར་བསྒོམས་ནས་སྣ་ཚོགས་པའི་བདག་ཉིད་རྣམས་བགེགས་མེད་པར་མྱུར་བར་ལྷག་པར་མོས་པར་བྱའོ། །དཔལ་ལྡན་རྡོ་རྗེ་ཧཱུཾ་མཛད་


DTG044_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་ནམ་མཁའ་གྲུ་གསུམ་པ་ཁ་དོག་དཀར་པོ་གྲྭ་གཉིས་སྟེང་དུ་བལྟས་པ་ནང་ཡངས་པ་རྣམ་པ་སྣ་ཚོགས་པའི་འོད་ཟེར་གྱི་ཚོགས་ཀྱིས་ཕྱོགས་མཐའ་དག་གསལ་བར་བྱེད་པའི་འཁོར་ལོ་བསྒོམ་པར་བྱའོ། །དེའི་དབུས་སུ་རྣམ་མཁའ་ལ་སྣ་ཚོགས་པདྨ་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྣམ་པར་བསྒོམ་པར་བྱའོ། །དེའི་ལྟེ་བ་ཇི་སྲིད་དུ་འདོད་པར་རབ་ཏུ་ཡངས་པར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བྲུཾ་ཡིག་དཀར་པོ་རྣམ་པར་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པའོ། །དེའི་ལྟེ་བ་ལ་ཟླ་བ་ལ་གནས་པའི་བྲུཾ་ཡིག་གོ །དེ་ལས་སྤྲུལ་པས་འགྲོ་བ་ཐམས་ཅད་རྣམ་པར་སྣང་མཛད་དུ་བྱས་ཏེ། དེ་རྣམས་སླར་དེ་ཉིད་དུ་ཐིམ་པར་བསྒོམས་ལ། བྲུཾ་ཡིག་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་འཆད་པར་འགྱུར་བའི་མཚན་ཉིད་དང་ལྡན་པ་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ་འཛིན་པ་རིག་མ་དང་ལྡན་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཡོན་ཏན་ཡང་དག་པར་རྩོམ་པ་སྟེ། གྲུ་བཞི་དང་སྒོ་བཞི་དང་རྟ་བབས་བཞི་དང་ཡང་དག་པར་ལྡན་པ་དང༌། ཁྱམས་བཞིས་ཡོངས་སུ་བསྐོར་བ། ཁྱམས་བཞི་ལ་གནས་པའི་མཆོད་པ་རྣམ་པ་སྣ་ཚོགས་པས་ཕྱག་འབྲེལ་བའི་ལྷ་མོའི་ཚོགས་དཔག་ཏུ་མེད་པ་རྣམས་དང༌། རིན་པོ་ཆེ་ཁྱད་པར་མེད་པའི་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། ཇི་ལྟར་ལེགས་པར་གནས་པའི་རླུང་གིས་བསྐྱོད་པའི་རྒྱལ་མཚན་གྱི་དར་དབྱངས་ཀྱི་མཐར་གནས་པའི་དྲིལ་བུའི་སྒྲས་ཕྱོགས་ཐམས་ཅད་དུ་འཁོར་བར་འཁོར་བ། ཤིན་ཏུ་དྲི་མ་མེད་པས་མེ་ལོང་བཞིན་དུ་སྣ་ཚོགས་པས་འཕེལ་བའི་མཐར་ཐུག་པའི་གཟུགས་བརྙན་དང༌། དྲ་བ་དང་དྲ་བ་ཕྱེད་པ་དང༌། ཟླ་བ་དང་ཉི་མ་དང་མེ་ལོང་དང༌། མེ་ཏོག་ཕྲེང་བ་དང༌། རྔ་ཡབ་མེ་ཏོག་གི་རྣམ་པ་ལ་སོགས་པས་ཉེ་བར་བརྒྱན་པ་དང༌། འཁོར་ལོ་ལ་སོགས་པས་བརྒྱན་པའི་ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན་པའི་སྟེང་དུ་རྡོ་རྗེ་ཕྲེང་བ་ཟླུམ་པོས་ཡོངས་སུ་བསྐོར་བ་དང༌། བླ་ན་མེད་པ་དང་ཟག་པ་མེད་པ་དང་


DTG044_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་དུ་མེད་པའི་འདོད་པའི་ཡོན་ཏན་ལྔས་ཡོངས་སུ་གང་བ་དང༌། མཆོད་པ་ལྔས་བརྒྱན་པ་དང༌། བུམ་པ་བརྒྱད་ཀྱིས་ཉེ་བར་བརྒྱན་པ་དང༌། རིན་པོ་ཆེ་ཁ་དོག་ལྔའི་རྩིག་པས་ཡོངས་སུ་བསྐོར་བ་དང༌། སྟེང་དུ་རིན་པོ་ཆེ་ཡིས་ཕུབ་པ་དང༌། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་གཙང་ཁང་བྱུར་བུས་བརྒྱན་པར་བྱས་པ། རྩ་བ་གཅིག་ལ་འདབ་མ་བཅུ་དགུ་པ་ཟླ་བ་དང་ཉི་མ་དང་སྣ་ཚོགས་པདྨ་དང་བཅས་པས་བརྒྱན་པའི་ལྷའི་གནས་དང༌། རིན་པོ་ཆེ་ཁ་དོག་ལྔས་ཡོངས་སུ་རྫོགས་པ་དང༌། ཡན་ལག་སོ་སོ་ལས་འཕྲོ་ཞིང་འཇུག་པའི་དེ་བཞིན་གཤེགས་པ་རྣམས་སྤྲོས་པས་འགྲོ་བའི་དོན་བྱེད་པ་དང༌། རྣམ་པ་སྣ་ཚོགས་པ་གཉིས་སུ་མེད་པའི་ཡིད་ཀྱི་རོལ་པའི་རང་བཞིན་མཉམ་པ་མེད་པ་དཔལ་ལྡན་གཞལ་ཡས་ཁང་པར་རྣམ་པར་བསྒོམ་པར་བྱའོ། །དེ་ལ་དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་ལ་སོགས་པ་དཀར་པོ་མགོ་གྱེན་དུ་འགྲེང་བའི་དབྱངས་ཡིག་བཅུ་དྲུག་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པ་དག་གི་འོད་ཟེར་གྱིས་ཐོག་མ་མེད་པ་ནས་གྲུབ་པའི་དེ་བཞིན་གཤེགས་པའི་ཡན་ལག་ལས་མར་མེ་ལྟ་བུར་བཀུག་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རྣམ་པར་བསྒོམས་ལ་དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ནམ་མཁའ་ལ་སོར་གཅིག་གིས་འཕགས་པ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ལ། ཨོཾ་ཙིཏྟ་པྲ་ཏི་བེ་དྷ་ནཾ་ཀ་རོ་མི་ཞེས་བྱ་བའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། ཤེས་རབ་ཆེན་པོའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ནས་དེའི་སྟེང་དུ་མཐར་གནས་པའི་ཝ་ཡིག་དང་ཀྵ་ཡིག་སྤངས་པའི་ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་གཉིས་རྣམས་ལུགས་དང་མཐུན་པ་དང༌། ཡང་དེ་ཉིད་ལུགས་དང་མི་མཐུན་བདག་གིས་ཕྲེང་བའི་དབུས་སུ་ཡང་ཨ་ཡིག་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་ལུགས་དང་མཐུན་པའོ། །གསལ་བྱེད་དེ་རྣམས་དང་དབྱངས་ཡིག་རྣམས་དཀར་པོ་མགོ་གྱེན་དུ་འགྲེང་པ་རྣམས་ཀྱིས་སྔོན་བཞིན་དུ་བཀུག་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་རྣམ་པར་བསྒོམས་ཏེ། དེ་ཡོངས་སུ་གྱུར་པ་ལས་དེའི་སྟེང་དུ་ནམ་མཁའ་ལ་སོར་དྲུག་


DTG044_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་འཕགས་པར་ནི་ཟླ་བའི་དཀྱིལ་འཁོར་གཉིས་པ་རྣམ་པར་བསྒོམས་ལ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བའི་སྔགས་ཏེ། སྙིང་རྗེ་ཆེན་པོའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ནས་ཟླ་བ་གཉིས་ཕན་ཚུན་གཟུགས་བརྙན་གསལ་བར་སྣང་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་གཉིས་གཅིག་ཏུ་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་སྟེང་དུ་ཧཱུཾ་ཡིག་རྣམས་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་རྣམ་པར་བསྒོམས་ལ། དེའི་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་སྟོང་པ་ཉིད་དུ་སོ་སོར་རྟོག་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ལས་སྤྲོས་པའི་རྡོ་རྗེ་སེམས་དཔའི་ཚོགས་རྣམས་ཀྱིས་འགྲོ་བ་ཐམས་ཅད་རྡོ་རྗེ་འཛིན་པར་བྱས་ནས་སླར་དེ་ཉིད་དུ་རབ་ཏུ་ཞུགས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བར་ང་རྒྱལ་བྱེད་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ནས་ཟླ་བ་དང་རྡོ་རྗེ་དང་ཧཱུཾ་ཡིག་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་ཡོངས་སུ་རྫོགས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་སྐུ་མདོག་དཀར་པོ་རྡོ་རྗེ་རྩེ་ལྔ་པ་དམར་པོ་འཛིན་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་འདོད་ཆགས་ཆེན་པོའི་གདུལ་བྱར་ཁམས་གསུམ་པ་ལྷག་པར་མོས་པར་བྱས་ལ་རང་གི་རིག་མ་དང་ལྷན་ཅིག་ཏུ་ཤིན་ཏུ་དགའ་བ་རྩོམ་པ་དགའ་བའི་སྒྱུ་མའི་སྒྲས་དེ་བཞིན་གཤེགས་པ་རྣམས་བཀུག་ལ་རང་གི་ལུས་ཀྱི་བ་སྤུའི་བུ་གའི་ནང་དུ་ཞུགས་ཏེ། དེ་བཞིན་གཤེགས་པ་རྣམས་དང་སྐུ་གཅིག་ཏུ་གྱུར་པས་བཅོམ་ལྡན་འདས་འདོད་པ་དང་ལྡན་པ་རང་གི་རིག་མ་ལེགས་པ་དང་བླ་ན་མེད་པའི་བདེ་བའི་མཆོག་རྣམ་པར་བསྒོམ་པར་བྱའོ། །དེ་བཞིན་དུ་རང་གི་ལུས་ལས་རྣམ་པར་སྤྲོས་པ་རྣམས་སྤྱན་མ་ལ་སོགས་པའི་ལྷ་མོ་དགུའི་རིགས་སུ་གྱུར་པ་དཔག་ཏུ་མེད་པ་རྣམས་བཅོམ་ལྡན་འདས་མ་ལ་ཇི་སྲིད་ཐིམ་པར་བསྒོམས་ལ་མཐའ་དག་ལྷ་མོའི་འཁོར་ལོའི་རང་བཞིན་དུ་གྱུར་པས་བཅོམ་ལྡན་འདས་མ་འདོད་


DTG044_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པའི་བདག་ཉིད་ཀྱང་བདེ་བ་ཤིན་ཏུ་གསལ་བར་མཐོང་བའོ།། །།དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཕྱག་མཚན་གྱི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུར་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཞལ་དུ་ཞུགས་ཏེ། ཐུགས་ཀའི་ཕྱག་མཚན་གྱི་ས་བོན་གྱི་འོད་ཟེར་གྱིས་རེག་པས་བདེ་བ་ཆེན་པོའི་དབང་དུ་གྱུར་པས་ཞུ་ནས་རྡོ་རྗེའི་ལམ་ནས་བྱུང་སྟེ་ལྷ་མོའི་པདྨའི་ནང་དུ་བབས་པར་བལྟ་བར་བྱའོ། །དེ་ནས་རྡོ་རྗེ་དང་པདྨ་བསྐྱོད་པ་ལས་འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་པ་ལས་གཙོ་བོ་མི་བསྐྱོད་པའི་རྟེན་དང་བརྟེན་པའི་བདག་ཉིད་དཔལ་དཀྱིལ་འཁོར་གྱི་འཁོར་ལོ་ཡིད་ཀྱིས་བསམས་ནས། དེར་སེམས་ཅན་ཐམས་ཅད་གཞུག་པར་བྱའོ། །དེ་ནས་གཙོ་བོ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྔ་མ་བཞིན་དུ་བཀུག་སྟེ། རྡོ་རྗེའི་ལམ་ནས་བྱུང་ནས་མན་ངག་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་རེག་པས་ཇི་ལྟར་ལྷག་པར་མོས་པས་ཇི་ལྟ་བ་བཞིན་དུ་སྐུ་གསུམ་གྱི་བདག་ཉིད་སའི་སྙིང་པོ་ལ་སོགས་པའི་གཟུགས་སུ་བསྐྱེད་པ་རྣམས་འོག་ནས་འཆད་པར་འགྱུར་བའི་སྔགས་ཀྱིས་དབྱུང་བར་བྱའོ། །ཀྵམ་ཛྲིཾ་ཁཾ་གཾཥྐཾ་སཾ་ཞེས་བྱ་བས་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང༌། ནམ་མཁའི་སྙིང་པོ་དང༌། འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། ཀུན་དུ་བཟང་པོ་རྣམས་སོ། །ཛཿཧཱུཾ་བཾ་ཧོཿ། །ཁཾ་རཾ་ཞེས་བྱ་བ་ནས་གཟུགས་རྡོ་རྗེ་མ་དང༌། སྒྲ་རྡོ་རྗེ་མ་དང༌། དྲི་རྡོ་རྗེ་མ་དང༌། རོ་རྡོ་རྗེ་མ་དང༌། རེག་བྱ་རྡོ་རྗེ་མ་དང༌། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའོ། །ལཱཾ་མཱཾ་པཱཾ་ཏཱཾ་ཞེས་བྱས་བས་སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་རྣམས་སོ། །བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཞེས་བྱ་བ་འདིས་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་རྣམས་སྤྲོས་པ་དང༌། དེ་ཁོ་ན་ཉིད་གསུམ་གྱིས་གཤིན་རྗེ་མཐར་བྱེད་ལ་སོགས་པ་སྤྲོས་པའོ། །འདི་ཉིད་ཀྱིས་གཞལ་ཡས་ཁང་ཇི་སྲིད་དུ་ཕྱི་རོལ་གྱི་གཞལ་ཡས་ཁང་ལ་ཐིམ་པར་བསྒོམ་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་སུ་གང་ནས་བྱོན་ཅིང་ཚོགས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་འཇམ་པའི་རྡོ་རྗེ་འདོད་ཆགས་ཆེན་པོའི་རོས་


DTG044_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མྱོས་པར་བལྟ་སྟེ། ཞལ་དུ་ཞུགས་ནས་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ན་པདྨར་བཅས་པར་བལྟས་ལ་འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་པ་ལས་ཧོ་ཡིག་དམར་པོ་གཉིས་ཀྱི་བར་དུ་དེ་ཁོ་ན་ཉིད་གསུམ་བལྟ་བར་བྱའོ། །དེ་ནས་ཡི་གེ་དེ་རྣམས་ཐབས་དང་ཤེས་རབ་ཀྱི་འདོད་ཆགས་ཆེན་པོ་མེ་འབར་བས་ཐབས་དང༌། ཤེས་རབ་གཉིས་ཀྱང་གདན་ཟླ་བའི་དཀྱིལ་འཁོར་ལ་འོད་དཔག་ཏུ་མེད་པར་གསལ་ཏེ། འདོད་ཆགས་ཆེན་པོ་འབར་བ་འཇའ་ཚོན་ལྟ་བུར་ཞུ་བའོ། །དེ་ནས་དེའི་འོད་ཟེར་གྱིས་བསྐུལ་བའི་ཐོག་མ་མེད་པ་ནས་གྲུབ་པའི་འཇམ་དཔའི་རྡོ་རྗེ་ལས་བཀུག་པའི་སྤྱན་མ་དང༌། མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་དང་གནས་ཇི་ལྟ་བ་ན་གནས་པས་རང་རང་གི་ཚིགས་སུ་བཅད་པས་འོད་ཀྱི་གོང་བུ་དེ་ལ་བསྐུལ་བར་བསམ་པར་བྱའོ། །སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེ་ཐུགས། །དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་སྐྱབས་སུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །རྡོ་རྗེ་སྐུ་ཁྱོད་ནི་རྡོ་རྗེ་ཐུགས། དགའ་བའི་ཡིད་འོང་དོན་ཆེན་འདོད་པས་བདག་ལ་སྐྱབས་སུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེ་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །ཁྱོད་ནི་རྡོ་རྗེ་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དོན་དང་དགོངས་པ་མཛད་ལ་རབ་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །རབ་དགའི་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛོད། །ཁྱོད་ནི་རྡོ་རྗེའི་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་ཉིད་ཐུགས་


DTG044_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེང་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མངོད་། །དེ་ནས་བསྐུལ་བའི་སྒྲས་རབ་ཏུ་སངས་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་རྣམ་པར་བསྒོམས་ལ་འོད་ཀྱི་གོང་བུ་དེ་ལས་འོད་ཟེར་སྤྲོས་པའི་འཇམ་པའི་རྡོ་རྗེ་རྣམས་རྣམ་པར་སྤྲོས་པས་འགྲོ་བའི་དོན་བྱས་ནས་སྤྱན་མ་ལ་སོགས་པའི་ལྷ་མོ་བཞིས་བཀུག་ནས་འོད་ཀྱི་གོང་བུ་དེ་ལ་རབ་ཏུ་ཞུགས་པར་བལྟའོ། །དེ་ནས་འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་པ་ལས་མཾ་ཡིག་བལྟས་ནས་དེ་ནས་ཡང་འཇམ་པའི་རྡོ་རྗེ་རྣམས་རྣམ་པར་སྤྲོས་པས་འགྲོ་བའི་དོན་བྱེད་པ་སྔོན་དུ་འགྲོ་བས་མཾ་ཡིག་ཡོངས་སུ་གྱུར་པ་ལས་རལ་གྲིའི་ཡུ་བ་ལས་ཟླ་བའི་གནས་སུ་མཾ་ཡིག་གིས་བྱིན་གྱིས་བརླབས་ལ་ཡང་འཇམ་པའི་རྡོ་རྗེ་རྣམས་རྣམ་པར་སྤྲོས་པས་འགྲོ་བའི་དོན་བྱས་ན་མཾ་ཡིག་དང་རལ་གྲི་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་གུར་གུམ་ལྟ་བུའི་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་རྒྱུ་མཐུན་པ་དང༌། ཇི་སྲིད་ནམ་མཁའི་ཁམས་འོད་ཀྱིས་ཁྱབ་པ། རིགས་དཔག་ཏུ་མེད་པ་སྤྲོས་པས་འགྲོ་བའི་དོན་བྱེད་པར་རྩོམ་པ་རལ་གྲི་ནག་པོ་དང༌། མདའ་དམར་པོ་དང༌། ཨུཏྤལ་སྔོན་པོ་དང༌། གཞུ་དམར་པོ་འཛིན་པ་བསྒོམ་པར་བྱའོ། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱི་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་བཅོམ་ལྡན་འདས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་མི་ཕྱེད་པ་གཟུང་བ་དང༌། འཛིན་པ་སྟོང་པ་ཉིད་ཀྱི་ཆོས་ཀྱི་སྐུ་དེ་བཞིན་གཤེགས་པ་དང་ཆོས་ཐམས་ཅད་ལྷན་ཅིག་དབྱེར་མི་ཕྱེད་པར་རྟོགས་པར་བྱ་བའི་ཕྱིར་འདིར་ལྷག་པར་མོས་པར་བྱའོ། །ཨོཾ་དྷརྨྨ་དྷཱ་ཏུ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་དཀྱིལ་འཁོར་གྱི་བདག་པོ་ཡོངས་སུ་རྫོགས་པ་ནི་ཆུང་ངུའི་རྒྱུ་མཐུན་པའི་འབྲས་བུ་དང༌། ཆུང་ངུའི་བསྙེན་པའོ།། །།

ཆུང་ངུའི་རྣམ་པར་སྨིན་པའི་འབྲས་བུ་དང་ཆུང་ངུའི་ཉེ་བར་སྒྲུབ་པ།


DTG044_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མིག་འབྲས་ཀྱི་སྟེང་གཉིས་སུ་སོ་སོར་ཟླ་བའི་དཀྱིལ་འཁོར་ལ་ཀྵཾ་ཡིག་དཀར་པོ་དེ་ཡོངས་སུ་གྱུར་པ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །དེའི་ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་ཀྵཾ་ཡིག་དེ་ལས་སའི་སྙིང་པོ་རྣམ་པར་སྤྲོས་པས་


DTG044_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་བྱེད་པ་སྔོན་དུ་འགྲོ་བས་ཀྵཾ་ཡིག་དང་འཁོར་ལོ་ཡོངས་སུ་གྱུར་བ་ལས་མིག་གི་དབང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་བཞིན་དུ་སའི་སྙིང་པོ་བསྒོམ་པར་བྱའོ། །དེ་ལྟར་རྣ་བ་གཉིས་ལ་སོ་སོར་ཟླ་བ་ལས་རྫིཾ་ཡིག་ནག་པོ་དང་རྡོ་རྗེ་ཡོངས་སུ་གྱུར་བ་ལས་མི་བསྐྱོད་པ་བཞིན་དུ་ཕྱག་ན་རྡོ་རྗེའོ། །སྣའི་རྩ་བར་ཟླ་བ་ལ་ཁཾ་ཡིག་སེར་པོ་དང་རིན་ཆེན་འབྱུང་ལྡན་བཞིན་དུ་ནམ་མཁའི་སྙིང་པོའོ། །ལྕེའི་དབུས་སུ་ཟླ་བ་ལ་གཾ་ཡིག་དམར་པོ་དང་པདྨ་ཡོངས་སུ་གྱུར་བ་ལས་འོད་དཔག་མེད་དེ་དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་གོ །དཔྲལ་བའི་དབུས་སུ་ཟླ་བ་ལ་ཥྐཾ་ཡིག་ལྗང་གུ་དང་རལ་གྲི་ནག་པོ་ཡོངས་སུ་གྱུར་བ་ལས་དོན་ཡོད་གྲུབ་པ་བཞིན་དུ་སྒྲིབ་པ་རྣམ་པར་སེལ་བའོ། །མགྲིན་པའི་རྩ་བའི་འོག་ཏུ་ཟླ་བ་ལ་སཾ་ཡིག་དཀར་པོ་དང་རྡོ་རྗེ་དམར་པོ་ཡོངས་སུ་གྱུར་བ་ལས་རྡོ་རྗེ་སེམས་དཔའ་བཞིན་དུ་ཀུན་དུ་བཟང་པོ་བསྒོམ་པར་བྱའོ། །འདི་ནི་དབང་པོ་རྣམ་པར་སྦྱོང་བའོ།། །།དེ་བཞིན་དུ་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཛཾ་དཀར་པོ་དང་མེ་ལོང་ཡོངས་སུ་གྱུར་བ་ལས་གཟུགས་རྣམ་པར་དག་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གཟུགས་རྡོ་རྗེ་མ་མེ་ལོང་འཛིན་པའོ། །ཧཱུཾ་ཡིག་ནག་པོ་དང་པི་ཝང་ཡོངས་སུ་གྱུར་བ་ལས་སྒྲ་རྣམ་པར་དག་པ་མི་བསྐྱོད་པའི་རང་བཞིན་སྒྲ་རྡོ་རྗེ་མ་པི་ཝང་འཛིན་པའོ། བཾ་ཡིག་སེར་པོ་དང་དྲི་ཆུས་བཀང་བའི་དུང་ཕོར་ཡོངས་སུ་གྱུར་བ་ལས་དྲི་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་དྲི་རྡོ་རྗེ་མ་དྲི་ཆུས་བཀང་བའི་དུང་ཕོར་འཛིན་པའོ། །ཧོ་ཡིག་དམར་པོ་དང་རོའི་སྣོད་ཡོངས་སུ་གྱུར་བ་ལས་རོ་རྣམ་པར་དག་པ་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེ་མ་རོས་བཀང་བའི་སྣོད་དཀར་པོ་འཛིན་པའོ། །ཁཾ་ཡིག་ལྗང་གུ་དང་གོས་སྣ་ཚོགས་ཡོངས་སུ་གྱུར་བ་ལས་རེག་བྱ་རྣམ་པར་དག་པ་དོན་ཡོད་གྲུབ་པའི་རང་བཞིན་རེག་བྱ་རྡོ་རྗེ་མ་གོས་སྣ་ཚོགས་འཛིན་པའོ། །རཾ་ཡིག་དཀར་པོ་དང་ཆོས་འབྱུང་ཡོངས་སུ་གྱུར་བ་ལས་ཆོས་ཁམས་རྣམ་པར་དག་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཆོས་འབྱུང་འཛིན་པ་སྟེ་འདི་ནི་ཡུལ་དྲུག་རྣམ་པར་སྤྱོད་པའོ།། །།


DTG044_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཡཾ་ཡིག་དཀར་པོ་དང་འཁོར་ལོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་བ་ལས་སའི་ཁམས་རྣམ་པར་སྣང་མཛད་རང་བཞིན་སྤྱན་མ་འཁོར་ལོ་རྩིབས་བརྒྱད་པ་འཛིན་པའོ། །མཾ་ཡིག་ནག་པོ་དང་ཨུཏྤལ་དམར་པོ་ཡོངས་སུ་གྱུར་བ་ལས་ཆུའི་ཁམས་རྣམ་པར་དག་པ་མི་བསྐྱོད་པའི་རང་བཞིན་མཱ་མ་ཀཱི་ཨུཏྤལ་དམར་པོ་འཛིན་པའོ། །ཨཱཾ་ཡིག་སེར་པོ་དང༌། རིན་པོ་ཆེ་ཡོངས་སུ་གྱུར་བ་ལས་མེའི་ཁམས་རྣམ་པར་དག་པ་སྣང་བ་མཐའ་ཡས་ཀྱི་རང་བཞིན་གོས་དཀར་མོ་པདྨ་དམར་པོ་འདབ་མ་བརྒྱད་པ་འཛིན་པའོ། །ཏཾ་ཡིག་སེར་པོ་དང་གསེར་གྱི་ཨུཏྤལ་ཡོངས་སུ་གྱུར་བ་ལས་རླུང་གི་ཁམས་རྣམ་པར་དག་པ་རིན་ཆེན་ཆོས་འབྱུང་ལྡན་གྱི་རང་བཞིན་སྒྲོལ་མ་གསེར་གྱི་ཨུཏྤལ་འཛིན་པའོ། །འདི་ནི་ཁམས་བཞི་རྣམ་པར་སྦྱོང་བའོ།། །།དེ་བཞིན་དུ་བྷྲུཾ་ཡིག་དཀར་པོ་དང་འཁོར་ལོ་ཡོངས་སུ་གྱུར་བ་ལས་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་འཛིན་པའོ། །ཨཱཾ་ཡིག་སེར་པོ་དང༌། རིན་པོ་ཆེ་ཡོངས་སུ་གྱུར་བ་ལས་ཚོར་བའི་ཕུང་པོ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་རིན་པོ་ཆེ་ལྗང་གུ་འཛིན་པའོ། །ཛྲྀཾ་ཡིག་དམར་པོ་དང་པདྨ་ཡོངས་སུ་གྱུར་བ་ལས་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་འོད་དཔག་ཏུ་མེད་པ་པདྨ་དམར་པོ་འདབ་མ་བརྒྱད་པ་འཛིན་པའོ། །ཁཾ་ཡིག་ལྗང་གུ་དང་རལ་གྲི་ཡོངས་སུ་གྱུར་བ་ལས་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དོན་ཡོད་གྲུབ་པ་རལ་གྲི་ནག་པོ་འཛིན་པའོ། །ཧཱུཾ་ཡིག་ནག་པོ་དང་རྡོ་རྗེ་ཡོངས་སུ་གྱུར་བ་ལས་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་མི་བསྐྱོད་པ་རྡོ་རྗེ་ནག་པོ་འཛིན་པའོ། །འདི་ནི་ཕུང་པོ་ལྔ་རྣམ་པར་སྦྱོར་བའོ། །ཆུང་ངུའི་རྣམ་པར་སྨིན་པའི་འབྲས་བུ་དང༌། ཆུང་ངུའི་ཉེ་བར་སྒྲུབ་པའོ།། །།

ཆུང་ངུའི་སྐྱེས་བུ་བྱེད་པའི་འབྲས་བུ་དང་ཆུང་ངུའི་སྒྲུབ་པ།


DTG044_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་མ་གཉིས་ཀྱི་འོག་ཏུ་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་དེ་ཡོངས་སུ་གྱུར་བ་ལས་རྡོ་རྗེ་ནག་པོ་དེའི་དབུས་ཀྱི་ལྟེ་བ་ལ་གནས་པའི་ཧཱུཾ་ཡིག་ནག་པོའོ། །དེ་ཡོངས་སུ་གྱུར་བ་ལས་སླར་ཡང་རྡོ་རྗེའི་ལྟེ་བའི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་སྟེ། དེ་ལས་ཐུགས་རྡོ་རྗེ་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བའི་ནང་དུ་གནས་པའི་ཧཱུཾ་ཡིག་དང་རྡོ་རྗེ་ཡོངས་སུ་གྱུར་བ་ལས་ཕྱག་ན་རྡོ་རྗེ་ཡོངས་སུ་གྱུར་


DTG044_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཕྱག་ན་རྡོ་རྗེ་ལྟ་བུའི་ཐུགས་རྡོ་རྗེ་བསྒོམ་པར་བྱའོ། །དེ་ནས་ཐུགས་རྡོ་རྗེའི་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་དབུས་སུ་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ལས་བྱུང་བའི་ཐུགས་རྡོ་རྗེ་སྤྲོས་པས་འགྲོ་བའི་དོན་བྱས་ནས་མདུན་དུ་བྱོན་ཏེ་གནས་པ་རྣམས་དང༌། གདོད་མ་ནས་གྲུབ་པའི་ཐུགས་རྡོ་རྗེ་རྣམས་ཀྱང་མདུན་དུ་སྤྱན་དྲངས་ལ་གནས་པར་བལྟས་ཏེ། སྙིང་གའི་ས་བོན་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་པས་ཡང་དག་པར་མཆོད་པས་དགྱེས་པར་བལྟས་ལ་རང་གིས་སྦྲུལ་པ་དང་ཐོག་མ་མེད་པ་ནས་གྲུབ་པ་རྣམས་ལ་ཚིགས་སུ་གཅད་པ་གཉིས་ཀྱིས་གསོལ་བ་གདབ་པར་བྱའོ། །རྡོ་རྗེ་འཛིན་ཐུགས་དཔལ་དཔལ་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །དེང་བདག་བྱིན་གྱིས་བརླབས་གནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །དེང་བདག་བྱིན་གྱིས་བརླབས་གནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །དེ་ནས་གསོལ་བ་བཏབ་པའི་དེ་མ་ཐག་ཏུ་རབ་ཏུ་དགྱེས་པས་རང་གི་ཐུགས་རྡོ་རྗེའི་བདག་ཉིད་དུ་རབ་ཏུ་ཞུགས་པར་བསམས་ལ་འདིས་ལྷག་པར་མོས་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་བཞིན་དུ་ནུ་མ་གཉིས་ཀྱི་བར་དུ་ཟླ་བ་ལ་གནས་པའི་རལ་གྲིའི་ཡུ་བའི་དབུས་སུ་ཟླ་བ་ལ་གནས་པའི་མཾ་ཡིག་དང་རལ་གྲི་ཡོངས་སུ་གྱུར་པ་ལས་གསོལ་བ་བཏབ་པ་མེད་པར་དམ་ཚིག་སེམས་དཔའ་བཞིན་དུ་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱའོ། །དེ་བཞིན་དུ་ཐུགས་རྡོ་རྗེ་བསྐྱེད་པའི་རིམ་པ་ཉིད་ཀྱིས་མགྲིན་པའི་རྩ་བར་ཟླ་བ་ལ་གནས་པའི་རལ་གྲིའི་ཡུ་བའི་དབུས་སུ་ཟླ་བ་ལ་གནས་པའི་ཨ་ཡིག་དམར་པོ་དང་པདྨ་ཡོངས་སུ་གྱུར་པ་ལས་གསོལ་བ་བཏབ་ནས་ལྷན་ཅིག་འཇིག་རྟེན་དབང་ཕྱུག་བཞིན་དུ་གསུང་རྡོ་རྗེ་བསྒོམ་པར་བྱའོ། །དེར་གསོལ་བ་བཏབ་པའི་ཚིགས་སུ་བཅད་པ་གཉིས་ནི། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་གནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་


DTG044_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་གནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་བཞུགས་པའི་དེ་མ་ཐག་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭཱ་བྷཱ་བཱ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ལྷག་པར་མོས་པར་བྱའོ། །དེ་ནས་དེ་ཉིད་ཀྱི་བསྐྱེད་པའི་རིམ་པས་དཔྲལ་བར་ཨོཾ་ཡིག་དཀར་པོ་དང་འཁོར་ལོ་ཡོངས་སུ་གྱུར་པ་ལས་གསོལ་བ་བཏབ་པ་ལས་ལྷན་ཅིག་སའི་སྙིང་པོ་བཞིན་དུ་སྐུ་རྡོ་རྗེ་བསྒོམ་པར་བྱའོ། །དེ་ལ་འདི་ནི་གསོལ་བ་གདབ་པའི་ཚིགས་སུ་བཅད་པ་གཉིས་ཏེ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་གནས་སུ། །རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་གནས་སུ། །རྡོ་རྗེ་སྐུ་ཡིས་མཛད་དུ་གསོལ། །དེ་ནས་རབ་ཏུ་ཞུགས་པའི་དེ་མ་ཐག་ཏུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ལྷག་པར་མོས་པར་བྱའོ། །དེ་ལྟར་ཐུགས་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབ་པ་ནི་ཆུང་ངུའི་སྐྱེས་བུ་བྱེད་པའི་འབྲས་བུ་དང་ཆུང་ངུའི་སྒྲུབ་པའོ།། །།

ཆུང་ངུའི་དྲི་མ་མེད་པའི་འབྲས་བུ་དང་ཆུང་ངུའི་སྒྲུབ་པ་ཆེན་པོ།


DTG044_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཕྱག་མཚན་གྱི་ས་བོན་ལས་འོད་ཟེར་རྣམ་པར་སྤྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བསྐུལ་ཏེ། དེ་བཞིན་གཤེགས་པའི་སོ་སོའི་སྐུ་ལས་རྣམ་པར་སྤྲོས་པའི་རང་རང་གི་སྐུ་མདོག་གི་རིན་པོ་ཆེའི་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་བཀང་བས་ཕྱག་འབྲེལ་བ་རྣམས་ཀྱིས་ནམ་མཁའ་ཁྱབ་པས་རྒྱལ་མཚན་དང་བ་དན་ལ་སོགས་པས་ཕྱག་འབྲེལ་བའི་མཆོད་པའི་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་སྤྱན་མ་ལ་སོགས་པ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའི་མཐར་ཐུག་པའི་ལྷ་མོའི་ཚོགས་དཔག་ཏུ་མེད་པས་བདག་ཉིད་དབང་བསྐུར་བས་བལྟས་ལ་སྤྱི་བོར་བབས་པའི་ཆུའི་ལྷག་མ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་བསམས་ནས་བཀུག་པའི་བུམ་པ་རྣམས་གཞལ་ཡས་ཁང་གི་བུམ་པ་རྣམས་ལ་ཐིམ་པར་བསྒོམས་ནས། ལྷ་མོ་རྣམས་ཀྱིས་གསང་བའི་མཆོད་བས་མཆོད་ཅིང༌། དགའ་བའི་ཆོགས་བླ་ན་མེད་པའི་བདག་ཉིད་ཀྱིས་ཤིན་ཏུ་བདེ་བར་


DTG044_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བའི་དབང་བསྐུར་བ་ནི་ཆུང་ངུའི་དྲི་མ་མེད་པའི་འབྲས་བུ་དང་ཆུང་ངུའི་སྒྲུབ་པ་ཆེན་པོ་སྟེ། དེ་ལྟར་ཆུང་ངུའི་ཡན་ལག་བཞིའོ།། །།

འབྲིང་གི་ཡན་ལག་བཞི།


DTG044_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རང་གི་འོད་ཀྱི་ཤེས་རབ་མའི་སེན་མོ་ནས་བརྩམས་ཏེ་སྐྲ་མཚམས་ཀྱི་མཐར་ཐུག་པའི་ཡན་ལག་དགའ་བ་ཤིན་ཏུ་རྒྱ་ཆེ་བ་འཁོར་བ་མ་ཡིན་པ་བླ་ན་མེད་པའི་བདེ་བ་ཆེན་པོའི་བདུད་རྩིའི་རྒྱུན་འབྱུང་བར་བལྟས་པ་ནི་འབྲིང་གི་རྒྱུ་མཐུན་པའི་འབྲས་བུ་དང་འབྲིང་གི་བསྙེན་པའོ། །དེ་ནས་གོང་མ་བཞིན་དུ་སའི་སྙིང་པོ་ལ་སོགས་པ་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ་ནི་འབྲིང་གི་རྣམ་པར་སྨིན་པའི་འབྲས་བུ་དང༌། འབྲིང་གི་ཉེ་བར་སྒྲུབ་པའོ། །དེ་ནས་གསོལ་བ་གདབ་པ་མེད་པར་ཐུགས་དང་གསུང་དང་སྐུ་བྱིན་གྱིས་བརླབ་པ་ནི་འབྲིང་གི་སྐྱེས་བུའི་བྱེད་པའི་འབྲས་བུ་དང་འབྲིང་གི་སྒྲུབ་པའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་བསྒོམས་ནས་དབང་བསྐུར་བར་བསྒོམ་པ་ནི་འབྲིང་གི་དྲི་མ་མེད་པའི་འབྲས་བུ་དང༌། འབྲིང་གི་སྒྲུབ་པ་ཆེན་པོའོ། །དེ་ལྟར་འབྲིང་གི་ཡན་ལག་བཞིའོ། །

དེ་བྱིན་གྱིས་བརླབ་པའི་ཆོ་ག


DTG044_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་མའི་སྤྱི་བོའི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོའོ། །དེའི་ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་ཨོཾ་ཡིག་དཀར་པོའོ། །དེ་ཡོངས་སུ་གྱུར་པ་ལས་ནུ་མ་གཉིས་ཀྱི་སྟེང་གི་མཚམས་ནས་སྤྱི་བོའི་མཐར་ཐུག་པར་རྣམ་པར་སྣང་མཛད་ཀྱི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་དུ་ལྟེ་བའི་ནང་དུ་ཟླ་བ་ལ་གནས་པའི་ཨོཾ་ཡིག་དཀར་པོའོ། །དེ་ཡོངས་སུ་གྱུར་པ་ལས་ནུ་མ་གཉིས་ཀྱི་སྟེང་ནས་ནུ་མ་གཉིས་ཀྱི་བར་མཐར་ཐུག་པར་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་བལྟ་བར་བྱའོ། །དེ་ནས་ལྟེ་བའི་འོག་གི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་སྭཱ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་མ་ར་ག་ཏའོ། །དེའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་སྭཱ་ཡིག་སེར་པོའོ། །དེ་ཡོངས་སུ་གྱུར་པ་ལས་པདྨའི་སྟེང་ནས་ལྟེ་བའི་མཐར་ཐུག་པར་རིན་ཆེན་འབྱུང་ལྡན་གྱི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་དུ་པདྨའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་


DTG044_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཁ་བྱེ་བའི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཨ་ཡིག་དམར་པོའོ། །དེ་ཡོངས་སུ་གྱུར་པ་ལས་པདྨ་ནས་བརྩམས་ཏེ་པུས་མོ་གཉིས་ཀྱི་སྟེང་གི་མཐར་ཐུག་པར་འོད་དཔག་མེད་ཀྱི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །དེ་བཞིན་དུ་པུས་མོ་གཉིས་ཀྱི་འོག་ཏུ་སོ་སོར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧ་ཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས་རལ་གྲིའོ། །དེའི་ཡུ་བའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱ་ཡིག་གོ །དེ་ཡོངས་སུ་གྱུར་པ་ལས་པུས་མོ་གཉིས་ནས་བརྩམས་ཏེ་རྐང་པའི་སོར་མོའི་མཐར་ཐུག་པར་དོན་ཡོད་གྲུབ་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་བལྟ་བར་བྱའོ། །དེ་ལྟར་རིགས་ལྔ་གཅིག་ཏུ་ཚོགས་པས་ཡོངས་སུ་མ་ཉམས་པ་རང་གི་ཁ་དོག་དང་དབྱིབས་ཀྱིས་བཅོམ་ལྡན་འདས་མ་གསལ་བར་བྱའོ། །དེའི་ཆུ་སྐྱེས་ལ་ཧཱུཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཁ་འོག་ཏུ་བལྟས་པའི་པདྨ་ལྟ་བུ་ལ་ཨཱཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཟེའུ་འབྲུ་རྣམ་པར་བསྒོམ་མོ། །དེ་བཞིན་དུ་ཧཱུཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་རང་གི་རྡོ་རྗེའོ། །ཨོཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ནོ་བུའི་ཆ་རྡོ་རྗེ་རྩེ་ལྔ་པ་ལྟ་བུའི་རྗེས་སུ་བྱེད་པ་ཤིན་ཏུ་ཡིད་འཕྲོག་པ་བལྟས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་དོན་བདག་ལ་བརྩམས་པར་འགྲོས་ནས་གཉིས་ཀའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་རང་གི་ལུས་དང་ཡན་ལག་རྣམས་ལ་ཐིམ་པར་བསྒོམས་ལ་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཞལ་དུ་ཞུགས་ཏེ། མན་ངག་ཇི་ལྟ་བ་བཞིན་དུ་གནས་ཇི་ལྟ་བ་བལྟས་ལ་སྔགས་བརྗོད་དོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་བར་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །

དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན།

ཆེན་པོའི་ཡན་ལག་བཞི་སོགས།


DTG044_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐུགས་ཀའི་ས་བོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་ཞལ་ནས་ཞལ་དུ་ཞུགས་ཏེ་ཞུ་བར་གྱུར་པ་རྣམས་རྡོ་རྗེའི་ལམ་ནས་ཕྱུང་ནས་པདྨའི་ནང་དུ་གནས་པར་བལྟས་ལ་འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་པ་ལས་


DTG044_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མཾ་ཡིག་གོ །དེ་ལས་བྱུང་བའི་མི་བསྐྱོད་པ་རྣམ་པར་སྤྲོས་པས་འགྲོ་བའི་དོན་བྱས་ནས་མཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་གཙོ་བོ་མི་བསྐྱོད་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་བདག་ཉིད་གསང་བའི་དཀྱིལ་འཁོར་བལྟའོ། །དེ་ནས་མི་བསྐྱོད་པ་ལ་སོགས་པ་རྣམས་སོ་སོར་མངོན་སུམ་དུ་བྱས་ཏེ་མན་ངག་ཇི་ལྟ་བ་བཞིན་དུ་རིགས་ཀྱི་བདག་པོ་ལ་རྗེས་སུ་གནང་བ་ཐོབ་ནས་རང་རང་གི་སྔགས་ཀྱིས་དབྱུང་བར་བྱའོ། །དེ་ལ་བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་འདིས་ཉེ་བར་ཕྱུང་བའི་བཅོམ་ལྡན་འདས་མི་བསྐྱོད་པ་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་པས་འགྲོ་བའི་དོན་བྱས་ནས་འཇམ་པའི་རྡོ་རྗེའི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལ་ཐིམ་པར་གྱུར་པར་བསམ་མོ། །དེ་བཞིན་དུ་ཛིན་ཛིཀ་ཅེས་བྱ་བའི་སྔགས་འདིས་འགྲོ་བའི་དོན་བྱེད་པ་སྔོན་དུ་འགྲོ་བས་མདུན་དུ་རྣམ་པར་སྣང་མཛད་དོ། །དེ་བཞིན་དུ་རཏྣ་དྷྲྀཀ་ཅེས་བྱ་བའི་འདིས་ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་ནོ། །ཨཱ་རོ་ལྀཀ་ཅེས་བྱ་བ་འདིས་ནུབ་ཕྱོགས་སུ་འོད་དཔག་མེད་དོ། །པྲཛྙཱ་དྷྲྀཀ་ཅེས་བྱ་བ་འདིས་བྱང་ཕྱོགས་སུ་དོན་ཡོད་གྲུབ་པའོ། །མོ་ཧ་ར་ཏི་ཞེས་བྱ་བ་འདིས་མེའི་མཚམས་སུ་སྤྱན་ནོ། །དྭེཥ་ར་ཏི་ཞེས་བྱ་བ་འདིས་བདེན་བྲལ་གྱི་མཚམས་སུ་མཱ་མ་ཀཱིའོ། །རཱ་ག་ར་ཏི་ཞེས་བྱ་བ་འདིས་རླུང་གི་མཚམས་སུ་གོས་དཀར་མོའོ། །བཛྲ་ར་ཏི་ཞེས་བྱ་བ་འདིས་དབང་ལྡན་གྱི་མཚམས་སུ་སྒྲོལ་མའོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་གོ་རིམས་བཞིན་དུ་མེའི་མཚམས་ལ་སོགས་པའི་མཚམས་བཞི་དང༌། ཤར་སྒོའི་བྱང་དང་ལྷོའི་འགྲམ་གཉིས་སུ་གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་གོ ། ཡམཱནྟ་ཀྲྀཏ་ཅེས་བྱ་བ་འདིས་ཤར་ཕྱོགས་ཀྱི་སྒོར་གཤིན་རྗེ་གཤེད་དོ། །པྲཛྙཱ་ན་ཏ་ཀྲྀཏ་ཅེས་བྱ་བ་འདིས་ལྷོའི་སྒོར་ཤེས་རབ་མཐར་བྱེད་དོ། །པདྨཱནྟ་ཀྲྀཏ་ཅེས་བྱ་བ་འདི་སྣུབ་ཀྱི་སྒོར་པདྨ་ཐར་བྱེད་དོ། །བྷིགྷྣཱནྟ་ཀྲྀཏ་ཅེས་བྱ་བ་འདིས་བྱང་གི་སྒོར་བགེགས་མཐར་བྱེད་དོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་ཕྱིའི་གཞལ་ཡས་ཁང་ལ་གཞལ་ཡས་ཁང་དེ་ཐིམ་པར་བལྟའོ། །དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཕྱག་མཚན་གྱི་ས་བོན་འོད་ཟེར་གྱི་ལྕགས་ཀྱུའི་རྣམ་པས་ཐོག་མ་མེད་པའི་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་


DTG044_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་སྤྱན་དྲངས་པའི་བཅོམ་ལྡན་འདས་རབ་ཏུ་གཞུག་པའི་ཕྱིར་གུར་མཚམས་དབྱེ་བ་དང༌། སྒོ་ནས་ཞུགས་པ་ལ་གཤིན་རྗེ་གཤེད་ལ་སོགས་པས་བདུད་རྣམས་བསྐྲད་ནས་རྡོ་རྗེའི་གུར་སྔོན་བཞིན་དུ་བརྟན་པར་བལྟས་ལ་བཅོམ་ལྡན་འདས་རྣམས་ལ་ཞབས་བསིལ་དང༌། ཞལ་བསིལ་དང་མཆོད་ཡོན་རྣམས་ཕུལ་ནས་ཕྱི་དང་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། གཤིན་རྗེ་གཤེད་ལ་སོགས་པས་མན་ངག་ཇི་ལྟ་བ་བཞིན་དུ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དགྱེས་པ་སྐྱེད་པར་བྱའོ། །ད་ནས་ཐོག་མ་མེད་པ་ནས་གྲུབ་པའི་འཇམ་པའི་རྡོ་རྗེ་དང་ལྷན་ཅིག་གཉིས་སུ་མེད་པའི་རང་བཞིན་ལྷག་པར་མོས་པར་བྱའོ་ཞེས་བྱ་བའི་བར་གྱིས་རྒྱུ་མཐུན་པའི་འབྲས་བུ་ཆེན་པོ་དང་བསྙེན་པ་ཆེན་པོའོ།། །།དེ་ནས་དཀྱིལ་འཁོར་གྱི་བདག་པོ་དང༌། དཀྱིལ་འཁོར་པ་རྣམས་ཀྱི་རང་གི་རིག་མ་དང་བཅས་པར་གོང་མ་བཞིན་དུས་གཅིག་ཏུ་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དང༌། ཆེན་པོའི་ཉེ་བར་སྒྲུབ་པའོ། །དེ་ནས་གསོལ་བ་བཏབ་པ་མེད་པར་ཐུགས་དང་གསུང་དང་སྐུ་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་ཆེན་པོའི་སྐྱེས་བུ་བྱེད་པའི་འབྲས་བུ་དང༌། ཆེན་པོའི་སྒྲུབ་པའོ། །དེ་ནས་སོ་སོར་གོང་མ་བཞིན་དུ་ཡེ་ཤེས་སེམས་དཔའ་བསྒོམས་ནས་དབང་བསྐུར་བ་ལ་སོགས་པ་ནི་དྲི་མ་མེད་པའི་འབྲས་བུ་དང༌། ཆེན་པོའི་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་ཡན་ལག་བཞིའོ། །ཆུ་ལྷག་མ་ཡོངས་སུ་གྱུར་པ་ལས་འཇམ་པའི་རྡོ་རྗེ་དང༌། རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་དང༌། མཱ་མ་ཀཱི་དང༌། སྒྲ་རྡོ་རྗེ་མ་དང༌། ཤེས་རབ་མཐར་བྱེད་དང༌། བགེགས་མཐར་བྱེད་དང༌། ཕྱག་ན་རྡོ་རྗེ་དང༌། ཐུགས་རྡོ་རྗེ་དང༌། སྲུང་བའི་འཁོར་ལོ་ལ་གནས་པའི་ཤེས་རབ་མཐར་བྱེད་དང༌། བགེགས་མཐར་བྱེད་དང༌། འདོད་པའི་རྒྱལ་པོ་དང༌། དབྱིག་པ་སྔོན་པོ་དང༌། སྟོབས་པོ་ཆེ་དང༌། མི་གཡོ་བ་དང༌། གཙུག་ཏོར་འཁོར་ལོས་སྒྱུར་བ་དང༌། གནོད་མཛེས་རྒྱལ་པོ་དང༌། རྡོ་རྗེ་ཧཱུཾ་མཛད་རྣམས་ཀྱི་དབུ་ལ་མི་བསྐྱང་པའོ། །སྤྱན་མ་དང༌། གཟུགས་རྡོ་རྗེ་


DTG044_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང༌། གཤིན་རྗེ་གཤེད་དང༌། སའི་སྙིང་པོ་དང༌། སྐུ་རྡོ་རྗེ་དང༌། བསྲུང་བའི་འཁོར་ལོ་ལ་གནས་པའི་གཤིན་རྗེ་གཤེད་རྣམས་ལ་རྣམ་པར་སྣང་མཛད་དོ། །དྲི་རྡོ་རྗེ་མ་དང༌། ནམ་མཁའི་སྙིང་པོ་དག་ལ་རིན་ཆེན་འབྱུང་ལྡན་ནོ། །གོས་དཀར་མོ་དང༌། རོ་རྡོ་རྗེ་མ་དང༌། པདྨ་མཐར་བྱེད་དང༌། འཇིག་རྟེན་དབང་ཕྱུག་དང༌། གསུང་རྡོ་རྗེ་དང༌། སྲུང་བའི་འཁོར་ལོ་ལ་གནས་པའི་པདྨ་མཐར་བྱེད་རྣམས་ལ་འོད་དཔག་མེད་དོ། སྒྲོལ་མ་དང༌། རེག་བྱ་རྡོ་རྗེ་མ་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམས་ལ་དོན་ཡོད་གྲུབ་པའོ། །ཆོས་ཀྱི་དབྱིངས་རྡོ་རྗེ་མ་དང༌། ཀུན་དུ་བཟང་པོ་དག་ལ་རྡོ་རྗེ་འཛིན་པའོ་ཞེས་བྱ་བ་རིགས་ཀྱི་བདག་པོ་བསྒོམ་པའོ། །དེ་ནས་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་གནས་པའི་འདོད་པའི་ཡོན་ཏན་ལྔ་རྣམས་བཀུག་ནས་ཞལ་དུ་ཞུགས་ཏེ་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་བབས་པར་བལྟས་ལ་འོད་ཀྱི་གོང་བུ་དེ་ཡོངས་སུ་གྱུར་པ་ལས་བླ་ན་མེད་པ་ཟག་པ་མེད་པ་དཔག་ཏུ་མེད་པའི་འདོད་པའི་ཡོན་ཏན་ལྔས་ཕྱག་འབྲེལ་བའི་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཐར་ཐུག་པའི་ལྷ་མོའི་ཚོགས་བཅོམ་ལྡན་འདས་མའི་བ་སྤུའི་བུ་ག་སོ་སོ་ནས་རྣམ་པར་སྤྲོས་པས་དཀྱིལ་འཁོར་པ་རྣམས་མཆོད་ཅིང་བླ་ན་མེད་པའི་བདེ་བ་ཆེན་པོས་ཚིམ་པའི་བདག་ཉིད་དུ་བལྟས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་རྣམས་དང་ལྷ་མོའི་ཚོགས་རྣམས་དང༌། གཞན་ཡང་ཀ་བ་དང་རྩིག་པ་དང་རྟ་བབས་ལ་སོགས་པ་ཀུན་ནས་བསྟོད་པའི་བདག་ཉིད་དུ་བལྟ་བར་བྱའོ། །དེ་ལ་འདི་ནི་བསྟོད་པའི་ཚིགས་སུ་བཅད་པ་ལྔ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུང་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བྱེད་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་བརྗོད་ཅིག་ཕྱག་འཚལ་ལོ། །


DTG044_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་མི་ཕྱེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུངས་ཤིག་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །རང་བཞིན་དག་པ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །དེ་ནས་འཇམ་པའི་རྡོ་རྗེའི་མདུན་དུ་ཨཱཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་བྲུཾ་ལ་སོགས་པ་ས་བོན་བྱིན་གྱིས་བརླབས་པའི་བདུད་རྩི་ལྔ་དང༌། བརྩོན་འགྲུས་ལྔས་ཡོངས་སུ་གང་བའི་པདྨའི་སྣོད་དཀར་པོ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མན་འཇིའི་སྟེང་དུ་བལྟའོ། །དེའི་སྟེང་དུ་མཐོ་གང་ཙམ་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོའི་ལྟེ་བའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་དཀར་པོས་བྱིན་གྱིས་བརླབས་པ་བལྟས་ནས་པདྨའི་སྣོད་ཀྱི་འོག་ཏུ་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་རོ། །རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་རྣམ་པར་བསྒོམས་ནས་རླུང་གིས་སྦར་བའི་མེས་པདྨའི་སྣོད་རབ་ཏུ་དྲོས་པས་བདུད་རྩི་ལ་སོགས་པ་ཞུ་སྟེ། དེའི་རླངས་པས་ཟླ་བ་དང་རྡོ་རྗེ་ལ་སོགས་པ་ཞུ་ནས་དེ་ཉིད་དུ་ལྷུང་བ་དེ་ཐམས་ཅད་བླ་ན་མེད་པའི་བདུད་རྩིས་ཡོངས་སུ་གང་བར་བལྟའོ། །དེའི་སྟེང་དུ་ཞུ་བའི་བདུད་རྩིའི་རྒྱུན་འབབ་པའི་ཨོཾ་ཡིག་བལྟས་ནས་དེའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྩིའི་རྣམ་པ་རྣམས་བཀུག་ནས་དེར་ཐིམ་པར་བསྒོམས་ལ། ཨོཾ་ཡིག་ཀྱང་ཞུ་བར་གྱུར་ནས་དེ་ཉིད་དུ་ཞུགས་པར་བལྟས་ནས་བདུད་རྩི་དེ་ཁོ་ན་ཉིད་དུ་གསུམ་གྱིས་ལན་མང་དུ་བྱིན་གྱིས་བརླབ་པའོ། །དེ་ནས་བཅོམ་ལྡན་འདས་དང་དཀྱིལ་འཁོར་བ་རྣམས་ཀྱི་ཐུགས་ཀར་གནས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཕྱག་མཚན་གྱི་དབུས་སུ་རང་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་རང་རང་གི་གཙོ་བོའི་དཀྱིལ་འཁོར་གྱི་འཁོར་ལོ་སོ་སོའི་ལྕེའི་དབུས་སུ་ཧཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་ནས་ཙམ་ནང་སྤུ་གུར་གྱུར་པ་ལྟེ་བ་ལ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པས་བལྟས་ནས་སྒྱུ་མ་ལྟ་བུར་གསལ་བ་སྣ་ཚོགས་པ་


DTG044_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཐམས་ཅད་གཉིས་སུ་མེད་པ་ཙམ་དུ་ལྷག་པར་མོས་པར་བྱའོ། །རྡོ་རྗེ་རྩེ་ལྔ་པའི་འོད་ཟེར་གྱིས་དྲངས་ནས་རང་གི་སྙིང་གར་གནས་པའི་འཁོར་ལོ་ལ་སོགས་པ་དང༌། བདག་ཉིད་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཚིམ་པར་བྱའོ་ཞེས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །

ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན།

ཐིག་ལེའི་རྣལ་འབྱོར།


DTG044_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཕྱག་མཚན་གྱི་དབུས་སུ་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་གྱུར་པ་ལས་རང་རང་གི་ས་བོན་བལྟས་ནས་མཾ་ཡིག་ལས་སྤྲོས་པའི་འཇམ་པའི་རྡོ་རྗེ་རྣམ་པར་སྤྲོས་པས་སེམས་ཅན་ཐམས་ཅད་འཇམ་པའི་རྡོ་རྗེར་བྱས་ཏེ་བཀུག་ནས་མཾ་ཡིག་ལ་རབ་ཏུ་ཞུགས་ཤིང་མཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་སྲན་མའི་ཚད་ཙམ་གྱི་ནང་སྟོང་པའི་ཐིག་ལེ་རྣམ་པར་བསྒོམས་ལ་དེའི་དབུས་སུ་ཡན་ལག་བཞི་དང་ལྡན་པའི་རྟེན་དང་བརྟེན་པའི་བདག་ཉིད་གཅོ་བོ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་སྐད་ཅིག་ཙམ་གྱིས་བལྟ་བར་བྱའོ། །དེ་ནས་དེའི་དཀྱིལ་འཁོར་གྱི་འཁོར་ལོ་བཀུག་ནས་སྤྲོས་པའི་འོད་ཟེར་དགག་པར་མི་ནུས་པ་འཕྲོས་པ་གོ་རིམས་བཞིན་དུ་རལ་གྲི་དང༌། ཡེ་ཤེས་སེམས་དཔའ་དང༌། རལ་གྲི་གཉིས་པ་དང༌། སྐུ་དང་གསུང་དང་ཐུགས་རྣམས་དང་། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། དམ་ཚིག་སེམས་དཔའ་རྣམས་དང༌། དཀྱིལ་འཁོར་པ་རྣམས་དང༌། མཆོད་པའི་ལྷ་མོ་དང༌། གཞལ་ཡས་ཁང་དང་སྣ་ཚོགས་རྡོ་རྗེ་དང༌། སྣ་ཚོགས་པདྨ་དང༌། ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་དང་འཁོར་ལོའི་ལྟེ་བ་དང༌། རྩིབས་བཅུའི་ནང་ན་གནས་པའི་ཁྲོ་བོ་བཅུས་བྱིན་གྱིས་བརླབས་པས་མྱུར་དུ་འཁོར་བའི་སྲུང་བའི་འཁོར་ལོ་དང༌། རྡོ་རྗེའི་ས་གཞི་དང་ར་བ་དང་གུར་རྣམས་དང༌། ས་དང་རླུང་དང་མེ་དང་ཆུའི་དཀྱིལ་འཁོར་རྣམས་དང༌། དེ་ནས་ཇི་སྲིད་ནམ་མཁའི་ཁམས་སུ་གནས་པའི་འཇིག་རྟེན་གྱི་ཁམས་རྣམས་གསལ་བར་བྱས་ཏེ་འགྲོ་བ་རྫོགས་པའི་སངས་རྒྱས་སུ་བྱས་ནས་དེ་ཉིད་ཀྱི་རིམ་པས་དཀྱིལ་འཁོར་དེ་ཉིད་དུ་རབ་ཏུ་ཞུགས་ཤིང༌། དེ་ཉིད་ནས་ཡང་སྤྲོ་བ་དང་འཇུག་པ་ཇི་སྙེད་འདོད་ཀྱི་བར་དུ་བྱ་བ་ནི་ཐིག་ལེའི་རྣལ་འབྱོར་རོ། །

ཕྲ་མོའི་རྣལ་འབྱོར།


DTG044_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཐིག་ལེའི་འཁོར་ལོ་དེ་ཡོངས་སུ་གྱུར་པ་ལས་མཾ་ཡིག་བལྟས་ནས་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བཀུག་ནས་ཞལ་དུ་ཞུགས་ཤིང་རྡོ་རྗེའི་ལམ་ནས་སྤྲོས་ཏེ་ལྷ་མོའི་པདྨའི་དབུས་སུ་ཞུ་བར་རྗེས་སུ་བལྟའོ། །དེ་ནས་འོད་ཀྱི་གོང་བུ་ལས། རྡོ་རྗེ་དང་པདྨ་བསྐྱོད་པ་ལས་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་གཅིག་དཱུར་ཝའི་ཡལ་གའི་རྩེ་མོ་ལ་ཟིལ་པའི་ཐིགས་པ་བཞིན་དུ་སྣའི་རྩེ་མོར་བལྟས་ནས་དེ་ཡོངས་སུ་གྱུར་པ་ལས་མཾ་ཡིག་གོ །དེ་ཡོངས་སུ་གྱུར་པ་ལས་ནས་འབྲུ་ཙམ་གྱི་རལ་གྲིའོ། །དེའི་ཡུ་བའི་ནང་དུ་མཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ་ལ་གནས་པའི་ཐིག་ལེ་ཕྲ་མོ་ནང་སྟོང་པ་ཁ་དོག་ལྔ་པ་ཡུངས་ཀར་གྱི་ཚད་ཙམ་མོ། །དེའི་ནང་དུ་འཇམ་པའི་རྡོ་རྗེས་གཙོ་བོ་མཛད་པའི་རྟེན་དང་བརྟེན་པའི་བདག་ཉིད་ཡན་ལག་བཞི་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཚན་ཉིད་མཚན་མ་མ་ཐོབ་ཀྱི་བར་དུ་སྤྲོ་བ་དང་བསྡུ་བས་སྟོང་པ་ཉིད་བསྒོམ་པར་བྱའོ། །མཚན་མ་ཐོབ་པའི་ཚེ་རྣམ་པར་སྤྲོས་ཏེ་དེ་བཞིན་གཤེགས་པ་ལྔའི་གཙོ་བོ་བྱས་པའི་དཀྱིལ་འཁོར་གྱི་འཁོར་ལོའམ། དེའི་ལྟེ་བ་ལ་བྱིན་གྱིས་བརླབས་པའི་ཕྱག་མཚན་གྱིས་འགྲོ་བའི་དོན་བྱེད་པ་ནི་ཕྲ་མོའི་རྣལ་འབྱོར་རོ། །

བཟླས་པའི་ཆོ་ག


DTG044_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མན་ངག་ཇི་ལྟ་བ་བཞིན་དུ་ཨོཾ་ཨཱ་མཾཿཧཱུཾ་ཞེས་བྱ་བའི་ཡི་གེ་འདི་རྣམས་གནས་ཇི་ལྟ་བར་བལྟས་ནས་ཡི་གེ་སོ་སོར་བརྗོད་པའི་དུས་སུ་སྐུ་རྡོ་རྗེ་ལ་སོགས་པས་འགྲོ་བའི་དོན་བྱས་ནས་མདུན་དུ་བྱོན་པར་བལྟས་ལ་ཕྱི་ནང་གསང་བའི་མཆོད་པས་ཡང་དག་པར་མཆོད་དེ་རང་རང་གི་ས་བོན་ལ་ཐིམ་པར་གྱུར་པའོ། །དེ་བཞིན་དུ་དེ་ལྟར་སྐད་ཅིག་མ་སོ་སོ་ལ་སྤྲོ་བ་དང་འཇུག་པ་ལྷག་པར་མོས་པ་ཤིན་ཏུ་ཐོགས་པ་དང་ཤིན་ཏུ་མྱུར་བ་དང༌། རྣམ་པར་གཡེང་བ་མ་ཡིན་པའི་སེམས་ཀྱིས་བཟླས་པ་བྱེད་པ་ནི་བཟླས་པའི་ཆོ་གའོ། །

ཚིམ་པའི་ཆོ་ག་སོགས།


DTG044_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ངལ་བ་ཉིད་ན་ཡུད་ཙམ་ཅིག་ངལ་བ་སོས་ལ་ལྷ་མོའི་གླུའི་སྒྲས་ཆད་པ་ལས་རྒྱལ་བ་སྟེ། སྤྱི་བོའི་སྟེང་མཐོ་གང་ཙམ་གྱི་སྟེང་ཟླ་བའི་དཀྱིལ་འཁོར་ལ་གནས་པ་བདུད་རྩིའི་རྣམ་པ་ལྔ་རབ་ཏུ་བསྒྲུབས་པ་ཨོཾ་ཡིག་དཀར་པོས་བྱིན་གྱིས་བརླབས་པའི་བདུད་རྩི་འཛག་པར་བསམས་ནས་སྲོག་དང་སྩོལ་བའི་འོད་ཟེར་གྱི་ལྕགས་ཀྱུས་བཀུག་ནས་བདུད་རྩིའི་རྒྱུན་འབབ་པས། སྐུ་རྡོ་རྗེ་ལ་སོགས་པའི་སོ་སོའི་ཡན་


DTG044_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་ངལ་བ་ཡོངས་སུ་སྤངས་པ་ནི་ཚིམ་པའི་ཆོ་གའོ། །དེ་ནས་ཀྱང་མངོན་པར་འདོད་པའི་ཡིད་ཀྱིས་སླར་ཡང་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱ་བ་དང་སྔགས་བཟླས་པར་བྱ་བ་དང༌། ཚིམ་པར་ཡང་བྱ་བ་སྟེ་ཇི་སྲིད་འདོད་ཀྱི་བར་དུ་ཡང་དང་ཡང་དུ་འཇུག་པར་བྱའོ། །སེམས་ཞུམ་ན་ཡང་ལྷ་མོའི་གླུའི་སྒྲས་རབ་ཏུ་སངས་པར་བྱ་བ་དང༌། རྣམ་པར་གཡེང་བ་ཕྲ་མོའི་རྣལ་འབྱོར་གྱིས་ཞི་བར་བྱའོ། །དེ་ནས་ལྡང་བར་འདོད་ན་སྐད་ཅིག་ཙམ་གྱིས་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བར་བྱས་ནས་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཧཱུཾ་ཡིག་ལ་ཐིམ་པར་བསྒོམ་པར་བྱ་བ་དང༌། འོད་དཔག་མེད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ཨཱཿཡིག་ལ་ཐིམ་པར་བསྒོམ་པ་དང༌། གཞན་དཀྱིལ་འཁོར་པ་རྣམས་ཧཱུཾ་ཡིག་ལ་ཐིམ་པར་བསྒོམས་ལ་བདག་ཉིད་འཇམ་པའི་རྡོ་རྗེའི་རང་བཞིན་ཨོཾ་ཡིག་ལ་སོགས་པ་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་བྱིན་གྱིས་བརླབ་པ་དང༌། མཆོད་པའི་ལྷ་མོ་ལ་སོགས་པ་དང་བཅས་པ་ཇི་ལྟར་བསྟན་པའི་དཀྱིལ་འཁོར་གྱི་དབུས་སུ་གནས་པ་དང༌། སྣ་ཚོགས་པ་རྣམས་གཉིས་སུ་མེད་པ་ནམ་མཁའི་བདག་ཉིད་དུ་ལྷག་པར་མོས་པར་བྱའོ། །འཁྲུལ་དང་མ་འཁྲུལ་རྟོག་དང་མི་རྟོག་དང༌། །བདེ་དང་དཀར་པོ་ལ་སོགས་དབང་པོ་ལས་སྐྱེས་རྣམས། །ཤེས་རྣམས་ཐ་དད་མིན་ཏེ་ལྷན་ཅིག་དམིགས་པའི་ཕྱིར། །སྔོན་དང་ཕྱི་མར་ཡང་ནི་དབྱེ་བ་མེད་པ་ཉིད། །ཅེས་ཇི་ལྟར་བསྟན་པ་ནི་ལུས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏོ། །བསྒོམ་པར་མི་ནུས་ན་བཟླས་པ་བྱ་བ་རྣམས་བསྟན་པ་ནི་ཁྲོ་བོ་རྣམས་མ་གཏོགས་པ་འཇམ་པའི་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་སྔོན་དུ་བསྟན་པའི་ས་བོན་དེ་ཉིད་གསུམ་གྱི་བར་དུ་བཅུག་པ་མན་ངག་ཇི་ལྟ་བ་བཞིན་དུ་བཟླས་པར་བྱའོ། །གཞལ་ཡས་ཁང་དང་སྲུང་བའི་འཁོར་ལོ་ལ་གནས་པའི་གཤིན་རྗེ་གཤེད་ལ་སོགས་པ་གཞིའི་འབྱིན་པའི་སྔགས་དེ་ཁོ་ན་ཉིད་གསུམ་གྱི་བར་དུ་བཅུག་ལ་བཟླས་པར་བྱའོ། །འདོད་པའི་རྒྱལ་པོ་ལ་སོགས་པ་བདུན་གྱི་སྔགས་བརྗོད་དེ། ཨོཾ་ཨཱཿཧཱུཾ་ཊཀྐི་ནི་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་ཨ་ཙ་ལ་ཧཱུཾ།


DTG044_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུཾ་དཎྜ་ཧཱུཾ། ཨོཾ་ཨཱཿཧཱུཾ་བ་ལ་ཧཱུཾ། ཨོཾ་ཨཱཿཧཱུཾ་བྷྲཱུཾ་ཙ་ཀྲ་ཧཱུཾ། ཨོཾ་ཨཱཿཧཱུཾ་སུཾ་བྷ་ཧཱུཾ། ཨོཾ་ཨཱཿཧཱུཾ་བཛྲ་ཧཱུཾ་ཞེས་པའོ། །ཨོཾ་ཨཱཿན་མཿས་མནྟ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་ནཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚོཊ་ཀ་བྷཻ་ར་བ་ཡ། ཨ་སི་མུ་ས་ལ་བ་ར་སུ་པཱ་ཤ་ཧ་སྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫྫ་གརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་བི་ན་ཡ་ཀ །མ་ཧཱ་ག་ན་པ་ཏི་ཛཱི་བ་ཏན་ཀ་རཱ་ཡ་ཧཱུཾ་ཕཊ་སྭཱ་ཧཱ་ཧཱུཾ། འཇིགས་པ་ཐམས་ཅད་ལས་སྐྱོབ་པ་བདུད་རྩི་འཁྱིལ་བའི་སྔགས་འདི་རྟག་ཏུ་བཟླས་པར་བྱ་ཞེས་བྱ་བ་ནི་བསྒོམ་པའི་ཆོ་གའོ། །


previousབཞི་པ། སྒོམ་པའི་ཆོ་གnext