Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  collapse section
   
རིམ་པ་ཕྱེ་བ་དང་པོ། མངོན་པར་རྟོགས་པའི་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section


 
previousརིམ་པ་ཕྱེ་བ་དང་པོ། མངོན་པར་རྟོགས་པའི་བཤད་པ།next

རིམ་པ་ཕྱེ་བ་དང་པོ། མངོན་པར་རྟོགས་པའི་བཤད་པ།


DTG046_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཡ་མཱ་རི་ཏནྷྲ་པཉྫི་ཀ་ས་ཧ་ཛཱ་ལོ་ཀ་ནཱ་མ། བོད་སྐད་དུ། དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་ལྷན་ཅིག་སྐྱེས་པའི་སྣང་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དངོས་པོ་ཀུན་གྱི་བླ་མ་རྣམས། །ཟབ་མོ་རྡོ་རྗེ་འཆང་བཏུད་དེ། །དཔལ་ལྡན་གཤིན་རྗེའི་དཀའ་འགྲེལ་ནི། །ལྷན་ཅིག་སྐྱེས་པའི་སྣང་བ་བྲི། །ལུང་དང་ཚད་མས་དཔྱོད་པ་ཡི། །བློ་གསལ་རྣམས་ལའང་སྦས་པ་ལ། །སྒྲ་ཙམ་ཉིད་ཀྱང་མི་ཤེས་པའི། །བདག་འདྲ་རྨོངས་པ་སྨོས་ཅི་དགོས། །འོན་ཀྱང་བླ་མའི་ཟབ་མོའི་བཀའི། །ཅུང་ཟད་དོན་ཐོབ་ཐོས་སྐྱེས་གང༌། །བདག་ནི་ཡོངས་སུ་ངལ་བ་ཡིས། །དེ་ཡི་དོན་ནི་དྲན་པར་བྱ། །ཐམས་ཅད་དུ་རྟོག་པ་དང་ལྡན་པ་རྣམས་དགོས་པ་མཐོང་ནས་འཇུག་པ་ཡིན་པས། དེའི་ཕྱིར་དང་པོར་འཇུག་པའི་ཡན་ལག་ཏུ་ཐུན་མོང་མ་ཡིན་པའི་འབྲས་བུ་འཐོབ་པའི་རྒྱུ་དགོས་པ་བསྒྲུབ་པར་ནུས་པ་བརྗོད་པར་བྱའོ། །གང་ཡང༌། །བསྟན་བཅོས་དག་ནི་ཐམས་ཅད་དང༌། །ལས་རྣམས་དག་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་སྨྲས་པར། །དེ་སྲིད་སུ་ཞིག་ལེན་པར་བྱེད། །ཅེས་བསྟན་པ་ཡིན་ནོ། །དེ་ཡང་འབྲེལ་པ་དང་རྗོད་པར་བྱེད་པ་མ་བསྟན་པར་རྟོགས་པར་མི་ནུས་པ་ཡིན་པའི་ཕྱིར། འབྲེལ་པ་དང་རྗོད་པར་བྱེད་པ་ཡང་བསྟན་པར་བྱའོ། །ཐབས་མེད་པར་ཡང་བསྒྲུབ་པར་མི་ནུས་པས་ཐབས་ཀྱང་བསྟན་པར་བྱའོ། །དེ་ལ་བདག་དང་གཞན་གྱི་བདེ་བ་མཆོག་གི་རྒྱུ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའི་རྒྱུད་ཉིད་འདིར་བརྗོད་པར་བྱ་བ་སྟེ་འདིར་དགོས་པའོ། །དེ་གང་གིས་ངེས་པར་སྟོན་པར་བྱེད་པ་དེ་ཡང་རྗོད་པར་བྱེད་པ་ཡིན་པས་སངས་རྒྱས་ཀྱི་མཛད་པ་སྙན་དངགས་ཀྱིས་སྟོན་པ་ལྟར་རྒྱུད་ལ་ཡང་གཤིན་རྗེ་གཤེད་ནག་པོ་ཞེས་དེ་སྐད་བརྗོད་དོ། །རྗོད་བྱེད་དང་བརྗོད་བྱ་འདི་དག་གི་རྗོད་པ་དང་བརྗོད་བྱའི་མཚན་ཉིད་ཅན་གྱི་འབྲེལ་པ་ཡང་དོན་གྱི་ཤུགས་ཀྱིས་བསྟན་པ་ཡིན་ནོ། །འདིར་ཐབས་ཀྱང་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་དབང་བསྐུར་བ་ཐོབ་པས་རྣལ་འབྱོར་བཞི་བསྒོམ་པའི་མཚན་ཉིད་ཅན་ཡིན་ཏེ། གང་གི་ཕྱིར་འདིས་བདག་དེའི་ངོ་བོར་མངོན་སུམ་དུ་འགྱུར་པ་ཡིན་ནོ། །དེ་ཕྱིར་ཡང་དག་ཡང་དག་མིན། །ཤིན་


DTG046_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྒོམས་པ་གང་གང་ཡིན། །བསྒོམ་པའི་སྟོབས་ནི་རྫོགས་པ་ན། །དེ་གསལ་མི་རྟོགས་བློའི་འབྲས་བུ། །ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ཇི་ལྟར་ན་འདི་ཐུན་མོང་མ་ཡིན་པ་ཡིན་ཞེ་ན། བརྗོད་པར་བྱ་སྟེ་ཐམས་ཅད་ཀྱང་ཐམས་ཅད་དུ་བདག་ཉིད་ཀྱིས་བདེ་བའི་དོན་དུ་འཇུག་པ་ཡིན་ཏེ། དེ་ཡང་འདི་ལྟར་སྤང་བྱ་དང་བསྒྲུབ་བྱ་མི་ཤེས་པས་མུ་སྟེགས་པ་རྣམས་ནི་ལྷ་དང་མིའི་བདེ་བ་འདོད་པ་ཉིད་ཀྱིས་འཇུག་པར་བྱེད་དེ། ཆུ་དང་མེ་ལ་སོགས་པའི་ནང་དུ་བདག་ཉིད་འཇུག་པ་དང༌། འདབ་མ་དང་ནས་ལ་སོགས་པ་ཟ་བ་དང་གཅིག་ལ་སློང་བ་དང་གཉིས་ལ་སློང་བ་ལ་སོགས་པའི་ལུས་ལ་གནོད་པ་བྱེད་ཀྱང༌། རེ་ཞིག་དེ་ལ་སོགས་པའི་དཀའ་བླས་ཀྱི་བརྟུལ་ཞུགས་ཀྱིས་སྤྱོད་ན་ཡང་འབྲས་བུ་བདེ་བ་ནི་མེད་དོ། །གང་གི་ཕྱིར། །སྡུག་བསྔལ་ལ་སོགས་སེམས་གཡེངས་ནས། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །དངོས་གྲུབ་མེད་ན་འཁོར་བ་སྟེ། །འཁོར་བས་དམྱལ་བསྒྲུབ་པར་བྱེད། །ཅེས་གསུངས་པས་སོ། །ཉན་ཐོས་ལ་སོགས་པ་ཡང་དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་ཡོངས་སུ་མི་ཤེས་པས་ཕུང་པོ་མེད་པའི་བདེ་བ་མཆོག་ཡིན་ནོ་ཞེས་བྱ་བར་ཤེས་ནས་བདག་ཉིད་མྱ་ངན་ལས་འདས་པར་ངེས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སྤྱོད་པ་ཡང་སྦྱིན་པ་ལ་སོགས་པ་ལ་ཞུགས་ན་ཡང་རྟག་ཏུ་སྟོང་པ་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་སུ་མེད་པའི་ཕྱིར། སྙིང་རྗེ་དམན་པས་བདག་ཉིད་ཀྱིས་མྱ་ངན་ལས་འདས་པ་གཙོར་བྱེད་པ་ཉིད་དོ། །ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པ་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ཡང་སངས་རྒྱས་ནི་མ་ཡིན་ཏེ། དེ་ལྟ་ན་ནི་ས་བཅུ་པར་སངས་རྒྱས་པར་ཐལ་བར་འགྱུར་རོ། །གཞན་ཡང་ཟབ་མོ་མངོན་སུམ་དུ་བྱས་པ་ཉིད་ཡིན་ཡང་སེམས་ཅན་གྱི་དོན་ནི་མེད་དེ་འགྲོ་བ་མ་ལུས་པར་ཉེ་བར་འཚོ་བར་གྱུར་པ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འདོད་ན་བདག་མེད་པའི་མཐར་ཐུག་པ་ལ་འཇུག་པར་བྱེད་པ་ཉིད་ཀྱི་རྒྱུ་ནི་མ་ཡིན་ཏེ་དེ་ནི་བརྟགས་པའི་གཉེན་པོ་ཙམ་ཡིན་པའི་ཕྱིར་རོ། །དེ་ཡང༌། །ཐབས་དང་བྲལ་བའི་དངོས་མེད་ཙམ། །བསྒྲུབ་པར་བྱ་བའང་མ་ཡིན་ཏེ། །བདག་དང་གཞན་གྱི་དོན་སྒྲུབ་མཐུ། །མེད་ཕྱིར་ནམ་མཁའི་མེ་ཏོག་བཞིན། །ཞེས་བསྟན་པ་ཡིན་ནོ། །སྦྱིན་པ་ལ་སོགས་པ་ཐབས་ཀྱི་སྒོ་ནས་དང༌། སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་


DTG046_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ་ཞེས་བརྗོད་པར་ཡང་མི་བྱ་སྟེ། གང་གི་ཕྱིར་མ་བསྒོམས་པའི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་བདག་ཉིད་དག་ལ་ཡང་ཐེ་ཚོམ་ཟ་བ་ན་ཇི་ལྟར་སེམས་ངེས་པར་འགྱུར། དེ་ལྟར་ན་ཡང་སྨོན་ལམ་གྱི་སྟོབས་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། བདག་མེད་པ་ཡང་མ་བསྒོམས་པ་ཉིད་དུ་མངོན་སུམ་ཉིད་དུ་འགྱུར་བས་དེ་བསྒོམ་པའི་ངལ་བས་ཅི་ཞིག་བྱ། གལ་ཏེ་དེ་ནི་བསྒོམས་པ་ཉིད་ཀྱིས་འབྱུང་བར་འགྱུར་རོ་ཞེ་ན། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་ཀྱིས་ཉེས་པ་ཅི་ཞིག་བྱས་ན་གང་གི་ཕྱིར་དེ་དག་བསྒོམ་པར་མི་བྱ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གནས་པས་ཀྱང་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་སངས་རྒྱས་ཁས་བླང་བར་བྱའོ། །དེ་ནི་བསྒོམས་པས་གསལ་བར་འགྱུར་རོ། །དེའི་ཕྱིར། །སངས་རྒྱས་ཉིད་ནི་སྒྲུབ་པའི་རྒྱུ། །སངས་རྒྱས་རྣལ་འབྱོར་ཀུན་དུ་ཡང༌། །རྒྱུ་དང་འདྲ་བའི་འབྲས་བུ་ཉིད། །ཀུན་དུ་མཐོང་བ་མ་ཡིན་ནམ། །ཞེས་བསྟན་བ་དང་ཐམས་ཅད་གསང་བ་ལས་ཀྱང༌། །སངས་རྒྱས་ཉིད་ཀྱང་མདོར་བསྡུ་ན། །ཏིང་འཛིན་ཡེ་ཤེས་ལས་ངེས་འབྱུང༌། །སངས་རྒྱས་རྣལ་འབྱོར་མ་གཏོགས་པར། །སངས་རྒྱས་རྣལ་འབྱོར་པས་མི་ཐོབ། །ཅེས་གསུངས་པས་སངས་རྒྱས་ཀྱི་རྣལ་འབྱོར་ཡང་སེམས་ཅན་མ་ལུས་པ་འདུལ་བས་ཁྲོ་ཞིང་ཞི་བའི་བདག་ཉིད་ཅན་གཤིན་རྗེ་གཤེད་ནག་པོ་ཉིད་དོ། །བྱ་བ་དང་སྤྱོད་པའི་ལུགས་ལ་ཡང་བསྒྲུབ་བྱ་དང་སྒྲུབ་པའི་ཐབས་དུས་རིང་པོར་རྗེས་སུ་མི་འཇུག་སྟེ། དེ་དག་ནི་བརྟགས་པ་ལས་རབ་ཏུ་བྱུང་བ་ཉིད་ཡིན་ཏེ། དེ་ནི་འདི་ལྟར་རས་རིས་ལ་སོགས་པར་རྟོགས་པའི་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་དུ་ནི་ཁྱད་པར་འདི་ཡོད་དེ་རང་གི་ལྷའི་རྣལ་འབྱོར་གྱིས་རས་རིས་ལ་སོགས་པར་རྟོགས་པའི་ལྷ་ལ་དམིགས་ནས་མཐུན་པའི་དངོས་གྲུབ་སྒྲུབ་པར་བྱེད་དོ། །རྣལ་འབྱོར་བླ་ན་མེད་པར་ནི་གཙོ་བོ་ཉིད་དུ་དེ་རྒྱུའི་གཙོ་བོར་མ་བསྟན་ནོ། །འདིར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་བའི་བདག་ཉིད་ཅན་ཅིག་ཏུ་འགྲོ་བ་མ་ལུས་པ་ལ་ཕན་པར་བྱེད་པ་ཟག་པ་མེད་པའི་བདེ་བའི་རང་བཞིན་ཅན་བསྟན་ཏེ། དེས་ན་ཐུན་མོང་མ་ཡིན་པའི་འབྲས་བུ་ཐོབ་པའི་རྒྱུ་ཉིད་ཡིན་བས་བླ་ན་མེད་པའོ། །ཏཀྵ་ཀའི་མགོ་ལ་ཡོད་པའི་རིམས་ནད་སེལ་བའི་གཙུག་གི་ནོར་བུ་བཞིན་


DTG046_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒྲུབ་པར་མི་ནུས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཡུལ་མ་ལུས་པ་ལ་བརྟེན་ཅིང་བསྒྲུབས་པས་གསལ་པོར་འགྱུར་རོ། །དེ་ཇི་ལྟ་བུ་ཞིག་ཅེ་ན་སྔགས་ལ་སོགས་པས་སྦྱངས་པའི་དུག་ལ་སྤྱོད་པ་ལྟར་ཁྱད་པར་ཅན་གྱི་འབྲས་བུ་འདྲེན་པར་བྱེད་པ་ཉིད་དོ། །དེ་ཡང༌། ཇི་ལྟར་དུག་གི་དེ་ཉིད་རིག །དུག་གིས་དུག་ནི་སེལ་བར་བྱེད། །དེ་བཞིན་འདོད་པའི་རྩེད་མོའི་རོས། །བརྟགས་པ་ཐམས་ཅད་སྦྱོར་བར་བྱ། །ཞེས་གསུངས་པས་སོ། །དཔལ་གསང་བ་འདུས་པ་ལས་ཀྱང༌། །དཀའ་ཐུབ་སྡོམ་པ་མི་ཟད་པས། །བརྟེན་ཀྱང་འགྲུབ་པར་མི་འགྱུར་ཏེ། །འདོད་པ་ཀུན་ལ་ལོངས་སྤྱོད་ཅིང། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ད་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པས་དགོས་པ་དང་བསྡུས་པའི་དོན་དང་ཚིག་གི་དོན་དང༌། འབྲེལ་པ་དང༌། རྒལ་བ་དང༌། ལན་རྣམས་བརྗོད་པར་བྱའོ། །དེ་ལ་རེ་ཞིག་དགོས་པ་སྨྲས་ཟིན་ཏོ། །བསྡུས་པའི་དོན་ནི་མངོན་པར་རྟོགས་པ་ལས་ཤེས་པར་བྱའོ། །ད་ནི་འབྲེལ་པ་སྔོན་དུ་འགྲོ་བའི་ཚིག་འགའ་ཞིག་གིས་བཤད་པ་བརྗོད་པར་བྱའོ། །རྒལ་བ་དང་ལན་ནི་དེ་དང་དེར་བསྒྲུབ་པར་བྱའོ། །འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ། འདིར་སྡུད་པར་བྱེད་པ་ཕྱག་ན་རྡོ་རྗེས་རྒྱུད་མ་ལུས་པའི་དོན་དང་གཞུང་སེམས་ལ་བསྔོགས་ནས་འདི་སྐད་ཅེས་ངེས་པར་བྱས་ནས་རང་དང་རྗེས་སུ་མཐུན་པའི་ཤེས་པས་ངེས་པར་བཟུང་བའི་རྒྱུད་ཀྱི་དོན་མ་ལུས་པར་ཉེ་བར་སྟོན་པ་ལ་གཅིག་ཏུ་ངེས་པ་བྱས་ནས་ཕྱིན་ཅི་མ་ལོག་པར་སྨྲས་པའོ། །བདག་གི་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་སྟེ། བཅོམ་ལྡན་འདས་ལས་བདག་གིས་དོན་དང་གཞུང་དག་ཐོས་ཀྱི་བདག་གིས་བྱས་པ་ཡང་མ་ཡིན། བཅོམ་ལྡན་འདས་ལས་གཅིག་ནས་གཅིག་ཏུ་བརྒྱུད་པས་བསྟན་པ་ཡང་མ་ཡིན་ཞེས་པའོ། །ཡང་ན་བདག་རང་གི་མོས་པའི་དབང་གིས་འདི་སྐད་ཐོས་ཀྱི་གཞན་གྱིས་ནི་གཞན་དུ་ཡང་མ་ཡིན་ཏེ་འཆད་པར་འགྱུར་བའི་འཁོར་བསྟན་པས་སོ། །འདིས་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པ་སྤངས་པ་ཡིན་ནོ། །སློབ་དཔོན་མ་ཁོལ་གྱིས་ཀྱང༌། །གསུང་གཅིག་གིས་ནི་བསྟན་མོད་ཀྱང༌། །དུ་མ་ཉིད་དུ་རྟོགས་མཛད་པར། །བདག་ལ་ཉེ་བར་སྟོན་ཏོ་ཞེས། །སྐྱེ་བོ་ཀུན་གྱིས་ཤེས་པར་འགྱུར། །ཞེས་གསུངས་སོ། །ཐོས་པས་ཞེས་བྱ་བས་ནི་བདག་ཉིད་ཉན་པའི་དུས་ན་བྱང་


DTG046_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཉིད་དུ་བསྟན་ལ། སྡུག་པའི་དུས་ན་ནི་འདིས་སངས་རྒྱས་ཉིད་ཡིན་ཏེ། གང་གི་ཕྱིར་ལེའུ་བཅོ་བརྒྱད་པ་ལས། །དེའི་དུས་ན་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ཏེ། སྐད་ཅིག་མ་གཅིག་ལ་བཟུང་ཞིང་དོན་བཟུང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །འདིས་ནི་ཡང་བསྟན་པས་ཤིན་ཏུ་ཡང་ཚད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མངོན་སུམ་དུ་ཐོས་པས་ཡང་འདི་ལྟར་ཤེས་པར་བྱ་སྟེ། སློབ་དཔོན་མེད་པར་འདིའི་བྱ་བ་མི་བྱའོ་ཞེས་ཡང་དག་པར་གཟུང་བར་བྱའོ། །དེ་ལྟར་བསྟན་ནས་གང་གི་ཚེ་གང་ལས་གང་དུ་གང་དང་ལྷན་ཅིག་ཐོས་པ་དེ་དང་དེ་རིམ་པ་བཞིན་བསྟན་པར་བྱ་བའི་ཕྱིར། དུས་གཅིག་ན་ཞེས་བྱ་བ་གསུངས་ཏེ། འདིས་ནི་ཤིན་ཏུ་དཀོན་པ་ཉིད་དང་བདག་ཉིད་མང་དུ་ཐོས་པ་ཉིད་དུ་སྒྲུབ་པར་བྱེད་དེ། འདི་ལྟ་བུའི་ཕྱིན་ཅི་མ་ལོག་པ་ངོ་མཚར་ཆེ་བའི་ཆོས་ནི་གཞན་གྱི་ཚེ་བསྟན་པར་མི་སྲིད་པའི་ཕྱིར་རོ། །འདིས་ནི་མ་འོངས་པའི་འགྲོ་བ་རྣམས་གུས་པ་བསྐྱེད་པ་བསྟན་པར་བྱེད་པའོ། །དུས་གཅིག་གི་ཚེ་བདག་གིས་འདི་ཐོས་ཀྱི་གཞན་གྱི་ཚེ་ནི་གཞན་དང་གཞན་པ་འདི་ཐོས་སོ་ཞེས་མང་དུ་ཐོས་པ་ཉིད་ཀྱང་བསྟན་ཏོ། །གལ་ཏེ་ཡི་གེ་དང་ངག་དང་ཚིག་སྣ་ཚོགས་པ་ཐ་དད་པ་ཉིད་ཀྱི་ཕྱིར་དུས་གཅིག་ན་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། བདེན་ན་ཡང་རྒྱུན་མི་ཆད་པར་རྟག་ཏུ་ཐོས་པའམ། ཡང་ན་བཅོམ་ལྡན་འདས་བདག་པོར་གྱུར་པའི་དབང་གིས་བདག་གིས་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་སྒོ་ཐོབ་པས་དུས་གཅིག་ཉིད་དུ་ཐོས་ཞེས་བྱ་བའོ། །གང་ལས་ཞེས་འདྲི་ན་བཅོམ་ལྡན་འདས་ལས་ཏེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པའི་གཉེན་པོ་བླ་ན་མེད་པའི་ཤེས་རབ་ནི་བཅོམ་ལྡན་ཏེ། དེ་གང་ལ་ཡོད་པ་དེ་ནི་བཅོམ་ལྡན་འདས་སོ། །དེ་ཡང༌། །འཇོམས་པའི་ཕྱིར་ན་བཅོམ་ལྡན་ཏེ། །ཉོན་མོངས་བདུད་ལ་སོགས་འཇོམས་པས། །ཤེས་རབ་ཉོན་མོངས་དེ་འཇོམས་ཕྱིར། །དེ་ཕྱིར་ཤེས་རབ་བཅོམ་ལྡན་བརྗོད། །ཅེས་གསུངས་པ་དང་ཡང་ན། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །ཞེས་བྱ་བས་དེ་དང་ལྡན་པ་ལ་བཅོམ་ལྡན་འདས་ཞེས་བྱ་སྟེ། དེ་ལྟ་བུར་གྱུར་པས་གསུངས་པ་ནི་ཕྱིན་ཅི་མ་ལོག་པ་ཞེས་པའོ། །དེའི་ཕྱིར་བཅོམ་ལྡན་འདས་དེ་ཉིད་ལས་ཐོས་པས་གཞན་དག་


DTG046_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་ལྟ་བུར་གྱུར་པ་མེད་པའི་ཕྱིར་རོ། །འདིས་ནི་སྟོན་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །གནས་གང་དུ་ཐོས་ཞེས་འདྲི་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོའོ། །རང་རང་གི་རང་བཞིན་གྱིས་དེ་བཞིན་ཉིད་དུ་སོང་བས་ན་དེ་བཞིན་གཤེགས་པ་སྟེ་ཆོས་ཀྱི་སྐུའི་ངོ་བོའོ། །ཀུན་རྫོབ་ཏུ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་གཟུགས་ཉིད་ཀྱིས་རང་གི་མོས་པའི་དབང་གིས་རྣམ་པ་གང་དང་གིས་འཇིག་རྟེན་ལ་སྣང་བར་འགྱུར་བའི་གཟུགས་དེ་དང་དེར་གཤེགས་པས་དེ་བཞིན་གཤེགས་པའོ། །ཆོས་ཀྱི་སྐུ་ཉིད་ཡིན་ན་ཡང་སྙིང་རྗེའི་དབང་གིས་དེ་བཞིན་དུ་སྣང་བ་ཡིན་གྱི་དེ་ཁོ་ན་ཉིད་ལ་ནི་རྟོག་པ་མ་ལུས་པ་མི་མངའ་བས་གར་ཡང་གཤེགས་པ་མེད་དོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་དེ། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོ་ཐམས་ཅད་ཀྱི་བྷ་ག་སྟེ། མི་ཕྱེད་ཅིང་འབྱེད་པར་བྱེད་པས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་པའི་ཕྱིར་དང༌། བླ་ན་མེད་པའི་དགའ་བའི་རྒྱུ་ཡིན་པའི་ཕྱིར་དང༌། སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་ཉིད་དེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་འོག་ཏུ་ཟུར་གཅིག་སྟེང་དུ་ཟུར་གཉིས་པའོ། །འདིས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། གང་གི་ཚེ་འདོད་ཆགས་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོ་དང་ལྷན་ཅིག་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་ཀྱི་ཁོངས་སུ་གཏོགས་པའི་གཞལ་ཡས་ཁང་ན་བཞུགས་པ་དེའི་ཚེ་འདི་སྐད་བདག་གིས་ཐོས་པ་ཞེས་བྱའོ། །འདིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ། །འདི་ལྟ་བུའི་ཁྱད་པར་ཅན་གྱི་གནས་སུ་འདོད་ཆགས་ཆེན་པོས་འདུལ་བ་རྣམས་ཡིད་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་གཞག་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་ཉིད་སོ་སོར་རྟོགས་པ་བཟོད་པར་འགྱུར་རོ། །དེས་ན་འདི་དག་ལ་འདི་ནི་ཕན་གདགས་པ་ཆེན་པོ་ཉིད་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བདེ་བ་དང་ལྡན་པའི་སེམས་མཉམ་པར་


DTG046_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་པས་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ་ཞེས་བྱ་བ་རྒྱས་པར་གསུངས་པ་ཡིན་ནོ། །མང་པོའི་ཚིག་ཉིད་ནི་འཇིག་རྟེན་གསུམ་པོ་མ་ལུས་པའི་རྔུལ་ཕྲ་རབ་སོ་སོའི་ཁོངས་སུ་གཏོགས་པའི་ཆོས་འབྱུང་གི་ནང་གི་གཞལ་ཡས་ཁང་གི་ནང་ན་དཀྱིལ་འཁོར་པ་ཐམས་ཅད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་རང་གི་རིག་མ་དང་གཉིས་སུ་མེད་པར་སྣང་བར་འགྱུར་བའོ། །བཞུགས་ཏེ་ཞེས་བྱ་བ་ནི་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་གདུལ་བྱའི་འགྲོ་བའི་སེམས་འཕྲོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་བདག་ཉིད་ཆ་བ་དང༌། ཕན་པ་ཆེན་པོ་མཛད་པ་ཉིད་དང༌། དབང་པོ་དང་བཅས་པ་ཉིད་དུ་བསྒྲུབ་པའི་ཕྱིར། འཁོར་འདུས་པ་ཆེན་པོ་ཉིད་གསུངས་པ། གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བ་ཉིད་ཀྱིས་ཆོས་ཐམས་ཅད་ལ་རྟོགས་པ་མེད་པ་དང་ཤེས་པ་མེད་པ་ནི་གཏི་མུག་སྟེ། དེ་ཉིད་ནི་གཟུགས་བརྙན་ལྟར་མི་འཁྲུལ་པ་ཉིད་ཀྱི་ཕྱིར་མི་ཕྱེད་པ་དང༌། དེ་ལས་གཞན་པ་འབྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡང་ཡིན་ཏེ། བྱམས་པ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར། མྱ་ངན་ལས་འདས་པའི་འཆི་བའི་གཤིན་རྗེ་འཇོམས་པས། དེའི་ཕྱིར་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དེ། དེས་ཀྱང་དེར་ཐོས་ཞེས་བྱའོ། །ཕྲ་མ་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་གཞན་འབྱེད་པའི་ཚིག་ནི་ཕྲ་མ་ཞེས་བྱའོ། །དེ་ལ་གཞན་ནི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་སྟེ། རིགས་པ་དང་ལུང་གིས་ཕྱེ་ཞིང་སུན་ཕྱུང་ནས་རང་དང་མཉམ་པ་ཉིད་ཀྱི་རྒྱུད་ལ་སྦྱོར་བར་བྱེད་དེ་ཞེས་བྱ་བ་རང་དང་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབྱེར་མེད་པ་དང་དེས་གཞན་དགའ་བྱེད་པ་ཉིད་ཀྱིས་རྡོ་རྗེ་ཞེས་བྱ་ལ། སྙིང་རྗེ་ཆེན་པོ་རང་བཞིན་གྱིས་མངོན་སུམ་དུ་བྱས་པའི་ངོ་བོ་ས་མི་འདྲ་བའི་མྱ་ངན་ལས་འདས་པའི་གཤིན་རྗེ་གཤེད་ནག་པོ་ཡིན་པས་ཕྲ་མོ་རྡོ་རྗེ་གཤིན་རྗེ་གཤེད་དོ། །འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་སེམས་ཅན་གྱི་དོན་ལ་སོ་སོར་རྟོག་པ་ལ་ཞེན་པ་ནི་ཆགས་པའོ། །དེའི་ངོ་བོ་ཉིད་ཀྱིས་མི་ཕྱེད་པ་དང་གཞན་འབྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་དང་དགའ་བ་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར། འདོད་ཆགས་དང་བྲལ་བས་བསྐྱེད་པའི་མྱ་ངན་ལས་འདས་


DTG046_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཆི་བའི་གཤིན་རྗེ་འཇོམས་པས་འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དོ། །ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་དང༌། ཕྲག་དོག་ནི་གཞན་གྱི་ཡོན་ཏན་ལ་སྡང་བ་སྟེ། རང་རང་གི་སེམས་ཅན་གྱི་དོན་བྱེད་པ་གྲུབ་པ་ལ་གཞན་གྱིས་མི་བྱ་སྟེ་དེ་བདག་གིས་བྱའོ་ཞེས་རྣམ་པར་སྣང་བའོ། །བྱ་བ་ནན་ཏན་ཉིད་ཀྱི་ཕྱིར་མི་ཕྱེད་ཅིང་འབྱེད་པར་བྱེད་པས་རྡོ་རྗེ་སྟེ། བཏང་སྙོམས་ཆེན་པོ་མངོན་སུམ་དུ་བྱས་པའི་ཕྱིར་རང་གི་དོན་ཙམ་གྱི་མྱ་ངན་ལས་འདས་པའི་གཤིན་རྗེ་འཇོམས་པར་བྱེད་པས་ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དོ། །ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དང་ཞེས་བྱ་བ་ལ་ཕན་ཚུན་དགའ་བར་མི་བྱེད་པ་ལ་སྡང་བ་ནི་ཞེ་སྡང་ངོ༌། །ཡང་ན་ཆོས་ཐམས་ཅད་ཤེས་པ་དང་ཤེས་བྱ་ལ་སོགས་པའི་ངོ་བོར་རྣམ་པར་གཞག་པ་ལ་སྡང་བ་ནི་བདག་མེད་པའི་ངོ་བོ་ཉིད་ཡིན་པའི་ཞེ་སྡང་ངོ༌། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྟེ་མི་ཕྱེད་པ་ཉིད་དང༌། དེ་ལས་གཞན་པ་འབྱེད་པར་བྱེད་པའི་ཕྱིར་དང༌། སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་མངོན་སུམ་དུ་བྱས་པ་ཉིད་ཀྱིས་སེམས་ཅན་གྱི་དོན་འདོར་བའི་རྟག་ཏུ་བདེ་བ་ཉིད་ཀྱི་མྱ་ངན་ལས་འདས་པར་ལྟུང་བའི་གཤིན་རྗེ་འཇོམས་པར་བྱེད་པའི་ཕྱིར་ཞེ་སྡང་རྡོ་རྗེ་གཤིན་རྗེ་གཤེད་དོ། །ཐོབ་རྡོ་རྗེ་གཤིན་རྗེ་དང༌། །ཞེས་བྱ་བ་ལ་འཇིག་ཚོགས་ལ་ལྟ་བ་དང་ཤེས་བྱའི་སྒྲིབ་པ་འཇིག་པར་བྱེད་པ་མཚོན་པས་ཐོབ་སྟེ། ཕུང་པོའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་པས་ཐོབ་རྡོ་རྗེ་གཤིན་རྗེ་གཤེད་དོ། །མཐར་འཛིན་པ་ལྟ་བ་དང་ཉོན་མོངས་པའི་སྒྲིབ་པ་འཇིག་པར་བྱེད་པས་དབྱུག་པས་ཉེ་བར་མཚོན་པ་སྟེ། ཉོན་མོངས་པའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་པས་དབྱུག་པ་གཤིན་རྗེ་གཤེད་དོ། །ལོག་པར་ལྟ་བ་དང་སྐྱེ་བའི་སྒྲིབ་པས་གོས་པ་མེད་པའི་ཆོས་རབ་ཏུ་སྟོན་པ་ནི་པདྨས་ཉེ་བར་མཚོན་པ་ཡིན་པ་དང༌། འཆི་བདག་གི་བདུད་ཀྱི་གཤིན་རྗེ་འཇིག་པར་བྱེད་པས་པདྨ་གཤིན་རྗེ་གཤེད་དོ། །ལྟ་བ་མཆོག་ཏུ་འཛིན་པ་དང་ལས་ཀྱི་སྒྲིབ་པ་གཅོད་པར་བྱེད་པ་ནི་རལ་གྲིས་ཉེ་བར་མཚོན་པ་ཡིན་པ་དང༌། རྣམ་པར་གཡེང་བར་བྱེད་པའི་ལྷའི་བུའི་བདུད་ཀྱི་གཤིན་རྗེ་འཇོམས་པར་བྱེད་པས་རལ་གྲི་གཤིན་རྗེ་གཤེད་དོ། །མི་ཕྱེད་པའི་བྱམས་པ་ཆེན་པོའི་ངོ་བོས་རང་གི་གདུལ་བྱ་ལ་སྤྱོད་པར་བྱེད་པས་རྡོ་རྗེ་ཙརྩི་ཀའོ། །རྡོ་རྗེ་གཏི་མུག་རྡོ་རྗེ་གཤིན་རྗེ་


DTG046_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ལ་སོགས་པའོ། །བར་ནི་རྣམས་ཀྱི་མཆོག་སྟེ་གཤིན་རྗེ་གཤེད་པོའོ། །ཧི་ནི་དེ་ལ་ཕན་པ་སྟེ་བྱང་ཆུབ་ལའོ། །དེ་ཡང་རང་གི་ཕྱག་རྒྱ་དང་གཉིས་སུ་མེད་པར་གྱུར་པ་ཉིད་ལས་འཐོབ་པས་དེས་ན་རྡོ་རྗེ་ཕག་མོའོ། །བར་ཧི་ཞེས་བྱ་བའི་ཚིག་གིས་ནི་དབྱེར་མེད་པའི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་འབྱུང་བས་ཞེ་སྡང་གི་ནང་དུ་ལྷུང་བའི་སེམས་ཅན་ཟློག་པར་བྱེད་ཅིང་ཞེ་སྡང་ལས་བཟློག་ནས་ཞེ་སྡང་ཆེན་པོ་ལ་སྦྱོར་བར་བྱེད་དོ། །དེའི་ཕྱིར་བཛྲ་བ་ར་ནི་བཅོམ་ལྡན་འདས་ཉིད་དོ། །ཧི་ནི་དེ་ལ་ཕན་པ་ཉིད་སྔ་མ་བཞིན་ནོ། །དབྱེར་མེད་པའི་གདུལ་བྱའི་པདྨ་མ་ལུས་པའི་སྐྱེ་གནས་ཡིན་པའི་ཕྱིར་རྡོ་རྗེའི་མཚོན་ནི་འདོད་ཆགས་རྡོ་རྗེ་གཤིན་རྗེ་གཤེད་དོ། །དེ་ཉིད་ནི་ལྷན་ཅིག་སྐྱེས་པའི་མཆོག་གི་བདེ་བ་གཉིས་སུ་མེད་པའི་དགའ་བ་སྐྱེད་པར་བྱེད་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་དབྱངས་ཅན་མའོ། །གོ་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །དེའི་བདག་ཉིད་ཅན་གྱི་བླ་ན་མེད་པའི་སེམས་ཅན་གྱི་དོན་གྱི་ངོ་བོ་ཉིད་དུ་སོང་ཞིང་འཛིན་པར་བྱེད་པས་གཽ་རཱི་སྟེ། ཕྲག་དོག་རྡོ་རྗེ་གཤིན་རྗེ་གཤེད་དོ། །འདི་ནི་དེ་ལ་ཕན་པའི་བླ་ན་མེད་པའི་ལྷན་ཅིག་སྐྱེས་པའི་བདེ་བ་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པས་གཽ་རཱི་སྟེ། རང་གི་བྱ་བ་ལ་མི་ཕྱེད་པས་རྡོ་རྗེ་ཡང་ཡིན་ལ་དེ་ཉིད་གཽ་རཱི་ཡང་ཡིན་པས་རྡོ་རྗེ་གཽ་རཱིའོ། །མཚམས་སུ་ཞེས་བྱ་བ་ནི་མཚམས་བཞིར་གནས་པའི་ཐོད་པ་བཞི་པོ་མཐོང་བ་གཤིན་རྗེ་གཤེད་དེ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་གཙོ་བོར་གྱུར་པ་གཤིན་རྗེ་གཤེད་ཀྱི་ཚོགས་ཆེན་པོའོ། །བཅུ་བདུན་པོ་སྨོས་པས་འདི་དག་དང་ཞེས་བྱ་བ་བརྗོད་པར་བྱ་བ་ཡིན་ན་ཡང་སོགས་པ་ཞེས་བྱའི་སྒྲས་ནི་འདི་ལྟར་སྒྲུབ་པར་བྱེད་ད། འདི་དག་ཉི་ཚེ་བ་མ་ཡིན་གྱི་གཞན་ཡང་ནང་གི་བདག་ཉིད་ཅན་གྱི་དབང་པོ་རྣམ་པར་དག་པར་གྲུབ་པ་རྡོ་རྗེ་མིག་ལ་སོགས་པ་དང་ཡང༌། །འདི་སྐད་བསྟན་པར་ཡང་འགྱུར་ཏེ་དེ་ལྟ་བུའི་ཁྱད་པར་ཅན་གཙོ་བོར་གྱུར་པ་གང་ལ་ཡོད་པ་དེ་ནི་དེ་དག་ལ་སོགས་པ་སྟེ་མིག་རྡོ་རྗེ་ལ་སོགས་པ་དང༌། ལུས་རྡོ་རྗེ་ལ་སོགས་པའོ། །འདི་རྣམས་ཀྱིས་ཐམས་ཅད་ཀྱི་རྡོ་རྗེ་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་གྲུབ་པ་ཡིན་ནོ། །ཁ་ཅིག་ནི་བཅོམ་ལྡན་འདས་ཁོ་ནའི་སྤྱན་ལ་སོགས་པ་བྱིན་གྱིས་བརླབ་པར་འདོད་དོ། །དེ་ནི་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགྲུབ་པ་ལ་མཐུན་པ་མ་ཡིན་ནོ་ཞེས་ཁོ་བོའི་བླ་མ་


DTG046_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངོ༌། །རྟ་མཆོག་གི་དཀྱིལ་འཁོར་ལ་སོགས་པའི་ལྷ་མོ་ལ་སོགས་པ་དང་ལྷན་ཅིག་ཐོས་སོ་ཞེས་བྱ་བར་འབྲེལ་ལོ། །ད་ནི་དངོས་གྲུབ་དང་མན་ངག་ནི་བླ་མ་ལ་རག་ལས་པར་བྱ་བའི་ཕྱིར་དང་རང་དགར་འཇུག་པ་དགག་པའི་ཕྱིར་མངོན་པར་རྟོགས་པ་ལ་སོགས་པའི་འབྲེལ་པ་འཚོལ་བར་བསྟན་པ་ནི་ཐེ་ཚོམ་མེད་པར་བསྒྲུབ་པའི་ཕྱིར་ཏེ། ཇི་ལྟ་བ་བཞིན་དུ་བསྟན་ན་ཐེ་ཚོམ་དུ་འགྱུར་བ་ནི་སྒྲའི་དོན་དུ་མར་འབྱུང་བའི་ཕྱིར་རོ། །ཇི་ལྟར་དཀར་པོ་རྒྱུག་ཅེས་བྱ་བས་ཅི་ཁྱི་འདི་རྒྱུག་གམ་འོན་ཏེ་དཀར་པོའི་ཡོན་ཏན་དང་ལྡན་པ་གཞན་རྒྱུག་ཅེས་བྱ་བ་ལྟ་བུའོ། །དེ་ལྟ་བས་ན་གང་མཁས་པ་ང་རྒྱལ་བྱེད་པ་དག་རང་དགར་འཇུག་པར་མ་གྱུར་ཅིག་ཅེས་བསླབ་པར་བྱ་བའི་ཕྱིར་འབྲེལ་པ་འཚོལ་བར་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་ཞེས་བྱ་བ་ནས་གཤིན་རྗེ་གཤེད་ཀྱི་ཁྲོ་བོ་ཆེན་པོ་ངེས་པར་ཕྱུང་ནས་ཞེས་བྱ་བའི་བར་རིམ་པར་ཕྱེ་བ་བཅོ་བརྒྱད་པ་ལས་གསུངས་པའི་དེ་མ་ཐག་ཏུ་དེ་ནས་ཞེས་བྱ་བ་ལ་སོགས་པ་འདི་ལྟར་བལྟ་བར་བྱའོ། །དང་པོའི་དེ་ནས་ཞེས་བྱ་བ་ལ་སོགས་པའི་དེ་ནས་ཞེས་བྱ་བ་ནི་ངེས་པར་གཟུང་བའམ་ཚིག་གི་རྒྱན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེ་ལ་བོས་ཏེ། གསུངས་པ་ཞེས་བྱ་བར་འབྲེལ་ལོ། །དེ་ལ་བོས་ཏེ་གསུངས་པ་ནི་འདི་ཡིན། ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་བཀའ་བཞིན་བྱེད་པ་ལ་ཕྱག་ན་རྡོ་རྗེ་ཁྱོད་འདི་ལྟ་བུའི་གཤིན་རྗེ་གཤེད་ཀྱི་ཁྲོ་བོའི་གཟུགས་སུ་བསྒྱུར་ལ། བདུད་ལ་སོགས་པ་སོད་ཅིག་ཅེས་བྱ་བ་ལ་སོགས་པ་རིམ་པར་ཕྱེ་བ་བཅོ་བརྒྱད་པ་ནས་གསུངས་པ་འབྲེལ་ཏོ། །ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གང་དེ་ལྟ་བུའི་རྣམ་པ་ལྔ་མངོན་པར་བྱང་ཆུབ་པའི་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་བསྒོམ་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བའི་སྒྲས་ནི། སྣ་ཚོགས་རྡོ་རྗེ་འཇིགས་རུང་བ། །ནམ་མཁའི་རྡོ་རྗེའི་དཀྱིལ་དུ་བསམ། །ཞེས་བྱ་བའི་རྗེས་ཐོགས་སུའོ། །ཐམས་ཅད་ཀྱང་དེ་ཡིན་ལ་དེ་བཞིན་གཤེགས་པ་ཡང་དེ་ཡིན་བས་དེ་བཞིན་གཤེགས་པ་ཐམས་ཅད་དེ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེགས་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་


DTG046_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ངོ༌། །བདུད་ཐམས་ཅད་ནི་ཕུང་པོ་ལ་སོགས་པའོ། །ཏིང་ངེ་འཛིན་གང་གིས་དེ་དག་འཛོམས་པར་བྱེད་དེ་གཅོད་པར་བྱེད་པ་དེ་ཉིད་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེ་སྐད་ཅེས་བྱ་བའི་མིང་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་དེའི་བདག་ཉིད་དུ་ངེས་པར་བསྟན་ཏོ་ཞེས་བྱ་བ་སྟེ་རྣམ་པར་སྤྲོས་སོ་ཞེས་བྱ་བ་ནི་དོན་ཏོ། །ཏིང་ངེ་འཛིན་གྱི་དོན་བསྟན་པའི་ཕྱིར། ཟླ་བ་རྡོ་རྗེ་སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ། ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཉིས་འགྱུར་དུ་བྱས་པ་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཟླ་བའོ། །དེའི་སྟེང་དུ་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་བཞི་དང་ཌ་ཌྷ་ད་དྷ་ཡ་ལ་སོགས་པའི་ཡི་གེ་བཞི་བཅུ་ཉིས་འགྱུར་དུ་བྱས་པའི་ཐབས་ཀྱི་བདག་ཉིད་ཅན་གྱི་ཟླ་བ་གཞན་ནོ། །དེ་དག་གཉི་ག་ཡང་རོ་མཉམ་པར་གྱུར་པའི་ཟླ་བ་དང༌། དེ་ལས་གྱུར་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་དཀར་ལ་དམར་བའི་ཧཱུཾ་ལས་སྐྱེས་པ་ནོར་བུ་དམར་པོ་ལྟ་བུའི་རྡོ་རྗེའོ། །དེའི་སྦྱོར་བ་ཁྱད་པར་ཅན་ལས་ཉིད་དང་མཚུངས་པའི་ཤེས་རབ་ཀྱིས་འཁྱུད་པའི་རྡོ་རྗེ་འཆང་གི་རྣམ་པ་ཅན་དཀར་ལ་དམར་བ་གཡོན་བརྐྱང་བ་གཡས་བསྐུམ་པ་དེ་ལས་གྱུར་པ་རོལ་ཅིང་ཁྲོ་བ་ཕྱག་གཡས་པ་རྣམས་ན་རྡོ་རྗེ་དང་རལ་གྲི་དང་གྲི་གུག་བསྣམས་པ། ཕྱག་གཡོན་པ་རྣམས་ན་འཁོར་ལོ་དང་པདྨ་དང་ཐོད་པ་བསྣམས་པ། ཞི་བ་ཐ་མལ་པ་རྗེས་སུ་འཛིན་པས་ཞི་བ། ཤིན་ཏུ་གདུག་པ་ཅན་རྗེས་སུ་འཛིན་པས་ཁྲོ་བོའི་གཟུགས་ཅན་ནོ། །ནག་པོར་ལ་ལར་འདོད་དོ། །དེ་ནི་མི་འཐད་དེ་གང་གི་ཕྱིར་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་རྣམ་པར་གནས་པ་ཡིན་ལ། ནག་པོ་ཉིད་ནི་ཞེ་སྡང་ལ་སྤྱོད་པ་རྗེས་སུ་གཟུང་བའི་དོན་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱུད་གཞན་ནས་བསྟན་པ་དང་ཡང་འགལ་བ་ཡིན་ཏེ། དེ་ཡང་དགྱེས་པའི་རྡོ་རྗེ་ལས། །ནོར་བུ་ཆུ་ཤེལ་འོད་འདྲ་ཞིང༌། །ཞེས་གསུངས་པ་དང༌། དཔལ་འདུས་པའི་དོན་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱིས་ཀྱང༌། ཟླ་བ་རྒྱས་པའི་མདངས་ལྟར་དཀར་པ་ལ། །གཡས་དང་གཡོན་པའི་ཞལ་ནི་སྔོ་དང་དམར། །ཞེས་གསུངས་པས་དེའི་ཕྱིར་ཟླ་བ་རྡོ་རྗེ་སྦྱོར་བ་ཡིས་ཏེ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་མཐར་བྱེད་བསྒོམ་པར་བྱའོ། །འདིའི་ཕྱག་དང་ཞལ་


DTG046_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དང་མདོག་དང་དབྱིབས་ནི་རིམ་པར་ཕྱེ་བ་བཞི་པར་བསྒྲུབ་པར་བྱའོ། །ཅིའི་ཕྱིར་ཞེ་ན། བདུད་རྣམས་ཞི་བར་བྱ་ཕྱིར་དང༌། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྟོང་པ་ཉིད་བསྒོམ་པའི་རྗེས་ཐོགས་སུ་རྣལ་འབྱོར་པའི་སྲུང་བ་གསུངས་པ། རྡོ་རྗེ་བསྲུང་བའི་དོན་དུ་བསྒོམ། །ཞེས་བྱའོ།། རང་གི་དོན་རྫོགས་ནས་གཞན་གྱི་དོན་བྱ་བའི་ཕྱིར་གཞན་གྱི་དོན་སྤྲུལ་པའི་དཀྱིལ་འཁོར་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དེ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པ་བསྐྱེད་པ་ནི་ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་རྫོགས་པར་བྱེད་པས། དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པ་པོ་སྟེ། དཔལ་གཤིན་རྗེ་གཤེད་ནག་པོའི་ངོ་བོའོ། །གང་གིས་བདུད་ཐམས་ཅད་འདུལ་བར་བྱེད་པ་དེས་ནི་མི་ཕྱེད་པའི་གཤིན་རྗེ་གཤེད་ཀྱི་གཟུགས་དེ་ཉིད་རྡོ་རྗེའོ། །དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བསྟན་ཏོ། །དེ་ལ་སྙོམས་པར་ཞུགས་པ་ནི་དེར་སེམས་རྩེ་གཅིག་པར་བྱས་པའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ཐམས་ཅད་ཀྱི་ས་བོན་འདི་ཞེས་བྱ་བ་ནི་བསྐྱེད་པའི་རྒྱུའོ། །དེས་པར་ཕྱུང་བ་ཞེས་བྱ་བ་ནི་རྣམ་པར་སྤྲོས་པའོ། །འདི་སྐད་བསྟན་པར་འགྱུར་ཏེ་རང་གི་སྙིང་གའི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་བཀུག་ནས་ཞལ་དུ་བཅུག་སྟེ་ཐུགས་སུ་བཞུས་ནས་རྡོ་རྗེའི་ལམ་ནས་ཕྱུང་ཞིང་ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་ཟླ་བ་ཞུ་བར་གྱུར་པ་ལས་བྱུང་བའི་ཡ་ལས་གཞལ་ཡས་ཁང་སྤྲུལ་བར་མཛད་དེ་འདི་ལྟར་འཆད་པར་འགྱུར་བའི་གནས་དེར་ཉི་མ་དང་ཟླ་བ་ལ་ས་བོན་བཅུ་བདུན་དགོད་བར་བྱ་བ་ཡིན་ནོ། །འདིར་ནི་བཅོམ་ལྡན་འདས་སྙོམས་པར་ཞུགས་པ་ནི་མ་ཡིན་ནོ་ཞེས་ལ་ལ་འདོད་དོ། །དེའི་ལུགས་ལྟར་ན། །བྷ་གར་ལིངྒ་རྣམ་བསྒོམ་ཉིད། །དཀྱིལ་འཁོར་བདག་པོར་རྣམ་པར་བསྒོམ། །ཞེས་རིམ་པར་ཕྱེ་བ་བཅུ་པ་ལས་བསྟན་པ་དང་འགལ་བར་འགྱུར་རོ། །གཞན་ཡང་ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་དཀྱིལ་འཁོར་བསྐྱེད་ནས་འབྱིན་པར་བྱེད་པ་ཡང་སྙོམས་པར་འཇུག་པ་མེད་ན་ཇི་ལྟར་དེར་འགྱུར། །འོན་ཏེ་དེ་མེད་དུ་ཟད་མོད་ཅེ་ན། དེ་ལྟར་ན་ནི་འབྱིན་པའི་སྔགས་དགོས་པ་མེད་པར་འགྱུར་རོ། །འོན་ཏེ་སྔགས་ཉིད་ཀྱིས་རང་གི་སྙིང་ག་ནས་སྤྲོ་བར་བྱའོ་ཞེ་ན་དེ་ལྟར་


DTG046_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་ས་བོན་དགོད་པའི་དོན་ཅི་ཡིན། ས་བོན་ལས་བསྐྱེད་ནས་གནས་ཇི་ལྟ་བར་འབྱིན་པར་བྱེད་ཅིང་དགོད་པར་བྱ་བར་ནི་གྲགས་སོ། །གང་གི་ཚེ་དམ་ཚིག་གི་དཀྱིལ་འཁོར་དུ་ས་བོན་ལས་རྫོགས་པར་གྱུར་ན། དེའི་ཚེ་དེ་ལྟར་ཕྱུང་ནས་གང་དུ་ཁྱེར་བར་བྱེད་དེ་དེའི་ཕྱིར་ངེས་པ་ཁོ་ནར་གསང་བའི་དཀྱིལ་འཁོར་དུ་ས་བོན་དང་ཕྱག་མཚན་གྱི་རིམ་གྱིས་ལྷའི་འཁོར་ལོ་མ་ལུས་པ་སྤྲུལ་ལ་ཕྱུང་ནས་དམ་ཚིག་གི་དཀྱིལ་འཁོར་དུ་རྣ་པར་གཞག་པར་བྱའོ་ཞེས་བྱ་བས་ཆོག་གི་མང་དུ་སྨྲ་ཅི་དགོས། ར་སོགས་ཡི་གེ་དང་པོ་ནི་ཡའོ། །དེ་ནི་གཤིན་རྗེ་གཤེད་དུ་འགྱུར་བ་སྟེ་འབྱུང་བའོ། །དེ་ཡོངས་སུ་གྱུར་པ་ལས་ཞེས་བྱ་བའི་དོན་ཏོ། །ཡི་གེ་ཀྵེ་ནི་གཏི་མུག་བརྗོད། །ཅེས་བྱ་བ་ལ་ཡི་གེ་ཀྵེ་གྱུར་པ་ལས་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་དུ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཞན་དག་བསྐྱེད་པ་ཡང་རང་རང་གི་ས་བོན་དུ་གྱུར་པ་ལས་རབ་ཏུ་བསྒྲུབ་པར་བྱའོ། །ཉིད་དང་མཚུངས་པའི་ཆུ་སྐྱེས་སུ་གཞལ་ཡས་ཁང་བསྐྱེད་པ་ནི་རིགས་སོ། །སྣ་ཚོགས་རྡོ་རྗེ་འཇིགས་རུང་བ། ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ནི་ནམ་མཁའོ། །དེ་ཉིད་བརྟགས་པ་མ་ལུས་པ་ཟད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང་མི་ཕྱེད་པའི་ཕྱིར་རྡོ་རྗེའོ། །ཆོས་ཀྱི་བརྡས་ནི་ཉིད་དང་མཚུངས་པའི་ཆོས་འབྱུང་བའི་ཕྱག་རྒྱ་ཡང་ཡིན་ནོ། །དེའི་དཀྱིལ་དུ་སྟེ་ཉིད་དང་མཚུངས་པའི་ཆུ་སྐྱེས་ཀྱི་ལྟེ་བའི་ངོ་བོ་སྣ་ཚོགས་པདྨ་དང༌། སྣ་ཚོགས་རྡོ་རྗེའི་སྟེང་དུ་ཟླ་བ་ལ་གནས་པའི་གཞལ་ཡས་ཁང་གི་གཟུགས་དེར་བསམ་པ་སྟེ། སྣ་ཚོགས་རྡོ་རྗེ་ནི་སྣ་ཚོགས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདིའི་ཁ་དོག་གི་ཁྱད་པར་ནི་བཅུ་བཞི་པ་ལས་བསྟན་པར་བྱའོ། །དེའི་དཀྱིལ་དུ་གཤིན་རྗེ་གཤེད་བསྒོམ་པར་བྱའོ། །ཤར་དུ་ཞེས་བྱ་བ་ནི་རྩིབས་ཀྱི་རྩ་བར་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཡང་དེ་བཞིན་ནོ། །མཚམས་ཀྱི་རྡོ་རྗེ་རྩེ་བཞི་ལ། ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་མཚམས་བཞིར་ཞེས་བྱ་བའི་དོན་ཏོ། །སྒོ་ཡི་རྡོ་རྗེ་རྩེ་བཞི་ལ། །ཞེས་བྱ་བ་ནི་སྒོར་བྱུང་བའི་སྣ་ཚོགས་རྡོ་རྗེའི་རྩེ་མོ་ལའོ། །སྣ་ཚོགས་རྡོ་རྗེའི་མཚམས་བཞི་རུ། །ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེའི་མཚམས་བཞིའི་དཀྱིལ་འཁོར་ལ་ཞེས་བྱ་བ་ནི་ལྷག་མའོ། །ད་ནི་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པས་འབྱིན་པའི་སྔགས་


DTG046_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི། ཨོཾ་ཧྲཱིཿ་ཥྚྲྀཿ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་རིགས་པའོ། །གཤིན་རྗེ་གཤེད་ཉིད་དུ་རིགས་གཅིག་པའི་ཕྱིར་ཐམས་ཅད་གཤིན་རྗེ་གཤེད་ཀྱི་གཟུགས་སུ་གདོན་པར་བྱའོ། །སྤྲོ་བ་ཡང་བཅུ་པ་ལས། བ་སྤུའི་ཁུང་ནས་སྤྲོ་བར་བྱ། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྔགས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་དན་གསུང་དང་ཐུགས་ནི་ཨོཾ་ཨཱཿ་ཧཱུཾ་ལས་སྐྱེས་པའི་འཁོར་ལོ་དང་པདྨ་དང་རྡོ་རྗེའི་དཀྱིལ་ན་བཞུགས་པའི་ལྷའི་གཟུགས་ཏེ། སྔགས་འདི་རྣམས་ཀྱིས་བྱིན་གྱིས་བརླབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བསྐྱེད་ཟིན་པའི་མདོག་དང་ཞལ་དང་ཕྱག་མཚན་བསྟན་ཏོ། །ཞི་བ་ལ་ཞེས་བྱ་བ་ནི་ཞི་བ་ལ་སོགས་བའི་ལས་བཞི་བྱེད་པའི་ཕྱིར་རོ། །གསལ་བའི་གཟུགས་ནི་ཟླ་བའི་གཟུགས་སོ། །གང་གི་གཟུགས་དེ་དང་འདྲ་བར་འོད་གསལ་བའི་རྒྱུ་ཞེས་བྱ་བའོ། །རྒྱས་པ་ཞེས་བྱ་བ་ནི་རྒྱས་པའི་ལས་ལའོ། །གསེར་གྱི་རྣམ་པའི་ཞེས་བྱ་བ་ནི་སེར་པོའོ། །དབང་བྱེད་པ་ཞེས་བྱ་བ་ནི་དབང་དུ་བྱ་བའི་ལས་ལའོ། །པདྨ་རཱ་ག་ནི་རིན་པོ་ཆེའི་ཁྱད་པར་རོ། །རིན་ཆེན་མརྒད་འོད་དང་ལྡན། །ཞེས་བྱ་བ་ནི་ལྗང་གུ་སྟེ། རིན་པོ་ཆེ་མརྒད་དང་འདྲ་བའི་འོད་ཅན་ནོ། །ཤུགས་ཅན་ཞེས་བྱ་བ་ནི་རལ་གྲིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་ནི་གཤིན་རྗེ་གཤེད་ནག་པོའོ། །དེ་རྒྱས་པར་སྟོན་པར་བྱེད་པ་དེ་ལ་ཡང་དེ་སྐད་ཅེས་བསྟན་ཏོ། །མངོན་པར་ནི་དངོས་པོ་ཀུན་གྱིས་སོ། །རྟོགས་པ་ནི་མངོན་སུམ་དུ་ངོ་བོ་ཉིད་གང་གིས་ཐོབ་པ་སྟེ་དེ་ནི་མངོན་པར་རྟོགས་པའོ། །མི་ཤེས་པ་ཐམས་ཅད་མི་སྣང་བར་བྱེད་པས་གོས་དང་འདྲ་བའི་ཕྱིར་རིམ་པའོ། །དེ་ལེན་ཅིང་འཛིན་པར་བྱེད་པས་དེ་ཉིད་ནི་རིམ་པར་ཕྱེ་བ་ཡང་ཡིན་པས་མངོན་པར་རྟོགས་པའི་རིམ་པས་ཕྱེ་བ་སྟེ་གཉིས་པ་ལ་ལྟོས་ནས་དང་པོའོ། །རྫོགས་སོ་ཞེས་བྱ་བ་ནི་ལྷག་མ་མེད་པའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་དང་པོའི་བཤད་པའོ།། །།


previousརིམ་པ་ཕྱེ་བ་དང་པོ། མངོན་པར་རྟོགས་པའི་བཤད་པ།next