Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
རིམ་པ་ཕྱེ་བ་བཅོ་ལྔ་པ། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་ཀྱི་བཤད་པ།
   
   
   
  expand section
  expand section
  expand section
  expand section


 
previousརིམ་པ་ཕྱེ་བ་བཅོ་ལྔ་པ། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་ཀྱི་བཤད་པ།next

རིམ་པ་ཕྱེ་བ་བཅོ་ལྔ་པ། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་ཀྱི་བཤད་པ།


DTG046_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མངོན་པར་མོས་པར་བྱ་བའི་ཕྱིར། ཆུ་རེངས་པར་བྱས་བ་གསུངས་པ། དེ་ནས་ཡང་དག་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ལ་འདིར་ཐམ་ཅད་སྔ་མ་བཞིན་ནོ། །འོན་ཀྱང་སྦྲུལ་དང་རལ་གྲི་དང་འཁོར་ལོ་དང་པདྨ་འཛིན་པ་རྨ་བྱ་ལ་ཞོན་པའོ། །ཤར་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྒྲོ་དང་ཞེས་བྱ་བ་ནི་རྨ་བྱའི་སྒྲོའོ། །ཡལ་ག་ཞེས་བྱ་བ་ནི་འདབ་མ་དང་བཅས་པའི་ཡལ་གའོ། །ལྕགས་སྒྲོག་ཅེས་བྱ་བ་ནི་རྡོ་རྗེའི་ལྕགས་སྒྲོག་གོ །དེ་དག་གི་མདོག་གི་དབྱེ་བ་ནི་གོ་རིམས་བཞིན་དུ་སེར་དང་


DTG046_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སོགས་པའོ། །མཁས་པས་ཞེས་བྱ་བ་ནི་ཆུ་རེངས་པར་བྱེད་པའི་ཆོ་ག་ལ་མཁས་པའོ། །དེ་ལ་ཆུའི་རྡུལ་ཕར་བ་རྣམས་ལཾ་ལས་སྐྱེས་པའི་དབང་ཆེན་གྱི་དཀྱིལ་འཁོར་གྱི་གཟུགས་སུ་བསྒོམས་ལ། དེ་ལ་ཛམ་གུ་ལའི་རྣལ་འབྱོར་གྱིས་སྔགས་བཟླ་ཞིང་བཅས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཀུ་རུ་ཀུལླེ་སྒྲུབ་པའི་ཐབས་ཀྱིས་ཀླུ་འགུགས་པར་བྱེད་པ་གསུངས་པ་སྟེ་འདིར་ཡང་སྔ་མ་བཞིན་དུ་ཐམས་ཅད་ཡིན་ནོ། །འོན་ཀྱང་སྟོང་པ་ཉིད་ཀྱི་རྗེས་ཐོགས་སུ་པདྨ་དང་ཟླ་བ་ལ་གནས་པའི་ཧྲཱིཿ་ལས་བྱུང་བའོ། །གཞན་ནི་གོ་སླའོ། །མཚོན་ཆའི་ཁྱད་པར་གསུངས་པ་ནི། ཕྱག་བརྒྱད་དུ་ནི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་གཡས་ཀྱི་ཕྱག་བཞི་ནི་མཐའ་ཡས་དང༌། ཏཀྵ་ཀ་དང༌། རིགས་ལྡན་དང༌། དུང་སྐྱོང་ངོ༌། །ཕྱག་གཡོན་པ་རྣམས་ན་ནི་པདྨ་དང༌། ཀོརྐ་ཊ་དང༌། ནོར་རྒྱས་ཀྱི་བུ་དང༌། པདྨ་ཆེན་པོ་བསྒོམ་པར་བྱའོ། །འདིར་ཡང་རང་གི་སྙིང་གར་བཀོད་པའི་ཧྲཱིཿའི་འོད་ཟེར་ལྕས་ཀྱུའི་རྣམ་པ་ལྟ་བུས་སྔ་མ་བཞིན་དུ་བཀུག་པར་ཤེས་པར་བྱའོ། །ལྷའི་བུ་མོ་དགུག་པའི་ཕྱིར་རྡོ་རྗེ་ལུས་མེད་བསྒོམ་པ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པས་གསང་བའོ། །འདིར་ཡང་དཀྱིལ་འཁོར་ནི་སྔ་མ་བཞིན་ནོ། །མདའ་ནི་འཕགས་བའོ། །གཞུ་ནི་གཞུའོ། །ཤར་དུ་དགའ་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བཅོམ་ལྡན་འདས་ཀྱི་ཕྱག་མཚན་ཉིད་ཀྱིས་ཐམས་ཅད་ཀྱང་མཚན་པའོ། །གོ་རིམས་བཞིན་དུ་ཁ་དོག་གི་ངེས་པ་གསུངས་པ་ནི་སེར་དང་ཞེས་བྱ་བ་ལ་སོགས་པའོ། །དམར་སྐྱེ་ཞེས་བྱ་བ་ནི་སྐྱེ་རེངས་དང་པོ་དང་འདྲ་བའོ། །མཚམས་རྣམས་ནི་ནང་གི་དཀྱིལ་འཁོར་གྱི་སྟེ་མ་འགགས་པ་ལ་སོགས་པ་དགོད་པར་བྱའོ། །ཁ་དོག་གི་དབྱེ་བ་ནི་མེ་ཏོག་ལ་སོགས་པ་ལྟ་བུའོ། །འདོད་པས་འགེངས་ལ་སོགས་པའི་ཁ་དོག་ནི་ཐོ་བ་ལ་གསོ་པ་ལྟར་རོ། །ཀུན་ཀྱང་མདའ་དང་གཞུ་བསྣམས་པའོ། །འདིར་ནི་གཤིན་རྗེ་གཤེད་ཉིད་ཀྱི་དབང་བསྐུར་བར་གསུངས་པ་ནི། ལྷ་རྣམས་དེ་དག་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་


DTG046_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །བསྒྲུབ་བྱ་དགུག་པའི་དུས་སུ་ཇི་ལྟར་བསྒོམ་གསུངས་པ་ནི་བུད་མེད་ཀྱི་ནི་པདྨ་རུ་ཞེས་བྱ་བ་སྟེ། མངོན་པར་འདོད་པའི་བསྒྲུབ་བྱ་པདྨའི་གེ་སར་ལ་གནས་པར་རོ། །རྡོ་རྗེ་ལུས་མེད་ཀྱི་ནི་སྔགས་ཏེ་སྔགས་དང་ལྷ་དབྱེར་མེད་པར་རོ། །དེ་ཡང་སའི་ཏ་ཞེས་བྱ་བའོ། །དོན་ནི་འདི་ཡིན་ཏེ། བསྒྲུབ་བྱ་དགུག་པའི་དུས་སུ་ཇི་སྐད་བཤད་པའི་གནས་སུ་སྔགས་བསྒོམ་པར་བྱའོ། །རྣ་བའི་དྲུང་དུ་བཀང་བའི་མདའ་འཕང་བར་བྱ་སྟེ། མྱོས་པར་བྱེད་པ་དང་རྨོངས་པར་བྱེད་པ་དང་འདར་བར་བྱེད་པ་དང༌། ལྟུང་བར་བྱེད་པ་དང་བརྒྱལ་བར་བྱེད་པའི་མདའ་ལྔས། མགོ་བོ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བ་རྣམས་ཕུག་ནས་སྙིང་པོའི་སྔགས་ཀྱི་འོད་ཀྱིས་བཀུག་པར་གྱུར་པར་བསམ་པར་བྱའོ། །ཡི་གེ་སཱི་ཏ་ལས་ཡང་དག་བྱུང་ཞེས་བྱ་བ་ནི་སཱི་ཏ་ལས་སྐྱེས་པའོ། །བསླུས་ཤིང་ཞེས་བྱ་བ་ནི་འདོད་པར་བྱ་བ་ལ་མོས་པར་བྱའོ། །གཡེངས་པ་ནི་མྱོས་པའོ། །མྱོས་ནས་ཞེས་བྱ་བ་ནི་གཡོ་བའོ། །བདེ་བ་འདོད་པ་ནི་འདོད་པ་ལ་ཞེན་པའོ། །བཀུག་ནས་རྐང་པའི་དྲུང་དུ་བཏུད་པ་གོས་དམར་པོས་ཡོངས་སུ་དཀྲིས་པར་བསམ་པར་བྱའོ། །སྔགས་བཏུ་བ་གསུངས་པ། དེར་ནི་ཞེས་བྱ་བ་ལ་བསྒོམ་པ་དེ་ལའོ། །ཡི་གེ་ཨོཾ་ནི་རིང་པོར་དྲང༌། །ཞེས་བྱ་བ་ནི་དང་པོར་ཡི་གེ་ཨོཾ་ཉེ་བར་མཚོན་པར་བྱའོ། །ཡི་གེ་སྭཱ་ཧཱ་ཐ་མར་སྦྱིན། །ཞེས་བྱ་བ་ནི་མཐར་དེ་སྦྱིན་པའོ། །འདི་དག་གི་བར་དུ་ཡི་གེ་སཱི་ཏའི་སྔགས་བརྗོད་པ་ནི་བཟླས་པའོ། །སྔགས་བསྡུས་པ་འདི་ཡིན་ཏེ། ཨོཾ་ཧྲི་སཱི་ཏ་སྭཱ་ཧཱ་ཞེས་བྱ་བའོ། །ཧྲི་ཞེས་བྱ་བ་ནི་མན་ངག་ལས་ཤེས་པར་བྱའོ། །ཆེ་གེ་མོ་ཞིག་བདག་དབང་གྱུར། །ཅེས་བྱ་བ་ནི་སྒྲུབ་པའི་དུས་སུ་བསྐུལ་ཚིག་དང་ལྡན་པའོ། །ཐམས་ཅད་དུ་ནི་བསྒོམ་བྱ་མིན། །ཞེས་བྱ་བ་ནི་རྟག་ཏུའོ། །ཞག་བདུན་བར་དུ་ཞེས་བྱ་བའི་ཚིག་ཡོད་པ་དེར་ནི་སྒྲུབ་པའི་དུས་སུ་ཉི་མ་བདུན་བསྒོམ་པའོ། །འདིར་ཅིར་འགྱུར་ཞེ་ན་གསུངས་པ། འདོད་པ་དེ་འཐོབ་འགྱུར་ཞེས་པའོ། །གང་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས་གསུངས་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས། རིམ་པར་ཕྱེ་བ་བཅོ་ལྔ་པའི་བཤད་པའོ།། །།


previousརིམ་པ་ཕྱེ་བ་བཅོ་ལྔ་པ། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་ཀྱི་བཤད་པ།next