Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
རིམ་པ་ཕྱེ་བ་བཅུ་གསུམ་པ། དངོས་གྲུབ་ངེས་པར་བསྟན་པའི་བཤད་པ།
   
   
   
   
   
  expand section
  expand section
  expand section
  expand section


 
previousརིམ་པ་ཕྱེ་བ་བཅུ་གསུམ་པ། དངོས་གྲུབ་ངེས་པར་བསྟན་པའི་བཤད་པ།next

རིམ་པ་ཕྱེ་བ་བཅུ་གསུམ་པ། དངོས་གྲུབ་ངེས་པར་བསྟན་པའི་བཤད་པ།


DTG046_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་མཚོན་ཆའི་རྣམ་པར་དག་པ་སྔོན་དུ་འགྲོ་བའི་ངེས་པའི་ཆུ་ལ་གསུངས་པ་ལ། ཇི་སྙེད་པ་ཞེས་བྱ་བ་ནི་ཚད་ཇི་ཙམ་ཡོད་པའོ། །གང་མི་དགེ་བའི་རྒྱུས་སྡིག་པ་བྱས་པ་ཉིད་ནི་སྡིག་པའོ། །དེ་དག་ཅེས་བྱ་བ་ནི་རྣམ་པ་ཀུན་དུ་གཅོད་ཅིང་འབིགས་པས་གྲི་གུག་གོ །ཤུབས་ཅན་ནི་རལ་གྲི་སྟེ་ཉོན་མོངས་པ་ཉིད་ཀྱི་དགྲ་ཡིན་པས་རལ་གྲིའོ། །དེས་གཅོད་ཅིང་གཤོག་པར་བྱེད་པའི་ཕྱིར་རོ། །རིང་བའི་ཐོས་པ་བསྒྲུབ་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་པའི་ཐབས་གསུངས་པ་ལ་རིང་ཐོས་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་སོ། །ཀུན་དུ་ཞེས་བྱ་བ་མ་ལུས་པའི་རྣམ་པ་ཐོས་པ་ནི་རིང་བའི་ཐོས་པའོ། །དེ་བསྒྲུབ་པ་ནི་རྫོགས་པར་བྱ་བའོ། །དེའི་དོན་དུ་རྡོ་རྗེ་མཁའ་འགྲོ་མ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ནམ་མཁའ་ཞེས་བྱ་བ་ནི་ནམ་མཁའོ། །དེ་ཉིད་ནི་ཁམས་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །དེའི་དབུས་སུ་གཞལ་ཡས་ཁང་སྟེ་དེར་གཏོགས་པ་ནི་དེའི་ཁོངས་སུ་གཏོགས་པར་རོ། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །ཞེས་བྱ་བ་ནི་བསྒོམ་པའོ། །རྩེ་ལྔ་པ་ཡང་ཞེས་བྱ་བ་ནི་གང་ལ་རྩེ་ལྔ་ཡོད་པ་བདེ་ནི་རྩེ་ལྔ་པ་སྟེ་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །གནས་ཞེས་བྱ་བ་ནི་ས་བོན་གྱི་ཡི་གེ་སྟེ། ས་བོན་ཡི་གེ་གནས་ཞེས་བརྗོད། །ཅེས་བྱ་བའི་ཚིག་གིས་སོ། །དེའི་སྟེང་དུ་ཞེས་པ་ནི་དེའི་ལྟེ་བའི་དཀྱིལ་དུའོ། །དེ་ཉིད་གསུངས་པ། ཌྷྲི་ཞེས་བྱ་བ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཞེས་བྱ་བའི་དོན་ཏོ། །ནག་པོ་འཇིགས་རུང་བ་ཞེས་བྱ་བ་ནི་འཇིགས་པར་བྱེད་པའོ། །གཡས་དང་གཡོན་པའི་ཞལ་ནི་དཀར་པོ་དང་དམར་པོའོ། །ཕྱག་ཏུ་རྡོ་རྗེ་རྣམ་བསྒོམ་བྱ། །ཞེས་བྱ་བ་ནི་ཕྱག་གི་གཙོ་བོ་ནའོ། །གཞན་ནི་ཕྱག་གཞན་དག་ལ་དགོད། །ཅེས་བྱ་བ་ནི་ཕྱག་མཚན་ལྷག་མ་རལ་གྲི་དང༌། གྲི་གུག་དང༌། འཁོར་ལོ་དང༌། པདྨ་དང༌། ཐོད་པ་རྣམས་ཕྱག་གཞན་དག་ན་སྟེ་ལྷག་མ་ལྔ་པོ་ལ་དགོད་པར་བྱ་བ་སྟེ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །སྦྱོར་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ། །རལ་གྲི་འཛིན་མ་ཞེས་བྱ་བ་ནི་གང་ལ་རལ་གྲི་ཡོད་པ་དེ་ནི་རལ་གྲི་འཛིན་མའོ། །དཀྱིལ་འཁོར་རིམ་པའོ་


DTG046_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ལྷ་མོ་ལྔ་པོ་དེ་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར་བྱའོ། །འདིས་ནི་དཀྱིལ་འཁོར་རིམ་པ་གཉིས་པར་བསྟན་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་སྔ་མའི་སྣ་ཚོགས་རྡོ་རྗེ་མེད་པ་ལ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཤར་གྱི་ཀ་བ་གཉིས་ནི་འཁོར་ལོའི་རང་བཞིན་ནོ། །ལྷོའི་གཉིས་ནི་རིན་པོ་ཆེའི་རང་བཞིན་ནོ། །ནུབ་ཀྱི་གཉིས་ནི་པདྨའི་རང་བཞིན་ནོ། །བྱང་གི་གཉིས་ནི་རལ་གྲིའི་རང་བཞིན་ནོ། །གཞན་དག་ཐམས་ཅད་ནི་སྔ་མ་བཞིན་ནོ། །མེ་ལ་སོགས་པའི་མཚམས་བཞི་རུ། །ཞེས་བྱ་བ་ནི་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུའོ། །ལཱ་སྱེ་མ་དཀར་མོ་གར་བྱེད་པའི་ཚུལ་དང༌། ཕྲེང་བ་སོར་མོ་ཕྲེང་བ་འཛིན་པའི་ཚུལ་དང༌། གར་མ་དམར་མོ་གར་བྱེད་པའི་ཚུལ་དང༌། གླུ་མ་སྔོ་བསངས་གླུ་ལེན་པའི་ཚུལ་ཅན་ཏེ་ལྷ་མོ་ཀུན་ཀྱང་ཕྱག་གཉིས་པ་ཞལ་གཅིག་པ་གཡོན་བརྐྱང་བའི་ཞབས། རིན་པོ་ཆེའི་ཕྲེང་བ་འཛིན་པ་ཅུང་ཞིག་ཁྲོས་པའི་གཟུགས་ཅན་ནོ། །སངས་རྒྱས་མཁའ་འགྲོ་མ་ནས་བརྩམས་ནས་རལ་གྲི་འཛིན་མ་ཞེས་བྱ་བའི་བར་གྱི་ཕྱག་དང་ཞལ་དང་ཕྱག་མཚན་དང་ཁ་དོག་གི་འཁོར་ལོ་ནི་སྔ་མ་བཞིན་བལྟ་བར་བྱའོ། །ཨོཾ་བཛྲ་ཌཱ་ཀི་ནཱི་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་ལ་བོད་པའོ། །ཨོཾ་ཀརྨ་ཌཱ་ཀི་ནཱི་ཞེས་བྱ་བ་ནི་ལས་ཀྱི་མཁའ་འགྲོ་མ་ལའོ། །ཨོཾ་དྷརྨ་ཌཱ་ཀི་ནཱི་ཞེས་བྱ་བ་ནི་ཆོས་ཀྱི་མཁའ་འགྲོ་མ་ལའོ། །ཨོཾ་བུདྡྷ་ཌཱ་ཀི་ནཱི་ཞེས་བྱ་བ་ནི་སངས་རྒྱས་མཁའ་འགྲོ་མ་ལ་བོད་པའོ། །ཨོཾ་རཏྣ་ཌཱ་ཀཱི་ནཱི་ཞེས་བྱ་བ་ནི་རིན་ཆེན་མཁའ་འགྲོ་མ་ལའོ། །ལཾ་ལ་སོགས་པ་ནི་ལཱ་སྱེ་ལ་སོགས་པའོ། །ཨོཾ་མུདྷ་རཱ་ཛ་ཞེས་བྱ་བ་ལ་སོགས་པ་ནི་སྒོ་སྐྱོང་བ་རྣམས་ལའོ། །དགུག་པ་ལ་སོགས་པའི་སྔགས་ནི་འཁོར་ལོ་སྔ་མ་ཡིན་ནོ། །འདི་ནི་ཞེས་བྱ་བ་ནི་བསྟན་ཟིན་པ་ཉིད་དོ། །འདི་ལྟ་བུའི་བསྒོམ་པ་ནི་སྔོན་གྱི་བསྙེན་པའི་ཆོ་གའོ། །དེར་ནི་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ་པའི་དུས་ཀྱི་བཟླས་པའི་སྔགས་བསྟན་ཏེ། ཨོཾ་ཨཱ་ཀ་ཤ་ཞེས་བྱ་བ་ལ་སོགས་པའོ། །ས་འོག་སྒྲུབ་པའི་ཕྱིར་གསུངས་པ། དེ་ནས་ཡང་དག་ཅེས་བྱ་བ་ལ་སོགས་པ་ལ། ཡང་དག་ཅེས་བྱ་བ་ནི་ཡང་དག་པར་བཤད་པར་


DTG046_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའོ། །ཡང་དག་པ་ཉིད་ནི་ཡང་ཕྱག་འཚལ་པ་ལ་སོགས་པ་ཐམས་ཅད་དང༌། སྟོང་པ་ཉིད་དང༌། སྲུང་བ་དང་གུར་གྱི་ནང་དུ་ཆུད་པའི་གཞལ་ཡས་ཁང་མངོན་པར་སྤྲུལ་ལ། དེའི་དཀྱིལ་དུ་ཉི་མ་ལ་གནས་པའི་ཧྲཱིཿ་ལས་སྐྱེས་པའི་གནོད་མཛེས་རྡོ་རྗེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕྱག་དྲུག་པ་སྔ་མ་བཞིན་དུ་མཚོན་ཆ་འཛིན་པ། རྩ་བའི་ཞལ་དང་ལུས་ཐམས་ཅད་སྔོ་བ། གཡས་དང་གཡོན་པའི་ཞལ་དཀར་བ་དང་དམར་བའོ། །ཕྱག་ཏུ་གཏུན་ཤིང་ཞེས་བྱ་བ་ནི་རྡོ་རྗེའི་གནས་སུ་སྟེ་ཕྱག་གཙོ་བོ་གཉིས་པ་ནའོ། །དཀྱིལ་དག་ཏུ་ཞེས་བྱ་བ་ནི་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའི་དཀྱིལ་འཁོར་གྱི་དབུས་སུའོ། །འདི་ནི་ཞེས་བྱ་བ་འཆད་པར་འགྱུར་བའོ། །ཤར་དུ་སྤྱན་མ་ནི་དཀར་མོ་སྟེ། ཞལ་གཡས་དང་གཡོན་སྔོ་བ་དང་དམར་པ་འཁོར་ལོ་དང་རལ་གྲི་དང་རིན་པོ་ཆེ་དང་པདྨ་འཛིན་པའོ། །ལྷོ་རུ་མཱ་མ་ཀཱི་སྔོན་མོ་ཞལ་གཡས་པ་དང་གཡོན་པ་དཀར་བ་དང་དམར་བ་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་དང་པདྨ་བསྣམས་པའོ། །ནུབ་ཏུ་གོས་དཀར་མོ་དམར་པོ་ཞལ་གཡས་དང་གཡོན་སྔོ་བ་དང་དཀར་བ། པདྨ་དང་རལ་གྲི་དང་འཁོར་ལོ་དང་ནོར་བུ་བསྣམས་པ། བྱང་དུ་སྒྲོལ་མ་སྔོ་བསངས་ཞལ་གཡས་པ་དང་གཡོན་པ་སྔོན་པོ་དང་དཀར་པོ། །རལ་གྲི་དང་འཁོར་ལོ་དང་ནོར་བུ་དང་པདྨ་བསྣམས་པའོ། །ལྷ་མོ་ཀུན་ཀྱང་གཡོན་བརྐྱང་བ་ཁྲོ་བ་དང་བཅས་པའོ། །གྲི་གུག་དང་ཐོད་པས་འཁྱུད་པའི་ཚུལ་ཅན་ནོ། །མེ་ཏོག་ཅེས་བྱ་བ་ནི། མེ་ཏོག་མ་མེ་ཏོག་དཀར་པོའི་ཕྲེང་བ་ལག་ཏུ་ཐོགས་པའོ། །སྤོས་ཞེས་བྱ་བ་ནི་སྤོས་མེ་མ་སྤོས་སྣོད་ལག་ཏུ་ཐོགས་པའོ། །མར་མེ་ཞེས་བྱ་བ་ནི་མར་མེ་མ་མར་མེ་ལག་ཏུ་ཐོགས་པའི་ཚུལ་ཅན་ནོ། །དྲི་ཞེས་པ་ནི་དྲིའི་དུང་ཕོར་ཐོགས་པའི་ལག་པའི་ཚུལ་ཅན་ནོ། །མེ་སོགས་མཚམས་སུ་དགོད་ཅེས་བྱ་བ་ནི་མེ་དང༌། བདེ་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །ཐོ་བ་ལ་སོགས་སྒོ་རུ་སྟེ། །ཞེས་བྱ་བ་ནི་གོ་སླའོ། །འདི་ནི་བཅོམ་ལྡན་འདས་བསྐྱེད་ནས་དཀྱིལ་འཁོར་བ་ཡང་བསྐྱེད་པར་བྱའོ་ཞེས་གསུངས་པ། ཆོ་ག་མཐོང་ནས་ཞེས་བྱ་བ་ལ་འདིར་ཆོ་ག་ནི་


DTG046_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྔ་མ་ཉིད་ལྟར་རོ། །རྨི་ལམ་ནི་མཚན་མ་ཉིད་དོ། །དོན་ནི་འདི་ཡིན་ཏེ། རྣལ་འབྱོར་པ་སྔོན་དུ་བསྙེན་པ་བྱས་ལ། བཅོམ་ལྡན་འདས་རྨི་ལམ་གྱི་མཚན་མར་ས་འོག་གི་ཁུང་བུ་སྟོན་པར་འགྱུར་རོ། །དེར་རྡོ་རྗེ་ས་འོག་གི་རྣལ་འབྱོར་པ་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་མཁའ་སྤྱོད་ཀྱི་དངོས་གྲུབ་གསུངས་ཏེ། འདིར་ཡང་གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ། །བདུན་པའི་རྒྱལ་པོ་ཞེས་བྱ་བ་ལ་བདུན་པ་སྟེ་རྟའོ། །དེའི་གཟུགས་ཀྱིས་འདུལ་བའི་རྒྱུད་ལ་རྒྱལ་པོ་ལྟར་བྱེད་པས་བདུན་པའི་རྒྱལ་པོའོ། །དཀྱིལ་འཁོར་སྔ་མ་དང་དེའི་ཁྱད་པར་གསུངས་པ། ཕྱག་གཉིས་པ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྲན་གྲེའུ་ཁུ་ཚུར་བཅངས་ཞེས་བྱ་བ་ནི་སྲན་གྲེའུ་བརྡུངས་པ་དང་བཅངས་པའོ། །འདི་དག་སྔ་མ་གཉི་གའི་སྔགས་གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་ཤར་དུ་ཞེས་བྱ་བ་ལ་སོགས་པས་ལྷ་མོ་དགོད་པ་ནི་གོ་སླའོ། །ཁ་དོག་གི་དབྱེ་བ་ཡང་བསྟན་ཟིན་ཏོ། །སྔགས་འདི་ཡིས་ནི་ཞེས་བྱ་བ་ནི་ཡི་གེ་ཧྲིས་སོ། །གཤེགས་སུ་གསོལ་བ་ནི་ཕྱུང་བ་སྟེ་སྤྲུལ་པ་ཞེས་བྱ་བའི་བར་དུའོ། །འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱི་སྔགས་ཉིད་ཀྱིས་དཀྱིལ་འཁོར་པ་རྣམས་ཀྱང་སྤྲུལ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །སྨྱུག་མའི་གླིང་བུ་ནི་གླིང་བུ་ཉིད་ལ་ཆེད་དུ་བྱེད་པའོ། །པི་ཝང་ནི་པི་ཝང་ཉིད་ལ་ཆེད་དུ་གཏོད་པའོ། །རྔ་ཟླུམ་ཡང་དེ་བཞིན་ཏེ་ཁ་ཅིག་པགས་པས་གཡོགས་པ་ནི་རྔ་ཟླུམ་མོ། །རྔ་བྲན་ནི་པ་ཏྲ་ཧ་ཆེན་པོ་སྟེ། དེ་ནི་ཁ་གྱེན་དུ་བསྟན་ནས་བརྡུང་བའོ། །འདི་དག་གི་ཡང་ཁ་དོག་དང་དགོད་པའི་གནས་ནི་གོ་རིམས་བཞིན་ཤེས་པར་བྱའོ། །བ་ལང་རྣ་དང་གླང་པོའི་རྣ་ནི་མིང་གིས་དོན་གོ་བར་ཟད་དོ། །གདོང་བཟང་གདོང་ངན་ཞེས་བྱ་བ་ནི་མིང་དུ་ཆགས་པའི་སྒྲའོ། །ཐམས་ཅད་ཀྱང་ཁྲོ་བོའི་གཟུགས་སོ། །ཁ་དོག་གི་དབྱེ་བ་ནི་སྔ་མ་བཞིན་ནོ། །འདི་དག་གི་ཕྱག་མཚན་གསུངས་པ་ནི་གཏུན་ཤིང་དང་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སྒོ་བཞི་རུ་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཇི་ལྟར་རྟ་མཆོག་སྔགས་ཀྱིས་ནི། །ཞེས་བྱ་བ་ལ་རྟ་མཆོག་གི་སྔགས་དེ་ཉིད་རྡོ་རྗེ་ས་འོག་གི་སྔགས་ཀྱང་དེ་ཉིད་ཡིན་ནོ་


DTG046_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་དན་ཏོ། །འདི་བསྒོམ་པའི་སྦྱོར་བས་ཅིར་འགྱུར་པ་དེ་གསུངས་པ། ཁམས་གསུམ་ནམ་མཁའི་ཁོངས་སུ་རྒྱུ་བ་སྟེ་ཡོངས་སུ་འཁོར་བའོ། །བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ན་ཞེས་བྱ་བའི་དོན་ཏོ། །གང་དུ་ས་འོག་ཏུ་འཇུག་པ་ལ་སོགས་པའི་དངོས་གྲུབ་དེས་པར་བསྟན་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས་རིམ་པར་ཕྱེ་བ་བཅུ་གསུམ་པའི་བཤད་པའོ།། །།


previousརིམ་པ་ཕྱེ་བ་བཅུ་གསུམ་པ། དངོས་གྲུབ་ངེས་པར་བསྟན་པའི་བཤད་པ།next