Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
རིམ་པ་ཕྱེ་བ་བཅུ་གཉིས་པ། ཉེར་བར་འཁོ་བའི་ལས་ཀྱི་ཁྱད་པར་ཐམས་ཅད་ཞེས་བྱ་བའི་བཤད་པ།
   
   
   
   
   
   
  expand section
  expand section
  expand section
  expand section


 
previousརིམ་པ་ཕྱེ་བ་བཅུ་གཉིས་པ། ཉེར་བར་འཁོ་བའི་ལས་ཀྱི་ཁྱད་པར་ཐམས་ཅད་ཞེས་བྱ་བའི་བཤད་པ།next

རིམ་པ་ཕྱེ་བ་བཅུ་གཉིས་པ། ཉེར་བར་འཁོ་བའི་ལས་ཀྱི་ཁྱད་པར་ཐམས་ཅད་ཞེས་བྱ་བའི་བཤད་པ།


DTG046_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་འདོད་པའི་ཡོན་ཏན་ལྔ་ཞེས་བྱ་བ་ལ་སོགས་པས་བསྒྲུབ་པའི་མཆོད་པ་གླུས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཤད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །སེམས་ཀྱི་ཕུང་པོ་ཆེན་པོའི་དོན་མཛད་པའི་བྱམས་པའི་བདག་ཉིད་ཡིན་པའི་ཕྱིར་ཆེན་པོའོ། །འདི་ནི་ཆེན་པོ་ཡང་ཡིན་ཞིང་སྐྱེས་བུ་ཡང་ཡིན་པས་སྐྱེས་བུ་ཆེན་པོ་སྟེ། གང་ཕྱིར་ཕོ་བྲང་འགེངས་བྱེད་པ། །དེའི་ཕྱིར་སྐྱེས་བུ་ཞེས་བརྗོད་དོ། །ཞེས་བྱ་བའི་ཚིག་གིས་སྐྱེས་བུ་སྟེ་སངས་རྒྱས་ཀྱི་ཞིང་གི་ངོ་བོ་མ་ལུས་པའི་རྟེན་གྱི་དཀྱིལ་འཁོར་གྱི་ཕོ་བྲང་བརྟེན་པའི་དཀྱིལ་འཁོར་གྱིས་འགེངས་པའི་ཕྱིར་རོ། །སྙིང་རྗེའི་དབང་གིས་འདའ་བར་མི་བྱ་བའི་ཕྱིར་དམ་ཚིག་གོ །རྩ་རྩི་ཀའི་རྣམ་པའི་ཏིང་ངེ་འཛིན་ལ་ཞེས་བྱ་བ་ལ་དེའི་རྣམ་པར་སེམས་རྩེ་གཅིག་པར་བྱས་ཞེས་བྱ་བའི་དོན་ཏོ། །ཕག་མོའི་རྣམ་པ་ལྟ་བུ་ཡི། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདི་དག་ཅེས་བྱ་བ་ནི་འཆད་པར་འགྱུར་བའོ། །མཆོད་པའི་གླུ་ཞེས་བྱ་བ་ནི་བླ་ན་མེད་པའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ངོ་བོ་ཉིད་དོ། །བརྗོད་པར་མཛད་དོ་ཞེས་བྱ་བ་ནི་གསུང་བ་དང་ལྡན་པའོ། །ཨ་ཀྱེ་ཀྱེ་ཞེས་པ་ནི་ཡུལ་ར་དའི་འབོད་སྐད་དོ། །ཡང་བླ་ན་མེད་པའི་སྐུ་གསུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཨ་ཀྱེ་ཀྱ་ཞེས་བོད་པའོ། །གཤིན་རྗེ་གཤེད་ནག་པོ་ཞེས་བྱ་བ་ནི་དེ་ཉིད་བོད་པ་སྟེ། འདིའི་དོན་ནི་བཤད་ཟིན་ཏོ། །བླ་མ་


DTG046_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་བླ་མའོ། །སྲིན་པོའི་གཟུགས་ཅན་རང་བཞིན་ཁྱོད། །ཅེས་བྱ་བ་ནི་སྲིན་པོའི་གཟུགས་ཀྱི་རང་བཞིན་ཏེ། གདུག་པ་ཅན་རྣམས་འཇིགས་པར་བྱེད་པས་སྲིན་པོའི་གཟུགས་སོ། །ཉོན་མོངས་པའི་རྣམ་པར་རྟོག་པ་མ་ལུས་པར་ཟད་པར་བྱེད་པའི་ཕྱིར་རང་བཞིན་ཁྱོད་ཅེས་བྱ་བ་ནི་སྲིན་པོའི་གཟུགས་ཀྱི་རང་བཞིན་ནོ། །བདག་གིས་ཞེས་བྱ་བ་ནི་བྱམས་པ་བདག་གིས་སོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་ཉིད་དོ། །མཐོང་ན་ཞེས་བྱ་བ་ནི་བལྟས་ན་ཞེས་བྱ་བ་སྟེ་མཐོང་བར་གྱུར་ན་ཞེས་བྱ་བའི་བར་དུའོ། །ཤིན་ཏུ་འཇིགས་ཞེས་བྱ་བ་ནི་སྐྲག་པར་གྱུར་པ་སྟེ་ཞི་བ་ཉིད་ཡིན་ན་ཡང་འདི་ལྟ་བུའི་རྣམ་པར་གནས་པར་གྱུར་པའི་ཕྱིར་རོ། །འདི་ཐོང་མཛོད་ཅེས་བྱ་བ་ནི་ཡོངས་སུ་ཐོང་མཛོད་ཅེས་བྱ་བའོ། །ཁྲོས་པའི་རང་བཞིན་ཞེས་བྱ་བ་ནི་ཁྲོ་བོའི་ངོ་བོ་སྟེ། ཞི་བ་དང་བར་མར་གནས་པའི་གདུལ་བྱ་རྣམས་ལ་ཡང་སོ་སོར་དེའི་ངོ་བོར་མཛད་དོ་ཞེས་བྱ་བའི་དོན་ཏོ། །སྙིང་རྗེའི་གླུ་གསུངས་པ། ཁྱེད་ཀྱི་ཞེས་བྱ་བ་ནི་ཁྱོད་ཉིད་ཀྱིའོ། །གར་གྱིས་ཞེས་བྱ་བ་ནི་བླ་ན་མེད་པའི་སངས་རྒྱས་ཀྱི་གར་བྱས་པ་ནའོ། །གཡོས་པར་ཞེས་བྱ་བ་ནི་འདར་བར་རོ། །མཐོ་རིས་ས་སྟེངས་ས་འོག་བཅས། །ཞེས་བྱ་བ་ནི་ས་བླ་ས་སྟེངས་ས་འོག་རྣམས་སོ། །དོན་ནི་འདི་ཡིན་ཏེ། ཁྱོད་ཀྱིས་གར་མཛད་པས་སྲིད་པ་གསུམ་གཡོས་པར་འགྱུར་གྱིས་ངོ་བོ་དེ་ཐོང་མཛོད་ལ་སངས་རྒྱས་ཀྱི་གཟུགས་སུ་མཛོད་ཅིག་ཅེས་བྱ་བའོ། །ནག་པོ་ནི་རྣམ་པར་འགྱུར་བའོ། །ཨཉྫ་ན་བཅག་པ་འདྲ་ཞེས་བྱ་བ་ལ་བཅག་པ་ནི་མིག་སྨན་གྱི་འདེ་གུ་སྟེ་ཨཉྫ་ན་བཅག་པ་དང་འདྲ་བར་མཐོང་བའོ། །ཁྲོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་ཁྲོས་པའི་ཡིད་ཅན་ནོ། །གར་མཛོད་ཅེས་བྱ་བ་ནི་བླ་ན་མེད་པའི་གར་མཛོད་ཅིག་ཅེས་བྱའོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་ཀྱིས་སོ། །རོ་ལངས་ནི་རོ་ལངས་ཉིད་དེ་ཁྲོ་བོ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དགའ་བའི་གླུ་གསུངས་པ། མདོག་ནག་ཚད་ནི་ཐུང་བ་ལ། །ཞེས་བྱ་བ་ནི་མདོག་ནག་པོ་ཚད་ཐུང་བའོ། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ཞིང༌། །ཞེས་བྱ་བ་ནི་སེམས་ཅན་གྱི་དོན་མཐོང་བས་དགའ་བར་གྱུར་ནས་གཟུགས་རྣམ་པ་སྣ་ཚོགས་པ་སྤྲུལ་པར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་དབྱངས་ཅན་མ་ཞེས་བྱ་


DTG046_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་བདག་རྡོ་རྗེ་དབྱངས་ཅན་མ་གསོལ་བ་འདེབས་པའོ། །བདེ་ཆེན་ངོ་བོ་ཁྱོད་གར་མཛོད། །ཅེས་བྱ་བ་ལ་ཁྱོད་གར་མཛོད་ཅེས་བྱ་བ་ནི་བསྟན་ཟིན་ཏོ། །བདེ་ཆེན་ཞེས་བྱ་བ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ངོ་བོ་བདེ་བ་ཆེན་པོའོ། །བཏང་སྙོམས་ཀྱི་གླུ་གསུངས་པ། ཧྲཱིཿ་ཥྚྲྀཿའི་སྔགས་དང་ཞེས་བྱ་བ་ནི་ཧྲཱིཿ་ཥྚྲྀཿ་ལ་སོགས་པའི་སྔགས་ཀྱི་ང་རོའི་སྒྲས་སོ། །སྲིད་པ་གསུམ་གྱི་འཁྲུལ་པ་ཆོད། །ཅེས་བྱ་བ་ལ། སྲིད་པ་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པའི་གཟུང་བ་དང་འཛིན་པའི་ངོ་བོའི་འཁྲུལ་པའོ། །དེ་སྤང་བར་བྱེད་པ་འདི་ཉིད་ནི་བཏང་སྙོམས་ཆེན་པོའོ་ཞེས་བྱ་བའི་དོན་ཏོ། །འདིས་གསང་སྔགས་ཀྱི་ཆེ་བ་ཡང་བསྟན་པར་འགྱུར་རོ། །སྙིང་རྗེས་ཁྲོས་པའི་དད་སྒྲོལ་བ། །ཞེས་བྱ་བ་ལ་སྙིང་རྗེས་ཞེས་པ་ནི། །སྙིང་རྗེའི་དབང་གིས་ཁྲོ་བོར་སྦྲུལ། །ཞེས་བྱ་བའི་དོན་ཏོ། །དད་པར་གྱུར་པ་དེ་སྒྲོལ་བར་བྱེད་པས་དང་སྒྲོལ་ལོ། །འགྲོ་བས་མཐོང་ན་ཞེས་བྱ་བ་ནི་འགྲོ་བས་གཟུགས་མཐོང་ན་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་རབ་ཏུ་བྱེད་པ་ནི་བཟླས་པ་གསུངས་ཏེ། རབ་བཟླས་ན་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་བཟླས་པ་ནི་རབ་བཟླས་ན་སྟེ། ནང་གི་མ་ནིང་གི་བཟླས་པའི་ངོ་བོའོ། །ཡངས་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཅན་ནོ། །མྱུར་བར་མ་ཡིན་ཞེས་བྱ་བ་ནི་སྐྱེན་པར་མ་ཡིན་པའོ། །དལ་བར་མ་ཡིན་པ་ནི་ཡི་གེ་རེ་རེ་ནས་དལ་བུས་བརྗོད་པ་མ་ཡིན་པའོ། །རིང་དུ་མ་ཡིན་ཞེས་བྱ་བ་ནི་ཐུང་བ་རྣམས་སོ། །ཐུང་བར་མིན་ཞེས་བྱ་བ་ནི་རིང་པོ་རྣམས་ཞེས་བྱ་བའི་ལྷག་མའོ། །ཅུང་ཟད་མི་ཐོས་པར་ཞེས་བྱ་བ་ནི་ཇི་ལྟར་གཞན་གྱིས་མི་ཐོས་པར་རོ། །ཕྲེང་བ་འདུས་བྱ་བ་གསུངས་པ་མ་ཧེ་མི་དང་ཞེས་བྱ་བ་ལ་སོགས་པ་ལ་སོ་གཉིས་ནི་གླང་པོ་ཆེའོ། །རྟ་ནི་རྟའོ། །བོང་བུ་ནི་ལུང་བོང་ངོ༌། །རི་ལུ་དག་ནི་སོ་སོ་ལ། །ཞེས་བྱ་བ་ནི་རིལ་བུ་སོ་སོ་ལའོ། །ཕྱོགས་གཞན་གསུངས་པ། མཁས་པས་ཡང་ན་མི་མགོ་བསྒོམ། །ཞེས་བྱའོ། །བཟླས་པའི་གྲངས་ཀྱི་སྦྱོར་བ་གསུངས་པ། ཁྲི་ཙམ་གྱིས་ཞེས་བྱའོ། །འབྱུང་པོ་རྣམས་དང་མཁའ་འགྲོ་མའི། །ཞེས་བྱ་བ་ནི་གཉིས་པའི་དོན་གྱི་དྲུག་པའོ། །འཆི་


DTG046_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཚར་གཅོད་པའོ། །དེ་ལ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་འབྱུང་པོ་ལ་སོགས་པས་གཟུང་བར་ཤེས་པར་བྱས་ནས་དེ་ལ་དེ་བཀུག་ནས་བསྒྲུབ་བྱའི་ལུས་ལ་གཞུག་ཅིང་བཅིངས་ལ་སྣ་ཚོགས་རྡོ་རྗེས་མནན་ནས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་གཉིས་ཀྱིས་གློ་གཉིས་ནས་བཅིངས་ལ་འོག་ཏུ་འབར་ཞིང་གཡོ་བ་མེའི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་བྱའི་སྙིང་ག་དང་མགྲིན་པར་བལྟས་ལ། ཧཱུཾ་འབར་བ་ལས་བྱུང་བའི་རྡོ་རྗེ་དང་འདྲ་བའི་ཡུངས་ཀར་གྱི་རྒྱལ་པོ་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ནས་ལུས་ངེས་པར་འབིགས་པར་བྱེད་པར་བལྟས་ལ། ང་རྒྱལ་དང་བཅས་པས་སྔགས་བཟླས་ནས་བརྡེགས་ན་ངེས་པར་གྲོལ་བར་འགྱུར་རོ། །ཡང་ན་ལག་པ་གཉིས་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་འབར་བ་བསྒོམས་ལ་དེས་བཟུང་བའི་ལུས་ལ་འབྱུང་པོ་ལ་སོགས་པ་བཀུག་ལ། རྡོ་རྗེ་གཉིས་ཀྱི་དབུས་སུ་ཆུད་པར་བྱས་ལ་དེའི་འོད་ཀྱིས་བསྲེགས་ཤིང་རང་གི་ལག་པའི་རྡོ་རྗེ་ཁ་སྦྱོར་གྱིས་བཙིར་ཞིང་མཉེས་ལ་སྔགས་བཟླས་ན་གྲོལ་བར་འགྱུར་རོ། །རྐང་པས་ཀྱང་མཉེ་བར་བྱའོ། །རྩལ་སྤྲོད་པ་ལྟར་སྙིང་གནས་ཀྱང་མཉེ་ཞིང་མནན་པར་བྱའོ། །ཡང་ན་དེས་ཟིན་པར་འདོད་ན་དེའི་རྣལ་འབྱོར་བྱས་ལ། མར་ངོའི་བརྒྱད་དམ་བཅུ་བཞི་ལ་དུར་ཁྲོད་ཀྱི་སོལ་བ་ཆུ་དང་བཅས་པས་སྤངས་པའི་གོས་གཡོན་ལ་མདུང་ལ་བསྐྱོན་པའམ། མཚོན་གྱིས་བརྒྱབ་པའམ། དཔྱངས་པའི་མིའི་ཐོད་པ་ལ་དུར་ཁྲོད་ཀྱི་སོལ་བས་ཧཱུཾ་ལས་བྱུང་བའི་མཆེ་བ་རྣོན་པོ་གཙིགས་པ་ཐོད་པའི་ཕྲེང་བའི་རྒྱན་ཅན་ཁྲོ་བ་དང་བཅས་པ། སྐྲ་གྱེན་དུ་འབར་བ་ལག་པ་གཡས་པ་བསྒྲེང་བ་ནི་གྲི་གུག་རིང་པོ་ཐོགས་པ། ལག་པ་གཡོན་ན་མིའི་མགོ་དང་སྡིགས་མཛུབ་མཛད་པའི་སྲིན་པོ་བྲིས་ལ་མི་བསྲེགས་པའི་སོལ་བ་དང་ས་དང་ཐལ་བ་དང༌། བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་རྣམས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་སྔ་མ་བཞིན་དུ་སྔགས་ཏཱ་ལའི་ལོ་མ་ལ་བྲིས་པ་བཅུག་ལ། དུག་དང་ལན་ཚྭ་དང་སྐེ་ཚེ་ལ་སོགས་པས་བྱུགས་པའི་གཟུགས་བརྙན་ཐོད་པ་གཉིས་པར་བཅུག་ནས། གཉི་ག་ཡང་དགུག་པ་ལ་སོགས་པ་བྱས་ནས་བྲིས་པའི་ཐོད་པ་དེའི་སྟེང་དུ་ཁ་ཐུར་


DTG046_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟན་ནས་བཀབ་ལ་དེས་དེ་བཟུང་བར་བསམས་ན་རྐང་པས་མནན་ཅིང་དུར་ཁྲོད་དུ་ནམ་ཕྱེད་ན་ཁྲོ་བ་དང་བཅས་པས་ཆེ་གེ་མོ་ཟུང་ཤིག་ཅེས་བྱ་བའི་བསྐུལ་ཚིག་དང་བཅས་པས་བཟླས་ན་ངེས་པར་དེས་འཛིན་པར་འགྱུར་རོ། །སྦྱོར་བ་འདི་ཉིད་ཀྱིས་རིམས་ལ་སོགས་པས་ཀྱང་འདེབས་པར་བྱེད་དོ། །དེ་ལ་ཚ་བའི་རིམས་ལ་ནི་དམར་པོ་སྐྲ་དམར་པོ་འབར་བ་གྱེན་དུ་འགྲེང་བའོ། །གྲང་བའི་རིམས་ལ་ནི་དཀར་བ་དང་གསུས་པ་འཕྱང་བ་སྟེ། གཉི་ག་ཡང་རྐང་པ་གསུམ་པ་མགོ་གསུམ་པ། ལག་པ་གསུམ་པ་ཁྲོ་བ་དང་བཅས་པའོ། །འདི་ཉིད་གསུངས་པ། གཤིན་རྗེ་གཤེད་རྡོ་རྗེ་སྦྱོར་བའི། །ཞེས་བྱ་བ་ཡིན་ནོ། །སྔོན་དུ་བསྙེན་པའི་ཆོ་ག་གསུངས་པ། རྣལ་འབྱོར་བདག་ཉིད་འབུམ་བཟླས་ཞེས་བྱ་བ་ལ་སོགས་པ་ལ་སྨོས་ཅི་དགོས་ཞེས་བྱ་བ་ནི་འགྲུབ་པ་ཉིད་དུ་ཇི་ལྟར་མི་འགྱུར་ཏེ། འདི་ནི་ངེས་ཞེས་བྱ་བའི་དོན་ཏོ། །སྒྲུབ་པ་པོའི་གཏོར་མའི་ཆོ་ག་གསུངས་པ་ལ། ཉིན་རེ་འམ་ཞེས་བྱ་བ་ནི་རྟག་ཏུའོ། །ཟླ་རེ་འམ་ཞེས་བྱ་བ་ནི་ཟླ་བ་རེ་རེ་ལ་ཉིན་རེའོ། །ལོ་ནི་རེ་རེ་ཞེས་བྱ་བ་ནི་ལོ་རེ་རེ་ལ་ཉིན་རེའོ། །གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན། །ཞེས་བྱ་བར་སྦྱར་རོ། །དུས་ནམ་ཞེ་ན་དུས་བསྟན་པའི་ཕྱིར་གསུངས་པ། དབྱུ་གུ་ཞེས་བྱ་བ་ལ་ཐུན་གཅིག་གི་བརྒྱད་ཆ་ནི་དབྱུ་གུའོ། །དེའི་གྲངས་གང་ཞེ་ན་གསུངས་པ། དྲུག་ཅུ་རྩ་བཞི་ཞེས་བྱ་བར་སྦྱར་རོ། །དོན་ནི་འདི་ཡིན་ཏེ། ཐུན་བརྒྱད་ཀྱིས་མཚོན་པའི་ཉིན་ཞག་གཅིག་ལ་དབྱུ་གུ་དྲུག་ཅུ་རྩ་བཞིའོ་ཞེས་བྱ་བ་ནི། དབྱུ་གུའི་སྦྱོར་བ་ལ་བཟོ་བའོ། །དེ་ལ་ཡར་ངོའི་ཚེས་གཅིག་ནས་བརྩམས་ནས་སྣ་གཡོན་པའི་བུག་པ་ནས་ཟླ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། དེ་ཡང་ཐུན་ཕྱེད་ཁྱབ་པར་གནས་སོ། །དེའི་རྗེས་ལ་ནི་འཕོ་བ་སྟེ། ཐུན་ཕྱེད་པ་བརྒྱད་ཀྱི་པར་དུ་བྱུང་ནས་ནུབ་པར་འགྱུར་རོ། །དེ་བཞིན་དུ་ནུབ་མོ་ཡང་སྟེ། འདི་དག་ནི་འཕོ་བ་བཅུ་དྲུག་གོ །དེ་ལ་འཕོ་བ་དེ་རེ་རེ་ལ་ཡང་མེ་དང་རླུང་དང་ཆུ་དང་དབང་ཆེན་གྱི་དབྱེ་བས་སྐད་ཅིག་བཞི་ལ་ནི་དབྱུ་གུ་ཞེས་བྱ་བ་སྟེ། དེ་ལ་གང་གི་ཚེ་སྟེང་དུ་འབྱུང་བ་དེ་ནི་མེ་ཡིན། །ལོགས་གཉིས་སུ་འབྱུང་བ་ནི་རླུང་ཡིན། ཐུར་ལ་འབྱུང་བ་ནི་ཆུ་ཡིན། དབུས་ནས་འབྱུང་བ་ནི་དབང་ཆེན་ཡིན་ནོ། །དེ་ལ། གང་ཚེ་


DTG046_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ནས་གང་ཚེ་སྟེང༌། །གང་ཚེ་ཡང་ནི་གློ་གཉིས་ནས། །གང་ཚེ་འོག་ཅར་ཁྱབ་པ་ནི། །སྐད་ཅིག་སྐད་ཅིག་རླུང་འབྱུང་བ། །འཕོ་བ་བཞི་ནི་ཤེས་བྱས་ལ། །དབྱུ་གུ་བཞི་རུ་བལྟ་བར་བྱ། །ཇི་ལྟར་དབྱུ་གུ་དབྱུ་གུ་བཞིན། །རབ་སྦྱོར་བདག་ཉིད་གཏོར་མ་སྦྱིན། །དེ་བཞིན་དུ་མར་ངོ་ལ་ནི་ཉི་མ་ཞེས་བྱ་བའི་མིང་ཅན་སྣ་ཁུང་གཡས་པ་ནས་འབྱུང་བར་རིག་པར་བྱའོ། །དེ་ལྟར་ཆེས་གཉིས་དང་གསུམ་གྱི་བར་དུའོ། །དེ་ནས་བཞི་པ་ཡང་ཉི་མ་ནས་ཟླ་བར་རོ། །དེ་ལྟར་ལྔ་པ་དང་དྲུག་པའི་བར་དུའོ། །དེ་ནས་ཡང་ལྡོག་སྟེ་ཚེས་བདུན་དང་བརྒྱད་དང་དགུའི་བར་དུའོ། །དེ་ནས་བཅུ་དང་བཅུ་གཅིག་དང་བཅུ་གཉིས་ཀྱི་བར་དུའོ། །དེ་ནས་བཅུ་གསུམ་དང་བཅུ་བཞི་དང་བཅོ་ལྔ་པའི་བར་དུ་སྟེ་ཟླ་བ་ཕྱེད་གང་ལ་དང་པོ་གང་ནས་བྱུང་བ་དེར་ཐ་མར་ནུབ་པར་འགྱུར་རོ། །ཉིན་མོའི་ཇི་ལྟ་བ་དེ་བཞིན་དུ་ནུབ་མོ་ཡང་ངོ༌། །འདིར་དགེ་བ་དང་མི་དགེ་བའི་ལས་དང༌། འགྲོ་བ་དང་འོང་བ་ལ་སོགས་པའི་ལས་བྱའོ། །དེ་ལ། ས་དང་ཆུ་ལ་དགེ་བའི་ལས། །མེ་དང་རླུང་ལས་ནག་པོའོ། །ཟླ་བ་ཡང་དག་ཤེས་པར་བྱ། །འོད་རྣོ་བ་ལ་འབྲིང་པོ་ཡིན། །མི་དགེ་གལ་ཏེ་ཉི་མར་བྱས། །དེ་ནི་ངེས་པར་འཆི་བ་སྟེར། །དེ་ཉིད་ཟླ་བར་བྱུང་གྱུར་ན། །ཤིན་ཏུ་སྡུག་བསྔལ་སྟེར་བ་མིན། །ཞེས་བྱ་བ་ཡིན་ནོ། །རྟག་ཏུ་ཅུང་ཟད་ཅི་ཟ་དང༌། །ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པའི་བྱ་བ་གཉིས་གསུངས་པ་སྟེ། ཕུད་ཅེས་བྱ་བ་ནི་དང་པོའོ། །འདིས་ནི་ཕྱིའི་གཤིན་རྗེ་གཤེད་ཚིམ་པར་བྱ་བ་གསུངས་པའོ། །ཡང་ན་རྣལ་འབྱོར་བའི་མཆོག་གི་ཏིང་ངེ་འཛིན་གྱི་ཁྱད་པར་གཞན་གསུངས་པ་སྟེ། ཕུད་ཅེས་བྱ་བ་ནི་གོང་ན་མེད་པ་སྟེ་དེར་ཇི་ལྟར་འགྱུར་བ་དེ་ལྟ་བུར་གཤིན་རྗེ་གཤེད་རང་གིས་རིག་པའི་བདག་ཉིད་ཅན་ལ་ཞེས་བྱ་བའི་དོན་ཏོ། །ད་ནི་བླ་མ་མཉེས་པར་གྱུར་ན་དངོས་གྲུབ་འབྱུང་ཞེས་བྱ་བར་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཉེ་བར་མཁོ་བའི་ཁྱད་པར་ཐམས་ཅད་ནི་ཕྲེང་བ་ལ་སོགས་པ་འདུས་བྱ་བ་ཁྱད་པར་རོ། །གང་དུ་དེ་ལྟ་བུ་བསྟན་པ་དེ་ཡང་ཉེ་བར་མཁོ་བའི་ཁྱད་པར་ཐམས་ཅད་པ་ཞེས་བྱ་བའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་གཉིས་པའི་བཤད་པའོ།། །།


previousརིམ་པ་ཕྱེ་བ་བཅུ་གཉིས་པ། ཉེར་བར་འཁོ་བའི་ལས་ཀྱི་ཁྱད་པར་ཐམས་ཅད་ཞེས་བྱ་བའི་བཤད་པ།next