Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
རིམ་པ་ཕྱེ་བ་བཅུ་དྲུག་པ། ཧེ་རུ་ཀ་བསྒྲུབ་པའི་བཤད་པ།
   
   
  expand section
  expand section
  expand section
  expand section


 
previousརིམ་པ་ཕྱེ་བ་བཅུ་དྲུག་པ། ཧེ་རུ་ཀ་བསྒྲུབ་པའི་བཤད་པ།next

རིམ་པ་ཕྱེ་བ་བཅུ་དྲུག་པ། ཧེ་རུ་ཀ་བསྒྲུབ་པའི་བཤད་པ།


DTG046_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཀྱི་རིམ་པར་ཕྱེ་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཧེ་རུ་ཀ་ཆེན་པོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཕུང་པོའི་དོན་བྱེད་པའི་ཕྱིར་ཆེན་པོའོ། །ཧེ་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ། །ཧ་ནི་ཆོས་ཐམས་ཅད་ཉམས་པ་མེད་པའོ། །ཨེ་ནི་ཆོས་ཐམས་ཅད་ཚོར་བ་དང་བྲལ་བའོ། །རུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བྲག་ཅ་ལྟ་བུའོ། །ར་ཞེས་བྱ་བ་ནི་ཆོས་ཐམས་ཅད་དགའ་བ་དང་ལྡན་པའོ། །ཨུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་དང་བྲལ་བའོ། །ཀ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདེ་བ་དང་ལྡན་པའོ། །ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའོ། །འདིས་ནི་འདི་སྐད་བསྟན་པ་ཡིན་ཏེ། བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པ་བདག་མེད་པའི་རྣམ་པ། རང་གིས་རིག་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་འགྲོ་བ་མ་ལུས་པ་ལ་ཕན་པ་ལ་གཅིག་ཏུ་ཞུགས་པ་ནི་བཅོམ་ལྡན་འདས་ཧེ་རུ་ཀ་ཆེན་པོའོ། །དེའི་སྒྲུབ་པའི་ཐབས་ནི་འདིས་སྒྲུབ་པར་བྱེད་པས་བསྒོམ་པའི་རིམ་པའོ། །གང་ཞིག་ཤེས་པས་ཞེས་བྱ་བ་ནི་གང་གིས་སྒྲུབ་པའི་ཐབས་ཉམས་སུ་ལེན་པའོ། །མྱུར་དུ་གྲོལ་བ་ཞེས་བྱ་བ་ནི་མྱུར་དུའོ། །རྣལ་འབྱོར་ཞེས་བྱ་བ་ནི་སྦྱོར་བ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ལུས་ཅན་ནི་ཧེ་རུ་ཀ་ཆེན་པོའོ། །གང་ལ་དེ་ཡོད་པ་དེ་ནི་རྣལ་འབྱོར་རོ། །འཁོར་བར་བཅིངས་པ་ལས་ཞེས་བྱ་བ་ནི་འཁོར་བས་ན་འཁོར་བ་སྟེ་རྒྱུན་མི་འཆད་པར་འགྲོ་བ་དྲུག་ཏུ་གནས་པ་སྔོན་དུ་སོང་བས་འཁོར་བའོ། །དེ་ཉིད་ནི་འཆིང་བ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་གྲོང་དུ་འགྲོ་བ་འཆིང་བར་བྱེད་པས་འཆིང་བ་སྟེ་དེ་ལྟ་བུ་ལས་གྲོལ་བའོ། །དེ་ཉིད་གསུངས་པ། ཕྱག་གཉིས་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཡང་སྔ་མ་ཀུན་དང་འདྲའོ། །ཕྱག་གཉིས་ཞེས་བྱ་བ་ལ་སོགས་པ་ནི་ཁྱད་པར་རོ། །ཕྱེད་གར་ཞེས་བྱ་བ་ནི་གར་གྱི་ཁྱད་པར་ཏེ་ཕྱེད་ཀྲུང་གིས་གར་ཞེས་བྱ་བའི་དོན་ཏོ། །ཕྱག་ཏུ་ཞེས་བྱ་བ་ནི་ཕྱག་གི་


DTG046_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་ནའོ། །གཞན་ལ་ཐོད་པ་དགོད་པར་བྱ། །ཞེས་བྱ་བ་ནི་ཕྱག་ཡ་གཅིག་ལ་ཐོད་པ་དགོད་པའོ། །ཕྱག་རྒྱ་ལྔ་ཞེས་བྱ་བ་ནི་འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་ལག་གདུབ་དང་སྐེ་རགས་སོ། །ཕྱག་རྒྱ་འདི་དག་གིས་རྒྱས་བཏབ་པ་འདི་ལ་ཡོད་པས། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞེས་བྱའོ། །འདི་སྐད་སྟོན་པར་འགྱུར་ཏེ། སངས་རྒྱས་ལྔ་ཉིད་ཕྱག་རྒྱ་ལྔ་ཡིན་ཏེ་དེ་ཡང་དགྱེས་པའི་རྡོ་རྗེ་ལས། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། རྣ་ཆ་སྣང་བ་མཐའ་ཡས་དག །མགུལ་གྱི་ཕྲེང་བ་རིན་པོ་ཆེ། །ལག་གདུབ་རྣམ་སྣང་མཛད་དུ་དྲན། །སྐེ་རགས་ལ་ནི་དོན་ཡོད་གནས། ཕྱག་རྒྱ་འདི་ལྔ་རྣམ་པར་དག །ཅེས་གསུངས་པས་སོ། །ཁ་ཊྭཱཾ་ག་ནི་གཡོན་ཕྱོགས་སུ། །ཞེས་བྱ་བ་ལ་ཐོད་པ་འཛིན་པའི་ཕྱག་གིས་ཕྲག་པ་གཡོན་པར་ཁ་ཊྭཱཾ་ག་འཕྱར་བའོ། །ས་བོན་ཧཱུཾ་ལས་ཡང་དག་བྱུང༌། །ཞེས་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གི་ས་བོན་ལས་གང་བྱུང་བའོ། །ཡི་དགས་ལ་གནས་ཞེས་བྱ་བ་ནི་རོའི་སྙིང་གར་གནས་པའོ། །རྟག་ཏུ་དགོད་ཅེས་བྱ་བ་ནི་གད་མོ་རྣམ་པ་བརྒྱད་དང་ལྡན་པའོ། །དབུ་ལ་ཞེས་བྱ་བ་ནི་མགོ་ལའོ། །ཐོད་པ་ཞེས་བྱ་བ་ནི་ཀཾ་ནི་བདེ་བའོ། །དེ་སྐྱོང་བར་བྱེད་པས་ཐོད་པ་སྟེ་སངས་རྒྱས་ཉིད་ཐོད་པའི་གཟུགས་སུ་གནས་པའོ། །དེའི་ཕྱིར། སངས་རྒྱས་ལྔ་རུ་རབ་སྦྱོར་བ། །གསུངས་པ་ཡིན་ནོ། །མི་བསྐྱོད་པ་ཞེས་བྱ་བ་ནི་རྡོ་རྗེ་འཆད་སྟེ་མ་ལུས་པའི་རྣམ་པར་རྟོག་པས་མི་འཁྲུགས་པས་ན་དེ་སྐད་ཅེས་བྱ་བའོ། །ལྷག་མ་ནི་གོ་སླའོ། །ཆོས་ཀྱི་འཁོར་ལོ་མ་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ་འཁོར་གྱི་སྙིང་པོའི་ལྷ་མོ་དགོད་པ་བསྟན་ཏོ། །གཏི་མུག་ཐམས་ཅད་ཉེར་འཇོམས་བྱེད། །ཅེས་བྱ་བ་ནི་གཏི་མུག་ལ་སོགས་པ་ཐམས་ཅད་མེད་པར་བྱེད་པའོ། །བྱ་བ་སྟེ་ནུས་པའི་རྒྱལ་པོ་ཞེས་བྱ་བའི་རིགས་པས་སོགས་པ་ཞེས་བྱ་བའི་སྒྲས་བར་གྱི་ཚིག་མི་མངོན་པར་བྱས་པའི་བསྡུ་བ་ཡིན་ནོ། །འདི་རྣམས་ཀྱི་ཕྱག་མཚན་གསུངས་པ། ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་རྩིབས་བརྒྱད་པའི་འཁོར་ལོའོ། །ཨ་ཤྭདྠ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཤིང་ངོ༌། །ཡིད་བཞིན་གྱི་


DTG046_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུའི་ཤིང་ནི་དཔག་བསམ་གྱི་ཤིང་ངོ༌། །རྡོ་རྗེ་ནི་སྔོན་པོ་རྩེ་ལྔ་པའོ། །ཕྱག་གཡས་ལ་ཞེས་བྱ་བ་ནི་ཕྱག་གཡས་པའི་ཆ་ལའོ། །གཡོན་པ་ལ་ཞེས་བྱ་བ་ནི་གཡོན་པ་ལའོ། །འཁོར་ལོའི་དཀྱིལ་འཁོར་ནི་དབུས་ཀྱི་དཀྱིལ་འཁོར་ཟླུམ་པོ་ལའོ། །དབུས་དེར་སྤྱན་ལ་སོགས་པ་ཡང་དགོད་པར་བྱའོ། །དེའི་ཕྱིར་གསུངས་པ། མེ་ལ་སོགས་པའི་མཚམས་བཞིར་རོ། །ཞེས་བྱ་བ་ཡིན་ནོ། །ཡིད་དུ་འོང་བ་རྣམས་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་ཡིན་པའི་ཕྱིར་ཤིན་ཏུ་ཡིད་འཕྲོག་པའོ། །འཁོར་ལོའི་ཕྱི་རོལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་གྲུ་བཞི་ལ་ནི་གཤིན་རྗེ་གཤེད་ལ་སོགས་པ་དགོད་དོ། །ཡང་གནས་ངེས་པ་གསུངས་པ། སྒོ་སྲུང་ཞེས་བྱ་བ་ལ་སོགས་པ་ལ། ཆོ་གའི་ལས་ནི་མཐོང་བ་ཡིས། །ཞེས་བྱ་བ་ནི་ཆོ་གའི་ལས་གསུངས་པའོ། །དེ་ལ་སྤྱན་ལ་སོགས་པ་དཀར་མོ་དང་སྔོན་མོ་དང་དམར་མོ་དང་ལྗང་གུས་འཁོར་ལོ་དང་ཨུཏྤལ་དམར་པོ་དང་པདྨ་དམར་པོ་དང་ཨུཏྤལ་སྔོན་པོ་བསྣམས་པའོ། །ཁ་ཅིག་ན་རེ་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རལ་གྲི་འཛིན་པའོ་ཞེས་ཟེར་རོ། །གཡོན་པ་ཐམས་ཅད་ན་ཐོད་པ་བསྣམས་པའོ། །གཤིན་རྗེ་གཤེད་ལ་སོགས་པ་ལ་ནི་ཐོབ་དང་དབྱུག་པ་དང་པདྨ་དང༌། རལ་གྲི་བསྣམས་པའོ། །ཁ་ཅིག་ན་རེ་འཁྱིལ་པ་ནི་རྡོ་རྗེ་བསྣམས་པའོ་ཞེས་ཟེར་རོ། །འདིར་ཡང་བཅོམ་ལྡན་འདས་རྫོགས་པས་ཐམས་ཅད་ཀྱང་རྫོགས་པར་འགྱུར་རོ། །གང་དུ་ཧེ་རུ་ཀའི་སྒྲུབ་ཐབས་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ། །དཔལ་གཤིན་རྗེ་གཤེད་ནག་པོའི་དཀའ་འགྲེལ་སློབ་དཔོན་ཤྲཱི་དྷ་རས་མཛད་པ་ལས། རིམ་པར་ཕྱེ་བ་བཅུ་དྲུག་པའི་བཤད་པའོ།། །།


previousརིམ་པ་ཕྱེ་བ་བཅུ་དྲུག་པ། ཧེ་རུ་ཀ་བསྒྲུབ་པའི་བཤད་པ།next