Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
རིམ་པ་ཕྱེ་བ་བཅུ་བཞི་པ། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བཤད་པ།
   
   
   
   
  expand section
  expand section
  expand section
  expand section


 
previousརིམ་པ་ཕྱེ་བ་བཅུ་བཞི་པ། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བཤད་པ།next

རིམ་པ་ཕྱེ་བ་བཅུ་བཞི་པ། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བཤད་པ།


DTG046_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ས་གཟུང་བའི་རྗེས་ཐོགས་སུ་ཐིག་གདབ་པ་གསུངས་པ། དེ་ལ་ཞེས་བྱ་བ་ནི་ས་གཟུང་བ་བྱས་པའི་ས་གཞི་ལའོ། །འདི་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །སྲད་བུ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྲད་བུའོ། །དེ་རྐྱོང་བའི་ཕུན་སུམ་ཚོགས་པའི་མཆོག་གང་ལ་ཡོད་པ་དེ་ན་སྲད་བུ་བརྐྱང་བའི་དམ་ཚིག་གི་མཆོག་སྟེ། རྣལ་འབྱོར་པས་སེམས་ཅན་བསྡུ་བར་བྱ་བའི་ཕྱིར་འདའ་བར་མི་བྱ་བ་ཉིད་དོ། སྲད་བུ་དེ་ཉིད་མངོན་པར་བསྔགས་པའི་སྔགས་གསུངས་པ། ཨཱ་ཀ་རོ་ཞེས་བྱ་བ་ལ་སོགས་པ་ལ་འདི་ལ་འཆད་པར་འགྱུར་བའི་དེ་ཁོ་ན་ཉིད་གསུམ་གྱིས་སྤེལ་བ་ཡིན་པར་ཤེས་པར་བྱའོ། །སློབ་མ་རྣམ་པར་སྣང་མཛད་དུ་བསྒོམ་ཞེས་བྱ་བ་ནི་གཏི་མུག་གཤིན་རྗེ་གཤེད་ཀྱི་གཟུགས་སུ་དམིགས་པར་བྱས་ལ་ཞེས་བྱ་བའི་དོན་ཏོ། །རང་ཉིད་ནི་དཔལ་གཤིན་རྗེ་གཤེད་ཀྱི་གཟུགས་དང་ལྡན་པར་རོ། །ཡེ་ཤེས་ཐིག་མཆོག་རྩེ་མོའི་རྩེ། །ཞེས་བྱ་བ་ནི་ཡེ་ཤེས་ནི་ཡཀྵེ་མ་མེ་དང་ཞེས་བྱ་བའི་ས་བོན་གྱི་ངོ་བོའོ། །དེས་བསྐྱེད་པའི་ལྷའི་བདག་ཉིད་ཅན་གྱི་གཟུགས་ནི་ཡེ་ཤེས་ཀྱི་ཐིག་གོ །དེ་ནི་དྲི་ཞིམ་པོ་ལྔས་བསྒོམས་པས་མཆོག་གོ །རྩེ་མོ་ནི་ཡེ་ཤེས་ཀྱི་འཁོར་ལོའི་ངོ་བོ་དེ་བཞིན་གཤེགས་པ་རྣམས་སོ། །དེ་ཞུགས་པས་རྩེ་མོའི་རྩེ་མོ་སྟེ་གཙོ་བོའོ། །དེ་ནས། ཡེ་ཤེས་ཐིག་མཆོག་རྩེ་མོའི་རྩེ། །ཤིན་ཏུ་མཉམ་པར་གཞག་པས་ཞེས་བྱ་བ་ནི་ཕྱོགས་དངས་ལ་མཁས་པ་སྟེ། ཕྱོགས་ཀུན་མཉམ་པ་ཉིད་ཀྱི་བདག་ཉིད་ཅན་ནོ། །དེ་ལ་ཞེས་བྱ་བ་ནི་སོ་ཤིང་བཟའ་པ་ལ་སོགས་པ་ཐམས་ཅད་བསྒྲུབས་ནས་སོ། །འདི་ནི་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །དཀྱིལ་འཁོར་ཆེན་པོར་འཇུག་པ་ལ། །ཞེས་བྱ་བ་ནི་དཀྱིལ་འཁོར་


DTG046_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་འཇུག་པ་སྟེ། སློབ་མ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཉིད་འདའ་བར་མི་བྱ་བ་ཡིན་པས་དམ་ཚིག་གོ །དེ་ཉིད་གསུངས་པ། ཨོཾ་ཨཱཿ་ཧཱུཾ་དོན་ནི་འདི་ཡིན་ཏེ། སྔགས་འདི་ཟློས་ཤིང་སློབ་མ་གཞུག་པར་བྱ་ལ་དཀྱིལ་འཁོར་བྲི་བའི་དུས་སུ་རེ་ཁཱའི་ནང་དུ་འཇུག་ཅིང་ཕྱིར་འབྱུང་བར་ཡང་བཟླ་བར་བྱའོ། །དཀྱིལ་འཁོར་ཉིས་འགྱུར་ཞེས་བྱ་བ་ལ་སོགས་པས་ནི་ཐིག་སྐུད་ཀྱི་ཁྱད་པར་རོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སློབ་མས་གསང་བའི་དབང་ལ་སོགས་པའི་གསོལ་བ་གདབ་པ་བསྟན་ཏོ། །ཡང་དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་སའི་ལྷ་མོ་དགུག་པའོ། །སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་མཚན་ཉིད་དོ། །འདི་དག་ཐམས་ཅད་དཀྱིལ་འཁོར་གྱི་ཆོ་གར་རྒྱས་པར་བསྟན་པས་དགྲོལ་བར་མི་བྱའོ། །དཀྱིལ་འཁོར་བསྒྲུབ་པ་གསུངས་པ་དེ་ནས་ཞེས་བྱ་བ་ནི་བྲིས་ཟིན་ནས་སོ། །དེ་བཞིན་གཤེགས་པ་ལ་སོགས་པ་ཆེན་པོ་རྣམས་ཀྱི་སྙིང་པོ་ནི་འབྱིན་པའི་སྔགས་སོ། །འདིས་བྱེད་པའི་དོན་གྱི་གསུམ་པ་སྟེ། སྙིང་པོ་ཆེན་པོ་ཡིས་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ནི་རང་སྟེ་འཁོར་ལོ་དགོང་ཅེས་སྔ་མ་དང་སྦྱར་རོ། །རང་གི་ཕྱག་རྒྱ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་མཚན་ཉིད་དང་ལྡན་པའི་རང་སྣང་པ་དེར་བསྟན་པའོ། །དོན་ནི་འདི་ཡིན་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་བསྒྲུབས་ལ། དེར་བློས་རྣམ་པར་གནས་ནས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་སྔོན་དུ་འགྲོ་བས་རང་སྣང་བའི་ཆུ་སྐྱེས་སུ་དཀྱིལ་འཁོར་མངོན་པར་སྤྲུལ་ནས། འབྱིན་པའི་སྔགས་ཀྱིས་བཏོན་ལ་གནས་ཇི་ལྟ་བར་བཀོད་ཏེ་དཀྱིལ་འཁོར་བསྒྲུབ་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། གསལ་བར་བྱ་བའི་ཕྱིར་གསུངས་པ། དམ་ཚིག་ཡི་གེ་ཞེས་བྱ་བ་ལ་ཡང་དག་པར་འགྲོ་ཞིང་རྣམ་པར་མི་རྟོག་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཐོབ་པར་བྱེད་པས་དམ་ཚིག་ཅེས་རང་སྣང་བའི་རིག་པ་ལ་བྱའོ། །དེའི་ཡི་གེ་ནི་མི་འགྱུར་ཞིང་ངོ་བོ་ཉིད་ལས་མི་འཕོ་བས་རང་གིས་རིག་པའི་ཡེ་ཤེས་ཏེ། དམ་ཚིག་གི་ཡི་གེ་དེས་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ་བ་སྟེ། ངེས་པར་བསྐྱེད་པར་བྱ་བ་ནི་དཀྱིལ་འཁོར་བསྒྲུབ་པར་བྱའོ། །དཔལ་གསང་བ་འདུས་པ་ལས་ཀྱང་


DTG046_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་གའི་དཀྱིལ་འཁོར་ཞེས་བྱ་དང༌། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། །ལུས་ཀྱི་དཀྱིལ་འཁོར་ཞེས་གསུངས་པས། །དཀྱིལ་འཁོར་རྣམ་པ་སུམ་དུ་བརྟགས། །ཞེས་གསུངས་པས་སོ། །འདི་དག་ནི་དཀྱིལ་འཁོར་གྱི་ཆོ་ག་དང་བླ་མ་ལས་གསལ་བར་འགྱུར་རོ། །ཤར་དུ་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་གྱི་ཁ་དོག་རྫོགས་པར་བྱེད་དོ། །ཕྱག་རྒྱ་དགོད་པ་ཞེས་བྱ་བ་ནི་མཚན་མ་དགོད་པའོ། །ལས་ཀྱི་ཆོ་ག་མཐོང་ནས་ནི། །ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཆོ་གར་བསྟན་པའོ། །དཀྱིལ་དུ་ཞེས་བྱ་བ་ནི་དབུས་ཀྱི་གདན་ལ་རྡོ་རྗེ་བྲི་བའོ། །ཤར་དུ་ནི་འཁོར་ལོའོ། །དེ་ལྟ་བུ་ལ་སོགས་པར་བལྟ། །ཞེས་བྱ་པ་ལ་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམས་ནི་ལྷོ་དང་ནུབ་དང་བྱང་དུའོ། །འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རལ་གྲི་རྣམས་ནི་མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་རྣམས་སུའོ། །ཐོ་བ་དང་དབྱུག་པ་དང་པདྨ་དང་རལ་གྲི་རྣམས་ནི་ཤར་ལ་སོགས་པའི་སྒོར་རོ། །ཐོད་པ་བཞི་ནི་མཚམས་བཞིར་བྲི་བར་བྱའོ། །ཕྱག་མཚན་ཀུན་དུ་ཞལ་དང་མཚུངས། །ཞེས་བྱ་བ་ནི་ཞལ་དང་འདྲ་བ་ནི་ཞལ་དང་མཚུངས་པ་སྟེ་ཞལ་གྱི་གཙོ་བོ་དང་མདོག་འདྲ་བ་སྟེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་གཙོ་བོ་དང་འདྲ་བའི་ཕྱག་མཚན་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ཡིས་ཞེས་བྱ་བ་ལ་སོགས་པས་ནི་དགང་གཟར་དང་བླུགས་གཟར་གྱི་ཚད་བསྟན་ཏེ་གོ་སླའོ། །ད་ནི་རྒྱུད་ཀྱི་ཆེ་བའི་བདག་ཉིད། དཀྱིལ་འཁོར་དུ་ནི་མ་ཞུགས་དང༌། །ཞེས་པ་ལ་སོགས་པས་གསུངས་པ་སྟེ། གཤིན་རྗེ་གཤེད་རྒྱུད་མངོན་གཞོལ་ནས། །ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་གཅིག་ཏུ་མངོན་པར་ཞེན་པའོ། །དོན་ནི་འདི་ཡིན་ཏེ། སྔར་དེ་ལྟར་ཞུགས་པ་དག་ཕྱི་ནས་གཤིན་རྗེ་གཤེད་ཀྱི་རྒྱུད་རྙེད་པ་ལས་དེ་དང་དེ་ཡོངས་སུ་བཏང་ན། དེའི་ཡོན་ཏན་རྙེད་པས་འདོད་པའི་དོན་གྲུབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། འགྲུབ་པར་འདི་ལ་ཞེས་བྱ་བ་སྟེ། ཕྱག་རྒྱ་ཆེན་པོའི་ངོ་བོར་ངེས་པར་འགྲུབ་པའོ། །ཡང་ན་ཐམས་ཅད་ཀྱང་ཇི་ལྟར་གཉིས་སུ་མེད་པའི་རྣལ་འབྱོར་པ་ལ་དེ་ལྟར་གསུངས་ཏེ། དཔལ་གསང་བ་འདུས་བ་ལས་ཀྱང༌། མི་བྱ་བ་ནི་ཅུང་ཞིག་


DTG046_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དེ་བཞིན་མི་བཟའ་ཅུང་ཞིག་མེད། །མི་སྨྲ་པ་ཡང་ཅི་ཡང་མེད། །ཀུན་དུ་མི་བསམ་ཅི་ཡང་མེད། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་པར་གཞག་པ་ཡིན། །ཞེས་གསུངས་པས་སོ། །གལ་ཏེ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་ཐོབ་པ་ལ་ལྷན་དངོས་གྲུབ་གསུངས་ནས། དཀྱིལ་འཁོར་དུ་མ་ཞུགས་པ་དང༌། དབང་མ་བསྐུར་བ་ལ་འགྲུབ་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། ནག་པོས་གསུངས་པའི་ཚིག་བཞིན་དུ། །ཞེས་བྱ་བ་སྟེ། ནག་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ངོ༌། །དེའི་ཚིག་ནི་གསུང་ངོ༌། །དེ་ཡང་གསུངས་པ་སྟེ། རྒྱུད་མ་ལུས་པར་བསྟན་པའི་དབང་བསྐུར་བ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་ཆོ་གའི་རྣམ་པས་ཞེས་བྱ་བར་དགོངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་ལྟ་བུའི་ཆོས་བསྟན་པའི་རྗེས་ཐོགས་སུའོ། །བྱམས་པ་ལ་སོགས་ཀྱིས་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པ་གཞན་དག་གིས་ཀྱང་ངོ༌། །རྡོ་རྗེ་ངེས་པ་ནི་དབྱེ་རྨེད་པའི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ངེས་པའོ། །མི་སྨྲ་བར་ནི་སྡོད་པར་གྱུར། །ཞེས་བྱ་བ་ནི་རྟོག་པ་མ་ལུས་པ་བསལ་ནས་དག་གི་སྤྱོད་ཡུལ་ལས་འདས་པའི་ཆོས་མངོན་སུམ་དུ་བྱས་པ་དང་ལྡན་པའོ། །ད་ནི་དཀྱིལ་འཁོར་དུ་སློབ་མ་དོ་མཚར་དང་ཡིད་ཆེས་པ་སྐྱེད་པའི་ཕྱིར། རྡོ་རྗེ་དབབ་པ་གསུངས་པ་འབྱུང་བ་བཞི་ཞེས་བྱ་བ་ནས་ལྟར་བསིལ་བ་ཞེས་བྱ་བའི་བར་ནི་གོ་སླའོ། །གནས་པ་ཞི་རུ་ནི་ཞེས་བྱ་བ་ནི་མགོ་དང་སྙིང་གར་དང་ལྟེ་བ་དང་རྐང་པ་རྣམས་སུའོ། །སྤྱོར་བ་ཁྱད་པར་ཅན་གྱི་དཀྱིལ་འཁོར་གྱི་ཆོ་གར་བསྟན་ཏོ། །འཕར་བར་འགྱུར་ཞེས་བྱ་བ་ནི་ལྟ་བར་འགྱུར་པ་སྟེ། ནམ་མཁའ་ལ་ཞེས་བྱ་བ་ནི་ལྷག་མའོ། །གནོད་སྦྱིན་མོའི་སྒྲུབ་ཐབས་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་ཅེས་བྱ་བ་ནི་ཡང་དག་པའི་དོན་ཇི་ལྟ་བ་བཞིན་ཏེ། དཀྱིལ་འཁོར་སྒྲུལ་པ་ནི་སྔ་མ་བཞིན་ནོ། །ཕྱག་གཉིས་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཧཱུཾ་ལས་བསྐྱེད་པ་ཞེས་བྱ་བ་ནི་ལྷག་མའོ། །དོན་ནི་འདི་ཡིན་ཏེ། སྔགས་པས་སྔོན་དུ་བསྙེན་པ་བྱས་ལ། རལ་གཅིག་མའི་རྣལ་འབྱོར་དང་ལྡན་པས་གཞོན་ནུ་མས་བཀལ་བའི་སྐུད་པ་ལས་བྱས་པའི་རས་ཁ་ཚར་


DTG046_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅད་པ་ལ་གནོད་སྦྱིན་མོ་མངོན་པར་བྲིས་ཏེ་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། ལང་ཚོ་ལ་བབ་པ་སྒེག་པའི་རོ་ལྡན་པ། ཤིང་ཆེན་པོ་དང་མྱ་ངན་མེད་པའི་ཤིང་དང༌། ཨ་མྲའི་མེ་ཏོག་དང་འབྲས་བུ་དང་བཅས་པ་གང་ཡང་རུང་བ་ཞིག་ལ་ལག་པ་གཡོན་པས་རེག་པ། ལག་པ་གཡས་པ་མཆོག་སྦྱིན་པའོ། །དེའི་མདུན་དུ་མེ་ཏོག་དང༌། སྤོས་དང༌། བཤོས་གཙང་ཕུལ་ལ་རང་གི་རྣལ་འབྱོར་དང་ལྡན་པས་མཚན་མོ་བཟླས་པ་བྱས་ནས་ཉི་མ་བདུན་ན་འོང་བར་འགྱུར། །འོངས་ནས་ཀྱང་མེ་ཏོག་དྲི་ཞིམ་པོ་དང་ཆུ་གཙང་མའི་ཡོན་ཆབ་དབུལ་བར་བྱའོ། །དེས་འགྲུབ་པར་འགྱུར་ཏེ་མ་དང་སྲིང་མོ་དང་ཆུང་མའི་ཚུལ་གྱིས་བྱུང་ན་ཇི་ལྟར་རིགས་པ་བཞིན་དུ་ཐ་སྙད་དུ་བྱའོ། །ཡང་ན་དུར་ཁྲོད་ཀྱི་སོལ་བར་མར་ངོའི་གང་ཡང་རུང་བ་ཞིག་ལ་རྩིག་ངོས་སམ། སྤང་ལེབ་ལ་མཚན་མ་སྔ་མ་བཞིན་དུ་བྲིས་ལ་དེ་དགུག་ཅིང་བཅུག་ལ། སྐྱེ་གནས་སུ་ལག་བས་བཀབ་ནས་སྔ་མ་བཞིན་དུ་གཞན་དང་ཅི་ཡང་མི་སྨྲ་བས་སྔགས་ཟླས་ན་དེ་ནས་ཞག་བདུན་ན་དེ་འོང་བར་འགྱུར་རོ། །འོངས་ནས་སྟོབས་ཀྱིས་ཀྱང་སྒྲུབ་པ་པོ་འདོད་པར་བྱེད་དོ། །བརྩེ་བའི་ཚིག་ཏུ་སྨྲ་བར་བྱེད་དོ། །འཇིགས་པའི་ཚུལ་ཡང་བསྟན་ཏོ། །དེ་ལྟ་ན་ཡང་འཇིགས་པར་མི་བྱའོ། །སྨྲ་བར་མི་བྱའོ། །དེ་ལྟ་ན་ཡང་སྦྱོར་བའི་རྗེས་ཐོགས་སུ་འགྲུབ་པར་འགྱུར་རོ། །གང་དང་གང་རྣལ་འབྱོར་པ་འདོད་པ་དེ་དང་དེ་འདོད་པའི་རྩེད་མོ་བྱས་པས་སྟེར་བར་བྱེད་དོ། །དེ་ལྟར་ཡང་མ་གྲུབ་ན་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་རམ། རལ་གཅིག་མའི་རྣལ་འབྱོར་གྱིས་རྡོ་རྗེ་ལྕགས་ཀྱུ་སྤྲོས་ལ་ལྕགས་ཀྱུས་སྐྱེ་གནས་ཕུག་ལ་མ་གུལ་ནས་ཞགས་པས་བཅིངས་ཏེ་བཀུག་ལ། དེའི་མགོ་ལ་གཤིན་རྗེ་གཤེད་བསྐལ་བའི་མེ་དང་འདྲ་བ་བསྒོམ་པར་བྱའོ། །འོག་ཏུ་ནི་མེའི་དཀྱིལ་འཁོར་རོ། །དེ་ནས་ཁྲོ་བ་དང་བཅས་པས་དེའི་མིང་གི་ཚིག་དང་བཅས་པའི་ཧྲཱིཿ་ཥཏྲིཿ་ལ་སོགས་པའི་སྔགས་སམ། རལ་གཅིག་མའི་སྔགས་བཟླས་ན་ཞག་བདུན་གྱིས་ངེས་པར་འགྲུབ་པར་འགྱུར་རོ། །གདུག་པ་ཅན་ཚར་བཅད་པའི་ཕྱིར། སྤོས་བྱེད་མའི་སྒྲུབ་ཐབས་གསུངས་པ། དེ་ནས་ཡང་དག་བཤད་བྱ་བ། །ཞེས་


DTG046_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ། འཇིག་རྟེན་གསུམ་ལ་འཚེ་ནུས་པ། །ཞེས་བྱ་བ་ནི་སྦོས་པར་བྱེད་པའོ། །འདི་ཡང་སྔ་མ་བཞིན་དུ་སྲུང་བ་དང་གུར་གྱི་ནང་དུའོ། །སྐུ་མདོག་སེར་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །པུའི་ས་བོན་ལས་ཤེས་པར་བྱའོ། །པུ་ཀ་སཱིའི་ལས་ཞེས་བྱ་བ་ལ་དེའི་ལས་ནི་འདི་ཡིན་ཏེ། ལྕེ་ལ་ཛ་དམར་པོ་བཀོད་ལ་དེའི་འོ་ཀྱིས་བསྒྲུབ་བྱའི་སྙིང་གར་ཁཾ་དཀར་པོ་བསྒོམས་ནས། སྙིང་ལ་སོགས་པ་ཐམས་ཅད་བཀུག་ལ་རང་གི་ལྟོར་བཅུག་པར་བསམས་ན་བསྟན་པ་བཞིན་དུ་འགྱུར་རོ། །ཐོ་བ་རྒྱས་པ་མདའ་དག་ཅེས་བྱ་པ་ལ། གང་གི་ཁ་གྱེས་པའི་ཐོ་པ་ནི་ཐོ་བ་རྒྱས་པ་སྟེ་དེ་དང་བཅས་པའི་མདའ་རྣ་བའི་བར་དུ་བཀང་བས་འབིགས་པའོ་ཞེས་བྱ་བ་ནི་མན་ངག་གོ །ཕྱག་བཞི་བོང་བུ་ལ་བཅིངས་པ། །ཞེས་བྱ་བ་ནི་གོ་སླའོ། །མི་སྣང་བར་བྱ་བའི་ཕྱིར། འཇམ་པའི་རྡོ་རྗེའི་སྒྲུབ་པ་གསུངས་པ་ལ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་ཡང་དག་བཤད་པར་བྱ། །ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །མི་སྣང་བ་ཞེས་བྱ་པ་ནི་སེམས་ཅན་ཐམས་ཅད་ཀྱིས་མཐོང་བའི་ལམ་ལས་འདས་པའོ། །དེའི་མོད་ལ་ཞེས་བྱ་བ་ནི་བསྒོམ་པ་རབ་ཀྱི་མཐར་ཕྱིན་པའི་སྐད་ཅིག་ལ་ཞེས་བྱ་བའི་དོན་ཏོ། །ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདིར་ནི་ཕྱག་མཚན་མ་བསྟན་ཏེ། སྒྱུ་འཕྲུལ་དྲ་བ་ལས་གསུངས་པའི་ཕྱག་མཚན་ཡིན་ནོ། །དེར་ནི་གཡས་ན་རལ་གྲི་དང་མདའ། །གཡོན་ན་ཨུཏྤལ་སྔོན་པོ་དང་གཞུའོ། །ཕྱག་གཤན་དག་ན་གྲི་གུག་དང་ཐོད་པ་བསྣམས་པའོ། །སྔོན་པོ་དང་དཀར་པོ་ནི་གཡས་པ་དང་གཡོན་པའི་ཞལ་ལོ། །ཤར་དུ་མཛེས་མ་ཞེས་བྱ་ལ་སོགས་པ་ནི་སྔ་མ་བཞིན་ཏེ། གཏི་མུག་ལ་སོགས་པའི་ཁ་དོག་དང་ཕྱག་མཚན་དགོད་དོ། །འཁོར་ལོ་ལ་སོགས་ཞེས་བྱ་བ་ཡང་དེ་ཉིད་ལྟར་རོ། །འདིའི་ཁྱད་པར་གསུངས་པ་ནི། །ས་བོན་ཡི་གེ་མཾ་ལས་བྱུང༌། །ཞེས་བྱ་བའོ། །དོན་ནི་འདི་ཡིན་ཏེ། ཡི་གེ་མཾ་ལས་བཅོམ་ལྡན་འདས་བསྐྱེད་པ་ན་ཐམས་ཅད་ཀྱང་བསྐྱེད་པར་བྱའོ། །དཀྱིལ་འཁོར་གྱི་ནི་དབུས་ན་བཞུགས། །ཞེས་བྱ་པ་ནི་དབུས་ཉིད་དུ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པའི་སྙིང་པོའི་དཀྱིལ་འཁོར་ལ་གནས་པའོ། །ཐམས་ཅད་གཡོན་


DTG046_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་བ་ཁོ་ནའོ། །སྔོན་གྱི་འཁོར་ལོ་ལས་གདན་གྱི་ཁྱད་པར་གསུངས་པ། ཟླ་བའི་དཀྱིལ་འཁོར་ཡང་དག་གནས། །ཞེས་བྱའོ། །ཕྱིའི་དཀྱིལ་འཁོར་དགོད་པ་གསུངས་པ། འོད་ཟེར་ཅན་དང་ཞེས་བྱ་བ་ལ་སོགས་པ་ལ། མེ་ལ་སོགས་པའི་ཞེས་བྱ་བ་ནི། མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་སུའོ། །དེ་དག་གི་ཕྱག་མཚན་གྱི་གཙོ་བོ་རྣམས་གསུངས་པ། མྱ་ངན་མེད་དང་ཞེས་བྱ་བ་ལ་སོགས་པའོ། །ཁ་དོག་གསུངས་པ་ནི་སེར་བོ་ཞེས་བྱ་བ་ལ་གསོ་པའོ། །ཞལ་དང་ཕྱག་གཞན་ནི་སྔ་མ་བཞིན་ནོ། །ཐོ་བ་ལ་སོགས་པའི་དོན་ནི་གོ་བར་ཟད་དོ། །དེ་ལྟ་བུའི་ཁྱད་པར་ཅན་གྱི་བཅོམ་ལྡན་འདས་བསྒོམས་ན་མཐོང་བར་མི་འགྱུར་རོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིས་མཐོང་བའི་ཡུལ་ལས་འདའ་བར་འགྱུར་རོ། །ཡང་ཞེས་བྱ་བ་ནི་གདུལ་བྱའི་བསམ་པ་དང་སྙིང་རྗེའི་ཁྱད་པར་གྱིས་མཐོང་བ་ར་ཡང་འགྱུར་ཞིང་འདོད་པ་བཞིན་སྤྱོད་པར་ཡང་འགྱུར་རོ། །འདིར་མན་ངག་ནི་འདི་ཡིན་ཏེ། རྣལ་འབྱོར་བས་སེམས་བརྟན་པར་གྱུར་པས་འཇམ་བའི་རྡོ་རྗེའི་སྐུ་ར་བྱས་ལ། བ་སྤུའི་བུ་ག་ཐམས་ཅད་དུ་མཾ་བཀོད་ན་བསྟན་པ་བཞིན་དུ་འགྱུར་རོ། །གང་དུ་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་གཙོ་བོ་ཉིད་དུ་བསྟན་པའི་རིམ་པར་ཕྱེ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་ལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས། རིམ་པར་ཕྱེ་བ་བཅུ་བཞི་པའི་བཤད་པའོ།། །།


previousརིམ་པ་ཕྱེ་བ་བཅུ་བཞི་པ། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བཤད་པ།next