Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།


  collapse section
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
  collapse section
   
   
   
   
  collapse section
   
  collapse section
  collapse section
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
  collapse section
  collapse section
  collapse section
  collapse section
   
   
   
   
   
   
  collapse section
   
  collapse section
   
   
   
   
   
  collapse section
དྲུག་པ། མཆོག་ཏུ་ཟབ་པའི་གནས་བསྟན་པ་ཐམས་ཅད་ཀྱི་ནོར་གྱི་ཚིག་དོན་ལྔ་པོ་བརྗོད་པ།
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   


 
previousདྲུག་པ། མཆོག་ཏུ་ཟབ་པའི་གནས་བསྟན་པ་ཐམས་ཅད་ཀྱི་ནོར་གྱི་ཚིག་དོན་ལྔ་པོ་བརྗོད་པ།next

དྲུག་པ། མཆོག་ཏུ་ཟབ་པའི་གནས་བསྟན་པ་ཐམས་ཅད་ཀྱི་ནོར་གྱི་ཚིག་དོན་ལྔ་པོ་བརྗོད་པ།

ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་གནས་པ།


DTG044_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བའི་ཆོ་ག་བརྗོད་ནས་ད་ནི་མཆོག་ཏུ་ཟབ་པའི་གནས་བསྟན་པ་ཐམས་ཅད་ཀྱི་ནོར་གྱི་ཚིག་དོན་ལྔ་པོ་བརྗོད་པར་བྱ་སྟེ། འདིར་ངེས་པར་དོན་དམ་པར་ཆོས་ཐམས་ཅད་གཅིག་དང་དུ་མ་དང་གཟུང་བ་དང་འཛིན་པ་དང༌། རྒྱུ་དང་འབྲས་བུ་རྟག་པ་དང༌། རྟག་མིན་རྟག་པ་ལ་སོགས་པའི་སྤྲོས་པ་དང་བྲལ་བས་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་དང་ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་སོ་སོའི་རྒྱུད་མངོན་པར་འདོད་པས་གསལ་བ་སྣ་ཚོགས་གཉིས་སུ་མེད་པ་ཙམ་ཡིན་ཡང་ཀུན་རྫོབ་ལ་བརྟེན་ཏེ་རྒྱལ་བའི་སྲས་ཀྱིས་ཇི་ལྟར་རིག་པར་ལྡོག་པར་བྱས་པའི་བྱེ་བྲག་གི་མཚན་མ་དང༌། གཞལ་བྱ་དང༌། དེ་ཁོ་ན་ཉིད་དང༌། བསྒྲུབ་བྱ་དང༌། སྒྲུབ་ཐབས་ཀྱི་རྣམ་པར་གཞག་པར་བྱ་སྟེ། བྱང་ཆུབ་རབ་ཏུ་རྟོགས་པར་བྱའོ། །དེ་ལ་འདིར་ཚད་མ་ནི་རང་རིག་པའི་མངོན་སུམ་སྟེ། གསལ་བ་སྣ་ཚོགས་པའི་རྣམ་པ་སྣ་ཚོགས་པའི་ཆོས་ཅན་གཞན་ལ་ལྟོས་པ་མེད་པ་རབ་ཏུ་གསལ་བ་བེམས་པོ་ལས་ལོག་པའི་ཆོས་སོ། །གཞལ་བྱ་ནི་རང་རིག་པའི་ཚད་མ་ལས་ལོག་ན་མེད་པ་ཐ་


DTG044_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མི་དད་པའི་ངོ་བོའི་རང་བཞིན་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། བཏང་སྙོམས་ཀྱི་བདག་ཉིད་སྣ་ཚོགས་ཀྱི་རྣམ་པའི་ཚོགས་སོ། །དེ་ཁོ་ན་ཉིད་ནི་སོ་སོའི་རྒྱུད་དུ་མངོན་པར་འདོད་པ་རྣམས་ཀྱི་སྣ་ཚོགས་གཉིས་སུ་མེད་པ་རབ་ཏུ་གསལ་བའི་བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་གཟུང་བ་དང༌། འཛིན་པ་ལ་སོགས་པར་བཏགས་པའི་སྤྲོས་པ་རྣམ་པར་གྲོལ་བའོ། །ཡུལ་དང་དངོས་པོ་ཐམས་ཅད་ལ་ཁྱབ་པ་དམིགས་པ་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་སྐྱེ་བའི་རྒྱུ་སྟེ་མི་རྟག་པ་ལ་སོགས་པ་བཞིན་དུ་བརྟགས་པ་ཐུན་མོང་གི་ཆོས་སོ། །དེ་ཉིད་ཀྱང་ལོངས་སྤྱོད་རྫོགས་པའི་རྟེན་དུ་ངེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་རུ་ཤེས་སོ། །བསྒྲུབ་བྱ་ནི་སངས་རྒྱས་ཉིད་དེ། འདི་ལྟར་ཡང་གཙང་མའི་གནས་ཀྱི་སྟེང་ན་སྡུག་པོ་བཀོད་པའི་མིང་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ། ཇི་ལྟར་བཅོམ་ལྡན་འདས་དགའ་བའི་རང་བཞིན་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་ལ་སོགས་པ་ཡིད་ཀྱི་ཡོན་ཏན་གྱིས་རྒྱས་པར་གྱུར་པ་མཚན་དང་དཔེ་བྱད་ཀྱིས་འབར་བར་གྱུར་པ་ལོངས་སྤྱོད་རྫོགས་པའི་བདག་ཉིད་དེ་བརྟགས་པས་སྟོང་པའི་མཚན་ཉིད་ཆོས་ཀྱི་སྐུ་མངོན་དུ་བྱས་ཏེ། སྤྲུལ་པ་སྤྲོས་པས་མཚམས་མེད་པར་འགྲོ་བའི་དོན་ཡང་དག་པར་རྫོགས་པར་བྱེད་པ་ཉན་ཐོས་དང་རང་སངས་རྒྱས་དང༌། ས་དགུའི་དབང་ཕྱུག་བྱང་ཆུབ་སེམས་དཔས་ཀྱང་མི་མཐོང་བའི་སྐུ། ས་བཅུའི་བྱང་ཆུབ་སེམས་དཔའ་དབང་ཕྱུག་མཆོག་གིས་ཆོས་ཉན་པའི་སྒོ་ནས་འཁོར་བ་ཇི་སྲིད་ཀྱི་བར་དུ་བཞུགས་པ་སྟེ་དེ་ཉིད་བསྒྲུབ་བྱའོ། །སྒྲུབ་ཐབས་ནི་སླར་ཡང་ལྕགས་ཀྱི་ཁང་པ་འབར་བར་རབ་ཏུ་ཞུགས་པར་གྱུར་པའི་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་ཁམས་གསུམ་པ་ངེས་པ་ལ་སོགས་པས་ཚིག་དོན་ལྔ་པོ་ངེས་པ་ལ་ཐུག་པས་ཡོན་ཏན་བཅོ་བརྒྱད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གོམས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་གནས་པའོ། །

དཔལ་ལྡན་སྔགས་ཀྱི་ཐེག་པའི་ཚུལ་གྱིས་གནས་པ།


DTG044_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་སྔགས་ཀྱི་ཐེག་པའི་ཚུལ་ལ་ཚད་མ་དང༌། གཞལ་བྱ་དང༌། དེ་ཁོ་ན་ཉིད་ནི་དེ་རྣམས་ཉིད་དོ། །བསྒྲུབ་བྱ་དང་སྒྲུབ་ཐབས་དག་ལ་ཁྱད་པར་ཡོད་དེ། དེ་ལ་བསྒྲུབ་བྱ་ནི་བཅོམ་ལྡན་འདས་དེ་ཉིད། འོན་ཀྱང་འདིར་བྱེ་བྲག་ནི་རླུང་དང་མེ་དང་ས་དང་ཆུའི་དཀྱིལ་འཁོར་གྱི་དབུས་སུ་ཡངས་པ་ན་རྡོ་རྗེ་ས་གཞི་ལ་སོགས་པའི་དབུས་ན་གནས་པའི་སྲུང་བའི་འཁོར་ལོའི་ལྟེ་བར་དཔལ་ལྡན་ཆོས་ཀྱི་འབྱུང་གནས་ཀྱི་ནང་ན་གནས་པའི་གཞལ་ཡས་ཁང་དུ་ཇི་ལྟར་འདོད་པའི་ཡོན་ཏན་ལྔའི་དབང་ཕྱུག་ཡིད་དུ་འོང་བའི་གནས་ཕུན་སུམ་ཚོགས་པ་ན་སངས་རྒྱས་ཐམས་ཅད་ཡོན་ཏན་གྱིས་དག་པའི་རྟེན་དང་བརྟེན་པའི་རང་བཞིན་དག་ཡོད་པ་ན་བསྒྲུབ་བྱར་འདོད་པའི་རྒྱལ་བ་ལྷ་མོའི་འདོད་པས་དམ་པར་འཁྱུད་པའི་བྱ་བར་གནས་ཤིང་ཆགས་པའོ། །དེ་ནས་གཞན་དུ་ཡང་འགྱུར་བ་སྟེ། མཆོག་ཏུ་རྣམ་པར་གཡེང་བའི་དགའ་བ་འཇིགས་པ་དང་ཆགས་པའི་སྐལ་བ་ལྟ་བུ་དེར་དགེ་ལ་རྟོག་པ་མེད་ཅིང་ཐབས་ཀྱི་བློ་དང་ཏིང་ངེ་འཛིན་ལས་བྱུང་བ་དེ་བས་རབ་ཏུ་གང་བ། བདེ་བ་ཆེན་པོ་གང་སྐྱེས་པ། །འདོད་པ་ཡོན་ཏན་ལྔ་རྣམ་པ། །བསྒོམས་པའི་སྟོབས་ཀྱིས་གསལ་བ་ནི། །ཉིན་མཚན་རྒྱུན་དུ་མི་འཆད་པའོ། །དེ་ཡི་ཡེ་ཤེས་རྟོགས་རང་བཞིན། །གསལ་བ་ཡིན་པས་རྟོགས་པ་མེད། །སྣ་ཚོགས་གཉིས་སུ་མེད་རང་བཞིན། །ཡོད་མེད་རྟོགས་པས་རྗོད་བྱེད་ཕྱིར། །ཐུགས་རྗེས་སྤྲོ་བ་དང་བསྡུ་བ། །སྔར་གོམས་པ་ཡི་དབང་གིས་ཡིན། །ལྷུན་གྲུབ་སེམས་ཅན་དོན་ཡིན་ཏེ། །དེ་ནས་ཡིད་བཞིན་ནོར་བུ་བཞིན། །དེ་ནི་ལྷུན་གྱིས་གྲུབ་པས་ན། །རྟག་ཏུ་མ་ཉམས་པ་ཡི་བློ། །ནམ་མཁའི་མཐས་གཏུགས་འགྲོ་བ་ཡི། །དོན་བྱེད་པ་ལ་རབ་ཏུ་འཇུག །དེ་བས་འདི་ལྟར་སྐུ་དང་ལྡན་པ་ཤེས་རབ་ལ་འཁྱུད་པ་རང་གསལ་རང་བཞིན་ཏེ། མཆོག་ཏུ་ཐུགས་རྗེས་རབ་ཏུ་རྒྱུན་ཆུད་པ་དང་རྣམ་པར་བྲལ་བའི་སྐུ། །དཔེ་མེད་པ་ཡི་བདེ་གང་རྟེན་དང་བརྟེན་པའི་རང་བཞིན་ནི། །ཐུབ་པའི་དབང་པོའི་ཡན་ལག་བདུན་དང་ལྡན་པ་ལ་ཕྱག་འཚལ། །འདི་ལྡན་ཡན་ལག་བདུན་དང་ལྡན་པའི་བཞི་པ་ནི་བསྒྲུབ་བྱའོ། །འདི་ཉིད་ནི་


DTG044_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་བརྗོད་དོ། །ཁ་ཅིག་སླར་ཡང་འདི་ལྟ་བུ་བསྒྲུབ་བྱ་ཡིན་པར་སྨྲ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་དབང་གི་དུས་ན་བླ་མའི་མན་ངག་གིས་སོ་སོར་བདག་ཉིད་རིག་ཅིང༌། མཆོག་དགའ་དང་དགའ་བྲལ་གྱི་དུས་སུ་གནས་པ་ཆོས་ཐམས་ཅད་ཀྱི་གཅིག་ཏུ་ལྷན་ཅིག་སྐྱེས་པ་ཕྱག་དང་ཞལ་དང་ཁ་དོག་དང༌། དབྱིབས་ལ་སོགས་པའི་རྣམ་པ་ཐམས་ཅད་ཀྱི་དྲི་མ་ལས་གྲོལ་བ། ནམ་མཁའ་དང་མཚུངས་པ་མཐའ་ཡས་པའི་དེ་བཞིན་གཤེགས་པའི་ཡོན་ཏན་རིན་པོ་ཆེ་རྫོགས་པའི་བདག་ཉིད་འགྲོ་བ་མ་ལུས་པའི་དོན་བྱེད་པ་ཀུན་རྫོབ་ཏུ་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་གཉིས་ཀྱི་རྟེན་དུ་གྱུར་པ། ཡིད་བཞིན་གྱི་ནོར་བུ་བཞིན་དུ་རྟོག་པ་མེད་ཀྱང་མངོན་པར་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པ། ཐོག་མ་དང་ཐ་མ་མེད་པ་སྒྱུ་མ་ལྟ་བུ་སྤྲོས་པ་ཐམས་ཅད་དང་བྲལ་བ། གསལ་བ་ཟག་པ་མེད་པ་བདེ་བ་ཆེན་པོའི་རང་བཞིན་ཙམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུའི་བདག་ཉིད་བླང་བར་བྱའོ། །འདི་ཡང་རྟག་ཏུ་ཤར་བའི་ཕྱིར་མ་རིག་པ་ཙམ་རྣམ་པར་ལོག་པས་ཐོབ་པར་བྱའོ། །མེད་པ་ཉིད་ཡིན་ན་ཡང་བསྒོམས་པའི་སྟོབས་ཀྱིས་རྫོགས་པར་བྱ་བའོ། །འདི་ནི་ངེས་པར་གདམས་ངག་ངན་པ་ཡིན་པའི་ཕྱིར་ཐག་རིང་དུ་སྤང་བར་བྱའོ། །འདི་ལྟར་ཡང་བདེ་བ་ཆེན་པོ་གཅིག་པུ་མངོན་པར་འདོད་པའི་བསྒྲུབ་བྱ་ཡིན་པ་ཉིད་དུ་ཅི་ལུང་གིས་བསྒྲུབས་པས་སམ། དགག་པར་བྱ་བ་མ་ཡིན་པས་སམ། དེ་གཅིག་ཏུ་རྫོགས་པར་བྱེད་པའི་ཚོགས་པ་ཡོད་པས་སམ། དེ་གཅིག་པུ་འདོད་པ་སྲིད་པས་སམ། ཤེས་རབ་ཡེ་ཤེས་ཀྱི་དུས་ན་དེ་ཙམ་རབ་ཏུ་སྣང་བས་སམ། མན་ངག་བརྒྱུད་པ་ལས་འོངས་པ་ཡིན་ཞེས་བརྟག་པ་བདུན་ནོ། །ཁྱེད་ཀྱི་བདེ་བ་ཙམ་ལ་གཅིག་ཏུ་ལུང་སྒྲུབ་པར་བྱེད་པ་མ་ཡིན་ལ་སླར་ཡང་གནོད་པར་བྱེད་པ་ཉིད་ཡིན་ཏེ། བརྟགས་པ་གཉིས་ཀྱིས་རྒྱལ་པོ་ལས་ཇི་སྐད་གསུངས་པ། རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །མཆོག་གི་བདེ་བ་དམ་པར་འདོད། །རྫོགས་པའི་བསྒོམ་པ་དམན་པ་ལ།


DTG044_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པ་དགོས་པ་ཅི་ཞིག་ཡོད། །བཅོམ་ལྡན་འདས་ཀྱིས་གསུངས་པ། ཀྱེ་མ་དད་པའི་ཤུགས་ཀྱིས་ནི། །བྱང་ཆུབ་སེམས་དཔའ་ཆེན་པོ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བ་མི་འཐད་དོ། །ཁྱབ་བྱ་ཁྱབ་བྱེད་དངོས་པོ་ཡིས། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་བརྟེན་དྲི། །མེ་ཏོག་མེད་པས་རྙེད་མི་འགྱུར། །དེ་བཞིན་གཟུགས་སོགས་མེད་པས་ན། །བདེ་བ་ཉིད་ནི་དམིགས་མི་འགྱུར། །ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་རྡོ་རྗེ་གུར་ལས་ཀྱང་བསྟན་ཏེ། ཅི་བཅོམ་ལྡན་འདས་ལུས་དང་ལྡན་པ་སྒོམ་པ་འདི་ལ་དགོས་པ་ཅི་ཞིག་བདོག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་དགོས་པ་ཡོད། བཅོམ་ལྡན་འདས་ཅི་ཞིག་བརྗོད། བཅོམ་ལྡན་འདས་ཀྱི་ས་བཀའ་སྩལ་པ། སངས་རྒྱས་ཉིད་དོ། །སངས་རྒྱས་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཕྱག་ན་རྡོ་རྗེས་གསོལ་བ། ལུས་དང་བཅས་པ་ཅིག་བཅོམ་ལྡན་འདས་ལགས་སམ། འདི་ནི་བདེན་ཏེ་འདི་ཉིད་ནི། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །ཁྱབ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ནི་ཇི་ལྟར་མི་འདྲ་བའི། །རྒྱུ་ཡིས་ཇི་ལྟར་བསྒྲུབ་བྱར་འགྱུར། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་པ་མེད་པའི་བྱང་ཆུབ་ཅེས་པ་ལ་སོགས་པ་དེ་ལྟར་མ་བརྗོད་ཅིག །བསྒྲུབ་བྱ་བརྗོད་ནས་འདི་ཉིད་དུ་སྒྲུབ་ཐབས་ཀྱང་བརྗོད་དོ། །ལྟ་བ་ལས་དམན་གྱུར་པ་རྣམས། །བདག་ཏུ་ལྟ་བ་ཚོལ་འདོད་ལ། །བདག་ཏུ་ལྟ་བས་གསལ་བའི་ཕྱིར། །རྒྱལ་བས་སྟོང་པ་ཉིད་འདི་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོར་གྲགས། །ཐབས་ཡིན་བདེ་བའི་སྒྲུབ་ཐབས་སོ། །སངས་རྒྱས་ང་རྒྱལ་སྦྱོར་བ་ཡིས། །སངས་རྒྱས་ཡུན་མི་རིང་བར་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །དཔལ་འཁོར་ལོ་སྡོམ་པ་ལ་སོགས་པ་ཡང་རྒྱ་ཆེས་པས་འཇིགས་པས་མ་བྲིས་སོ། །བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་བླ་ན་མེད་པ་དང་རྣལ་འབྱོར་མ་ལུས་པ་བླ་ན་མེད་པའི་རྒྱུད་ཀྱི་རབ་ཏུ་དབྱེ་བ་དཔལ་གསང་བ་འདུས་


DTG044_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཐུག་པ་རྣལ་འབྱོར་གྱི་ཐེག་པ་མཐའ་དག་ཏུ་ལོངས་སྤྱོད་རྫོགས་པ་སྐུའི་བདག་ཉིད་བཅོམ་ལྡན་འདས་ཀྱི་རིགས་ཀྱི་གནས་ཡིན་ཏེ། ཇི་ལྟར་བདག་གིས་ཇི་སྲིད་བྲི་བར་བྱ། །ངག་འདི་དག་ནི་དྲང་བའི་དོན་ཡང་ཡིན་ནོ། །ཞེས་བརྗོད་པར་མི་བྱའོ། །བདེ་བ་ཉིད་གཟུགས་ལ་སོགས་པའི་རྣམ་པ་སྟེ། འཁོར་ལོ་ཡང་རང་རིག་པའི་ཚད་མས་གྲུབ་པའི་ཕྱིར་འདིས་ནི་ལུང་གིས་གསལ་བ་རེ་ཞིག་བསྒྲུབ་བྱ་ཡིན་ནོ། །འདི་དག་དགག་པར་བྱ་བ་མ་ཡིན་ཏེ། རང་རིག་པའི་བདེ་བའི་རྣམ་པ་བཞིན་དུ་གཟུགས་ལ་སོགས་པའི་རྣམ་པ་འཁོར་ལོ་ལ་ཡང་མི་གནོད་པའི་ཕྱིར་རོ། །ཅི་སྟེ་བདེ་བ་ཉིད་སེམས་ཀྱི་རང་བཞིན་ཡུལ་ན་མི་གནས་པས་གནོད་པར་མི་ནུས་སོ་ཞེ་ན་མ་ཡིན་ཏེ། དེ་ལྟར་སྡུག་བསྔལ་ལ་སོགས་པ་ཡང་དེ་བཞིན་དུ་ཐལ་བར་འགྱུར་རོ། །གཞན་ཡང་བདེ་བ་ལ་སོགས་པ་ཆ་ཤས་དང་བཅས་པ་ཡིན་ཞེན་ཡན་ལག་ཅན་གྱི་རྫས་དང་འདྲ་བའི་སྐྱོན་དང༌། ཆ་ཤས་མེད་ན་རྡུལ་ཕྲ་རབ་བཞིན་ནོ། །དེ་ལས་གཞན་པའི་རྣམ་པ་ནི་ཡོད་པ་མ་ཡིན་ཏེ། དོན་མེད་པར་བརྫུན་དུ་སྨྲ་བ་ཉིད་དོ། །གལ་ཏེ་རང་རིག་པས་གྲུབ་པས་གནོད་པ་མེད་ན་འདི་ལྟར་རྣམ་པའི་ཚོགས་ཀྱང་རང་རིག་པས་གྲུབ་པའི་ཕྱིར་ཞེ་སྡང་ལྷག་པ་ཉིད་དོ། །དེ་བཞིན་དུ་བྱེད་པ་དང་ཤེས་པར་བྱེད་པ་ཡང་བདེ་བ་ལ་ཡིན་བཞིན་དུ་རྣམ་པའི་ཚོགས་ཀྱང་དེ་མ་ཐག་པ་རང་རིག་པའི་བདག་ཉིད་ཀྱིས་རྒྱུས་རབ་ཏུ་གྲུབ་པ་ཉིད། འདོད་པ་ཡང་བདེ་བ་ཆེན་པོ་རྒྱས་པ་བླ་ན་མེད་པའི་སྐུ་སྤངས་ཏེ་བདེ་བ་ཙམ་ཉིད་འདོད་པ་ནི་ཕྱུགས་ལ་ཡང་མི་སྲིད་དོ། །ཇི་ལྟར་གསུངས་པ། འཁོར་ལོའི་སྐྱོན་གྱིས་མ་གོས་ཤིང༌། །མཚན་དང་དཔེ་བྱད་དག་འབར་བ། །བདག་གི་དངོས་པོ་སྤངས་པ་ཉིད། །གལ་ཏེ་འདོད་ན་ནམ་མཁའ་ཙམ། །ཤེས་རབ་ཡེ་ཤེས་ཀྱི་དུས་ན་དེ་ཙམ་རབ་ཏུ་སྣང་བ་ནི་མ་ཡིན་ནོ། །བདེ་བ་ཤར་བ་ན་ཡང་དབྱེར་མེད་པའི་གཟུགས་ལ་སོགས་པའི་རྣམ་པའི་འཁོར་ལོ་ལ་ཡང་མི་གནོད་པའི་ཕྱིར་དང༌། ཚོགས་པ་ལ་སོགས་པ་སྐྱེ་ཞེས་པའི་རིགས་པས་སོ། །གཟུངས་ལ་སོགས་པའི་རྣམ་པ་སྣང་བ་ལ་རབ་ཏུ་ཞེ་སྡང་བས་མར་མེ་ལ་སོགས་པས་བསལ་ན་ཡང༌། ཡང་ས་དང་ཆུ་དང༌། འོག་གི་སྟན་དང་གཉིས་ཀྱི་ལུས་ལ་སོགས་པ་འཁྱུད་པ་ལས་སྐྱེས་པའི་རྒྱུ་མཚང་བ་མེད་པའི་རབ་ཏུ་སྣང་བ་


DTG044_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མི་སྲིད་པ་དང་བྲལ་བའི་ཕྱིར་རོ། །ཇི་ལྟར་གསུངས་པ། གང་ཞིག་འབྲས་བུ་སྐྱེད་པར་བྱེད་རིག་ན། །དེ་ཡི་ཚོགས་པ་ཡོད་པ་ཡིན་ན་ཡང༌། །དེ་དང་ཉེ་བས་འབྲས་བུ་དང་ལྡན་མ་ཡིན་ན། །ཅུང་ཟད་གང་ལས་ཀྱང་ནི་སྐྱེ་བར་མི་འགྱུར་རོ། །སྐྱེ་བར་བྱེད་པ་མ་ཚང་བ་མེད་དེ། དེའི་སྔར་གྱི་བདེ་བ་ཡང་མི་སྐྱེ་བར་ཐལ་བར་འགྱུར་བས་སོ། །འདི་ཡང་མ་ཡིན་ཏེ། ཐམས་ཅད་ཉེ་བར་དམིགས་པ་ལ་འགལ་བ་མེད་པའི་ཕྱིར་རོ། །གཅིག་ཏུ་དེའི་གནས་སྐབས་ན་ཡང་རྣམ་པ་སྣ་ཚོགས་པའི་སེམས་དབྱེར་མེད་པར་གྱུར་པའི་སོ་སོ་རང་རིག་པ་ཙམ་ན་ཡང་བདེ་བ་ལ་ཆགས་པའི་ཕྱིར་དང༌། བླ་མས་ཀྱང་དེ་ཙམ་བླང་བར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་དེ་དྲན་པ་སྲིད་པ་ན་དེ་ཉིད་གསལ་ཞེས་པ་ཤེས་རབ་དམན་པའི་ཐ་སྙད་དོ། །བདེ་བ་ཙམ་གསལ་བར་གྱུར་པ་དེ་ལྟ་ན་ཡང་ཅི་དེ་ཙམ་གྱིས་དེ་ཁོ་ན་ཉིད་བསྒྲུབ་བྱར་འགྱུར། །ནད་མི་བཟད་པ་བསྣུན་པའི་སྡུག་བསྔལ་ཡང་དེ་ཙམ་རབ་ཏུ་སྣང་བའི་ཕྱིར་དེ་ཡང་དེ་ལྟར་དེ་ཉིད་དུ་ཐལ་བར་འགྱུར་བས་སོ། །འདོད་པ་ཉིད་ཀྱང་མ་ཡིན་ཏེ། དེ་ལས་ལྷག་པའི་རྣམ་པ་སྣ་ཚོགས་པའི་སྐུ་སྐྱེ་བོ་ཐམས་ཅད་ལ་གྲགས་སོ། །རྩ་བ་མེད་པའི་མན་ངག་ཙམ་ནི་བག་མེད་པའི་གནས་སོ། །སྡུག་བསྔལ་ལ་སོགས་པ་མི་དམིགས་པ་འདི་རྟག་ཏུ་ཤར་བ་ཡང་མ་ཡིན་ནོ། །ཅི་སྟེ་གང་གོམས་པར་བྱས་པ་དེ་གསལ་བར་འགྱུར་ཏེ། བདེ་བ་ཡང་དེའི་ཚོགས་པ་དམིགས་ཏེ་གོམས་པར་བྱས་པས་གསལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ་བདེ་བ་ནི་ཡང་རྒྱུ་ཚོགས་པ་ཁྱད་པར་ཅན་བསྒོམ་པ་རབ་ཏུ་འབྲེལ་པ་ཡིན་ཏེ། དེ་ལྟར་བསྒོམ་པས་གསལ་བ་ཡང་ཁྱད་པར་དུ་འཕགས་པའི་ཚོགས་པ་བསྒོམ་པ་དང་རབ་ཏུ་འབྲེལ་པ་མཐོང་སྟེ། ཇི་ལྟར་འདོད་ཅེ་ན་མ་དེ་ལས་སྐྱེས་པའི་བདེ་བ་ལ་གཞན་གྱིས་གནོད་པ་ན་ཡང་འདོད་པ་ཅན་བདེ་བ་འདོད་པས་བུད་མེད་ལ་རྟོག་པ་ནི་དང་པོར་རྒྱུ་ཁྱད་པར་ཅན་བསྒོམ་སྟེ། བདེ་བ་སྐྱེས་པ་ན་དེ་ཡོངས་སུ་སྤོང་ཞེས་པ་ཡང་མི་རིགས་སོ། །བསྒོམ་པས་རང་གི་ངང་གིས་འབྱུང་བའི་བདེ་བ་ཉིད་བཞིན་དུ་དེ་སྤོང་བ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་ཡང་ཅི་དེ་ཙམ་གྱིས་དེ་ལྟ་བུའི་ལོངས་སྤྱོད་པ་ལས་ཕྱི་རོལ་དུ་གྱུར་པས་ཀོའུ་ལ་དང་རིག་བྱེད་པ་སྙིང་པོར་བྱས་པས་དགོས་པར་


DTG044_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་གཟུགས་ལ་སོགས་པའི་ཚོགས་པ་དེ་སྐྱེད་པར་བྱ་བའི་བདེ་བའི་རིགས་བདེ་བ་ཙམ་བསྒོམས་པས་རིགས་མི་མཐུན་པའི་རྒྱུ་ལས་མི་སྐྱེའོ། །དབང་པོ་གཉིས་ཁོ་ན་ལས་སྐྱེས་པ་ནི་བདེ་བ་མ་ཡིན་ཏེ། འོན་ཀྱང་ཐུན་མོང་གི་དབང་པོ་ལྔ་ལས་སྐྱེས་པའི་བདེ་བ་ལྔ་རྣམས་སུ་རབ་ཏུ་གྲགས་སོ། །དེ་ལ་ཇི་ལྟར་དབང་པོ་ཅིག་ལས་སྐྱེས་པའི་ཁོ་ནའི་བདེ་བ་དམིགས་ནས་གསལ་པོར་བྱས་པས་གྲུབ་པ་བདག་ཉིད་སླུ་བ་ཡིན། །དེ་ལྟར་ན། ལུང་དང་རིགས་པའི་འདོད་པས་རབ་འཁྲུགས་ཏེ། །འཁོར་ལོ་མེད་པས་རིགས་མི་མཐུན་པ་ཡི། །ལོངས་སྤྱོད་ལས་སྐྱེས་པ་ཡི་ཡན་ཏན་དུ། །སྒྲོ་བཏགས་དམ་བཅས་ཙམ་གྱིས་སངས་རྒྱས་འགྲུབ། །ཀོའུ་ས་ལ་སོགས་པ་ཡང་འདོད་པས། །འདི་འདྲའི་བག་མེད་པ་ཡི་གནས་ཡིན་ཏེ། །རྟག་ཏུ་ཤར་ལ་མི་སྡུག་བྱེད་པ་ནི། །གྲགས་ཅན་བཞིན་དུ་འདི་ནི་ཕྱུགས་ཡིན་ནོ། །གཞན་དག་ན་རེ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་རང་བཞིན་མེད་པ་སྟེ། ཀུན་རྫོབ་ཏུ་ཕུང་པོ་ལྔ་པོ་ཙམ་ཉིད་དོ། །ཕུང་པོ་ལྔའི་བདག་ཉིད་དམ་གཟུགས་ཀྱི་ཕུང་པོ་ལྔ་ཙམ་གྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ནི་བསྒྲུབ་བྱ་ཡིན་ནོ་ཞེས་སོ། །ཡང་གཞན་དག་ན་རེ་ཅིག་ཏུ་དྲི་མ་མེད་པའི་དགའ་བ་རབ་ཏུ་སྣང་བ་ཙམ་ཆོས་ཐམས་ཅད་ཀྱི་རང་བཞིན་དེའི་བདག་ཉིད་ཁོ་ན་བསྒྲུབ་བྱའོ་ཞེས་སོ། །ཡང་ཁ་ཅིག་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མ་སྐྱེས་པ་ནི་དེ་ཁོ་ན་ཉིད་དེ། སངས་རྒྱས་ཀྱི་དེའི་བདག་ཉིད་ཁོ་ན་སྟེ་བསྒྲུབ་བྱ་ཞེས་སོ། །གཞན་ཡང་ཆོས་ཐམས་ཅད་ནི་དམིགས་པ་སྟེ། མི་དམིགས་པ་ཡང་མི་དམིགས་པ་ནི་དེ་ཁོ་ན་ཉིད་དེ། དེའི་བདག་ཉིད་ནི་བསྒྲུབ་བྱ་ཞེས་སོ། །ཁ་ཅིག་ནི་སྤྱོད་པ་ཐམས་ཅད་ལས་འདས་པ་སོ་སོ་རང་གིས་རིག་པ་བསམ་གྱིས་མི་ཁྱབ་པའི་གནས་སྐབས་ཁྱད་པར་ཅན་ནི་དེ་ཁོ་ན་ཉིད་དེ། རྟོགས་པ་ནི་བསྒྲུབ་བྱ་ཞེས་བྱའོ། །ཡང་ཁ་ཅིག་ན་རེ་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུ་བརྫུན་པའི་རྣམ་པར་ཤེས་པ་ཙམ་ནི་དེ་ཁོ་ན་ཉིད་དེ། དེ་ལྟ་བུའི་དེ་བཞིན་གཤེགས་པ་ནི་བསྒྲུབ་བྱ་ཞེས་འདོད་དོ། །དེ་ལ་དང་པོའི་ཕྱོགས་གཉིས་པ་ནི་མི་རིགས་ཏེ་རྣམ་པ་དང་བཅས་པའི་རབ་ཏུ་གསལ་བ་ཙམ་གྱི་ཚད་མས་གྲུབ་པའི་ཕྱིར་རོ། །སྐྱེ་བ་མེད་པའི་ཕྱོགས་ལ་ཡང་ལང་ཀར་གཤེགས་པར་བཅོམ་


DTG044_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་གསུངས་ཏེ། སེམས་ཙམ་ཉིད་དུ་རྣམ་གཞག་པ། །སྐྱེ་བ་མེད་པར་ངས་བརྗོད་དོ། །ཞེས་སོ། །དེ་བཞིན་དུ་མི་དམིགས་པ་དང་བསམ་གྱིས་མི་ཁྱབ་པའི་གནས་སྐབས་ཀྱང་རྣམ་པ་སྣ་ཚོགས་པའི་སེམས་ཙམ་ཉིད་དུ་རྟོགས་པར་བྱའོ། །བརྫུན་པ་ཉིད་དུ་སྨྲ་བ་ཡང་རང་རིག་པའི་མངོན་སུམ་ཉིད་ཀྱི་སྣོད་དོ། །དེ་ལྟ་བས་ན་བཏགས་པ་ཙམ་གྱིས་སྟོང་པ་ཉིད་ནི་དེ་ཁོ་ན་ཉིད་དོ། །ཡན་ལག་བདུན་དང་ལྡན་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒྲུབ་བྱ་ཉིད་དོ་ཞེས་རྟོགས་པར་བྱ་སྟེ། ཇི་སྐད་དུ་གསུངས་པ། ལོངས་སྤྱོད་རྫོགས་དང་ཁ་སྦྱར་བདེ་ཆེན་སྣ་ཚོགས་སེམས། །སྙིང་རྗེས་ངེས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདག་འདོད་འདིར་ནི་བདུན་པོ་ཉིད་ལྡན་པ། །བསྒྲུབ་བྱར་ཚད་མས་ཡོངས་བསྒྲུབས་བློ་ཡིས་བསྔགས། །ཞེས་ཏེ་ཡན་ལག་བདུན་དང་ལྡན་པ་སྔར་བརྗོད་པ་ཉིད་ཀྱིས་བསྒྲུབ་བྱ་བླང་བར་བྱའོ། །ཇི་ལྟ་བུའི་ཡང་དཀྱིལ་འཁོར་དེ་དབྱེར་མེད་པར་གྱུར་པ་བདེ་བ་ཆེན་པོའི་རང་བཞིན་བླང་བར་བྱ་བ་སྟེ། གང་དང་གང་དུ་ཡང་དེ་ཉེ་བར་མཚོན་པར་བྱའོ། །ཇི་ལྟར་ཡང་ལོངས་སྤྱོད་དང་ཆོས་ཀྱི་སྐུའི་དོན་རྫོགས་པར་འགྱུར་བའོ། །དེ་བླ་ན་མེད་པའི་བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས་རྟོགས་པར་བྱའོ། །ཡང་སྒྲུབ་ཐབས་ནི་དབང་གིས་ཆོ་གར་རྟོགས་པར་བྱས་པའོ། །ཡོན་ཏན་སུམ་ཅུ་སོ་དྲུག་གི་རིན་པོ་ཆེས་འབྲས་བར་གྱུར་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཡོན་ཏན་རྩོམ་པའོ། །རང་རིག་པའི་ཚད་མས་རྟོགས་པ་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་གསལ་བ་རིགས་མ་ལུས་པས་བརྒྱན་པ་ནམ་མཁའ་ཐམས་ཅད་ཀྱི་དཀྱིལ་འཁོར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཐམས་ཅད་ཀྱི་དོན་རྣམ་པར་དག་པའི་ཡན་ལག་ཐམས་དང་ཤེས་རབ་ཀྱི་རང་བཞིན་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་བྱུང་བར་གྱུར་པའི་རྒྱ་ཆེ་བའི་བདེ་བས་ཡོངས་སུ་རྒྱས་པ། །རྟེན་དང་བརྟེན་པའི་བདག་ཉིད་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གང་དེའི་བདག་ཉིད་སྤྲོས་པ་དང་བྲལ་བ་རབ་ཏུ་གསལ་བ་སྦྱངས་པ་སྟེ། དེ་བརྗོད་པ་དེ་ལྟ་བས་ན་ཆོས་བཏགས་པ་


DTG044_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱིས་ངོ་བོ་ཉིད་སྟོང་པ་ཐམས་ཅད་སྣང་བའི་སྣོད་དོ། །ཁ་ཅིག་གིས་སྣ་ཚོགས་གཉིས་སུ་མེད་པ་སེམས་ཀྱི་འཁོར་ལོ་འདི་བསྒོམ་པར་བྱ་བ་སྟེ། བསྒོམ་པར་བྱ་བས་སྤྲོས་པ་ཞི་བའི་ཕྱིར་རོ། །མངོན་སུམ་བྱས་ན་འཁོར་བ་འཁོར་བར་མི་འགྱུར་ཇི་སྲིད་འདིའི་གནས་སྐབས་སུ། །བླང་བྱ་དོར་བྱ་བསྒྲུབ་བྱར་འབྱུང་བ་ཡོངས་ཤེས་དེ་སྲིད་དུ་ནི་མི་གཡོ་ཡོད། །དེ་ལྟ་བས་ན་ཚོགས་གཉིས་གོམས་པས་ཡོངས་སུ་གྱུར་པ་སྐུ་དང་ཐུགས་ཀྱི་ཡོན་ཏན་དག །རྣལ་འབྱོར་དབང་ཕྱུག་འདི་ནི་དཔེ་མེད་པ་ཡི་གནས་སུ་བྱང་ཆུབ་ཐོབ་ཅེས་གྲགས། །དེ་ལ་ཡང་མཆོག་གི་ཕྱག་རྒྱ་གཟུང་བ་དག་གིས་དགའ་བར་རྩོམ་པའི་དགོད་པའི་རོའི་རོལ་པའི་ཤུགས་སྟོབས་ཀྱིས་གསེར་གྱི་སྐ་རགས་ཀྱི་མདུད་པ་གྲོལ་བར་རང་འོག་གིས་རིག་མའི་མཆོག་ལང་ཚོ་བབ་པ་མགྲིན་པ་དང་བཅས་པ་ཞེན་པས་གཟུང་བ་ཁྱབ་པའི་མཆོག་ཏུ་བདེ་བའི་རྩེ་མོའི་རང་བཞིན་མ་ལུས་པ་གཉིས་སུ་རྟོགས་པ་ཡོངས་སུ་སྤངས་པ་རང་རིག་པ་ལ་གཞོལ་བའི་གནས་སྐབས་ན་ཡང་ནུ་མ་མཁྲང་བའི་བ་སྤུའི་ཚོགས་ལངས་པའི་ལུས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྩེ་མོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་བཅོམ་ལྡན་འདས་མ་ཡང་འཇིག་རྟེན་གསུམ་ན་སྤྲོ་པ་ཆེན་པོ་ལ་གང་ཞིག་ལྷན་ཅིག་སྐྱེས་པ་དང༌། བསམ་གྱིས་མི་ཁྱབ་པར་བྱིན་གྱིས་བརླབས་པའི་རིམ་པ་དང༌། རྡོ་རྗེ་འཛིན་པ་ཆེན་པོ་དང༌། སྒྲུབ་པ་ཆེན་པོ་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང༌། དོན་དམ་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་བཞིན་ཉིད་དང༌། སྟོང་པ་ཉིད་དང༌། ཐུགས་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཟབ་མོ་དང༌། སྟོང་པ་དང༌། ཞི་བ་དང༌། འབའ་ཞིག་པ་དང༌། དྲི་མ་མེད་པ་དང༌། མཐའ་མེད་པ་དང༌། ནམ་མཁའ་དང་མཚུངས་པ་དང༌། རབ་ཏུ་གསལ་བ་དང༌། དྲི་མ་མེད་པ་དང༌། མ་གོས་པ་དང༌། མ་བསྒྱུར་བ་དང༌། གཉིས་སུ་མེད་པ་དང༌། མ་སྐྱེས་པ་དང་། མ་འགག་པ་དང༌། ཞི་བ་དང་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་བསྒྲུབ་བྱ་གཞན་ཁས་ལེན་པ་ནི་བག་མེད་པའོ། །དེ་ལ་ཐམས་ཅད་མཁྱེན་པས་ཀྱང་བློ་གྲོས་རྟུལ་པོ་རྣམས་རྟོགས་པར་མཛད་ནུས་པ་མ་ཡིན་ན་ཇི་ལྟར་ན་ཁོ་བོ་ཅག་རིགས་པ་ལེགས་པར་


DTG044_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འདར་བའི་རལ་གྲི་ཐོགས་པ་རྣམས་ཀྱིས་ཀྱང་ནུས། ཅིག་ཏུ་དད་པ་ལ་གཞོལ་བ་དེ་ཁོ་ན་ཉིད་ངན་པ་དང་ལྡན་པའི་ཚིག་ལ་ཡིད་ཆེས་པ་ཙམ་ཡིན་པའི་ཕྱིར་སྙིང་བརྩེ་བ་ལ་མཆོག་ཏུ་གཞོལ་བས་ཚད་མ་དང་ལྡན་པའི་འཁོར་ལོ་རྣམས་སུ་གཞུག་པར་བྱ་བ་ཡིན་ཡང་དམ་པ་རྗེས་སུ་འབྲང་བ་རྣམས་ལ་དམ་བཅས་བ་ཙམ་ཡིན་ཏེ་སྤྲོས་པས་ཀྱང་ཁོ་བོ་ཅག་གི་བླ་མས་མཛད་པའི་གསུང་རབ་ཀྱི་ཚིག་གི་སྒྲིལ་མ་དཔལ་ལྡན་རྣམ་པ་བསྡུས་པར་བཤད་པ་ཡིན་ནོ་།དགེ་བ་འདི་ལས་སྣ་ཚོགས་ཀུན། །བྱང་ཆུབ་སེམས་དཔའི་བདེ་འབྱུང་གནས། །མཐར་ཐུག་འཇམ་པའི་རྡོ་རྗེར་གྱུར། །དེ་རྣམས་སྡིག་ཀུན་བདག་ལ་སྨིན། །བདག་ནི་འཇམ་པའི་སྨྲ་བའི་རྒྱལ་པོ་དང༌། །འཇམ་གཞོན་རྒྱལ་བའི་ཁུར་ཁྱེར་ཤོག །གང་གི་ནང་ན་གསང་འདུས་དཀྱིལ་འཁོར་ཡིན་པ་ལ། །ཀྱེ་མ་སྐུ་ཡི་ཆ་བྱད་གནས་པ་དགེ་སློང་གཟུགས། །སངས་རྒྱས་བསྟན་པ་བདག་གིས་ཕུང་པོར་བྱས། །འདི་ནི་བཤེས་གཉེན་ཞབས་དཔལ་ལས་ཡིན་ན། །བྱིས་པ་ཡིན་ཡང་འཕྲལ་དུ་དོན་འདི་འགྱུར། །བདག་གི་ཁ་ནི་ཁབ་དང་འདྲར་འགྱུར་ཀྱང༌། །འདི་ནི་རྙན་པར་དཀའ་བའི་བདུད་རྩི་ཡིན། །འཇིག་རྟེན་གསུམ་གྱིས་མགོན་པོ་ཐོབ་པར་ཤོག ། འགྲོ་བ་ཕུན་སུམ་ཚོགས་ཉམས་སྐྱོབ་དང་ཕན་པ་བགྱིད། །བརྟུལ་ཞུགས་ཆེན་པོས་གནས་པ་ཐུབ་པའི་རྒྱལ་པོའི་སྲས། །ཟབ་དང་རྒྱ་ཆེའི་ཚུལ་ལ་རབ་ཏུ་ཞུགས་པ་གང་ཡིན་པར། །འདི་རྣམས་ཇི་ལྟར་གྱུར་པའི་ཆོ་ག་རྣམ་པར་ཕྱེ་བ་ཡིན། །འདི་ནི་བསྟན་པའི་ནོར་ཐམས་ཅད་པ་སྟེ། པཎྜི་ཏ་ཆེན་པོ་རཏྣ་ཀཱི་རྟིས་མཛད་པ་རྫོགས་སོ།། །།པཎྜི་ཏ་རཏྣ་ཀཱི་རྟི་དང༌། ལོ་ཙཱ་བ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར།


previousདྲུག་པ། མཆོག་ཏུ་ཟབ་པའི་གནས་བསྟན་པ་ཐམས་ཅད་ཀྱི་ནོར་གྱི་ཚིག་དོན་ལྔ་པོ་བརྗོད་པ།next