Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  expand section
  collapse section
   
  collapse section
རྒྱུད་ཀྱི་གཞུང་ཉི་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
  expand section


 
previousརྒྱུད་ཀྱི་གཞུང་ཉི་བསྟན་པ།next

རྒྱུད་ཀྱི་གཞུང་ཉི་བསྟན་པ།

ལེའུ་དང་པོ། མངོན་པར་རྟོགས་པའི་བཤད་པ།


DTG046_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་གཞུང་ཉིད་བསྟན་ཏེ། དེ་ནས་ཞེས་བྱ་བ་ནི་སྐུ་ཡང་དག་པར་གཏད་པ་དག་ཏུའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་གཤིན་རྗེའི་དགྲ་སྟེ། ཇི་སྐད་དུ་འཕགས་པ་དེ་ཁོ་ན་འདུས་པ་ལས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པས་འདི་སྐད་ཅེས་བཀའ་སྩལ་ཏེ། ཀྱེ་མ་ལྷ་རྣམས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཐུ་བོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་སྟེ། སེམས་ཅན་ཐམས་ཅད་གདུལ་བའི་དོན་བྱ་བའི་ཕྱིར། ཁྲོ་བོའི་རྒྱལ་པོ་ཆེན་པོར་དབང་བསྐུར་རོ་ཞེས་གསུངས་པས་སོ། །བདུད་ཐམས་ཅད་ཅེས་བྱ་བ་ནི་ལྷའི་བུའི་དང་འཆི་བདག་གི་བདུད་དོ། །སེལ་བར་བྱེད་པ་ཞེས་བྱ་བ་ནི་ཡང་དག་པར་སྤོང་ཞིང་དེ་དག་ལས་གསུང་བའོ་ཞེས་བྱ་བ་ནི་ཚིག་གིས་མཚམས་སྦྱར་བ་དང་མིང་གི་མཐའི་ཕྲད་དོ། །ཏིང་ངེ་འཛིན་ཞེས་བྱ་བ་ནི་སེམས་རྩེ་གཅིག་པའོ། །འདིས་ཞེས་བྱ་བ་ནི་འོད་ཟེར་ལྔ་པོ་ནི། འཁྲུགས་པའི་རྡོ་རྗེ་བསྒོམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པའོ། །དེ་མ་ཐག་ཏུ་ཞེས་བྱ་བ་ནི་དོན་གྱི་དབང་གིས་ན་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་སྟེ། དེ་ཉིད་ཀྱི་ཕྱིར་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་གསུངས་ཏེ། ཉིད་ཀྱི་ཞེས་བྱ་བ་ནི་གཤིན་རྗེའི་དགྲའོ།། སྐུ་དང་གསུང་དང་ཐུགས་རྣམས་ཆོས་ཀྱི་དབྱིངས་སུ་བསྒོམས་པས་དེ་ཉིད་བདག་ཉིད་ལས་མི་ཕྱེད་པར་གྱུར་པ་ནི་རྡོ་རྗེའོ། །དེ་ཉིད་ལས་སྲུང་བ་ལ་སོགས་པའི་མན་ངག་རྣམས་ཕྱུང་ངོ༌། །དེ་བས་ན་འདི་ནི་ཆོས་ཀྱི་དབྱིངས་ལས་བྱུང་བ་ཡིན་གྱི། དེ་བཞིན་གཤེགས་པ་སྔོན་ཆད་མེད་པ་ཞིག་སྦྱར་བ་ནི་མ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་འདས་པའི་སྔགས་རྣམས་ཀྱི། །ཐོག་མའི་བྱེད་པ་མེད་པའོ། །ཞེས་གསུངས་ལ། ཡང་གསུངས་པ། གསང་བའི་བདག་པོ་གཞན་ཡང་གསང་སྔགས་རྣམས་ཀྱི་མཚན་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་བྱས། བྱེད་དུ་མ་བཅུག །རྗེས་སུ་ཡི་རང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་


DTG046_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ཤེས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་ཆོས་ཉིད་དོ། །གསང་བའི་བདག་པོ་དེ་ལ་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ། འཇིག་རྟེན་དུ་འབྱུང་བ་དེའི་ཚེ་ཆོས་ཉིད་ཚུལ་སྣ་ཚོགས་དང༌། དགོངས་པ་སྣ་ཚོགས་ཀྱི་སེམས་ཅན་པས་མ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་དང་ཡིག་འབྲུ་སྣ་ཚོགས་དང༌། ཡུལ་གྱི་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་དང་དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ་གསང་སྔགས་ཀྱི་ཚུལ་འཆད་དོ་ཞེས་གསུངས་སོ། །དེ་ལས་བྱུང་བ་དེ་ཉིད་གང་ཞེ་ན། ཟླ་བ་རྡོ་རྗེ་རབ་སྦྱོར་པས། །གཤིན་རྗེ་གཤེད་པོ་བསམ་པར་བྱ། །ཞེས་བྱ་བ་གསུངས་ཏེ་དང་པོར་སྟོང་པ་ཉིད་དུ་གྱུར་པ་ལས་ཨ་ལས་བྱུང་བའི་ཟླ་བ་ལ་ཧཱུཾ་གི་ཡི་གེ་ལས་བྱུང་པའི་རྡོ་རྗེ་རྩེ་མོ་ལྔ་པ་བསམ་པའི་འོད་ཟེར་འཕྲོ་བ་དང་འདུ་བའི་བར་དུ་སྦྱོར་བས་དེ་དག་ཡོངས་སུ་གྱུར་པའི་འོད་ཀྱི་གོང་བུ་ལས་ཞེ་སྡང་གཤིན་རྗེ་གཤེད་པོར་བདག་ཉིད་བསམ་པར་བྱའོ། །འདིའི་དོན་ཡང་ཞིབ་ཏུ་ནི་ཀུ་མུ་ཏ་ཁ་ཕྱེ་བར་གསལ་བར་བྱས་པས་དེར་བལྟའོ། །ཅི་སྲུང་བ་མ་བསྒོམས་པར་རམ་ཞེ་ན་མ་ཡིན་ཏེ། བདུད་རྣམས་མེད་པའི་དོན་དུ་ནི། །ཕྱོགས་བཅིང་དོན་ནི་རབ་བསྟན་པ། །བསྒོམ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །ཇི་ལྟ་བུ་ཞིག་བསྒོམ་ཞེ་ན། བསྲུང་བའི་དོན་ལ་པདྨའི་ཟླ་པ་ལ་ཧཱུཾ་ལས་བྱུང་པའི་རྡོ་རྗེ་བསྒོམ་པར་བྱ་སྟེ། དེ་ཡང་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་དང༌། དཀར་པོའི་འོད་ཟེར་ཁ་དོག་ལྔ་པོ་རབ་ཏུ་འཁྲུག་པར་རོ། །དེས་ཅི་ཞིག་བྱེད་ཅེ་ན། འོད་ཟེར་ཁ་དོག་ལྔ་པོ་འཁྲུག་པ་དེ་དག་རྡོ་རྗེ་རབ་ཏུ་ཕྲ་བ་ནས་འབྲས་ཙམ་དུ་གྱུར་ཅིང་དེ་དག་འོག་ཏུ་རབ་ཏུ་འཐོབ་པ་ནི་འོག་ཏུ་མ་ལུས་པའམ། བཅུད་ཀྱི་ངོས་ལ་ཐུག་པར་རྡོ་རྗེའི་རང་བཞིན་གྱིས་གཞིར་གྱུར་ཅིང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་དུ་ཀུན་ནས་གྲུ་བཞི་ལྷ་མ་པར་ཁོར་ཡུག་ཆེན་པོར་རོ། །ཕྱོགས་སུ་


DTG046_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འོད་ཟེར་དེ་དག་རྡོ་རྗེའི་རང་བཞིན་གྱི་ལྕགས་རིའི་ར་བར་གྱུར་ཏོ། །ཡང་འོད་ཟེར་དེ་དག་ཕྱོགས་སུ་ཁོར་ཡུག་ཆུད་དུ་འི་རྣམ་པ་ལྟར་ཀུན་ནས་ཟླུམ་པོའི་རྡོ་རྗེའི་རྩིག་པ་ཉིད་དུ་གྱུར་ཏོ། །ཡང་འོད་ཟེར་དེ་དག་སྟེང་གི་ཕྱོགས་སུ་རྡོ་རྗེའི་རང་བཞིན་གྱི་གུར་དག་ཏུ་གྱུར་པར་ཇི་ལྟར་གསུངས་པ་དེ་བཞིན་དུ་བསམ་པར་བྱ་སྟེ། དེ་བས་ན་གང་ཞིག་དཔལ་གཤིན་རྗེའི་དགྲའི་གོ་འཕང་འདོད་ན་དེས་དང་པོར་སྲུང་བ་བགྱིས་ལ། དེ་ནས་དེར་བདག་ཉིད་སྒོམས་ཤིག་ཅེས་གསུངས་པའོ། །དེ་ལ་ཁ་ཅིག་ན་རེ་སྲུང་བ་ལ་སོགས་པ་ནི་རྣལ་འབྱོར་ཡང་བདག་ཉིད་ལྷའི་སྐུར་གནས་པར་བྱ་བའི་རིགས་ལ། རྒྱུད་ལས་ཀྱང་དང་པོར་ལྷའི་རྣལ་འབྱོར་གསུངས་པས། རེ་ཞིག་དང་པོ་ཟླ་བ་དང༌། རྡོ་རྗེ་ཙམ་ལས་ལྷའི་སྐུ་མངོན་དུ་བྱས་ལ་དེས་སྲུང་བར་བྱ་སྟེ། དེའི་དབུས་སུ་མཆོད་པ་ལ་སོགས་པ་ལྷའི་རྣལ་འབྱོར་རྒྱས་པ། ཡན་ལག་དང་བཅས་པར་བྱའོ་ཞེས་ཟེར་རོ། །དེ་ནས་ཞེས་བྱ་བ་ནི་སྲུང་བ་བསྟན་མ་ཐག་ཏུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཞེ་སྡང་གཤིན་རྗེ་གཤེད་ཉིད་དུ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་དཀྱིལ་འཁོར་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ལས་བསྐྱེད་པའོ་ཞེས་བྱ་བའོ། །དེ་བདུད་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་འབྲས་བུའི་གཤིན་རྗེ་གཤེད་དུ་གྱུར་ནས་སོ། །གཤིན་རྗེའི་དགྲ་གཏི་མུག་རྡོ་རྗེ་བྱ་བ་ལ་སོགས་པ་ནི་གོ་སླའོ།། ནམ་མཁའི་རྡོ་རྗེ་དབུས་ནི་ཞེས་བྱ་བ་ལས་ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཡོངས་སུ་གྱུར་པ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ནམ་མཁའ་ཐམས་ཅད་ཁྱབ་པའི་ཚད་ལ་ཆོས་འབྱུང་གི་རྡོ་རྗེ་དང་དབྱེར་མེད་པའི་གློ་བུར་གྱི་སྒྲིབ་པ་དང་བྲལ་བས་ཁ་དོག་དཀར་བ་འདོད་པའི་ཁམས་སུ་ཁྱབ་བས་རྩེ་མོ་གཅིག་ཐུར་དུ་བལྟས་པ་ཁམས་གོང་མ་གཉིས་ལ་ཁྱབ་པར་རྩེ་མོ་གཉིས་སྟེང་ན་གནས་པའོ། །དེའི་དབུས་སུ་ཞེས་བྱ་བ་ནང་དུ་པཾ་ལས་བྱུང་པའི་པདྨ་སྣ་ཚོགས་འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཧཱུཾ་ལས་བྱུང་བའི་ཉི་མར་ཡི་གེ་ཁཾ་ལས་བྱུང་བའི་སྣ་ཚོགས་


DTG046_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འོད་ཟེར་བསྐལ་པའི་མེ་འབར་བལྟ་བུས་བདུད་ཀྱི་དཔུང་ཆེན་པོ་བསྲེགས་པས་འཇིགས་པར་བསམ་པར་བྱ་ཞིང་དེའི་དབུས་སུ་ཡང་རྣམ་པར་སྣང་མཛད་ལ་སོགས་པ་སྦྱོར་བས་གཞལ་ཡས་ཁང་ཁང་པ་བརྩེགས་མ་བསམས་ཏེ། ཁང་པ་བརྩེགས་མ་དེའི་དབུས་སུ་ཇི་ལྟར་གསུངས་པའི་གདན་ལ་བསམ་པར་བྱ་བ་ནི་དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་གོ་སླའོ། །སྣ་ཚོགས་རྡོ་རྗེའི་གྲྭ་བཞི་ལ། མི་ཡི་མགོ་བོ་དེ་བཞིན་བཞི་།ཞེས་བྱ་བ་ལ། །སྣ་ཚོགས་རྡོ་རྗེ་གྲྭ་ཞེས་བྱ་བ་ནི། སྣ་ཚོགས་རྡོ་རྗེ་ལ་བརྟེན་པའི་ཁང་པ་བརྩེགས་མའི་གྲྭའི་རེའུ་ཆ་བཞི་པ་པདྨའི་ཟླ་བ་བདུད་རྩིས་བཀང་པའི་མིའི་མགོ་བོ་བཞི་དེ་བཞིན་དུ་བསྒོམ་པར་བྱའོ་ཞེས་ཚིག་རྣམ་པར་སྦྱར་རོ། །ཁ་ཅིག་ན་རེ་དབུས་སུ་པདྨ་འདབ་བརྒྱད་བསྒོམ་ཞིང་དེའི་མཚམས་ཀྱི་འདབ་མ་བཞི་ལའོ་ཞེས་ཟེར་བ་ནི་མི་འཐད་དོ། །འདིར་གྲྭ་ཞེས་བྱ་བ་ཡང༌། ནང་གི་རྡོ་རྗེར་བའམ་ལྷའི་སྣམ་བུའི་གྲྭ་གང་ལ་ཡང་རུང་བའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དཀྱིལ་འཁོར་དབྱུང་བའི་སྔགས་ཏེ་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་སྟེ་འདིར་དོན་ནི་སྔོན་དུ་བྱ་བའི་ཡན་ལག་རྣམས་བྱས་ལ། དེ་ནས་རེ་ཞིག་རང་གི་མཚོག་མར་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཨོཾ་ཁ་དོག་དཀར་པོ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དཀར་པོ་རྩ་བའི་ཞལ་དཀར་པོ། ཞལ་གཡས་གཡོན་གནག་པ་དང་དམར་བ་ཕྱག་གཡས་པ་གཉིས་ན་འཁོར་ལོ་དང་རལ་གྲི་འཛིན་པ། གཡོན་པ་གཉིས་ན་ནོར་བུ་དང་པདྨ་འཛིན་པ། གཡས་གཡོན་དང་པོ་གཉིས་ན་གྲི་གུག་དང་ཐོད་པ་འཛིན་པས་རང་དང་འདྲ་བའི་བཙུན་མོ་ལ་འཁྱུད་པ་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་པ་བསམས་ཏེ། ཡང་དེའི་ཐུགས་ཀ་ན་གནས་པའི་ཡི་གེ་ཨོཾ་གྱི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའི་གཏོས་ཁྱབ་པའི་སངས་རྒྱས་དཔག་ཏུ་མེད་པ་བསྡུས་ཏེ། མཁའ་ལ་གནས་པ་ལ་ཡང་དག་པར་མཆོད་དེ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་


DTG046_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་བཀང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཉིད། །བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་སྐུ་རྡོ་རྗེ་ལ་ཞུགས་པར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བཟླས་པས་བྱིན་གྱིས་བརླབ་བོ། །དེ་ནས་ཡང་མགྲིན་པའི་ཕྱོགས་སུ་ཨའི་ཡི་གེ་ལས་བྱུང་བའི་ཟླ་བ་ལ། ཡི་གེ་ཨཱཿདྨར་པོ་བསམས་ཏེ་དེ་ལས་བྱུང་བའི་པདྨ་དམར་པོ་དང༌། དེ་ལས་བྱུང་བའི་བཅོམ་ལྡན་འདས་ཚེ་མཐའ་ཡས་པ་སྐུ་མདོག་པདྨ་རཱ་གི་འདྲ་བ་ཞལ་གསུམ་ལ་རྩ་བའི་ཞལ་དམར་བ། ཞལ་གཡས་དང་གཡོན་གནག་པ་དང་དཀར་བ། ཕྱག་དྲུག་པ། གཡས་ན་པདྨ་དམར་པོ་དང་ནོར་བུ་མརྒད་འཛིན་པ། གཡོན་ནོར་བུ་བཻ་ཌཱུཪྻ་དང་འཁོར་ལོ་འཛིན་པ། གཡས་གཡོན་དང་པོ་གཉིས་ན་གྲི་གུག་དང་ཐོད་པས་བྲེལ་བས་རང་སྣང་བའི་བཙུན་མོ་ལ་འཁྱུད་པར་བསམས་ཏེ། དེའི་ཐུགས་ཀའི་ཡི་གེ་ཨཱཿའི་འོད་ཟེར་གྱིས་སངས་རྒྱས་ནམ་མཁའ་ཁྱབ་པ་བཀུག་ལ་ཡང་དག་པར་མཆོད་དེ། ཆོས་ཀྱི་གསུང་ལམ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང༌། །ཆོས་འཛིན་པ་དང་འདྲ་བར་ཤོག །ཅེས་གསོལ་བ་བཏབ་པས། །སངས་རྒྱས་ཐམས་ཅད་གསུང་རྡོ་རྗེ་ལ་རབ་ཏུ་ཞུགས་པར་བསམ་མོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཝ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བཟླས་པས་བྱིན་གྱིས་བརླབ་པོ། །དེའི་འོག་ཏུ་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་ཟླ་བ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལས་བཅོམ་ལྡན་འདས་མི་གཡོ་བ་སྐུ་མདོག་ནག་པོ་ཞལ་གསུམ་པ་ལ་ཕྱག་དྲུག་པ། ཞལ་དང་པོ་གནག་པ་གཡས་དང་གཡོན་དཀར་བ་དང་དམར་བ། ཕྱག་གཡས་པས་རྡོ་རྗེ་དང་རལ་གྲི་གཡོན་པ་དག་ན་ནོར་བུ་དང་པདྨ། ཕྱག་དང་པོ་གཉིས་ནི་གྲི་གུག་དང་ཐོད་པ་འཆང་པས་རང་ལྟ་བུའི་ཤེས་རབ་མ་ལ་འཁྱུད་


DTG046_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ་དེའི་ཐུགས་ཀ་ན་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བའི་སངས་རྒྱས་ནམ་མཁའ་གང་བ་ལ་ཡང་དག་པར་མཆོད་དེ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཀུན་དུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་བདག་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲར་གྱུར་ཅིག །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །ཅེས་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ཐུགས་རྡོ་རྗེ་ལ་ཞུགས་པར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙི་ཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བཟླས་པས་བྱིན་གྱིས་བརླབས་ཏེ། འདི་དག་ལ་སོགས་པ་བྱིན་གྱིས་བརླབ་པའི་སྔགས་ནི། གང་དུ་ཡང་ལན་གསུམ་མམ། བདུན་ནམ། ཡང་ན་དེའི་དོན་ལ་མོས་པ་ངེས་པར་གྱུར་གྱི་བར་དུ་བཟླས་སོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་གཙོ་བོ་ལྔའི་རང་བཞིན་བཤད་པ་སྟེ། དེའི་ལྷག་མ་ནི་ལེའུ་བཅུ་པ་ལས་འཆད་པར་བྱེད་དོ། །ཚིག་གི་དོན་ནི་གོ་སླ་བསམ་ཕྱེའོ། །མངོན་པར་རྟོགས་པ་ཞེས་བྱ་བ་ནི་རང་གི་སེམས་སོ་སོར་རྟོག་པ་ལ་སོགས་པའི་ལམ་སྟེ་དེ་གསལ་བར་བྱེད་པའི་ལེའུ་ཞེས་བྱའོ། །ལེའུ་དང་པོའི་བཤད་པ་རྫོགས་སོ།། །།

ལེའུ་གཉིས་པ། དཀྱིལ་འཁོར་ཆེན་པོའི་བཤད་པ།


DTG046_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མངོན་པར་རྟོགས་པ་བསྒོམ་པའི་དུས་སུ་བསྟོད་པ་ལ་སོགས་པ་བྱ་དགོས་པས་ན། དེ་ནས་བསྟོད་པ་ལ་སོགས་པའི་ལེའུ་གཉིས་པ་བསྟན་ཏོ། །དཀྱིལ་འཁོར་ཆེན་པོ་བྲི་བ་ཡང་སློབ་མས་གསོལ་བ་གདབ་དགོས་པས་གསོལ་བ་གདབ་པ་ལ་སོགས་ལེའུ་གསུམ་པ་བསྟན་ཏོ། །བདག་གི་དོན་དུ་དངོས་གྲུབ་ཐོབ་ནས་གཞན་རྗེས་སུ་གཟུང་བ་དང་ཕན་གདགས་པར་རིགས་ཏེ། དེ་ལྟར་ན་ནི་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང༌། འདི་ན་ཡུལ་རྣམས་སྤངས་ཤིང་ཆོས་བསྒྲུབས་པས། །ཚེ་རིང་བ་ཉིད་ལེགས་པར་ཐོབ་གྱུར་ན། སྐྱོབ་མེད་པའི་སེམས་ཀྱིས་འགྲོ་བ་ཡི། །བསམ་པ་རྣམས་ནི་རྟག་ཏུ་རྫོགས་པར་བྱ། །ཞེས་གསུངས་སོ། །དེ་བས་ན་དེ་བཞིན་གྱི་དོན་


DTG046_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་བཞི་པ་གསུངས་སོ། །དེ་ནས་ཁ་ཅིག་ནི་ཞི་བ་ལ་སོགས་པའི་ལས་ཀྱིས་མི་འདུལ་གྱི་དབྱེ་བ་དང་བསྐྲད་པས་འདུལ་བར་བྱེད་པས་ན་ལེའུ་ལྔ་པ་གསུངས་སོ། །དེ་ལྟར་ལས་རབ་འབྱམ་བྱེད་པ་ན་རང་གི་ལྟ་རྗེས་སུ་དྲན་ཞིང་བྱེད་ལ་ལས་དེ་ཡང་ལྷ་ལ་དབུལ་བར་རིགས་ཏེ། ཇི་སྐད་དུ་འཕགས་པ་དེ་ཁོ་ན་ཉིད་འདུས་པ་ལས། དགེ་བའམ་ཡང་ན་མི་དགེ་བ། །གང་གི་ལས་རྣམས་བྱས་བ་ནི། །རྒྱལ་བ་ལ་ནི་ཕུལ་གྱུར་ན། །སྐད་ཅིག་གིས་ནི་གཟི་ཅན་འགྱུར། །ཞེས་གསུངས་སོ། །དེ་བས་ན་ལས་དབུལ་བའི་ཡུལ་དུ་གྱུར་པར་སྤྱི་གཙུག་ཏུ་གཞག་པའི་ལྷ་རྒྱས་གདབ་པ་ལ་སོགས་པ་སྟོན་པ་ལེའུ་དྲུག་པ་གསུངས་སོ། །དེ་ལྟར་འཁྲུལ་འཁོར་བསྟན་ཀྱང་ཏིང་ངེ་འཛིན་ཐོབ་པ་རྣམས་ནི་ཕྱི་རོལ་གྱི་བྱ་བ་ལ་མི་ལྟོས་ཀྱི། དགོས་པ་ཐམས་ཅད་ནང་གི་རྣལ་འབྱོར་གྱིས་བྱེད་ན་ལྷ་མོ་བཞི་ནང་གི་རྣལ་འབྱོར་སྟོན་པ་ལ་སོགས་པ་ལེའུ་བདུན་པ་གསུངས་སོ། །དེ་ལྟར་དབང་བསྐུར་བ་ནི་དཀྱིལ་འཁོར་ལ་རག་ལས་ལ། དཀྱིལ་འཁོར་བྲི་བ་ན་ཡང་བཀའི་སྲུང་བའི་འཁོར་ལོ་བསྒྲགས་པར་རིགས་པས་ན་བཀའི་སྲུང་བའི་འཁོར་ལོ་ལ་སོགས་པ་བསྟན་པ་ལ་ལེའུ་བརྒྱད་པ་གསུངས་སོ། །དེ་ལྟར་སྦྱིན་སྲེག་བསྟན་ཀྱང་གནས་སྐབས་འགའ་ཞིག་ཏུ་ལས་གཞན་ངེས་པར་དགོས་པས་ན། སྦྱིན་སྲེག་ལས་ལས་གཞན་པ་ཆར་དབབ་པ་ལ་སོགས་པའི་ལས་སྟོན་པའི་ལེའུ་དགུ་པ་བསྟན་ཏོ། །ལས་དེ་དག་ནི་ཕྲ་བ་ཡིན་པས་སྒྲུབ་པ་པོ་སྟོབས་ཆེ་བ་དག་ལ་ནི་ངེས་ཡིད་མགུ་བར་བྱེད་མི་ནུས་པས་ན་དངོས་གྲུབ་ཆེན་པོ་རོ་ལངས་ཀྱི་སྒྲུབ་པ་ལ་སོགས་པ་སྟོན་པའི་ལེའུ་བཅུ་པ་བསྟན་ཏོ། །དེ་ལྟར་བསྟན་པའི་ལྷ་དེ་རྣམས་ཀྱི་རྣམ་པར་དག་པ་གང་ཞེ་ན་ཞེས་སྟོན་པ་དག་གི་ཕྱིར་ནི་ལྷའི་རྣམ་པར་དག་པ་ལ་སོགས་པའི་ལེའུ་བཅུ་གཅིག་པ་བསྟན་ཏོ། །ཇི་ལྟར་ལྷ་ཚིམ་པར་བྱ་བའི་ཕྱིར་བདུད་རྩི་ཟ་བ་དེ་བཞིན་དུ་ལྷ་རྣམས་དགྱེས་བར་བྱ་བའི་ཕྱིར་གླུའི་མཆོད་པ་ཡང་བྱ་སྟེ་ཇི་སྐད་དུ། གསང་བ་ཟླ་བའི་ཐིག་ལེ་ལས། པི་ཝང་གླིང་བུ་ཡ་མཚན་སྒྲ་བརྙན་གྱི། །གླུ་དབྱངས་དངོས་གྲུབ་རྒྱ་ཆེན་ཐོབ་པར་བྱེད། །ཇི་སྙེད་ཡིད་དུ་འོང་བའི་གླུ་དག་ནི། །འཇིག་རྟེན་གྲགས་པའི་བདེ་བའི་བདེ་བདག །བདེ་བའི་སྒྲ་ཡིས་བསྐྱེད་པ་རྣམས་བསྒྱུར་བ། །དེ་དང་མཐུན་པའི་དབྱངས་


DTG046_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འགྲུབ་པར་བྱེད། །ཅེས་གསུངས་ཏེ་གླུའི་མཆོད་པ་བསྟན་པ་ལ་སོགས་པ་ལེའུ་བཅུ་གཉིས་པ་བསྟན་ཏོ། །དེ་ལྟར་ཡོན་ཆེན་པོ་ཕུལ་བས་བླ་མ་མཉེས་པར་བྱ་བའི་སྔགས་ནི་དངོས་གྲུབ་མ་ལུས་པའི་ཞིང་ཡིན་པས་ནམ་མཁའ་ལ་སྤྱོད་པའི་སྔགས་ཀྱི་མཐུས། ལྷའི་རྣ་བ་ལ་སོགས་པའི་དངོས་གྲུབ་སྒྲུབ་པ་བསྟན་པའི་ཕྱིར་ལེའུ་བཅུ་གསུམ་པ་བསྟན་ཏོ། །ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་དངོས་གྲུབ་དེ་དག་ཀྱང་དཀྱིལ་འཁོར་དུ་དབང་ཐོབ་པ་ལ་རག་ལུས་ལ་དཀྱིལ་འཁོར་ཡང་ཐིག་གིས་བསྒྲུབ་པར་རིགས་ཏེ། དཀྱིལ་འཁོར་ཀུན་ལ་མཁས་པ་ཡིས། །ཐིག་ནི་ཆོགས་བྲི་བར་བྱ། །ཞེས་གསུངས་པས་སོ། །དེ་བས་ན་ཐིག་གདབ་པ་ལ་སོགས་པའི་བྱ་བསྟན་པ་ལེའུ་བཅུ་བཞི་པ་བསྟན་ཏོ། །ཁ་ཅིག་མི་སྣང་བས་དངོས་གྲུབ་མི་འདོད་ཀྱི། །ཆུ་ལ་མི་བྱིང་བ་ལ་སོགས་པའི་དངོས་གྲུབ་འདོད་པ་སྲིད་པའི་ཕྱིར། འཕགས་པ་དུག་སེལ་བ་ལ་སོགས་པའི་སྒྲུབ་པའི་ཐབས་བསྟན་པའི་ལེའུ་བཅོ་ལྔ་པ་གསུངས་སོ། །ཁ་ཅིག་དངོས་གྲུབ་དེ་དག་མི་འདོད་ཀྱི། །དཔལ་ཧེ་རུ་ཀ་མཉེས་པའི་མཆོག་གྲུབ་པ་འདོད་པ་ཡོད་པས། དེ་དག་གི་ཕྱིར་ནི་དེ་ནས་དེ་སྒྲུབ་པའི་ཐབས་ལེའུ་བཅུ་དྲུག་པ་གསུངས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་མང་པོར་བསྟན་པ་དེ་དག་ཐམས་ཅད་ཀྱང་ཕལ་ཆེར་མངོན་པར་བྱང་ཆུབ་པའི་རིམ་པ་ཆོ་ག་ལྔས་བདག་པོ་རྣམས་བསྐྱེད་པར་བྱ་བ་ཡིན་པས་ན། ཆོ་ག་ལྔ་ལ་སོགས་པ་སྟོན་པའི་ལེའུ་བཅུ་བདུན་པ་གསུངས་སོ། །དེ་ལྟར་བསྟན་པ་ལ་ཁ་ཅིག་འདི་སྙམ་དུ་རྒྱུད་འདི་དང་པོ་ནི་ཅིའི་ཕྱིར་གསུངས། སུས་གསུངས་ཞེས་རྟོག་པའི་ཕྱིར་གླེང་གཞི་དང་འདྲ་བའི་ལེའུ་བཅོ་བརྒྱད་པ་གསུངས་སོ། །རེ་ཞིག་རྒྱུད་འདིའི་ལེའུ་རྣམས་ཀྱི་གོ་རིམས་ངེས་པ་དང༌། མཚམས་སྦྱར་བ་ནི་རེ་ཞིག་ནི་འདི་ཙམ་དུ་ཤེས་པར་བྱའོ། །ཁ་ཅིག་ན་རེ་རྒྱུད་ཆེན་པོ་འབུམ་ཉི་ཁྲི་ལྔ་སྟོང་ལས། ཅུང་ཟད་ཅུང་ཟད་ཆུང་བ་ཡིན་པས་མཚམས་སྦྱར་བ་དང༌། གོ་རིམས་ངེས་པར་བྱ་བ་མི་ནུས་སོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བསྟོད་པ་སྟོན་ཏེ་ཚིག་གི་དོན་ནི། དེ་ནས་ཞེས་བྱ་བ་ནི་ལེའུ་དང་པོ་བསྟན་མ་ཐག་ཏུའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་གཤིན་རྗེ་མཐར་བྱེད་རྣམས་ཏེ། ཚིག་གི་དོན་ནི་སྔོན་བཞིན་ནོ། །དེ་བཞིན་


DTG046_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་པ་དེ་དག་ཐམས་ཅད་ཅེས་བྱ་བ་མ་ལུས་པ་རྣམས་ཀྱིས་གཤིན་རྗེ་མཐར་བྱེད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འཆད་པར་འགྱུར་བའི་ཚིག་འདི་དག་གིས་བསྟོད་པ་སྟེ། གཅམ་བུའི་ངག་མིན་གྱི། ཡང་དག་པའི་ཡོན་ཏན་ཇི་ལྟ་བར་བསྙད་པའོ། །ཇི་སྐད་ཅེ་ན། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་བྱ་བ་ལ་སོགས་པ་སྟེ་གཏི་མུག་ཅེས་བྱ་བ་ནི་སྔར་བསྟན་པ་དེ་བཞིན་ཏེ་དེ་ཉིད་མི་ཕྱེད་པས་རྡོ་རྗེའི་རང་བཞིན་ཏེ་དེ་ཡང་ཞེ་སྡང་གཤིན་རྗེའི་དགྲ་ཁྱོད་དེར་སྣང་བའོ། །ཤན་ཏུ་མིང་ཟད་ཅེས་བྱ་བར་རབ་ཏུ་དྲག་པོས་འདུལ་བའོ། །གཤིན་རྗེའི་དགྲ་ཞེས་བྱ་བ་ནི་སྔོན་བཞིན་ནོ། །སྟོན་པ་ཞེས་བྱ་བ་ནི་གཤིན་རྗེ་རབ་ཏུ་ཞི་བར་བྱེད་པས་ན་འམ་ཆོས་ཀྱི་ངོ་བོ་ཉིད་ལས་མི་གཡོ་བས་སོ། །སངས་རྒྱས་ཀུན་གྱི་གནས་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་སོ། །རྡོ་རྗེ་ཞེས་བྱ་བ་ནི་སྐུ་བྱིན་གྱིས་བརླབས་པས་རྡོ་རྗེ་ལྟར་མི་ཕྱེད་པའོ། །ཕྱག་འཚལ་བསྟོད་ཅེས་བྱ་བ་ནི་ལུས་དང་ངག་གིས་སོ། །ཕྲ་མ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པའི་ཚོགས་ལས་དྲང་བར་བྱའོ། །ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པ་ཐུགས་བྱིན་གྱིས་བརླབ་ཅིང་རྡོ་རྗེ་ལྟར་མི་ཕྱེད་པས་སོ། །རབ་སྣང་ཞེས་བྱ་བ་ལ་རབ་ཏུ་སྣང་བ་ནི་མཆོག་ཏུ་འདྲ་བའོ། །ཇི་སྐད་ཅེ་ན་རིགས་འདི་ནི་རྡོ་རྗེའི་རིགས་ཐ་དད་པར་སྣང་བ་ཙམ་ཡིན་པས་ན་རིགས་ཀྱི་བཙུན་མོ་ཡང་བདག་ཉིད་མའམ་རྡོ་རྗེ་ཕག་མོ་གང་ཡང་རུང་བས་གཉིས་ཀའི་བྱ་སྟེ། རིགས་གཅིག་ལས་གསུམ་དང༌། གསུམ་ལས་སྔར་འགྱུར་བ་ན་འདི་ནི་ཐུགས་ལ་རིན་པོ་ཆེར་འགྱུར་ཏེ། སེམས་དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་འབྱུང་བས་རིན་པོ་ཆེར་གཞག་གི །ལུས་དང་ངག་ནི་དེ་ལྟ་མ་ཡིན་ཏེ་དེས་ཁྱད་པར་ཙམ་སྣང་བར་ཟད་པས་སོ། །རིན་ཆེན་ཞེས་བྱ་བ་ནི་ཉིད་ཀྱི་ཐུགས་རིན་པོ་ཆེ་ལྟར་འདོད་པ་འབྱིན་པའི་ཕྱག་རྒྱ་ནོར་བུ་མ་རྒད་ཆ་དགུ་པས་མཚན་པ་ནི་འདིར་བརྟགས་ལ་བྱ་སྟེ། རཱ་ཛའི་ཕྱག་རྒྱ་ཞེས་བྱ་བ་ཞེ་སྡང་ལྟ་བུའོ། །རྡོ་རྗེ་ལྟར་མི་ཕྱེད་པ་ལ་སྔ་མ་ལྟར་ཕྱག་འཚལ་བསྟོད་ཅེས་གསུངས་སོ། །འདོད་ཆགས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ནོ། །མངའ་བདག་ཅེས་བྱ་བ་ནི་བདག་པོའོ། །འདོད་ཆགས་ནི་སེམས་


DTG046_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལ་ཆགས་པ་སྟེ། དེ་ཉིད་ཐེག་པ་ཆེན་པོ་འདིར་ཆོས་ཏེ་མཁས་པ་དག་གིས་གཟུང་བར་བྱ་བས་ནའོ། །དེ་ཡང་ཁྱོད་ལས་བྱུང་བ་སྟེ་འདི་ནི་འདོད་ཆགས་ཉིད་མཆོག་ཏུ་སྟོན་པ། སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱི། །དེ་ཉིད་ཁོ་ན་རྟོགས་པ་འདི། །བདག་སྟེ་བདག་གི་ལག་ཏུ་བྱིན། །ཆོས་ལ་ཆོས་ནི་གནས་པར་འགྱུར། །ཞེས་ཇི་ལྟར་གསུངས་པ་ལྟ་བུའོ། །དེ་བས་ན་གསུང་རྣམས་ཏེ་སྨྲ་བའི་ཕྱི་རོལ་བསྟན་པ་ཀུན་གྱི་མཆོག་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྨྲ་བ་དག་གིས་ཡང་དམ་པ་དང༌། གང་དུ་འདོད་ཆགས་ཀྱི་ཚུལ་སྨད་པ་དག་གིས་དམ་པས་ཀྱང་འདི་མཆོག་གོ ། དེ་ཉིད་ཀྱིས་ངག་རྡོ་རྗེ་གྲུབ་པར་འདོད་པས་གསུང་གི་གནས་སུ་རྡོ་རྗེ་འདོད་ཆགས་བསྒོམ་པར་བྱ་བ་ཁྱོད་ལ་སྔོན་བཞིན་དུ་ཕྱག་འཚལ་བསྟོད་ཅེས་གསུངས་སོ། །ཕྲག་དོག་ཅེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ནོ། །སྒུའི་རྡོ་རྗེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཏེ་ཚིག་གི་དོན་ནི་སྔོན་བཞིན་ནོ། །རབ་ཏུ་སྣང་བའི་མཆོག་ཏུ་འདྲ་བ་སྟེ་ཇི་ལྟ་ཞེ་ན། འདི་ནི་ལས་ཐམས་ཅད་པ་ཡིན་ལ། ལས་རབ་འབྱམས་ཡང་ལུས་ཀྱིས་བྱེད་པར་ཚུ་རོལ་མཐོང་བ་དག་ལ་མངོན་སུམ་དུ་གྲུབ་པས་དེའི་ཕྱིར་སྐུའི་རིགས་ཉིད་ལས་ཕྲིན་ལས་ཀྱི་རིགས་འདི་ཕྱེ་བས་ནི་ལས་ཀུན་མཛད་ཅེས་གསུངས་སོ། །དེ་ཉིད་ཀྱི་ཕྱག་རྒྱར་ནི་ཕྱག་ན་རལ་གྲི་འཛིན་པ་སྟེ་དེ་ལ་སྔོན་བཞིན་དུ་ཕྱག་འཚལ་བསྟོད་ཅེས་གསུངས་སོ། །སངས་རྒྱས་རྣམས་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་རོ། །ཀུན་སྡུད་པ་ཞེས་བྱ་བ་ནི་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སུའོ། །དེ་དག་འབྱིན་པ་པོ་ཡང་ཡིན་ཏེ། དེ་བས་ན་སངས་རྒྱས་ཀུན་ཞེས་བྱ་བ་ནི་དཀྱིལ་འཁོར་གཞན་པའི་ལྷ་སྟེ། དེ་དག་པས་མཆོག་ནི་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའོ། །དེ་དག་གི་ཡང་དམ་པ་ནི་ཞེ་སྡང་གཤིན་རྗེ་གཤེད་ཀྱི་སྐུ་སྟེ་འབྱིན་པ་དང་སྡུད་པ་པོའི་ཕྱིར་རོ། །དེ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་སྣང་བའི་ཕྱིར་དེ་ནི་མཆོག་གོ །དེ་བས་ན་བྱང་ཆུབ་ཀྱི་སེམས་དེ་ཉིད་དཀྱིལ་འཁོར་གྱི་རྗེ་སྟེ་དབང་ཕྱུག་གོ །དེ་ལ་ཕྱག་འཚལ་བསྟོད་ཅེས་སྔོན་བཞིན་སྦྱར་བ་གསུངས་སོ། །དེ་བས་ན་བདག་པོ་ཁོ་ན་ལ་བསྟོད་པས་ལྷ་ཐམས་ཅད་ལ་བསྟོད་པ་ཁོ་ནའོ། །རྡོ་རྗེ་མིག་ཅེས་བྱ་བ་ལ་སོགས་པས་ནི་ཡན་ལག་དྲུག་བསྒོམ་པའི་ཆོ་ག་སྟོན་ཏེ། འདིར་དོན་ནི་


DTG046_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བྱ་བ་རྣམས་བྱས་ཏེ། དེ་ནས་མིག་རྣམས་སུ་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡི་གེ་ཀྵིཾ་དཀར་པོ་ལས་བྱུང་བའི་འཁོར་ལོ། དེ་ཡོངས་སུ་གྱུར་པ་ལས་བྱུང་བའི་སའི་སྙིང་པོ་སྐུ་མདོག་དཀར་བ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དཀར་བ། ཞལ་གཡས་གཡོན་ན་གནག་པ་དང་དམར་བ། ཕྱག་གཡས་གཉིས་ན་འཁོར་ལོ་དང་རལ་གྲི་འཛིན་པ། གཡོན་པ་དག་ན་ནོར་བུ་དང་པདྨ་འཛིན་པ། ཕྱག་དང་པོ་གཉིས་ན་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་ཅིང་རལ་གྲི་དང་ཐོད་པའམ། རྡོ་རྗེ་དང་དྲིལ་བུ་གཡས་དང་གཡོན་ན་འཛིན་པ་བསམ་མོ། །འདིར་ཟླ་བ་དང་ཕྱག་དང་པོ་གཉིས་དང༌། རང་སྣང་བའི་བཙུན་མོ་དང༌། །ཐམས་ཅད་ལ་པདྨའི་གདན་དང་ལྡན་པར་ཤེས་པར་བྱ་བ་ནི་ཐུན་མོང་བར་ཤེས་པར་བྱའོ། །དེ་བཞིན་དུ་རྣ་བ་རྣམས་སུ་ཡི་གེ་ཛྲྀཾ་ནག་པོ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་གནག་ཅིང་སྐུ་མདོག་གནག་པ། ཞལ་གཡས་པ་དང་གཡོན་པ་དཀར་པོ་དང་དམར་བ། ཕྱག་གཡས་པ་དག་ན་རྡོ་རྗེ་དང་རལ་གྲི་འཛིན་པ། གཡོན་པ་དག་ན་ནོར་བུ་དང་པདྨ་འཛིན་པའོ། །སྣའི་བུ་ག་རྣམས་སུ་ཡི་གེ་ཁཾ་སེར་པོ་ལས་བྱུང་བའི་རིན་པོ་ཆེ་ཡོངས་སུ་གྱུར་པ་ལས་བྱུང་བའི་ནམ་མཁའི་སྙིང་པོ་སྐུ་མདོག་སེར་པོ་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་སེར་བ། ཞལ་གཡས་གཡོན་སྔོ་བ་དང་དཀར་བ། ཕྱག་གཡས་པ་དག་ན་ནོར་བུ་དང་རལ་གྲི་འཛིན་པ། གཡོན་པ་དག་ན་འཁོར་ལོ་དང་པདྨ་འཛིན་པའོ། །ལྕེའི་དབུས་སུ་ཡི་གེ་གཾ་དམར་པོ་ལས་འབྱུང་བའི་པདྨ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ། རྩ་བའི་ཞལ་བྱི་རུའི་མདོག་འདྲ་བ། ཞལ་གཡས་དང་གཡོན་གནག་པ་དང་དཀར་བ་ཕྱག་དྲུག་པ་གཡས་དག་ན་པདྨ་དང་ནོར་བུ་འཛིན་པ། གཡོན་དག་ན་ནོར་བུ་དང་འཁོར་ལོ་འཛིན་པའོ། །དཔྲལ་བར་ནི་ཡི་གེ་ཀཾ་ལྗང་གུ་ལས་བྱུང་བའི་རལ་གྲི་ཡོངས་སུ་གྱུར་པ་ལས། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་ལྗང་གུ་ཞལ་གསུམ་པ་རྩ་བའི་ཞལ་ལྗང་གུ། ཞལ་གཡས་གཡོན་སྔོ་བ་དང་དཀར་བ། ཕྱག་དྲུག་པ་གཡས་དག་ན་རལ་གྲི་དང་འཁོར་ལོ་འཛིན་པ་གཡོན་དག་ན་ནོར་བུ་དང་པདྨ་


DTG046_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའོ། །ལྟེ་བར་ཡི་གེ་སཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ཀུན་དུ་བཟང་པོ་སྐུ་མདོག་དཀར་པོ་ཞལ་གསུམ་པ་རྩ་བའི་ཞལ་དཀར་བ། ཞལ་གཡས་གཡོན་གནག་པ་དང་དམར་བ་ཕྱག་དྲུག་པ་གཡས་དག་ན་རྡོ་རྗེ་དང་རལ་གྲི་འཛིན་པ་གཡོན་པ་དག་ན་ནོར་བུ་དང་པདྨ་འཛིན་པའོ། །འདི་དག་ཀྱང་འོད་ཟེར་རབ་ཏུ་སྤྲོས་པ་དང་བསྡུས་པའི་རིམ་པ་གཉིས་ལས་བྱུང་བའི་སེམས་དཔའི་རྒྱན་གྱིས་རབ་ཏུ་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འཁོད་པའོ། །ཁ་ཅིག་ན་རེ་རྒྱུད་འདིར་བཙུན་མོ་རྣམས་གསུངས་པས། ལྷ་ཇི་སྙེད་པ་ཇི་ལྟར་བསྟན་པ་ཙམ་མོ་ཞེས་ཟེར་ཏེ་གལ་ཏེ་བཙུན་མོ་མེད་ན་བཙུན་མོའི་བྷ་ག་རྣམས་ལ་བཞུགས་ཏེ་ཞེས་བྱ་བ་ཅི་ཞིག་ཡིན། རིགས་ཀྱི་བཙུན་མོ་མེད་ན་བྱང་ཆུབ་ཀྱི་སེམས་ཀྱི་དབང་ལ་སོགས་པ་ཡང་ཇི་ལྟར་སྦྱིན། དེ་བས་ན་རྒྱུད་འདི་ནི་དཔལ་གསང་བ་འདུས་པ་དང་རྗེས་སུ་མཐུན་པའི་རྒྱུད་ཡིན་པས། རྒྱུད་དེ་ནས་མཱ་མ་ཀཱི་རྡོ་རྗེ་དང་རིན་པོ་ཆེའི་རིགས་སུ་གཞག་པ་ལྟར། འདིར་ཡང་རྡོ་རྗེ་ཕག་མོ་ནི་རིགས་དེ་གཉིས་ཀའི་བཙུན་མོར་གཞག་ཅིང༌། ལྷའི་ཚོགས་མ་ལུས་པར་ཡང་རང་སྣང་བའི་བཙུན་མོ་དང་བཅས་པའོ། །དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་ཐིག་གི་བྱ་བ་སྟོན་ཏེ་གོ་སླའོ། །དེ་རུ་ལས་ཀྱི་རྡོ་རྗེ་བྲི། །ཞེས་བྱ་བ་ནི་དཀྱིལ་འཁོར་དེ་རུ་རྟ་བབས་ཀྱི་ཕྱོགས་གསུམ་དུ་རྩེ་མོ་གནས་པ་རིགས་ཐམས་ཅད་ཀྱི་ལས་གྲུབ་པར་བྱེད་པའི་རྡོ་རྗེ་ཀུན་དུ་རྩེ་གནས་པར་བྲི་བར་བྱའོ། །འདི་ཡང་ཁ་ཅིག་ན་རེ་འཇིག་ཚོགས་ལ་ལྟ་བ་འཇོམས་པས་རྩེ་མོ་ལྔ་པའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་རྣམ་པར་དག་པ་སྟོན་པས་རྩེ་མོ་བཅུ་གཉིས་པར་བྲིའོ་ཞེས་ཟེར་རོ། །གཞན་ཡང་ཁ་ཅིག་ན་རེ་དཀྱིལ་འཁོར་འདིར་ནང་གི་རྡོ་རྗེ་ཕྲེང་བའི་ནང་དུ་རྡོ་རྗེ་རྩེ་མོ་ཉི་ཤུ་པ་ཁ་ཕྱོགས་ཐམས་ཅད་དུ་བལྟས་པ་བྲི་བར་བྱའོ་ཞེས་ཟེར་ཏེ་དེ་དག་གིས་ནི་འདིའི་དོན་ཅི་ལྟར་ཡིན་པ་བརྗོད་དགོས་ཏེ་བདག་གིས་ནི་འདིའི་དོན་ཤེས་པ་མེད་དོ། །ཁ་ཅིག་ན་རེ་ལས་ཀྱི་རྡོ་རྗེ་ཞེས་སྨོས་པ་ལས། ལྷ་རེ་རེ་ལ་ཡང་རང་རང་གི་ལས་གྲུབ་པར་མཛད་པའི་མཚན་མ་ལྷ་ཐམས་ཅད་ཀྱི་གདན་དུ་སྣ་ཚོགས་རྡོ་རྗེ་རེ་རེ་ཡོད་དོ་ཞེས་ཟེར་ཏེ། དེ་ལྟར་ན་དེར་མང་པོའི་ཚིགས་


DTG046_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་ཅིའི་ཕྱིར་མི་བསྟན། གཞན་ཡང་ལུགས་འདི་ལྟ་བུའི་རྒྱུད་འདིའམ་གཞན་ལས་ཟུར་གྱིས་ཀྱང་མ་བསྟན་པའི་ཕྱིར་མི་རུང་ངོ༌། །ཀུན་དུ་རིགས་ནི་ལྔ་ཉིད་དེ། །ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་དགོད་པ་སྟེ་གོ་སླའོ། །དཀྱིལ་འཁོར་རྫོགས་པ་བསམས་ནས་ནི། །ཞེས་བྱ་བ་ནི་ནམ་མཁའི་དཀྱིལ་འཁོར་བསྟིམ་པའི་བར་དུ་བྱས་ནས་སོ། །མཆོད་པའི་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་གཉིས་པའི་བཤད་པའོ།། །།

ལེའུ་གསུམ་པ། ལས་ཀྱི་བཤད་པ།


DTG046_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་ས་ཡོངས་སུ་གཟུང་བའི་དུས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་འཛིན་པའི་སློབ་མ་བཞིས་ཕྱོགས་བཞི་ནས་དཀྱིལ་འཁོར་བྲི་བའི་ཕྱིར་གསོལ་བ་བཏབ་པ་བསྟན་པ་སྟེ། དཀྱིལ་འཁོར་ཀུན་གྱི་རྩ་བ་སྟེ། །ཞེས་བྱ་བ་ནི་དཀྱིལ་འཁོར་འདིར་དབང་བསྐུར་ན་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། གདུལ་བྱའི་དབང་ལས་བྱས་པའི་རྒྱུད་དག་ཏུ་ནི་ཡན་ལག་གི་སྨད་ལས་བྱུང་བས་རྡོ་རྗེའི་རིགས་ནི་རིགས་རྣམས་ཀྱི་ཐ་མ་ཡིན་པས་ན། དེར་དབང་ཐོབ་པས་ནི་རིགས་གཞན་རྒྱལ་བ་གཙུག་ཏོར་ལས་བྱུང་བ་དང་པདྨ་རིགས་སུ་དབང་ཐོབ་པ་མ་ཡིན་ཞིང༌། དེ་དག་གི་དངོས་གྲུབ་མི་ཐོབ་པར་བསྟན་ལ་རྣལ་འབྱོར་གྱི་རྒྱུད་འདིར་ནི་རྣམ་པར་སྣང་མཛད་ཆེན་པོ་ནི་མི་ཕྱེད་པས་རྡོ་རྗེ་ཡིན་ཞིང་ལྷ་ཐམས་ཅད་དེ་ལས་བྱུང་བས་ན། ལྷ་ཐམས་ཅད་ཀྱང་རྡོ་རྗེའི་རིགས་ཡིན་ལ་ཡན་ལག་གི་ཆ་ནི་གཙོ་བོར་མི་འདོད་པས་ན་རིགས་པར་ན་རིགས་གཅིག་ཅེའམ། གཞན་ཡང་རྡོ་རྗེའི་རིགས་ནི་སེམས་ཡིན་ཏེ། རྡོ་རྗེ་ནི་གྲུབ་པའི་མཐའ་ལས་སེམས་ལ་འདོད་དེ་ཇི་སྐད་དུ། སེམས་ཅན་ཀུན་གྱི་སེམས་གང་ཡིན། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པས་སོ། །སེམས་དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་སྐྱེད་པས་ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་ཡིན་ལ་དེ་ཉིད་ཀྱིས་ན་དེའི་བདག་ཉིད་ཀྱི་རིགས་དེ་ཡང་རིགས་ཐམས་ཅད་ཀྱི་མཆོག་ཏུ་འདོད་དེ། དེ་བས་ན་རིགས་མཆོག་དེའི་མཚན་མ་རྡོ་རྗེ་ཡང་མཚན་མ་གཞན་པས་མཆོག་ཏུ་བསྟན་ཏེ། དེའི་ཕྱིར་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་འདིར་དབང་བསྐུར་ན་དཀྱིལ་འཁོར་


DTG046_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་དབང་བསྐུར་བར་འགྱུར་རོ། །འོ་ན་དེ་ལྟ་མ་ཡིན་ན་འཕགས་པ་ལྷའི་ཞལ་སྔ་ནས། བདག་གི་གཙུག་ལག་ལུང་གི་མཚན་ཉིད་ཀྱིས། །སློབ་མ་བཀྲ་ཤིས་ཐོག་མར་འདིར་བརྟགས་ནས། །དེ་ནས་རིག་པ་འཛིན་པས་བདག་རྒྱུད་ལ། །དེ་དག་ཡོངས་སུ་བཟུང་བར་རབ་ཏུ་བྱ། །གྲུབ་ཕྱིར་ཡོངས་སུ་བཟུང་ཕྱིར་དེ་བཤད་པ། །སྔགས་གྲུབ་ཆོ་ག་ཤེས་པས་བྱས་པའོ། །ཡང་ན་དེ་བཞིན་བདག་རིགས་དབང་ཕྱུག་གཞན། །སློབ་དཔོན་དག་ཏུ་ཚུལ་བཞིན་བྱས་པའོ། །འདི་ནི་སྤྱིའི་ཡིན་པར་གཞན་གྱིས་བཤད། །དངོས་གྲུབ་འབྲས་བུ་ཐོབ་པར་དེ་མི་རུང༌། །ཁྱད་པར་ཅན་དུ་དེ་ལྟར་བསྟན་པ་ཉིད། །དེ་ལ་དབང་བསྐུར་རབ་ཏུ་ཤིས་པར་བཤད། །ཁྱད་པར་ཅན་ཡང་འདིར་ནི་ཆོ་ག་བཞིན། །བདག་གི་དཀྱིལ་འཁོར་སྙིང་པོས་དབང་བསྐུར་བའོ། །ཞེས་གསུངས་པའི་བཀའ་ལུང་འདི་ཇི་ལྟར་ཞེ་ན། ཅི་ཙམ་དུ་ཐམས་ཅད་རྡོ་རྗེའི་རིགས་གཅིག་ཏུ་དབྱེར་མེད་པར་མ་ཤེས་པས་རིགས་ཐ་དད་པ་ལ་སྤྱོད་པའི་བར་དུ་ནི། རང་གི་རྟོག་པ་ཉིད་ཀྱིས་དེ་ལྟར་བདེན་པར་ངེས་སོ། །དེ་བས་ན་ངེས་འདིར་མི་གནོད་དོ། །ལྷག་མ་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་བདུད་རྩི་མྱང་བ་བསྟན་ཏེ། འདིར་ནི་ཐོད་པ་དུམ་བུ་གཅིག་པ་རབ་ཏུ་དག་པའི་ནང་དུ་བི་མུ་མར་ཤུ་ཞེས་བྱ་བ་རྣམས་ཤར་དང་དབུས་དང་བྱང་དང་ལྷོ་དང་ནུབ་ཏུ་བཀོད་ལ་དེ་བཞིན་དུ་གོ་ཀུ་ད་ཧ་ན་རྣམས་རེ་རེ་དང་བཞག་སྟེ། རེ་རེ་ལ་ཡང་བྷྲཱུཾ་ཧཱུཾ་ཁཾ་ཨཾ་ཧྲཱི་ཞེས་བཀོད་པ་བྱས་ལ། འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་མཆོག་མ་གཉིས་རྒྱལ་མཚན་ཏོག་དང་བཅས་པས་མཚན་པའི་དབུས་སུ། ཡི་གེ་རཾ་ལས་བྱུང་བའི་མེ་འབར་བའི་ཕུང་པོ་གྲུ་གསུམ་སུམ་མདོའི་རིས་ཀྱི་མཚན་པ་ཅན་བསམས་ལ། དེའི་སྟེང་དུ་ཐོད་པ་གནས་པར་བསམས་ཏེ། མེ་རབ་ཏུ་འབར་བས་བདུད་རྩི་རྫས་རྣམས་ཡི་གེ་དང་བཅས་པར་གཅིག་ཏུ་བཞུ་ཞིང༌། །དེའི་རླངས་པ་ཡི་གེ་ཨོཾ་དུ་གྱུར་པ་ལས་དེ་དག་ཀྱང་ལྕགས་ཀྱུའི་རྣམ་པ་སྤུ་གུ་ཅན་དུ་གྱུར་ཏེ། ཕྱོགས་བཅུ་ན་གནས་པའི་བདུད་རྩི་བསྡུས་ཏེ་ཐོད་པར་གཞག་ཅིང༌། སྟེང་གི་ཡི་གེ་ཨ་ལས་བྱུང་བའི་ཟླ་བ་ཧཱུཾ་ལས་ཞུ་སྟེ་རབ་ཏུ་བསིལ་ཞིང་དངས་པར་བྱས་ལ། དེ་ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བས་ལན་དུ་


DTG046_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མར་བསྔགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཚིམ་པར་གྱུར་ཅིག་ཅེས་མོས་པས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་རྡོ་རྗེ་འཛིན་ཀུན་དགྱེས་པར་བྱ་བའི་ཕྱིར་སྤྱན་དྲངས་ལ། རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་སྐུ་ལ་རྫོགས་པའི་སངས་རྒྱས་ཐམས་ཅད་གཞུག་ཅིང༌། དེ་ནས་རང་གི་ལྕེའི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ནས་འབྲས་ཙམ་གྱིས་གསང་བའི་བར་དུ་སྦྱོར་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་ཨུཚྭ་ད་ན་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། མཐེ་བོང་དང་སྲིན་ལག་གིས་ཞི་བའི་བཏུང་བ་བཞིན་མྱངས་ན་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་བཟའ་བར་བྱའོ། །ཡེ་ཤེས་རྣམ་པའི་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་སེམས་དཔའ་གཞུག་པའི་ཆོ་ག་བསྟན་ཏེ། འདིར་དོན་ནི་སྔར་བྱ་བ་རྣམས་བྱས་ལ། ཨོཾ་མུངྒ་རཱ་ཛཿ་ཞེས་བསྐུལ་བས་ཤར་ཕྱོགས་ཀྱི་སྒོ་སྲུང་བ་ལྟ་བུའོ། །བདག་གི་ས་བོན་ལས་འཐོན་པས་ལྷ་རྣམས་ཁང་པ་བརྩེགས་མའི་ནང་དུ་གཤེགས་པར་བསྐུལ་ཏེ་དེར་སླར་བསྡུའོ། །དེ་ནས་ཨོཾ་དཎྜ་ཧཱུཾ་ཞེས་བརྗོད་པས་རང་གི་གནས་སྔ་མ་ནས་ལྷོ་ཕྱོགས་ཀྱི་སྒོ་སྲུང་བ་ལྟ་བུ་བྱུང་བས། ལྷ་རྣམས་རང་དང་འདྲ་བའི་གྲོགས་པོ་ལ་ཞུགས་པས་གསོལ་བ་བཏབ་པ་སྟེ་དེ་ནི་སླར་བསྡུའོ། །དེ་ནས་ཡང་ཨོཾ་པདྨ་བཾ་ཞེས་བརྗོད་པས་གནས་སྔ་མ་ཉིད་ནས་ནུབ་ཕྱོགས་ཀྱི་སྒོ་སྲུང་བ་ལྟ་བུ་འཐོན་ཏེ། ལྷ་རྣམས་ལ་ཇི་སྲིད་དུ་བྱ་བ་མ་རྫོགས་པར་དེ་སྲིད་དུ་ཁྱེད་རྣམས་པདྨའི་དམ་ཚིག་གིས་བཅིང་བར་བགྱི་བས་ཉེ་བར་གནས་པར་མཛོད་ཅིག་ཅེས་བསྒྲགས་ཏེ་སླར་རང་གི་གནས་སུ་ཐིམ་པར་གྱུར་ཏོ། །དེ་ནས་ཨོཾ་ཁཌྒ་ཧོཿ་ཞེས་བརྗོད་པས་སྙིང་གའི་ས་བོན་ལས་བྱང་ཕྱོགས་ཀྱི་སྒོ་སྲུང་བལྟ་བུའི་རྡོ་རྗེ་རལ་གྲི་བྱུང་སྟེ་ལྷ་རྣམས་ལ་ཇི་སྲིད་དུ་ཁྱོད་ཉེ་བར་གནས་པ་དེ་སྲིད་དུ་ཁྱེད་ཀྱི་ཕྲིན་ལས་རབ་འབྱམས་ལ་བདག་བརྩོན་པས་ཁྱེད་ཐུགས་ལས་ཆུང་བས་མནོས་ཤིག་ཅེས་དགྱེས་པར་བྱས་ནས་སླར་རང་གི་གནས་སུ་གཞུག་གོ །གཞན་དག་ནི་གཞུག་པ་ལ་སོགས་པ་འདི་དག་སྒོ་སྦྱོང་བ་རྣམས་ཀྱིས་བྱ་བར་འདོད་དོ། །ཆོ་ག་སྤྱོད་པ་དེ་ཉིད་ཡེ་ཤེས་སེམས་དཔས་ཡང་དག་པར་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །མ་ཧེ་རྡོ་རྗེ་ཞེས་བྱ་བ་ནི་ཡི་གེ་ཡ་ལས་བྱུང་བའམ། དེ་ལྟར་མོས་


DTG046_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས་སོ། །ལྷག་མ་ནི་གོ་སླའོ། །ཞི་བ་རྡོ་རྗེ་གཏི་མུག་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་ལས་བཞིའི་ལྷའི་རྣལ་འབྱོར་བསྟན་པའོ། །མིའི་མར་ཁུ་ཞེས་བྱ་བ་ལ་སོགས་པས་ནི་ལས་རབ་འབྱམས་སྟོན་ཏེ་འདིར་ཅུང་ཟད་ཙམ་སྟོན་པས་རྒྱས་པར་ཤེས་འདོད་པ་དག་གིས་ནི་རྒྱུད་གང་ལས་ལས་རབ་འབྱམས་མང་དུ་སྟོན་པ་དེར་ཤེས་པར་གྱིས་ཤིག །མིའི་སྐྲ་ཞེས་པ་ནི་ཤིང་ཨརྒའི་ཤིང་བལ་དང་བསྲེས་པའོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་ཕྲག་དོག་གཤིན་རྗེ་གཤེད་དོ། །ལས་ཀྱི་བཟླས་པ་ཞེས་བྱ་བ་ནི། ཨོཾ་ཧྲཱིཿ་ཥྚྀཿ་ཞེས་བྱ་བ་ལ་སོགས་པའོ། །གུར་ཀུམ་ཞེས་བྱ་བ་ནི་གུར་ཀུམ་སྟེ་ཁ་ཅིག་ན་རེ་རེ་ཛ་སྭོ་ལའི་ར་ཛའོ་ཞེས་ཟེར་རོ། །ཁྲག་ཅེས་བྱ་བ་ནི་རང་གི་སྲིན་ལག་གཏར་བའི་ཁྲག་གོ །རྐང་པ་བྱུག་ཅེས་བྱ་བ་ནི་རྐང་མཐིལ་ལམ་ལོང་བུའི་བར་དུའོ། །ལྕགས་གསུམ་ཞེས་བྱ་བ་ནི་གསེར་དང་དངུལ་དང་ཟངས་སོ། །ལེའུ་གསུམ་པའི་བཤད་པའོ།། །།

ལེའུ་བཞི་པ། རྣམ་པར་རྟོག་པ་གསོད་པའི་རྡོ་རྗེའི་འཁྲུལ་འཁོར་དང་སྔགས་དང་སྨན་གྱིས་གསད་པ་ལ་སོགས་པའི་ཆོ་གའི་བཤད་པ།


DTG046_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་གཤིན་རྗེའི་དགྲ་ནག་པོ་སྟེ་ཀྱེ་ཞེས་བོད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གསུང་བར་འགྱུར་བ་ལ་དགོངས་པས་སོ། །ཐུགས་རྡོ་རྗེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་དེ་རབ་ཏུ་བསྒོམ་པ་ཉིད་མཆོད་པ་བྱས་པའོ། །དབང་གི་སྔགས་ནི་རིམ་པ་མ་ཡིན་པས་མཚོན་པའོ། །ཁམ་ཕོར་ཞེས་བྱ་བ་ནི་ཐོད་པའམ་ཁམ་ཕོར་ཉིད་དོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ནན་ཏུར་གྱིས་སྒྲུབ་པའོ། །ལྷག་མའི་ཚིག་གི་དོན་གོ་སླའོ། །ལེའུ་བཞི་པའི་བཤད་པའོ།། །།

ལེའུ་ལྔ་པ། འཁྲུལ་འཁོར་གྱི་གོ་རིམས་བྲི་བ་ཞེས་བྱ་བའི་བཤད་པ།


DTG046_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འཁོར་ལོ་གཉིས་ཞེས་བྱ་པ་ལ་སོགས་པ་ཡང་གོ་སླའོ། །ཞི་བ་ལ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བསྟན་པར་འགྱུར་ཏེ་གལ་ཏེ་བསྙེན་པ་ཉེ་བར་གྱུར་པའི་རྣལ་འབྱོར་པས། སློབ་མ་ལ་བསྟན་པ་ལ་སོགས་པའི་ཆེད་དུ་འཁྲུལ་འཁོར་ས་ལ་སོགས་པ་ལ་བྲིས་པ་ལས་དོན་མ་གྲུབ་པས་རེ་ཞིག་ཉིན་ཞག་འགའ་ཞིག་སླར་མི་འཆི་བར་ལྟན། འཁྲུལ་འཁོར་གྱི་རེའུ་མིག་གི་མཐའི་ཡི་གེ་ཡ་གཉིས་དབྱི་ཞིང༌། ཡི་གེ་ནི་གཉིས་ཀྱང་དབྱི་ལ། དབུས་ཀྱི་ཡ་ཡང་དབྱི་སྟེ་ཡི་གེ་ལྷག་མ་རྣམས་གཞག་གོ །དགོས་པ་གྲུབ་མ་ཐག་ཏུ་མ་ལུས་པར་དབྱི་སྟེ། འདི་ནི་གཞན་དུ་བྱས་ན་ནི། །འཁོར་ལོ་འདི་


DTG046_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཇིགས་པ་ཆེ། །བྲིས་པ་གོང་དུ་བསྟན་གནས་པའི། །ཁྱིམ་དུ་རྟག་ཏུ་འཐབ་མོ་ནི། །ཡི་གེ་བྲིས་པས་འབྱུང་བའོ། །ཞེས་བྱ་བའི་ཉེས་པར་གྱུར་པས་སོ། །ཁ་ཅིག་ན་རེ་ཡ་དང་ནིའི་ཡི་གེ་དབྱི་བ་ནི་མཚན་པ་སྟེ། ཡི་གེ་གང་ཡང་རུང་བ་དབྱི་བས་ནུས་པ་སྨད་པའོ་ཞེས་ཟེར་ཏེ། །འདི་ནི་རབ་ཏུ་ཡང་དཔའ་བོ་ཡིན་ཏེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །ཞེས་གསུངས་པ་མ་ཡིན་ནམ། །འདིར་ཡི་གེ་ནི་དང་ཡ་དབྱི་བ་ཅིའི་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཁོ་ནས་མཁྱེན་དྲང་ན། ཇི་ལྟར་གཞན་དུ་བྱེད་ཇི་སྐད་དུ། །ཡིད་ཆེས་ལུང་དང་མི་ལྡན་པར། ཆོས་རྣམས་སྟོན་པར་བྱེད་པ་ནི། །མཚན་ཉིད་རྣམ་པར་རྟོག་པ་ཡིས། །བདག་ཀྱང་ཆུད་གསོན་གཞན་ཆུད་གསོན། །ཞེས་ཀྱང་མ་གསུངས་སམ། དེ་བས་ན་རབ་ཏུ་ཟབ་པའི་ལུང་གི་ཚུལ་ཆེན་པོའི་རྒྱ་མཚོ་རབ་ཏུ་དང་བ། རང་གི་རྣམ་པར་རྟོག་པ་ངན་པའི་རུས་སྦལ་གྱི་སྟོབས་ཀྱིས་རྙོག་པར་བྱས་ན། ངེས་པར་བདག་ཉིད་ཕུང་བར་གྱུར་ཏ་རེ། །འཕགས་པ་ནཱ་གཱ་རྫུ་ནའི་ཞལ་སྔ་ནས། །ལེགས་སམ་ཉེས་པ་མ་སྤྱད་པར། །མུན་སྤྲུལ་བཏུན་པ་དཔའ་བ་མིན། །དོན་མེད་དཔག་ཚང་བརྒྱ་པ་ཡི། །གཡང་སར་ལྷུང་བ་ཅི་ཆ་ཡོད། །ཅེས་གསུངས་ལ། རྟོག་གེ་ངན་པའི་འཇུག་པ་ལུང་གི་བདག་གིས་དང་པོར་བཀག་ཟིན་པས་བདག་ལ་ཕན་པར་འདོད་པ་དག་གིས་བླ་མ་དམ་པའི་བཀའ་ལ་གུས་པ་གྱིས་ཤིག །ཁྲི་བཟླས་པས་ཞེས་བྱ་བ་ནི་སྔགས་པ་བསོད་ནམས་བྱས་པ་ལ་དགོངས་པ་སྟེ་རྣམ་པ་གཞན་དུ་བྱེ་པ་ལ་སོགས་པར་འཆད་པར་བྱེད་དོ། །འཐབ་མོ་འབྱུང་བའོ་ཞེས་བྱ་བ་ནི། ཁ་ཅིག་ན་རེ་རབ་ཏུ་གྲུབ་པས་ཡི་གེ་བྲི་བ་ཙམ་གྱིས་སོ་ཞེས་ཟེར་ཏེ་དེ་ལྟ་ན། འཁོར་ལོ་འདི་ནི་འཇིགས་པ་ཆེ། །ཞེས་གསུངས་པ་མི་རིགས་སོ། །ལེའུ་ལྔ་པའི་བཤད་པའོ།། །།

ལེའུ་དྲུག་པ། འཁོར་ལོ་རྣམ་པར་བྲི་བ་ཞེས་བྱ་བའི་བཤད་པ།


DTG046_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་གཤིན་རྗེ་གཤེད་བསམ་བྱ། །ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཞེ་སྡང་གཤིན་རྗེ་གཤེད་བསམ་ཞིང་དེ་ལ་ནི་རྡོ་རྗེ་སེམས་དཔའ་འམ་མི་གཡོ་བའོ། །ཁ་ཅིག་ན་རེ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་ལ་ནི་ཞེ་སྡང་གཤིན་རྗེ་གཤེད་ཀྱིས་རྒྱས་གདབ་ཅིང༌། ཐོ་བ་དང་ཙཱ་རྩི་ཀཱ་ལ་སོགས་པ་ལ་ནི་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པས་རྒྱས་གདབ་ལ་བདག་པོ་ལ་ནི་


DTG046_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཡོ་བའམ་གཏི་མུག་གིས་སོ་ཞེས་ཟེར་རོ། །གང་པའི་སྦྱིན་སྲེག་ཅེས་བྱ་བ་ནི་ནང་གི་སྦྱིན་སྲེག་སྟེ་བདུད་རྩི་མྱང་བར་ཇི་སྐད་གསུངས་པ་ལྟ་བུས་སོ། །དམ་ཚིག་ཅེས་བྱ་བ་ནི་འོག་ནས་འཆང་པ་རྣམས་སོ། །སྔོམ་པ་ཞེས་བྱ་བ་ནི་ཐུན་མོང་དང་ཁྱད་པར་རོ། །དང་པོར་དབུ་རྒྱན་དབང་ཞེས་བྱ་བ་ནི་སློབ་དཔོན་དང་སློབ་མའི་སྡུག་པའི་ལྷའི་དབང་དང་གཞན་ཡང་ཆུ་དང༌། དབུ་རྒྱན་དང་རྡོ་རྗེ་དང༌། དྲིལ་བུ་དང༌། མིང་ངག་བསྡུས་པའོ། །གཉིས་པ་ལ་ནི་རལ་གྲི་ཞེས་བྱ་བ་ནི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པའོ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ནི་ལུང་བསྟན་པ་དང་སློབ་དཔོན་གྱི་དབང་བསྐུར་བའོ། །བཞི་པ་ཞེས་བྱ་བ་ནི་གསང་བའི་དབང་ངོ༌། །ཁ་ཅིག་ན་རེ་དབུ་རྒྱན་ལ་སོགས་པ་འདི་དག་ནི་ལྷག་པའི་དབང་ཡིན་པས་ཆུ་ལ་སོགས་པ་བྱིན་ནས་དེའི་ཐོག་ཏུ་སྦྱིན་ཞིང་རྒྱུད་འདིར་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་མི་འདོད་དོ་ཞེས་ཟེར་རོ། །ཤེས་རབ་ཡེ་ཤེས་ནི་འདོད་དེ་ཞིབ་ཏུ་ནི་དབང་འདི་དག་དཀྱིལ་འཁོར་གྱི་ཆོ་གར་ལྟོས་ཤིག །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་གཏོར་མ་འཆད་དེ། འདིར་ལས་བྱེད་དུ་གཞུག་པའི་གཏོར་མ་དང༌། མ་རུངས་པ་ཕུར་བུས་གདབ་པའི་གཏོར་མ་དང༌། ཚིམ་པར་བྱ་བའི་གཏོར་མ་དག་ལས་དང་པོ་གཉིས་ནི་སློབ་དཔོན་བ་སུ་ཛ་ན་བྷ་དྲའི་ཞལ་སྔ་ནས་སྦྱར་བའི་སྒྲུབ་པའི་ཐབས་སུ་ལྟོས་ཤིག །ཚིམ་པར་བྱ་བའི་གཏོར་མ་ནི་ཨོཾ་སྭ་བྷཱ་བ་ཤུདྡྷཿ་སརྦ་དྷརྨྨཱ་སྭ་བྷ་ཤུདྡྷོ྅ཧཾ་ཞེས་པ་འདིས་སྐད་ཅིག་གིས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བར་བལྟའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། འདིས་སྟོང་པ་ཉིད་དུ་ཡུད་ཙམ་བསམ་སྟེ། དེ་ནས་དེ་མ་ཐག་ཏུ་རང་གི་ལྷག་པའི་ལྷའི་གཟུགས་སུ་བྱས་ལ་གཏོར་མ་ཤ་དང་ཉ་དང་ཆང་དང་ཟན་དྲོན་ལ་སོགས་པ་དྲི་ཞིམ་པོ་དང༌། མེ་ཏོག་དང་མར་མེ་དང་ལྡན་པ་ལྷག་པར་གནས་པས་རང་གི་སྙིང་གའི་ཡི་གེ་ཡི་གེ་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་ལ་སོགས་པ་འཇིག་རྟེན་གསུམ་ན་གནས་པ་མ་ལུས་པ་བཀུག་སྟེ་བསམས་ལ་དེ་དག་སྦྱངས་ཤིང་སྔོན་གྱི་བཟའ་བ་ཡང་བདུད་རྩི་སྦྱང་བའི་རིམ་པས་སྦྱངས་ཏེ་ལན་བདུན་སྔགས་འདི་བརྗོད་པས་སྦྱིན་ཏོ། །ཨོཾ་ཨིནྟྲཱ་ཡ་ཧྲིཿ། ཡ་མཱ་ཡཥྚཱིཿ། བ་རུ་ཎ་ཡ་ཝིཿ། ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤ་ནཱ་ཡ་ཏཱ། ཨགྣ་ཡ་ཨཱ། ནཻརྲྀ་ཏྱ་ན། བ་ཡ་བེ་ན། ཙནྡྲཱ་ཡ་ཧཱུཾ། ཨཱརྐཱ་ཡ་ཧཱུཾ། བྲ་ཧྨ་ནཱ་ཡ་


DTG046_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། །བ་སུ་དྷ་ར་ཡེ་ཕཊ། བེ་མ་ཙི་ཏྲི་ནེ་སྭཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ། ཧི་ཧི་ཧི་ཧཱུཾ་ཧེ་ཧེ་ཧེ་སྭཱ་ཧཱ། དེ་ནས་ཐམས་ཅད་ཚིམ་པར་བལྟས་ཏེ། ཨོཾ་བཛྲ་པུཥྤེ་ཨཱཿ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿ་ཧཱུཾ། ཨོཾ་བཛྲ་ནེ་བི་ཏྱེ་ཨཱཿ་ཧཱུཾ། ཞེས་མཆོད་པ་ལྔས་མཆོད་དེ་རྗེས་སུ་གནང་བ་བྱིན་ལ། རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མ་བྷ་བ། །ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྷིམྨེ་པྲ་ཡཙྪ་སརྦྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ་བྷ་ག་བཱན་སརྦྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། ཞེས་ཇི་ལྟར་དགའ་བས་བཟླས་ལ། ཨོཾ་ཨཱཿ་ཧཱུཾ་མུཿ། ཞེས་བྱ་བའི་སྔགས་ཀྱིས་སླར་གཏང་བར་བྱའོ། །འདི་ནི་གཏོར་མ་ཉེ་བར་སྦྱར་བའོ། །གླ་རྩི་ཙནྡན་ཞེས་བྱ་བ་ལ་སོགས་པས་ནི་འཁྲུལ་འཁོར་བྲི་བའི་དམ་ཚིག་བསྟན་ཏེ། རབ་ཏུ་དབེན་པའི་གནས་སུ་ཇི་སྐད་གསུངས་པའི་དྲིའི་ཆུས་མཎྜལ་གྲུ་བཞི་པའི་དབུས་སུ་གྲུ་གསུམ་པས་མཚན་པ་བྱས་ལ། དེར་དཔའ་བོའི་བཟའ་སྟོན་བྱ་སྟེ་གཤིན་རྗེ་གཤེད་ཀྱི་བྲིས་སྐུ་ཡང་དག་པར་མཆོད་ལ། ཧ་ཧ། ཧེ་ཧེ། ཧཱུཾ་ཧཱུཾ། ཞེས་བྱ་བས་རང་གི་ཁྲོ་བོའི་སྐུ་རབ་ཏུ་གསལ་བར་དམིགས་ཏེ། ལྷ་རྣམས་ཀྱི་སྤྱན་སྔར་ཟླུམ་པར་བསྐོར་བ་གསུམ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་འཁྲུལ་འཁོར་བྲི་བར་བྱའོ། །ཡ་མ་རཱ་ཛ་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་འཁྲུལ་འཁོར་ལ་དགོད་པ་སྟེ། དང་པོ་བསྙེན་པ་ཅི་རིགས་ཉིད་དུ་འདི་ལ་བྱ་སྟེ། དེའི་རྗེས་ལ་ལས་ཀྱི་བཟླས་པ་ལ་བསྙེན་པ་བྱའོ། །ཁ་ཅིག་ནི་འདི་གཉེས་ཕྲེང་བར་བྱས་ཏེ། ཨོཾ་ཧྲཱིཿ་ཞེས་བྱ་བ་ལ་སོགས་པ་མཇུག་ཏུ་བྱས་པས་བསྙེན་པ་བྱའོ་ཞེས་ཟེར་རོ། །དེ་ལ་འཁྲུལ་འཁོར་མ་ཡིན་པའི་ལས་ནི་ལས་ཀྱི་སྔགས་འབའ་ཞིག་གིས་བྱའོ། །འཁྲུལ་འཁོར་ནི་བསྙེན་པ་བྱས་པས་དྲིས་ཏེ། དེ་ནས་ལས་ཀྱི་བཟླས་པ་ཁོ་ནས་བྱའོ། །ཚིག་གི་དོན་རྣམས་ནི་གོ་སླའོ། །ཁ་ཅིག་ནི་ཡ་མ་རཱ་ཛ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་ཕྲེང་བ་འདི་ལ། སྔགས་ཀྱི་མིང་དང་དོན་དང་ལས་དང་དབྱེ་བ་རྣམས་རྟོག་ཅིང༌། ཡ་ལ་


DTG046_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བསྡུས་པ་དང་ཕྱེ་བའི་དོན་འཆད་དེ། རྒྱུད་འདི་ལ་ནི་བཤད་པའི་རྒྱུད་ཀྱང་མ་མཐོང་ལ་བདག་གི་བླ་མ་བློ་ཆེན་པོ་དག་ཀྱང་འདིའི་དོན་མི་འཆད་ཅིང་འགྲོ་བཟངས་སྙིང་པོ་ལ་སོགས་པའི་སློབ་དཔོན་རྒན་པོ་ལ་ལ་དག་གིས་ཀྱང་འདིའི་དོན་རྣམ་པར་མ་ཕྱེ་བས། བདག་ནི་འདིའི་དོན་བྱེད་པ་ལ་ཡིད་སྤྲོ་པ་མེད་ཅིང༌། གཞན་གྱིས་བྱ་བ་ལ་ཡང་མངོན་པར་ཡིད་ཆེས་པ་དང་རྗེས་སུ་དགའ་བ་མེད་དེ་སྔར་རྟོག་གེ་འགགས་པས་སོ། །གལ་ཏེ་རང་གི་རྟོག་གེའི་མཐུ་ལ་བརྟེན་ན་ནི་སྔགས་འདིའི་དོན་ཡང་རབ་ཏུ་མང་པོ་ཞིག་ཏུ་དྲངས་པར་ནུས་པར་གྱུར་ན། སྐྱེས་བུ་དམ་པ་དག་ལ་ངོ་ཚ་བའི་གནས་ཡིན་པས་གལ་ཞིག་དབྱེ། ཨོཾ་ཧྲཱིཿ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་དོན་ནི། འཕགས་པ་ནཱ་གཱ་རྫུ་ནའི་ལུགས་ཀྱི་ཉེ་བར་བསྟན་པ་ཅན་སློབ་དཔོན་ཟླ་གྲགས་ཀྱིས་མཐའ་དྲུག་པར་གསལ་བར་བྱ་བ་ཉིད་འདིར་ཡང་སྦྱར་ཞིང༌། གཏོར་མ་སྦྱིན་པ་ན་ཡི་གེ་རེ་རེ་ཞིག་ཕྱེ་བ་ནི། ཡི་གེ་དེ་དག་གི་རྒྱུད་ཚིམ་པར་བྱེད་པའི་མཐུ་ཅན་དུ་བྱིན་གྱིས་བརླབ་པའོ། །ཁ་ཅིག་ནི་དེའི་ཚེ་འཇིག་རྟེན་པའི་སྙིང་པོར་བསྟན་ཅེས་ཟེར་ཏེ་དེ་ནི་རྟོག་གེའི་ལུང་ངོ༌། །ལྷག་མ་ནི་གོ་སླའོ། །ལེའུ་དྲུག་པའི་བཤད་པའོ།། །།

ལེའུ་བདུན་པ། དགུག་པ་ལ་སོགས་པའི་སྦྱོར་བའི་བཤད་པ།


DTG046_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་བཞིའི་ཏིང་ངེ་འཛིན་གྱི་ལས་སྟོན་ཏེ། །ཁྲག་དགུག་པ་ལ་ནི་ལྕེ་ལས་འོད་ཟེར་སྤུ་གུའི་རྣམ་པ་བྱུང་བས་སྙིང་ག་ནས་ཁྲག་དྲང་བའི་ཏིང་ངེ་འཛིན་བྱའོ། །ཆང་དགུག་པ་ལ་ནི་དེ་བཞིན་ཏེ་ཅུང་ཟད་བདུན་གྱི་སྣོད་ཇི་སྐད་བསྟན་པར་རོ། །ཁུ་བ་དགུག་པ་ལ་ཡང་དེ་བཞིན་ཏེ་སྐྱེས་པའི་རྡོ་རྗེའི་ལམ་དང༌། བུད་མེད་ཀྱི་བྱང་ཆུབ་ཀྱི་ལམ་ནས་ཨ་ཝ་དྷཱ་ཏཱིའི་རྩེའི་ཁུ་བ་དྲང་ངོ༌། །རིམ་པ་བཞིན་དུ་བྱས་པ་བློ་འཕེལ་བ་ལ་ནི་རང་གི་ལྟེ་བར་ཡི་གེ་ཨ་དཀར་པེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དབུས་སུ་པདྨ་རཱ་གའི་མདོག་འདྲ་བའི་ཡི་གེ་ཨ་ལས་དབྱངས་དང་གསལ་བྱེད་ཀྱི་ཕྲེང་བ་དམར་པོ་མང་པོ་བྱུང་སྟེ། འགྲོ་བ་རེ་རེའི་སྙིང་གར་ཐིམ་པས་ཤེས་རབ་རྒྱས་པར་བྱས་ཏེ་སླར་བསྡུའོ། །བསྙེན་པ་ཉེ་བར་གྱུར་ནས་སྒྲུབ་པ་ཟླ་བ་ཕྱེད་དུ་བྱ་བའི་ཕྱིར། ཚེས་གཅིག་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བའི་ཚུལ་ཏེ་དཀྱིལ་འཁོར་གྱི་ཆ་ལས་ཤེས་པར་བྱའོ། །ལེའུ་བདུན་པའི་བཤད་པའོ།། །།

ལེའུ་བརྒྱད་པ། སྦྱིན་སྲེག་གི་ཆོ་གའི་བཤད་པ།


DTG046_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་བཀའི་སྲུང་བའི་འཁོར་ལོ་སྟོན་ཏེ། ལུས་གསུམ་ལས་ནི་བྱུང་བ་ཞེས་བྱ་བ་ནི་འཇིགས་པ་དང་འདོད་པ་དང་ནོར་གྱི་ལུས་ལས་བྱུང་བའི་བགེགས་སོ། །ཡང་ན་ཆོས་དང་ལོངས་སྤྱོད་དང་སྤྲུལ་པའི་ལུས་གསུམ་དུ་དབྱེར་མེད་པར་བྱུང་བས་ཞེས་ཚིག་རྣམ་པར་སྦྱར་རོ། །གཞན་དག་ནི། བགེགས་ནི་ལུས་ལས་བྱུང་བ་སྟེ། །བགེགས་ནི་དེ་བཞིན་ངག་ལས་བྱུང༌། །བགེགས་ནི་དེ་བཞིན་སེམས་ལས་བྱུང༌། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ལུས་ལ་སོགས་པ་གསུམ་ལས་ནི་བྱུང་བ་གཅོད་ཅེས་འཆད་དོ། །ཁྱོད་ནི་ཞེས་བྱ་བ་ལ་སོགས་པ་ནི་སའི་ལྷ་ལ་གསོལ་བ་གདབ་པ་སྟོན་ཏེ། ལྷ་མོ་འདི་ནི་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་མངོན་པར་བྱང་ཆུབ་པའི་དཔང་པོ་ཡིན་པར་བདག་གི་ཡང་དཔང་པོར་གཞག་གོ །དཀྱིལ་འཁོར་ཕོ་བྲང་ཞེས་བྱ་བ་ལ་སོགས་པ་ནི་སློབ་མ་འཇུག་པའི་ཆོ་ག་སྟེ་དཀྱིལ་འཁོར་གྱི་ཆོ་གར་བལྟའོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་ནི་ཀུ་མུ་ཏ་ཕྱེ་བ་ཤེས་པར་གྱིས་ཤིག །དེ་ནས་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའི་དོན་ནི་དཀྱིལ་འཁོར་གྱི་ཆོ་གར་ཤེས་པར་སླའོ། །ལེའུ་བརྒྱད་པའི་བཤད་པའོ།། །།

ལེའུ་དགུ་པ། འཇིགས་བྱེད་གཤིན་རྗེའི་གཤེད་ཅེས་བྱ་བའི་བཤད་པ།


DTG046_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཆར་དབབ་པ་སྟོན་ཏེ། རྒྱ་མཚོ་ཆེན་པོ་བཞིའམ། ཕྱིའི་རྒྱ་མཚོ་ཆེན་པོའི་ས་བླངས་ལ་དེ་ལ་ལྟེ་བ་ཡན་ཆད་སྐྱེས་པའི་ཆ་བྱད་རྒྱན་མ་ལུས་པས་བརྒྱན་པ། གདེངས་ཀ་བདུན་པ་མདོག་དཀར་བ་ལྟེ་བ་མན་ཆད་སྦྲུལ་དུ་འདུག་པ་ལག་པ་གཡས་པ་མཆོག་སྦྱིན་པ་གཡོན་པ་ཨུཏྤལ་འཛིན་པའམ་ཡང་ན་ལག་པ་བཞི་པ། གཡོན་པ་བདུད་རྩི་ལྔ་པོ་འོ་མ་དང༌། ཞོ་དང༌། མར་དང༌། སྦྲང་རྩི་དང༌། ཀ་རས་བཀང་པའི་ཐོད་པ་དང་པདྨ་འཛིན་པ། གཡས་པས་ཤིང་འབྲས་དང་རིན་པོ་ཆེ་འཛིན་པ་ཞིག་བྱས་ལ་དེའི་སྙིང་གར་གུར་གུམ་གྱིས་ཨོཾ་ཕུཿ་ཞེས་བྱ་བ་བྲིས་ལ། དེ་ནས་ཀླུ་གནས་པའི་མཚོ་ལ་སོགས་པར་དཔལ་གཤིན་རྗེ་འཇོམས་པའི་དཀྱིལ་འཁོར་བྲིས་ལ་མཆོད་པ་བྱས་ཏེ་མཇུག་ཏུ་ཀླུའི་གཟུགས་དེ་ལ་ཛ་ནཾ་ཛ་ཞེས་བྱ་བའི་སྔགས་ཀྱིས། སྙིང་གའི་ས་བོན་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས་པས་ཀླུའི་རྒྱལ་པོ་


DTG046_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་བཀུག་སྟེ་གཟུགས་དེ་ལ་བསྟིམས་ཏེ། ཀླུ་དགའ་བའི་གཏོར་མ་དང༌། མཆོད་པ་ཨོཾ་ཕུཿ་ཞེས་བྱ་བས་མཆོད་ལ། ཨོཾ་ཕུཿ་ཨ་ནནྟ་ནཱ་ག་རཱ་ཛ་བ་རི་ཤ་ཡ་ཕུཿ་ཞེས་བརྗོད་པས་ཆར་དབབ་སྟེ། བབ་ན་དཀྱིལ་འཁོར་དང་ཀླུ་རྣམས་ལ་ཡང་མཆོད་པ་བྱའོ། །སྦྲུལ་ནག་པོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱ་མཚོར་འཇུག་པའི་ཚོང་པ་ལ་ཕན་པའི་བྱ་བ་སྟེ་གོ་སླའོ། །སྦྱིན་སྲེག་གིས་ནི་ཞེས་བྱ་བ་ནི་ཚིམ་པར་བྱས་པའི་སྦྱིན་སྲེག་གིས་སོ། །ལྷ་རྣམས་མཐོང་ཞེས་བྱ་བ་ནི་གཤིན་རྗེ་གཤེད་པོ་ལ་སོགས་པ་གང་འདོད་པ་སྟེ། སྦྱིན་སྲེག་གིས་ལྷ་རྣམས་རབ་ཏུ་ཚིམ་ན་གང་འདོད་པའི་མཆོག་སྦྱིན་པའི་ཕྱིར་མེའི་དབུས་ལ་སོགས་པར་མངོན་སུམ་དུ་མཐོང་བར་འགྱུར་རོ། །འདི་ནི་ལྷ་ཆེན་པོ་ལ་སོགས་པའི་འཇིག་རྟེན་པའི་ལྷ་རྣམས་ལ་ཡང་ཡིན་མོད་ཀྱི། འོན་ཀྱང་འདིར་ནི་མི་སྦྱར་རོ། །མིག་སྨན་ཞེས་བྱ་བ་ནི་སྲོ་ཙ་ཨཉྫ་ནའོ། །ཉལ་བ་ཞེས་བྱ་བ་ནི་སྦྲུལ་གྱིས་ཟིན་ཏེ་བརྒྱལ་བའོ། །བཟླས་པའི་ཞེས་བྱ་བ་ནི་བཟླས་ཏེ་བྲབ་ཅེས་བྱའོ། །ལག་པ་ཡིས་ནི་ཞེས་བྱ་བ་ནི་ཡང་ན་ཞེས་བྱའོ། །གཏོར་མ་ཉི་མ་གཅིག་བཞིན་དབུལ། །ཞེས་བྱ་བ་ན་དེ་ལ་རབ་གནས་བྱས་པའོ། །ཤིང་རྩེར་གདགས་ཞེས་བྱ་བ་ནི་མིའི་རུས་པ་སྟེ་ཁ་ཅིག་ན་རེ་འཁྲུལ་འཁོར་ཡང་བྲིས་ཏེ་དེ་དང་ལྷན་ཅིག་གདགས་ཞེས་ཟེར་རོ། །འཁྱམ་པར་འགྱུར་ཞེས་བྱ་བ་ནི་སྨྱོན་པར་འགྱུར་པས་སོ། །སླར་ཕོག་སྟེ་ཆུར་བསྐུས་པས་ནི་བདེ་བར་གནས་བར་འགྱུར་རོ། །ལེའུ་དགུ་པའི་བཤད་པའོ།། །།

ལེའུ་བཅུ་པ། རྗེས་སུ་དྲན་པའི་བཤད་པ།


DTG046_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་རོ་ལངས་ཀྱི་སྒྲུབ་པའི་ཐབས་རབ་ཏུ་ཡང་བསྡུས་པ་སྟོན་ཏེ། འདིར་འདིའི་ཆ་དང་མཐུན་པའི་ལུང་ནི། གང་ཞིག་སེམས་སྟོབས་མཆོག་དང་ལྡན་པ་དེས། །འདི་ནི་ཤིན་ཏུ་འཇིགས་པའི་ལས་ཀྱང་བྱ། །སེམས་སྟོབས་ཆུང་བའི་མི་ལ་ཤ་ཟ་ཡིས། །གླག་མཐོང་ནས་ནི་ཕུང་བར་བྱེད་པར་འགྱུར། །དཔའ་བོའི་གོ་བགོས་མཚོན་ཆའི་ཐབས་མཁས་པས། །ཆས་པའི་གླང་ཆེན་མཆོག་གཞོན་གཞུ་ཐོགས་ནས། །མདའ་འཕེན་མཐུ་དང་ལྡན་པ་གཅིག་པོས་ཀྱང༌། །དགྲ་པོའི་ཚོགས་ཀུན་ལས་ནི་རྒྱལ་བར་ནུས། །དེ་བཞིན་སེམས་སྟོབས་ཆེན་པོའི་ཚུལ་ཁྲིམས་ཀྱིས། །གོ་བགོས་ལེགས་བསྲུངས་གླང་ཆེན་


DTG046_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན་ནས་སུ། །གསང་སྔགས་གཞུ་ཐོགས་བཟླས་བརྗོད་མདའ་འཕེན་པས། །འབྱུང་པོ་ལ་སོགས་མཚན་མོ་རྒྱུ་ལས་རྒྱལ། །སྒུར་པོ་ཡན་ལག་ལྷག་ཆད་ཐུང་དུ་དང༌། །དེ་བཞིན་རིང་པོའམ་ཡང་ན་སྦོམ་པོའམ། །སྨད་པའི་མངལ་ནས་སྐྱེས་པའམ་མ་ནི་ང་ངམ། །རྣམ་པ་དེ་འདྲའི་རོ་ནི་སྦང་བར་བྱ། །མ་ཞུ་བ་དང་རིམས་དྲག་ཚད་པ་དང༌། །འཁྲུ་སྐྱུགས་བཅིངས་དང་ཆུ་དང་གསལ་ཤིང་དང༌། །སྦྲུལ་གྱིས་བསད་དང་དུག་གིས་ཤི་བའམ། །བད་ཀན་རླུང་སོགས་མཐོང་མིས་བསད་པ་ལ། །ཡན་ལག་ཚང་ཞིང་ཁྭ་བཞིན་མ་སྨད་པ། །ལུས་ལ་རྨ་མེད་སྐྱེས་པའི་རོ་མཐོང་ནས། །རལ་གྲི་བེ་ཅོན་ལག་ན་ཐོགས་པ་ཡིས། །ཉིན་པར་ཐོག་ཐག་ཏུ་ནི་བསྲུང་བར་བྱ། །དུར་ཁྲོད་ཁང་སྟོང་དང་ནི་ཤིང་གཅིག་དང༌། །གཞི་མདོ་འབབ་ཆུའམ་ནི་ཆུ་ཀླུང་ངམ། །མཚོའམ་རྒྱ་མཚོ་ལམ་ནི་རི་བོ་ལས། །སྐད་ཅིག་གིས་ཀྱང་རོ་ལངས་འགྲུབ་པར་འགྱུར། །གང་ཡང་རུང་བའི་གནས་གཅིག་བརྟགས་ནས་ནི། །ས་དང་ལྕི་བ་བསྲེས་པ་བྱུག་པར་བྱ། །གཙང་མ་དེར་ནི་དཀར་ནག་དམར་པོའམ། །ཚོན་རྩི་སྣ་ཚོགས་རྣམས་ཀྱིས་དམ་ཚིག་བྲི། །གོང་དུ་སྨོས་པའི་དཀྱིལ་འཁོར་དེ་རྣམས་ལས། །བསམས་ནས་འདོད་པ་གང་ཡང་རུང་བ་གཅིག །དད་པ་ཆེན་པོས་རིགས་ཀྱི་ཡུམ་གྱི་མཆོག །བཟློག་ཅིང་རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །འཇིགས་པ་མེད་པའི་གཡོག་གིས་དེ་བླངས་ནས། །ཁྱེར་དེ་འོངས་ནས་ཀུ་ཤའི་སྟེང་གཞག་སྟེ། །སྐྲ་དང་ཁ་སྦུ་རྣམས་ཀྱང་བྲེགས་ནས་སུ། །དེ་ཡི་མོད་ལ་འབྲུ་མར་དག་གིས་བསྐུ། དེ་ནས་བུམ་པ་ཞབས་མི་གནག་པ་བཞི། །གཙང་མའི་ཆུས་བཀང་ཁྲུས་རྩིར་སྦྱར་བས་བཀྲུ། །དེ་ནས་གོས་དཀར་ཕྲུགས་གཅིག་བསྐོན་ནས་སུ། །དེ་ནས་དཀྱིལ་འཁོར་དབུས་སུ་རྩྭ་སྟན་དང༌། །མཉམས་མེ་ཏོག་སྟེང་དུ་རོ་གཞག་ཅིང༌། །རོ་ནི་མགོ་བོ་ཤར་རམ་བྱང་དུ་བསྟན། །དྲི་ཡིས་བྱུག་ཅིང་བདུག་པས་བདུག་པར་བྱ། །ཕྲེང་བ་གདགས་ཤིང་མེ་ཏོག་སིལ་མས་གཏོར། །ཤ་དང་ཉ་ཤ་བལ་ཁུར་ཏིལ་བསྲེས་པའི། །ཁུར་བ་ལ་སོགས་ཇི་སྙེད་བུངས་བསྐྱེད་དེ། །འབྱུང་པོ་ཀླུ་དང་ཤ་ཟ་གནོད་སྦྱིན་དང༌། །འདྲེ་ལ་བླ་འོག་ཕྱོགས་སུ་སྦྱིན་པར་བྱ། །གྲོགས་པོ་མཆོག་ལྡན་བདག་ཉིད་བསྲུང་བྱས་ཏེ།།


DTG046_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་སེམས་ཀྱིས་གསང་སྔགས་བཟླས་བརྗོད་བྱ། །རོ་ནི་ལྗང་དུ་ཉེ་བའི་ཚེ་ན་ནི། །འཇིགས་པའི་གཟུགས་ཅན་བགེགས་ནི་སྣ་ཚོགས་འབྱུང༌། །གཙུག་ཏོར་རྒྱལ་པོའི་སྔགས་ཀྱིས་ཐལ་བའམ། །མ་གྲུགས་ཉུངས་ཀར་ལ་སོགས་བསྔགས་ནས་ནི། །གཏོར་ནས་ཕྱོགས་བཅུ་དག་ནས་འོངས་པའི་བགེགས། །གསང་སྔགས་མཐུ་ཡིས་དེ་དག་འཇིགས་པར་འགྱུར། །དེ་དག་ཞི་བར་བྱ་ཕྱིར་ཁྲོ་བོ་ནི། །བདུད་རྩི་འཁྱིལ་པ་དྲག་ཤུལ་ལས་ཅན་སྦྱར། །བགེགས་རྣམས་བཅོམ་ནས་དེ་ནས་རོ་དེ་ཡང༌། །གསང་སྔགས་མཐུ་ཡིས་མྱུར་དུ་ལྡང་བར་འགྱུར། །གང་ཞིག་སྔགས་ཀྱི་ཆོ་ག་ཞི་བ་མོ་ལས། །མཐོང་བ་དེ་ནི་བགེགས་མེད་ངེས་པར་འགྲུབ། །གལ་ཏེ་རོ་དེ་ལྡང་བར་གྱུར་པ་ལས། །དེ་ཡི་གསང་སྔགས་ཆོ་ག་མི་ཤེས་ན། །སྔགས་གཞན་དག་ཏུ་ཆོ་ག་བསྟན་པ་ཡིས། །ལངས་པ་དེ་ལས་རང་གི་དངོས་གྲུབ་བླང༌། །གཏེར་གྱི་ཕྱོགས་དང་ཕུག་ཏུ་འགྲོ་བ་དང། །རལ་གྲི་ཨཉྫ་གཞོན་པ་མངག་གཞུག་དང༌། །འབྱུང་ཁུངས་གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན། །མཁའ་ལ་འགྲོ་བའི་དངོས་གྲུབ་རབ་ཏུ་སྟེར། །བསྲུང་བའི་སྟོབས་མེད་སྔགས་ཀྱི་སྟོབས་མེད་དང༌། །དཀའ་ཐུབ་སྟོབས་མེད་སེམས་སྟོབས་མེད་པ་ཡི། །བློ་ཞན་གང་ཞིག་རོ་ལངས་དངོས་གྲུབ་ཚོལ། །དེ་ནི་མཚན་མོ་རྒྱུ་བ་རྣམས་ཀྱིས་བསད། །ཅེས་གསུངས་ཏེ། ཅུང་ཟད་དུ་ན་རོའི་མགོ་ནི་འདིར་ལྷོར་བསྟན་ཏོ། །ཁ་ཅིག་ན་རེ་འདིར་རོལ་ནག་པོ་ཆེན་པོ་བསྟིམ་མོ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ལྟ་ན་དང་པོ་གནས་ཉིད་དེའི་གནས་སྨོས་པའི་རིགས་སོ། །འདིར་ནི་ལྷའམ་གཤིན་རྗེ་ལ་སོགས་པ་རོ་ལངས་ཀྱི་དངོས་གྲུབ་སྦྱིན་པར་ནུས་པ་གང་སུ་ཡང་རུང་བ་ཞིག །བཅོམ་ལྡན་འདས་གཤིན་རྗེ་གཤེད་རབ་ཏུ་འཇོམས་པའི་མཐུས་འདི་ལ་ཞུགས་ནས་དངོས་གྲུབ་སྦྱིན་པར་ཟད་པས། འདི་ལ་དེས་པའི་ལྷ་ཅི་ཡང་མི་དགུག་གོ །ཡང་གཞན་ལས། ཤར་ཕྱོགས་སྒོར་ནི་ནན་ཏན་དུ། །རྨ་མེད་པ་ཡི་རོ་གཞག་སྟེ། །སྙིང་གར་རོ་ལངས་ཕྱག་རྒྱ་གཞག །དེ་ལ་རབ་ཏུ་བསྐོར་བར་བྱ། །དེ་ནས་ཁྲོས་པ་ཆེན་པོ་ཡིས། །ཤིན་ཏུ་གུས་ཤིང་ལེགས་པར་བརྒྱན། །དྲི་དང་མེ་ཏོག་དམར་སྔོན་གྱིས། །ལེགས་པ་དག་ཏུ་མཆོད་ནས་ཀྱང༌། །མཁས་པས་རོ་


DTG046_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ཕྱག་རྒྱ་ཡིས། །ཐོག་མར་བདག་ཉིད་བསྲུང་བར་བྱ། །གཤིན་རྗེ་གཤེད་བྱེད་ཡན་ལག་ལྔ། །དེ་བཞིན་ལུས་ལ་སྦྱར་བར་བྱ། །དཔའ་བོ་མཐུ་ཆེན་བདག་ཉིད་ཀྱིས། །རལ་གྲི་ལག་པས་བླངས་ནས་ནི། །དཔའ་བོའི་རྐང་པ་གཡོན་པ་ཡིས། །དེ་ཡི་སྙིང་གར་མནན་ནས་ནི། །ཁྲོ་བོ་ཡི་ནི་གཙོ་བོ་ཡི། །ཡི་གེ་བཅུ་བདུན་སྔགས་བཟླས་སོ། །ཞེས་པ་དང༌། །དེའི་སྔགས་དྲག་པོས་བསྐུལ་བ་དང༌། །ཡི་དགས་དེ་ནི་གཡོ་བར་འགྱུར། །ཧ་ཧར་གྱུར་པའི་འཁྲུགས་པ་དང༌། །དེ་བཞིན་ཧ་ཧའི་སྒྲ་ཡང་འབྱིན། །དེ་ལས་ལངས་ནས་ངག་གིས་ནི། །དེ་ལ་མཆོད་ཡོན་དབུལ་བར་བྱ། །མཚོན་ནི་རྣོན་པོ་འབར་བ་ཡིས། །བསད་པའི་ཤ་དང་ཁྲག་བཅས་པའོ། །རིག་པ་འཛིན་པ་དེ་ཡི་ནི། །སེམས་ཀྱི་དྲོད་ནི་དེས་ཤེས་ནས། །མཆོད་ཡོན་བླངས་ཏེ་དཀྱིལ་འཁོར་ནི། །ཧ་ཧར་གྱུར་པས་འཇིགས་པར་བྱེད། །དེ་ནས་བདག་ཉིད་ཆེན་པོ་དེའི།། འཇིགས་སུ་རུང་བའི་གཟུགས་མཐོང་ནས། །གཤིན་རྗེ་གཤེད་བོ་དཔའ་བོ་ཡི། །རོ་ལངས་ཕྱག་རྒྱ་བསྟན་པར་བྱ། །དེ་ནས་གཤིན་རྗེ་གཤེད་པོ་ནི། །ཡི་དགས་ལུས་ལ་གནས་པ་དེས། །རོ་ལངས་ཕྱག་རྒྱ་མཐོང་ནས་སུ། །རིག་པ་འཛིན་པ་དེ་ཡི་ནི། །སེམས་དྲོད་རིག་ནས་འདོད་པའི་མཆོག །སྦྱིན་པར་བྱེད་པར་གདོན་མི་ཟ། །ཁྲོ་བོའི་རྒྱལ་པོ་སླར་གཤེགས་ནས། །མི་རོ་ས་ལ་འགྱེལ་བར་འགྱུར། །དེ་ཡི་ལུས་ནི་དེ་ཉིད་ཀྱང༌། །གསེར་དུ་འགྱུར་བར་གདོན་མི་ཟ། །དེ་ཚེ་གྲོགས་པོ་རྣམས་དང་ཡང༌། །སེམས་ཅན་རྣམས་ལ་ཅི་བདེར་སྦྱིན། །བདག་ཉིད་ཆེན་པོ་དཔའ་པོ་ཡི། །སྒྲུབ་པ་བཤད་པ་འདི་ཡིན་ཏེ། །སེམས་ནི་རབ་ཏུ་དཔའ་བས་བྱའོ། །ངན་སོང་རྣམས་ཀྱིས་ཡང་མི་བྱ། །སེམས་ཞན་པ་ཡི་སྒྲུབ་པ་པོས། །ཁྲོ་བོའི་རྒྱལ་པོ་དེ་བསྒྲུབས་ན། །དེ་ནི་ལངས་ནས་མྱུར་བར་ནི། །གྲོགས་དང་བཅས་ནས་གསོད་པར་འགྱུར། །རོ་ལངས་ཕྱག་རྒྱ་མི་ཤེས་ན། །སེམས་ནི་ཇི་ལྟར་དྲག་གྱུར་ཀྱང༌། །ཁྲོ་བོའི་རྒྱལ་པོ་དེ་ཡིས་ནི། །སྒྲུབ་པ་པོ་དེ་བསད་པར་འགྱུར། །རིག་འཛིན་མཆོག་གིས་གང་དག་ཏུ། །དེ་བཞིན་གཤེགས་པའི་དམ་ཚིག་གིས། །བརྒྱན་ཞིང་འཁོར་ལོ་བསྐོར་བ་ཡིས། །རོ་ལངས་ཕྱག་རྒྱ་བཅིངས་པ་དེར། །གནོད་མི་ཟ་བར་


DTG046_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོས་ནི། །ལེགས་པར་བྱིན་གྱིས་རློབ་པར་འགྱུར། །མྱུར་དུ་མཆོག་ཀྱང་སྩོལ་བར་མཛད། །འགྲོ་བར་འགྱུར་བའང་གདོན་མི་ཟ། །ཨོཾ་ན་མོ་བུདྡྷ་དྷརྨ་སིགྷི་བྱ་ཨ་ཀྲོ་དྷེ་ཀ་ཡ་མཱནྷ་ཀ་ཧ་ན་མ་ཐ་བྷ་ཉྫ་ཧཱུཾ་བེ་ཏ་ལ་རཀྵ་རཀྵ་མཾ། ཏ་ཐཱ་ག་ཏོ་ཨཛྙཱ་པ་ཡ་ཏི་སྭཱ་ཧཱ། །དེ་བཞིན་གཤེགས་པའི་བཀའ་བརྒྱན་པ་རོ་ལངས་ཀྱི་ཁྲོ་བོའི་ཕྱག་རྒྱའི་སྔགས་སོ་ཞེས་པ་དང༌། །དེ་ནས་ལག་པ་གཉིས་ཀ་ཡི། །སོར་མོ་ཕན་ཚུན་བསྣོལ་བ་ཡི། །མཛུབ་མོ་གཉིས་ཀྱི་སྲིན་ལག་གཉིས། །ལེགས་པར་བཟུང་ནས་དགུག་པར་བྱ། །གུང་མོའི་སོར་མོ་བསྒྲེངས་ཏེ་ཕྱར། །མཐེའུ་ཆུང་གཉིས་ཀྱང་ནང་དུ་གཞུག ། དེ་བཞིན་དུ་ནི་མཐེ་བོང་གཉིས། །ཕན་ཚུན་བསྣོལ་བར་བརྐྱང་སྟེ་སྦྱར། །ཤེས་རབ་ཅན་གྱིས་རོ་ལངས་འདི། །རྟག་ཏུ་ཚུལ་བཞིན་ཁྲོ་བོར་བསྟན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ལས་འདིར་ཇི་ལྟར་རིགས་པར་སྦྱར་བ་ནི། གང་ཞིག་ཏུ་ནི་རང་ཉིད་ཀྱིས། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེ་ར་ནི་སྤྱི་རྒྱུད་ལས་གྲགས་པའི། །ཆོ་ག་མཁས་པས་ཤེས་པར་བྱ། །ཞེས་གསུངས་པས་སོ། །གཤིན་རྗེའི་དགྲ་ཞེས་བྱ་བ་ནི་བསད་པའི་འཁྲུལ་འཁོར་གྱི་སྐབས་སུ་གསུངས་པ་ལྟ་བུ་བྱས་ཏེ་དེ་སྤྱན་ཕྱེ་བའོ། །ཕྱག་དྲུག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བྷ་གར་ལིངྒ་ཞེས་བྱ་བ་ལ་སོགས་པ་ནི་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་ལས་གསང་བའི་དཀྱིལ་འཁོར་སྔགས་མངོན་དུ་བསྟན་པས་འབྱིན་པ་ན་འགྲོ་བའི་དོན་ལ་ཉེ་བར་དམིགས་པའི་ཏིང་ངེ་འཛིན་ཏེ། ལྷ་ལྷག་མ་རྣམས་ཀྱང་དེ་དག་གི་ཆར་ཇི་ལྟར་རིགས་པར་བསྡུ་བའམ་སྔར་གླེང་གཞི་བཤད་པ་ལྟར་དྲན་པར་བྱ་ཞིང༌། ཐོད་པ་བཞིས་ནི་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་བྲལ་ནས་དབང་བསྐུར་རོ། །བ་སྤུའི་རྩེ་ལས་ཞེས་བྱ་བ་ནི་བཙུན་མོའི་བ་སྤུའི་རྩེ་ལས་ཏེ། དེ་ཡང་དཔག་ཏུ་མེད་པར་འཕྲོ་བས་ན་སྤྲིན་ཞེས་གསུངས་སོ། །ཉི་མའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་བཅུ་པའི་བཤད་པའོ།། །།

ལེའུ་བཅུ་གཅིག་པ། སྤྱོད་པ་སྟོན་པ་ཞེས་བྱ་བའི་བཤད་པ།


DTG046_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ཁོང་ཁྲོས་ནོན་གཟིགས་ནས། །ཞེས་བྱ་བ་ལ་སོགས་པ་ནི་ཁ་ཅིག་བདག་པོ་གཅིག་པུས་ཆོག་པ་མ་ཡིན་ནམ། ཇི་ལྟར་ན་ལྷ་འདི་སྙེད་ཅིག་བསྟན་ཞེས་རྟོག་པ་བཟློག་པའི་ཕྱིར་ལྷ་སོ་སོའི་རྣམ་པར་དག་པ་གསུངས་པའོ། །རང་སྙིང་ས་བོན་ཞེས་བྱ་བ་ལ་སོགས་པས་ནི་


DTG046_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་དཀྱིལ་འཁོར་བསྐྱེད་པའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རང་གི་སྙིང་གའི་ས་བོན་གྱི་ཡིག་འབྲུ་ལས་བྱུང་བའི་འོད་ཟེར་གྱིས་བཀུག་ལ་བདག་གི་ལུས་ལ་བསྟིམ་སྟེ། དེ་དག་ཞུ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ལས་བྱུང་བའི་དཀྱིལ་འཁོར་རྫོགས་པར་བྱས་ནས་སྔོན་བཞིན་དུ་ཏིང་ངེ་འཛིན་དང་སྔགས་ཀྱིས་སྤྲོས་ཏེ་སླར་བསྡུས་ནས། ཕྱི་རོལ་གྱི་དཀྱིལ་འཁོར་གྲུབ་པའི་རྣལ་འབྱོར་འགྲུབ་པར་ཐེ་ཚོམ་མེད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སྤྱོད་པ་སྟོན་ཏེ། དྲོད་ཅེས་བྱ་བ་ནི་འཆད་པར་འགྱུར་བའི་ཡེ་ཤེས་ཅུང་ཟད་བབས་པ་སྟེ། ཆར་དང་རླུང་དང་གྲང་བ་དང༌། །གནས་དང་ཟས་ལ་སོགས་པ་ལ། །ཅི་མི་སྙོམ་པར་ནམ་གྱུར་པ། །དེ་ཚེ་ལས་ཀྱི་འབྲས་བུ་ངེས། །ཞེས་གསུངས་པའོ། །གར་ཞེས་བྱ་བ་ལྟ་ཉིད་ཀྱི་རྣལ་འབྱོར་ཏེ། །གར་ནི་བསྒོམ་པར་བྱའོ་ཞེས་གསུངས་སོ། །གླུ་ཞེས་བྱ་བ་ནི་སྔགས་ཀྱི་བཟླས་པ་སྟེ། སྔགས་དག་པར་ནི་གླུ་གནས་ཏེ། །ཞེས་གསུངས་སོ། །རྒྱལ་མཚན་ཞེས་བྱ་བ་ནི་རྡོ་རྗེ་སྟེ་སྦས་པ་ཞེས་བྱ་བ་ནི་པདྨའོ། །དེ་ནས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་འདུ་བའི་ཚེ་དབང་དུ་བྱས་པའོ། །ལྷ་ཞེས་བྱ་བ་ནི་པདྨ་དང་རྡོ་རྗེ་བྱིན་གྱིས་བརླབ་པའོ། །དེ་ལ་ཞེས་བྱ་བ་དེའི་ཚེའོ།། འོ་མ་ཞེས་བྱ་བ་ནི་མེ་ཏོག་ཀུནད་ལྟ་བུའི་བྱང་ཆུབ་ཀྱི་སེམས་བདེ་བ་དང་བཅས་པ་སྟེ། བདེ་བ་མེད་ན་དེ་མེད་ཅིང༌། །དེ་མེད་ན་ཡང་བདེ་བ་མེད། །ཅེས་གསུང་པས་སོ། །ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་ས་རབ་ཏུ་དགའ་བ་རྙེད་པའི་རིག་པ་འཛིན་པ་སངས་རྒྱས་ཀྱི་གཟུགས་འཛིན་པའོ། །དེ་ནི་འདོད་བ་འབྱོར་ཅིང་འཇིགས་པ་སྤངས་པ་ཡིན་པས་ན། ཕག་མོའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་གང་ལ་བརྟེན་ནས་འོ་མ་བསྒྲུབ་ཅེ་ན། །ཕག་མོའི་གཟུགས་ནི་བཟུང་ནས་ནི། །བཙུན་མོ་ཐམས་ཅད་བླང་བར་བྱ། །ཞེས་གསུངས་ཏེ། རིགས་ཀྱི་ཕྱག་རྒྱ་འདི་ཡིན་པས་སོ།། ཇི་ལྟར་ན་ཕག་མོའི་གཟུགས་བཟུང་བ་ཡིན་ཞེ་ན། ཇི་སྐད་དུ་གསུངས་པ། གང་གིས་ལག་པའམ་དཔྲལ་བ་ནི། །འཁོར་ལོ་སྣང་འགྱུར་དཔྲལ་ལྟག་འཆང༌། །སྤྲིན་སྔོན་གྱི་ནི་མདོག་འདྲ་བ། །སྐལ་བཟང་ཆེན་པོ་ཕུན་སུམ་ཚོགས། །མཆོག་ཏུ་བདེ་བ་གང་ཡིན་དང༌། །ཁྱིམ་དུ་འཁོར་ལོ་བྲི་


DTG046_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང༌། །རྟག་ཏུ་དེ་ལ་མཆོད་བྱེད་པ། །རྡོ་རྗེ་ཕག་མོའི་རིགས་བྱུང་བའི། །སྟོབས་ཀྱིས་དྲེགས་པོའི་མཁའ་འགྲོ་མའོ། །གང་ཞིག་མིག་སྨན་གནག་འདྲ་ཞིང༌། །སོ་ནི་དཀར་ཞིང་སྟོན་པ་དང༌། །རྟག་ཏུ་སྡུག་པར་གྱུར་པ་དང༌། །སེམས་སྟོབས་ལྡན་པར་གྱུར་པ་དང༌། །ཁྲུས་ལ་རྟག་བར་དགའ་བ་དང༌། །མང་དུ་སྨྲ་བར་མི་བྱེད་ཅིང༌། །ཁྱིམ་དུ་རྡོ་རྗེ་བྲི་བ་དང༌། །རྟག་ཏུ་དགེ་བས་མཆོད་བྱེད་པ། །རྡོ་རྗེ་ཕག་མོའི་རིགས་བྱུང་བ། །སྟོང་ཕྲག་བཅོ་ལྔ་དང་ལྡན་ཡིན། །ཞེས་པ་སྟེ། དེ་ཡི་འོ་མ་སྒྲུབ་པའོ། །གལ་ཏེ་དེ་མ་རྙེད་ན་ནི། །ཡི་དམ་ལྷ་ཡི་རིགས་ཀྱིས་བྱ། །ཡང་ན་གཞན་གྱི་རིགས་ཀྱང་རུང༌། །ཞེས་གསུངས་པ་སྦྱར་རོ། །འདི་ནི་མྱུར་དུ་ཕྱག་རྒྱ་ཆེན་པོ་འགྲུབ་པར་བྱེད་པའི་བུད་མེད་སྔོན་དུ་བསྟན་པའི་མཐུ་ཅན་ནོ། །དཔའ་བོ་སོང་གེ་ལྟ་བུར་སྤྱོད། །ཅེས་བྱ་བ་ནི། འདུ་འཛི་སྤངས་ཏེ་གནས་པས་ན། །སེང་གེ་ལྟ་བུའི་སྤྱོད་པ་སྟེ། །ཇི་སྐད་དུ། ས་ལ་སེང་གེ་ཁྱུས་འཁོད་སྔོན་མ་བྱུང༌། །ལྟ་བའི་གདུག་པ་དག་ཀྱང་ཁྱུས་མི་འཁོད། །གཟི་ལྡན་བདེ་བ་ཕ་རོལ་གནོན་པའོ། །སྐྱེས་བུ་ཁྱུ་མཆོག་རྣམས་ཀྱང་ཁྱུས་མི་འཁོད། །ཅེས་གསུངས་ལ། །ཡང་འཇིག་རྟེན་དག་ན་ཉི་ཟླ་དཔུང་མ་མཆིས། །འཁོར་ལོས་སྒྱུར་དང་སེང་གེ་དཔུང་མ་མཆིས། །བྱང་ཆུབ་སེམས་དཔའ་འདི་ནི་དཔུང་མ་མཆིས། །འོན་ཀྱང་གཅིག་པུས་བདུད་ནི་གཞོམ་པར་སྤྱོད། །ཅེས་གསུངས་ལ། ཡང་འཇིག་རྟེན་དག་ན་དེ་ལྟར་གཅིག་པུས་ན་དཔའ་བའོ། །གཞན་དག་ན་རེ། འདི་ནི་འདྲེས་པར་སྤྱོད་པར་མ་བཀག་སྟེ། །སྔ་རོལ་དང་བཅས་གྲོང་ཁྱེར་འཇུག །ཅེས་གསུངས་པས་སོ། །འོན་ཀྱང་ལྷའི་བུའི་བདུད་དང་བདུད་ཀྱི་རིས་སུ་གཏོགས་པའི་འཚེ་བས་མི་ཚུགས་པས་ན། དཔའ་བོ་སེང་གེ་ལྟ་བུར་སྤྱོད། །ཅེས་གསུངས་ཏེ། ཇི་སྐད་དུ། བརྟུལ་ཞུགས་དྲག་པོ་འཛིན་པ་ཡི། །སྒྲུབ་པ་པོ་ལས་བདུད་ཀྱི་རིས། །ལྷ་མོ་འདོད་གཟུགས་ཅན་དག་དང༌། །གཞན་གྱི་ལུས་ཀྱིས་དེ་བཞིན་དུ། །དབང་པོ་རྣམས་ལ་འཚེ་བྱེད་པ། །རྣམ་པ་སྣ་ཚོགས་གཟུགས་ཀྱིས་ཏེ། །དེ་དང་ལྷན་ཅིག་སྨྲ་མི་བྱ། །ཅུང་ཟད་ཀྱང་ནི་ཆགས་མི་བྱ། །བྱང་ཆུབ་སེམས་དཔའ་རབ་ལྡན་ཞིང༌། །ཁྲོ་བོའི་བཟླས་པ་གཞོལ་བྱེད་པ། །གལ་ཏེ་དེ་ལྟར་འགྲོ་བ་ན། །མི་བཟད་


DTG046_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་གཟུགས་དག་གམ། །ཤིན་ཏུ་ངོ་མཚར་གཞན་མ་རྣམས། །བདེ་གཤེགས་བསམས་པས་མཐོང་བས་ན། །དེ་དག་གིས་ནི་འཇིགས་མི་བྱ། །གནོད་ཅིང་སྐྲག་པར་བྱེད་པ་ནི། །ཁོ་བདག་ཉིད་ནི་རྣམ་འཇིགས་ཏེ། །བདེ་གཤེགས་བཀའ་ནི་བསྒོམ་ཕྱིར་རོ། །བདེ་གཤེགས་བསམ་པས་བསྒོམས་པ་ཡི། །བརྟུལ་ཕོད་པ་ཡི་དཔའ་བོ་ཡིས། །བརྟུལ་ཞུགས་འདི་ནི་རྟེན་པར་བྱེད། །དཔའ་བོས་བྱ་ཡིས་གཞན་གྱིས་མིན། །དངོས་གྲུབ་མཆོག་ནི་འདོད་པ་ཡིས། །ལྷ་ཡི་བརྟུལ་ཞུགས་གསུངས་པ་འདི། །ཇི་སྐད་གསུངས་པའི་ཚུལ་བཞིན་དུ། །རབ་ཏུ་འབད་པས་བསྙེན་པར་བྱ། །ཞེས་གསུངས་ལ། །གཞན་ལས་ཀྱང༌། བརྒྱ་བྱིན་ལྟ་བུའི་ལྷ་མིན་གང༌། །མདུན་དུ་ངེས་པར་འོངས་གྱུར་ཀྱང༌། །དེ་ལ་འཇིགས་པར་མི་བྱ་སྟེ། །དཔའ་བོ་སེང་གེ་ལྟ་བུར་སྤྱོད། །ཅེས་གསུངས་སོ་ཞེས་ཟེར་ཏེ་ལེགས་པར་སྨྲས་སོ། །འདིར་ནི་ཡང་དག་པར་བསྡམས་པས་ནི་བརྟུལ་ཞུགས་ཞེས་དྲང་བར་བྱ་བས་ན་དབང་པོ་བསྡམས་པ་དང་རབ་ཏུ་བཙོན་པ་གྲོགས་སུ་གྱུར་པ་སྟེ། །བརྩོན་འགྲུས་འབའ་ཞིག་གྲོགས་གྱུར་པས། །གོ་འཕང་བླ་ན་མེད་པ་བརྙེས། །ཞེས་གསུངས་པ་ལྟ་བུ་དང་གྲུབ་པའི་ཕྱག་རྒྱའི་སྟོབས་དག་གིས་འདི་འགྲུབ་ཀྱི། །ཚོགས་ངན་བར་སྤྱོད་ཅིང་བུད་མེད་ཐ་མལ་པའི་ཡུལ་ལ་ལྷག་པར་ཆགས་པས་ནི་འགྲུབ་མི་སྲིད་པར་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་རབ་ཏུ་གསལ་བའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བསྟན་པའི་ཕྱིར། ཕྱག་རབ་ཏུ་མང་པོ་སྟོན་པ་སྟེ་སྔགས་ནི་གཅིག་པོ་ཉིད་གསུམ་གྱིའོ། །དེ་ནས་དམ་རྫས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །རིམས་དང་ཞེས་བྱ་བ་ལ་སོགས་པ་ནི། བཟླས་པ་གྲུབ་པས་བྱུག་པའི་བྱ་བ་བསྟན་ཏེ་གོ་སླའོ། །ཆུ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེའི་ཆུའོ། །རྡོ་རྗེ་བདུད་རྩི་ཞེས་བྱ་བ་ནི་རང་གི་རྫས་སོ། །རང་བྱུང་མེ་ཏོག་ཅེས་བྱ་བ་ནི་བུད་མེད་ཀྱི་ཉི་མའོ། །འདི་དག་སྣ་བུག་གཡོན་པ་ལས་འཐུངས་པས་འཆི་པ་འཇོམས་པས་ན་སྦྱོར་བ་འདི་དག་མཆོག་གི་མཆོག་སྟེ་མཆོག་ནི་ཚེ་རིང་པོ་སྦྱིན་པས་སོ། །དེའི་ཡང་མཆོག་ནི་རྒས་པ་དང་རྒུད་པ་རབ་ཏུ་འཇིགས་པས་སོ། །ལེའུ་བཅུ་གཅིག་པའི་བཤད་པའོ།། །།

ལེའུ་བཅུ་གཉིས་པ། ཉེར་བར་འཁོ་བའི་ལས་ཀྱི་ཁྱད་པར་ཐམས་ཅད་ཞེས་བྱ་བའི་བཤད་པ།


DTG046_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་དག་གིས་ནི་མཆོད་པའི་གླུ་གསུངས་ཏེ། ཙཱ་རྩི་ཀཱ་ཞེས་བྱ་བ་ལ་སོགས་པས་ནི་འབྱུང་བར་འགྱུར་བའི་རྣལ་འབྱོར་པ་རྣམས་ཀྱིས་བདག་ཉིད་ལྷ་མོ་བཞིའི་ཏིང་ངེ་འཛིན་དུ་བྱོས་ལ་ཀླུའི་བསྟོད་པ་གྱིས་ཤིག་ཅེས་བསྟན་པའི་ཕྱིར་རོ། །ཨ་ཀྱེ་ཀྱེ་ཀྱེ་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་སྐད་དུ་བསྟོད་པ་སྟེ་གོ་སླའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་བཟླས་པའི་བྱ་བ་ཕྲེང་བ་དང་བཅས་པའི་བྱ་བ་སྟོན་ཏོ། །ཀུ་མུ་ཏ་ཁ་ཕྱེ་བར་ཅུང་ཟད་བསྟན་པས་ཁོང་དུ་ཆུད་པར་ནུས་སོ། །ཡི་དགས་ཚོགས་སྟོང་གསད་པར་བྱ། །ཞེས་བྱ་བ་ནི་འགྲོ་བ་ཆོས་ཅན་ལ་འཚེ་བའི་བགེགས་དྲག་པོ་ནི་ཞི་བ་ཇི་ལྟར་མི་ནུས་ན། སྔགས་པས་སྙིང་རྗེ་བསྐྱེད་ལ་འཁྲུལ་འཁོར་རམ་སྦྱིན་སྲེག་གིས་གསད་པར་བྱ་སྟེ། ཇི་སྐད་གསུངས་པ་ཡང༌། ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར། །བགེགས་རྣམས་ལ་ནི་གནོད་མི་བྱ། །ཤིན་ཏུ་སྡང་བར་རིག་ནས་སུ། །གལ་ཏེ་བགེགས་ལ་གནོད་བྱ་ན། །ཤིན་ཏུ་སྡང་ཞིང་དྲག་རྣམས་ལ། །འཇམ་དེ་ཉིད་ཀྱིས་མི་བྱའོ། །གལ་ཏེ་འཇམ་དེ་ཉིད་བྱ་ན། །དེས་ནི་མོད་ལ་གནོད་པ་བྱེད། །ཐོག་མར་འཇམ་བོར་སྦྱར་བར་བྱ། །ལན་གཉིས་ཚེ་ནི་དབྱེ་བར་བརྩོན། །གསུམ་ཚེ་མཆོད་ཡོན་ཐོགས་ནས་སུ། །མེ་ཏོག་སྙིམ་པར་གནས་བྱས་ལ། །དེ་ནས་བགེགས་རྣམས་མཆོད་པར་བྱ། །འབྱུང་ཀུན་ཕན་གཏོར་བྱིན་ནས་སུ། །འདི་སྐད་ཀྱི་ནི་ཚིག་བརྗོད་དེ། །བདག་གིས་ད་ནི་ཁྱེད་མཆོད་ཀྱིས། །སོད་ཅིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་དེ་ལྟར་མ་བྱེད་ཅིག །ཁྱེད་ཀྱི་སྟོབས་དང་རྩལ་མཐོང་ན། །ཁྱེད་ནི་བདག་ལ་བགེགས་བྱེད་ནུས། །ཁྱེད་ནི་ལྷ་ཡི་སྦྲུལ་པ་སྟེ། །ཁྱེད་ནི་བགེགས་བྱེད་མི་ནུས་མིན། །སྔོན་ཆད་མཆོད་པ་མ་ཐོབ་པ། །དེ་ནི་བདག་གིས་མཆོད་བྱས་ཏེ། མཆོད་ཀྱིས་ད་ནི་མཆོད་ཁྱེར་ལ། །བགེགས་ཀྱི་རྒྱལ་པོ་སོང་ཞེས་བརྗོད། །གལ་ཏེ་འདུག་ཀྱང་བགེགས་བྱེད་ན། །དེ་ལ་ལེགས་པར་སྤྱད་པར་བྱ། །སྔགས་པས་མཆོད་པ་བྱས་ནས་ཀྱང༌། །ཅི་སྟེ་བགེགས་ནི་ཡང་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་དཔང་གྱུར་པ། །མི་མཆོག་རྣམས་ལ་མཁྱེན་པར་གསོལ། །བགེགས་ལ་ཆད་པས་བཅད་པ་ཡི། །སྦྱོར་བགྱིད་བདག་ལ་ནོངས་མ་མཆིས།


DTG046_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་དང་སངས་རྒྱས་སྲས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །བཀའ་དང་འགལ་བར་བདག་མི་བགྱིད། །ལྷ་དང་ལྷ་ནི་གནོད་སྦྱིན་བཅས། །གང་དག་ཀླུ་དང་དྲི་ཟ་དང༌། །གཟའ་དང་མིའམ་ཅི་དག་ལ། །བགེགས་ཀྱིས་གཙེས་པར་གྱུར་པ་དག ། ཕྱོགས་རྣམས་ཀུན་དུ་བསྒྲགས་པར་བྱ། །གལ་ཏེ་ཅུང་ཞིག་སྐྱོབ་ཅེ་ན། །མྱུར་དུ་ཡོངས་སུ་སྐྱོབས་ཤིག་བྱ། །སྔགས་པའི་གལ་ཏེ་མཉན་བྱས་ནས། །བགེགས་བྱེད་ཞི་བར་གྱུར་ན་ནི། །དེ་ནས་ཕྱོགས་མཚམས་ཐམས་ཅད་དུ། །ལྷ་རྣམས་ལ་ནི་མཆོད་པ་བྱ། །གལ་ཏེ་དེ་ལྟར་མི་བཏུབ་ན། །མེ་ཏོག་ཐལ་མོ་མཆོད་ཡོན་གྱིས། །སངས་རྒྱས་སོགས་ལ་རབ་བསྐུལ་ཏེ། །དེ་ལ་ཆད་པས་གཅད་པར་བྱ། །དྲག་པོ་ཤིན་ཏུ་ལྡང་སེམས་དཔའ། །བཀའ་ལུང་ལས་ནི་འགལ་བྱེད་ཅིང༌། །མི་ལ་གནོད་ཅིང་སྲོག་འཕྲོག་པ། །སངས་རྒྱས་རྣམས་ཀྱང་མི་གཡེལ་བར། །དེ་ལ་ཕན་པར་ཤེས་ནས་སུ། །བསྐལ་པ་བྱེ་བ་དུ་མར་ནི། །སེམས་དམྱལ་གནས་སུ་སྐྱེ་བ་ཡི། །སྡུག་བསྔལ་མང་པོར་འདིར་འགྱུར་ཞེས། །ཇི་ལྟར་སྨན་པས་སེམས་ཅན་གྱི། །ནད་རྣམས་གསོ་བར་བྱེད་པ་བཞིན། །གཟིར་བས་བདག་ལ་ཉེས་པ་མེད། །མཁས་པ་རྣམ་པར་སྤངས་པ་ཡིན། །དེ་ལས་སེམས་ནི་མཉམ་གཞག་ཅིང༌། །སྙིང་རྗེའི་ཡིད་དང་ལྡན་པ་ཡིས། །བྱང་ཆུབ་སེམས་ནི་བརྟན་བྱས་ཏེ། །དེ་ལྟར་ཆད་བས་གཅད་པ་བརྩམ། །ཇི་ལྟར་སྨན་པ་མཁས་པ་དང་།ཉེས་མེད་ཡལ་བར་མི་འདོར་བཞིན། །ཐབས་དང་ཤེས་རབ་ལྡན་པ་ཡང༌། །མཁས་ནའང་མི་བྱེད་ཉེས་དང་བཅས། །དེ་ལྟར་སྨན་པ་མི་མཁས་པ། །ཐབས་དང་ཤེས་རབ་བྲལ་པ་ཡིས། །ནད་པ་ཡལ་བར་མི་འདོར་ཞིང༌། །གསོ་བའི་ཆོ་ག་བྱེད་གྱུར་པ། །དེ་བཞིན་གཤེགས་དང་བྲལ་བ་ཡིས། །གལ་ཏེ་གསོ་བར་བརྩོན་ན་ཡང༌། །ཐབས་དང་ཤེས་རབ་བྲལ་བ་ལ། །སངས་རྒྱས་རྣམས་ནི་བསྔགས་མི་མཛད། །ནད་པ་དང་ནི་ནད་པ་ལ། །སྨན་པ་ཇི་ལྟར་སྨན་བྱིན་པ། །ཁ་དང་ཚ་དང་བསྐ་བ་ཡང༌། །འཇིག་རྟེན་སྨོད་པར་མི་བྱེད་པ། །དེ་བཞིན་འདུལ་བའི་བྱེ་བྲག་གིས། །ཅི་རིགས་པར་ནི་གསོལ་བར་བྱ། །སྡང་བའི་སེམས་ཅན་རྣམས་ལ་ནི། །བྱ་སྟེ་སངས་རྒྱས་རྣམས་མི་སྨོད། །


DTG046_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་སྔགས་པ་ཆེ་ཁྲོས་ལ། །བསྐལ་པའི་མེ་ཡི་འོད་ལྟ་བུའི། །རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་གཅད་པར་བྱ། །ཞེས་གསུངས་སོ། །གལ་ཏེ་གློ་བུར་དུ་བགེགས་གསད་པའི་བྱ་བ་ཉེ་བར་གནས་ན། ཡུངས་ཀར་ཡི་གེ་ཧཱུཾ་ལས་རྡོ་རྗེ་འབར་བར་བྱས་པས་བསྣུན་ཏེ་ལུས་ཐལ་བྱུང་དུ་སོང་བར་བསམ་པའམ། ཡང་མི་སྲོག་ལ་མི་གནོད་པར་རལ་གྲི་ལ་སོགས་པར་བསམ་པའི་དབྱིག་པ་དང༌། ཐག་པ་ལ་སོགས་པས་རབ་ཏུ་དྲགས་པར་བསྣུན་པའམ་མེ་ལ་གདུང་བའམ། ཆུ་ལ་བྱིང་བར་བྱའོ། །འདི་ཡང་ལྷའི་རྣལ་འབྱོར་གྱིས་བྱའི་གཞན་དུ་མ་ཡིན་ནོ། །གཏོར་མ་དྲུག་ཅུ་རྩ་བཞི་སྦྱིན། །ཞེས་བྱ་པ་ནི། འབྱོར་པ་མཆོག་ལ་སོགས་པའི་བྱེ་བྲག་གིས་ཉིན་རེ་ལ་སོགས་པར་རོ། །གཤིན་རྗེའི་དགྲ་ལ་དབུལ་ཞེས་བྱ་བ་ནི་ལྷ་བཤོས་ཀྱི་བྱ་བ་ངེས་པ་སྟེ་རབ་ཏུ་འབད་པས་དབུལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ལེའུ་བཅུ་གཉིས་པའི་བཤད་པའོ།། །།

ལེའུ་བཅུ་གསུམ་པ། དངོས་གྲུབ་ངེས་པར་བསྟན་པའི་བཤད་པ།


DTG046_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་སྟོན་ཏེ། འདི་ནས་བརྩམས་ཏེ་དཀྱིལ་འཁོར་འབྱུང་བར་འགྱུར་བ་དག་ཏུ་གང་ཡང་ངེས་པར་མ་གསུངས་པའི་ལྷ་དེ་དག་དང༌། དེའི་སྐུ་མདོག་དང་ཕྱག་མཚན་དང༌། དབྱིབས་ནི་ལེའུ་དང་པོའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་རྩ་བའི་ཕྱག་མཚན་དང་སྐུ་མདོག་ལ་སོགས་ལྟར་ཤེས་པར་བྱའོ་ཞེས་བྱ་བ་ནི་བླ་མ་བགྲེས་པོ་དག་གི་ལུང་ངོ༌། །ཁ་ཅིག་ནི། གཟུགས་ནི་གཉིས་སུ་ཞེས་བྱ་བ། །བུད་མེད་དང་ནི་སྐྱེས་པ་ཉིད། །ཡང་ན་ཀུན་དུ་ཐམས་ཅད་ཀྱི། །ཁ་དོག་དབྱིབས་དང་གཟུགས་རྣམས་ཏེ། །བསམ་ཡས་ཡེ་ཤེས་ལས་བྱུང་བས། །དེ་བས་དེ་རྣམས་བསམ་ཡས་ཏེ། །ཡེ་ཤེས་མཁྱེན་གྱི་ཡེ་ཤེས་ནི། །སེམས་ཅན་དོན་ཕྱིར་ཐ་དད་གྱུར། །ཞེས་གསུངས་པས་གོང་དུ་ཁ་དོག་ལ་སོགས་པ་ངེས་པ་མ་བརྗོད་པ་དེར་རང་གི་བློ་ལ་ཅི་དགའ་བར་སོམ་ཤིག་ཅེས་ཟེར་ཏེ། དེ་དག་གིས་ཀྱང་ལེགས་པར་སྨྲས་པ་ཉིད་དོ། །སྡིག་པའི་ལས་གཅོད་པའི་གྲི་གུག་སྟེ་ཞེས་བྱ་བ་ནི་སྡིག་པ་གཅོད་པའི་རྟགས་ཏེ་ཁར་གསིལ་གྱི་དོན་བཞིན་ནོ། །ཐོས་པ་ཞེས་བྱ་བ་ནི་ལྷའི་རྣ་བའོ། །མཁའ་དབྱིངས་ཞེས་བྱ་བ་ནི་ཆོས་འབྱུང་བའི་ཕྱག་རྒྱའོ། །རྩེ་མོ་ལྔ་པ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་སྟེ་ཉི་མའི་


DTG046_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་པདྨ་ལ་གནས་པའི་དབུས་སུ་སྣ་ཚོགས་རྡོ་རྗེ་སྟེ། །དེའི་དབུས་སུ་གནས་ཞེས་བྱ་བ་ཁང་བ་བརྩེགས་མ་དགོད་པར་བྱ་སྟེ་བྷྲཱུཾ་ལས་བྱུང་བའོ། །གཞན་དག་ནི་གནས་ཞེས་བྱ་བ་ས་བོན་གྱི་ཡི་གེར་འདོད་དོ། །ཌི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། །ཅུང་ཟད་དུ་ན་བླ་མ་དགྱེས་པས་དབང་བསྐུར་བ་དམ་ཚིག་དང་ལྡན་བས་བསྐྱེད་པའི་རིམ་བ་ལ་གུས་པས། ལྷའི་རྣ་བའི་ཆེད་དུ་བསྙེན་པ་བྱེ་བ་ཕྲག་བཞི་དང་འབུམ་ཕྲག་བཞི་བྱ་སྟེ། དེ་ནས་དཀྱིལ་འཁོར་བྲིས་པའི་དབུས་སུ་བདག་བོའི་གནས་གསལ་བར་བདག་འདུག་ནས་བདེན་པའི་བྱིན་གྱི་རླབས་དམིགས་ནས་མཚན་ཐོག་ཐག་ཏུ་བཟླས་ན་ཐོ་རངས་དེའི་རྣ་བ་རྣམ་པར་དག་བས་སྒྲ་རབ་ཏུ་ཕྲ་བ་དང༌། རིང་པོས་ནས་གྲགས་པ་ཡང་ཐོས་པར་འགྱུར་རོ་ཞེས་བྱ་བ་ནི་མན་ངག་གོ །ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ནི་ལྷའི་ལུས་བསྐྱེད་པར་བྱའོ། །ཨོཾ་ཨཱ་ཀ་ཤ་ཞེས་བྱ་བ་ལ་སོགས་པ་ནི་བཟླས་པའི་སྔགས་སོ། །རྡོ་རྗེ་ས་འོག་ཅེས་བྱ་བ་ནི་གནོད་མཛེས་རྒྱལ་པོའོ། །ས་འོག་ཕུག་པ་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་ཡུལ་དུ་འགྲོ་བའི་དཔལ་གྱི་སྒོ་ཞེས་བྱ་བའི་བུ་ག་སྟེ་ཇི་ལྟར་སྒྲུབ་པ་བོ་མ་ཧེ་སྟོར་བའི་གཏམ་ལྟར་ཏེ་འཛམ་བུའི་གླིང་ཕལ་ན་ཡོད་ཅིང༌། ཕལ་ཆེར་ནི་གསེར་གྱི་བྲག་རི་བྱ་སྐྱིབས་ལྷ་མ་ཡིན་གྱི་སྟེང་ན་ཡོད་དོ། །གནོད་མཇེས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རྨི་ལམ་གྱིས་ནི་བུག་བ་ཤེས། །ཞེས་བྱ་བ་ནི་ཚུལ་སྔ་མ་ལྟར་བསྙེན་པ་བྱ་སྟེ། །མཚན་མོ་མཆོད་པ་རབ་ཏུ་རྒྱས་པར་བྱས་ནས་ལྷ་ལ་གསོལ་བ་གདབ་སྟེ་མི་སྨྲ་བར་གློ་གཡས་པ་ཕབ་ནས་ཡིད་ལ་བྱེད་པས་གཞན་སྤངས་ཏེ་ཉལ་ན་རྨི་ལམ་ན་གང་ན་ས་འོག་གི་སྒོ་ཡོད་པ་ངེས་པར་སྟོན་ཏེ། དེ་ནས་ནང་བར་མཆོད་པ་ཆེན་པོ་བྱས་ལ། གནས་དེར་རྡོ་རྗེའམ་གཏུན་ཤིང་ཁྱེར་ལ་སོང་བ་དང༌། འགའ་ཡང་མེད་ན་དེར་དཀྱིལ་འཁོར་ཇི་ལྟ་བ་བྲི་བར་བྱའོ། །དེ་ལྟ་ན་ཡང་སུ་ཡང་མེད་པ་ལྟ་ན་རབ་ཏུ་ཁྲོས་ཏེ་རྡོ་རྗེའམ་གཏུན་ཤིང་གིས་དེར་དྲག་ཏུ་བསྣུན་ན་ངེས་པར་ས་འོག་ན་གནས་པ་རྣམས་སྐྲག་པས་འཐོན་ཏེ། ཀྱེ་སྒྲུབ་པ་པོ་བདག་ཉིད་ཆེན་པོ་ཁྱོད་ཅི་བཞེད་གནས་འདིར་གཤེགས་ཤིག་ཅེས་སྨྲ་བར་འགྱུར་རོ། །དེས་གང་འདོད་པ་སྨྲ་སྟེ་དེ་ཕན་ཆད་ས་འོག་གི་རིག་པ་འཛིན་པ་ཚེ་


DTG046_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་ལྷའི་ལུས་དང་ལོངས་སྤྱོད་ཅན་དུ་འགྱུར་རོ། །འདོད་པའི་ཡོན་ཏན་ལྔ་ལ་རྩེ་བཞིན་དུ་བྱང་ཆུབ་ཐོབ་པར་འགྱུར་རོ། །མཁའ་སྤྱོད་རབ་བསྒྲུབ་ཅེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བའི་རིགས་འཛིན་ཏེ་སྔ་མ་ལྟར་བྱ་བ་བྱས་ཏེ། བསྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་མཚན་ཐོག་ཐག་བཟླས་ནས་ཐོ་རངས་ནམ་མཁའ་ལ་བྱ་ཁྱུང་ལྟར་འགྲོ་བར་འགྱུར་རོ། །ནམ་མཁའི་རྡོ་རྗེ་ཞེས་བྱ་བ་ནི་གནམ་ལྕགས་མེའི་འོད་འཕྲོ་བ་སྟེ། གླེགས་བམ་ཁ་ཅིག་ལས་ནི་ནས་ཀྱི་སོག་མ་ཞེས་འདོན་ཏོ། །ཁམས་གསུམ་ནམ་མཁར་འགྲོ་བའོ། །ཞེས་བྱ་བ་ནི་ས་འོག་དང་ས་སྟེངས་དང་མཐོ་རིས་སུ་གང་དགའ་བར་འགྲོ་བའོ། །ལེའུ་བཅུ་གསུམ་པའི་བཤད་པའོ།། །།

ལེའུ་བཅུ་བཞི་པ། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བཤད་པ།


DTG046_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ཡེ་ཤེས་ཀྱི་ཐིག་སྐུད་བསྒྲིལ་བའི་བྱ་བ་སྟེ་གོ་སླའོ། །གཞུག་པ་ཞེས་བྱ་བ་ནི་ཡོལ་བ་བསལ་བའོ། །ཉིས་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དཀྱིལ་འཁོར་མ་ཞུགས་རྣམས་དང་ནི། །ཞེས་བྱ་བ་ལ་སོགས་པས་ནི་གདུལ་བྱ་མ་རུངས་པ་ཡང་ཐུགས་བརྩེ་བས་སྔར་བྱས་པ་མི་ལྟ་བར་གཞུག་སྟེ་ཞེས་སྟོན་པ་འདི་ནི་ཇི་ལྟར་འཕགས་པ་དེ་ཁོ་ན་བསྡུས་པ་ལས། དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་རྡོ་རྗེ་སློབ་མ་དཀྱིལ་འཁོར་དུ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་མཆིས་སོ། །དེ་ལ་དང་པོ་ནི་གཞུག་པ་ལགས་ཏེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱབ་པ་དང༌། སེམས་ཅན་ཐམས་ཅད་ཀྱིས་ཕན་པ་དང་བདེ་བའི་མཆོག་འགྲུབ་པར་བགྱི་བའི་སླད་དུ་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པ་ལ་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་བརྟག་ནི་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་ཡང་མཆིས། དེ་དག་གིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ་མཐོང་ན་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་དང་བཟའ་བ་དང་བཏུང་བ་དང་འདོད་པའི་ཡོན་ཏན་ཐམས་ཅད་པ་ཆགས་པ་དང་དམ་ཚིག་ལ་མི་དགའ་པ་དང༌། སྡར་བཅས་པ་ལ་སོགས་པ་མི་ནུས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་དག་ཀྱང་འདིར་ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞུགས་


DTG046_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་ཀྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ནི་གར་དང༌། གླུ་དང་གད་མོ་དང༌། ཁ་ཟས་དང༌། སྤྱོད་པ་ལ་དགའ་བ་རྣམས་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཉིད་ཁོང་དུ་མ་ཆུད་པས་ལྷ་གཞན་གྱི་རིགས་དང་དཀྱིལ་འཁོར་དུ་འཇུག་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་བླ་ན་མེད་པའི་དགའ་བ་དང་མགུ་བ་དང༌། རངས་པ་རྣམས་འབྱུང་བ་དེར་ནི་བསླབ་པའི་དམ་ཚིག་གིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས། དེ་དག་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བ་ལྟས་ཤིང་གནས་པ་རྣམས་ཀྱང་དགའ་བ་དང་མགུ་བའི་དམ་པ་ཐམས་ཅད་འགྲུབ་ཅིང་བདེ་བ་དང་ཡིད་བདེ་བ་མྱོང་བར་བགྱི་པ་དང་ངན་སོང་གི་རྒྱུད་ཐམས་ཅད་དུ་འཇུག་པར་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཇུག་ཏུ་རུང་ངོ༌། །བཅོམ་ལྡན་འདས་ཆོས་ཅན་གྱི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དམ་པ་གྲུབ་པའི་ཐབས་ཀྱིས། །སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཚོལ་བ་ནི་བསམ་གཏན་དང་རྣམ་པར་ཐར་པ་དང༌། ས་རྣམས་ཀྱིས་འབད་ཅིང་ཉོན་མོངས་པར་གྱུར་པ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲུབ་པར་ཡང་དཀའ་བ་མ་ལགས་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་གསུངས་ཏེ། དེ་བས་ན་སྔགས་པས་གང་དག་སྲོག་གཅོད་པ་ལ་རྒྱབ་ཀྱིས་ཕྱོགས་ནུས་པ་དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་གཞུག་ཅིང༌། གལ་ཏེ་སྙིང་བརྩེ་བ་མེད་པས་སྲོག་གཅོད་པ་ལས་མ་ལོག་པ་ལྟ་ན་དེ་ནི་བཏང་སྙོམས་སམ་ནན་ཏུར་གྱིས་གཞུག་པ་མ་ཡིན་པ་ཐབས་གཞན་མ་མཐོང་བ་སྟེ། གདུལ་དཀའ་བ་དང་མཚུངས་འདྲ་པ། །སངས་རྒྱས་བྱང་ཆུབ་སྣོད་མ་ཡིན། །དེ་དག་རྟོགས་པར་བྱ་བའི་ཕྱིར། །བཏང་སྙོམས་ཆེན་པོ་གོམས་པར་བྱ། །ཞེས་པ་དང༌། སྡིག་པའི་སེམས་ཅན་ཕན་


DTG046_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་དག་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ནི་གལ་ཏེ་རྣལ་འབྱོར་པ་རལ་པ་གཅིག་མའི་མཐུས་གནོད་སྦྱིན་མོ་སྒྲུབ་པར་འདོད་ན། སྔར་བསྟན་པ་ལྟར་དང་པོར་བྱ་བ་རྣམས་བྱས་ནས་བསྙེན་པར་རྫོགས་པ་དང༌། བ་རུ་རའི་ཤིང་དྲུང་ལ་སོགས་བར་སོང་སྟེ་གང་འདོད་པའི་གནོད་སྦྱིན་མོ་དེའི་མིང་སྨོས་པའི་སྔགས། ཨོཾ་ཨེ་ཀ་ཛ་ཊཱི་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ཏེ། དེ་ཡང༌། ཕྱི་ནས་སྔགས་ནི་སྤྲོ་ཞིང་བཟླས། །ཞེས་གསུངས་པས་སྙིང་ག་ནས་ས་བོན་གྱི་ཡི་གེ་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས་ཏེ་དེའི་སྙིང་གནས་དྲང་བར་བསམ་ཞིང་བཟླས་པ་བྱ་སྟེ། དེར་གཏོར་མ་དང་མཆོད་པ་ལྔ་ཡང་དེ་ལ་བསྔོ་བར་བྱའོ། །གང་གི་ཚེ་འཚོ་བ་ནི་བརྟན་པར་བྱ་ཞིང་བཀའ་གུས་བས་ནོད་པ་ན་བཀའ་སྩལ་ཏེ་དེ་ནས་བཟུང་སྟེ་སྒྲུབ་པའོ། །འདིར་ལུང་ནི་གནོད་སྦྱིན་མོའི་ཆོ་ག་ཞིབ་མོར་ནི། །གསང་སྔགས་མཉེས་བྱས་གྲུབ་པ་འདི་དག་སྟེར། །མ་དང་སྒྱུག་མོ་སྲིང་མོ་གྲོགས་པོ་དང༌། །བུ་མོ་ཆུང་མ་མནའ་མར་རབ་འགྲུབ་པར། །མ་དང་སྲིང་མོ་སྒྱུག་མོ་དེ་དག་རྣམས། །ཡིད་བཞིན་རིན་ཆེན་བཞིན་དུ་གྲུབ་པ་མཆོག །ཡིད་འོང་གྲོགས་མོ་བུ་མོ་གྲུབ་པ་འབྲིང། །ཆུང་མ་མནའ་མ་གྲུབ་པ་ཐ་མར་གྲགས། །དུས་གསུམ་དུ་ནི་མེ་ཏོག་ཕྲེང་བ་དྲི། །མར་རམ་འབྲུ་ཡི་མར་མེ་ཙནྡན་དང༌། །ཨ་ཀར་དྲི་ཞིམ་བདུག་པ་མཆོད་པ་དང༌། །གཏོར་མ་སྣ་ཚོགས་ནུབ་མོ་སྦྱིན་པར་བྱ། །གནོད་སྦྱིན་མོ་ནི་དགའ་ནས་མངོན་ཕྱོགས་ནས། །རྙེད་པ་རྙེད་ཅིང་ཁུ་བ་འབྱུང་བར་བྱ། །འདོད་ཆགས་ཟིལ་གྱིས་ནོན་པའི་བུད་མེད་དག །གནོད་པ་བྱེད་པ་ངེས་པར་གནས་པར་འགྱུར། །གནོད་པ་བྱེད་ཚེ་འགྲོ་བར་མི་བྱ་ཞིང༌། །རྙེད་པ་མང་ཉུང་ལ་ཡང་འདོད་མི་སྐྱེད། །སྔགས་པས་མཚན་མོ་ཁུ་བ་དག་བྱས་ནས། །བརྩོན་འགྲུས་རབ་ཏུ་འབད་དེ་བསྒྲུབ་པར་བྱ། །སྔགས་པ་སེམས་རྨོངས་པས་ནི་གཞན་དུ་ཡང༌། །བརྩམས་ནས་ཕུང་བར་ཡང་ནི་འགྱུར་བ་ཉིད། །ཅེས་པ་སྦྱར་རོ། །ཡང་ན་ཁུ་བ་དག་པར་བྱ་སྟེ། །བུ་མོས་བཀལ་བའི་སྐུད་པ་ནི། །ལེ་བརྒན་རྩིའམ་གུར་གུམ་བཙོས། །དེ་ནི་བཟླས་བརྗོད་སྟོང་བྱས་


DTG046_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང། །མདུད་པ་དག་ནི་བདུན་བོར་བ། །སྲོད་ལ་རིག་སྔགས་འདི་ཡིས་ནི། །བདག་གི་རྐེད་པར་གདགས་པར་བྱ། །ཨོཾ་ཧ་ར་ཧ་ར་བ་ནྡྷ་ནི་ཤཱུ་ཀྲ་དྷ་རི་ནི་སིདྡྷཱ་རྠ་སྦཱ་ཧཱ། །ཟློས་པ་པོ་ལ་འདི་ཡིས་ནི། །རྟག་ཏུ་ཁུ་བ་འགག་པར་འགྱུར། །ཞེས་འཕགས་པ་ལེགས་པར་འགྲུབ་ཅེས་བྱ་བ་ལས་གསུངས་སོ། །པུཀྐ་སཱི་ནི་རབ་བསྒྲུབ་པ། །ཞེས་བྱ་བ་ནི་དེའི་བསྒྲུབ་པའི་ཐབས་ལས་ཤེས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་མི་སྣང་བ་བསྒྲུབ་པ་སྟེ་སྔར་བསྟན་པ་ལྟར་དང་པོར་བྱ་བ་བྱས་ལ། དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་བཟླས་ན་དེའི་ཐོ་རངས་དེ་མི་སྣང་བར་འགྱུར་ཏེ་ལྷས་ཀྱང་མི་མཐོང་བར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །ལེའུ་བཅུ་བཞི་པའི་བཤད་པའོ།། །།

ལེའུ་བཅོ་ལྔ་པ། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་ཀྱི་བཤད་པ།


DTG046_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་དག་བཤད་བྱ་བ། །ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་སྔ་མ་ལྟར་བྱ་བ་བྱས་ཏེ་དཀྱིལ་འཁོར་གྱི་དབུས་སུ་འདུག་ནས་ཆུའི་སྣོད་ལ་རྡོ་ལ་སོགས་བ་བོར་བ་མི་འབྱིང་བ་ཐོ་རངས་གྲུབ་པ་ན་དེས་དེ་གྲུབ་བོ། །གཞན་དག་ནི་ནམ་མཁའ་ལ་འགྲོ་བ་ལ་ནི་ལུས་ཡང་བ་ཡང་བསམ་ཏེ། བདག་ཟླ་བའི་སྟན་དང་བཅས་པ་སོར་གཅིག་ནས་བརྩམས་ཏེ་ཅུང་ཟད་འཕགས་པར་བསྒོམ་ཞིང་སྔགས་བཟླའོ། །མི་སྣང་བ་ལ་ནི་རང་གི་ལུས་ཕྲ་རབ་ཀྱི་མཐར་བཤིག་ཅིང་དེ་ཡང་མི་སྣང་བར་བྱ་བས་སྔགས་བཟླས་པ་བྱའོ། །ཆུ་ལ་མི་འབྱིང་བ་བྱ་བ་ལ་ནི་མདུན་དུ་གནས་པའི་ཆུ་རྡུལ་ཕྲ་རབ་ཇི་སྙེད་པ་ཡི་གེ་མཾ་སེར་པོར་གྱུར་པ་ལས་དེ་དག་གཅིག་ཏུ་འདུས་ཏེ། དབང་ཆེན་དུ་གྱུར་པར་བསམ་ཞིང་སྔགས་ཀྱིས་བྱིན་གྱིས་བརླབ་པོ་ཞེས་འཆད་ལ་གཞན་དག་ནི། འདི་དག་ནི་རྫུ་འཕྲུལ་གྱི་རིག་པ་འཛིན་པའི་དངོས་གྲུབ་ཡིན་བས་ན། མདོ་ལས་ཆོས་བཞི་པོ་འདི་དག་ནི་རྫུ་འཕྲུལ་ཐོབ་པའི་རྒྱུའི་རྣམ་པ་སྟེ་བཞི་གང་ཞེ་ན་ལུས་ཡང་བ་དང༌། སེམས་ཡང་བ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མོས་པ་དང༌། ཁམས་བཞི་པོ་ནམ་མཁའི་ཁམས་སུ་བྱིན་གྱིས་བརླབ་པའོ་ཞེས་གསུངས་པས་ཡན་ལག་བཞི་པོ་འདི་དང་ལྡན་པས་སྔགས་བཟླའོ་ཞེས་འཆད་དོ། །ཡན་ལག་དེ་དག་མེད་ཀྱང་འདིར་སྔགས་ཀྱི་མཐུས་དེ་ལྟར་འགྱུར་ཞིང༌། ཡན་ལག་དེ་དག་ནི་གང་ཡང་འདིར་སླུ་བ་མེད་དོ། །ཚིག་གི་དོན་


DTG046_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གོ་སླའོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པའི་ཐབས་སུ་ཤེས་པར་བྱའོ། །མཁའ་སྤྱོད་འགུགས་པར་བྱེད་པའོ། །ཞེས་བྱ་བ་ལ་མཁའ་སྤྱོད་ནི་ལྷའི་བུ་མོའོ། །ནམ་མཁའི་གནས་ལ་ཞེས་བྱ་བ་ནི་པདྨའི་སྙིང་པོའི་ནང་དུའོ། །རྡོ་རྗེ་ཡན་ལག་མེད་བསམ་པ། །ཞེས་བྱ་བ་ནི་དེའི་སྔགས་ཨོཾ་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཁ་དོག་དམར་པོ་འོད་རབ་ཏུ་འཕྲོ་བ་བསམས་ལ། དེ་ལ་འོད་ཟེར་གྱི་ལུས་གང་བས་ཆགས་པ་ཆེན་པོས་ལུས་འཇུ་བའི་ཆད་ཙམ་དུ་བསྐུལ་ཏེ། བདག་ལ་ལྷག་པར་ཆགས་པས་དྲུང་དུ་འགྱེལ་བར་བསམ་མོ། །ལེའུ་བཅོ་ལྔ་པའི་བཤད་པའོ།། །།

ལེའུ་བཅུ་དྲུག་པ། ཧེ་རུ་ཀ་བསྒྲུབ་པའི་བཤད་པ།


DTG046_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་ཆེན་པོ་ཞེས་བྱ་བ་ལ་སོགས་པ། འདིར་འདིའི་ལས་དང་སྔགས་བསྟན་བ་ལ། །བ་ཅིག་ན་རེ་འདིའི་ལས་ནི་ཕྱག་རྒྱ་ཆེན་པོ་སྒྲུབ་པ་ཡིན་ཏེ། བཟླས་པའི་སྔགས་ནི་དཔལ་དགྱེས་པའི་རྡོ་རྗེའི་རབ་ཏུ་བསྡུས་པའི་ལྷ་དང་མདོག་དང་ལག་ཆ་མཐུན་པས་དེའི་སྔགས། ཨོཾ་ཏྲཻ་ལོ་ཀྱ་ཨ་ཀྵེ་པ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱའོ་ཟེར་རོ། །ཁ་ཅིག་ནི་དཔལ་བདེ་མཆོག་ལས་གསུངས་པའི་ཡི་གེ་བདུན་པའི་སྔགས་སོ་ཞེས་ཟེར་ཏེ། འདི་དག་ནི་ཅིར་ཡང་མི་བསྔགས་པས་སྤངས་ཏེ་འབྲེལ་པ་ཅི་ཡོད། ཨོཾ་ཨཱ་ཧེ་རུ་ཀ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་བཟླས་པའི་སྔགས་ཏེ། འདིར་ལྷག་པར་ནི་མཚན་ཡིད་ལ་བྱེད་པ་ཡིན་ལ། དེའི་རྗེས་སུ་ནི་མཚན་གྱི་བཟླས་པ་བྱ་སྟེ། དེ་ནས་ལས་རབ་འབྱམས་རྒྱུད་འདི་ལས་གསུངས་པའམ། རྒྱུད་གཞན་དུ་གསུངས་པའི་ལས་གང་ཡང་རུང་བ་བསྒྲུབ་པར་བྱའོ་ཞེས་དགོངས་པ་ཡིན་པ་ལས་ངེས་པ་མ་གསུངས་སོ། །ཚིག་གི་དོན་ནི་གོ་སླའོ། །ལེའུ་བཅུ་དྲུག་པའི་བཤད་པའོ།། །།

ལེའུ་བཅུ་བདུན་པ། བྱང་ཆུབ་ཀྱི་སེམས་ཀྱི་བཤད་པ།


DTG046_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་ལེའུ་བཅུ་དྲུག་པ་བསྟན་ནས། ད་ནི་ལེའུ་བཅུ་བདུན་པའི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་གྱིས་ན་སྲུང་བ་བསྒོམས་མ་ཐག་ཏུའོ། །བསྒོམ་པ་རྣམ་ལྔ་ཡིས་ཞེས་བྱ་བ་ནི་ཟླ་བ་ཉིད་དང༌། ས་བོན་ལས་བྱུང་བའི་མཚན་མ་དང༌། དེ་དག་འོད་ཀྱི་གང་བུར་གྱུར་པ་དང་དེ་ལས་བྱུང་བའི་སྐུའམ། ཡང་ན་འདིར་རང་གི་སེམས་སོ་སོར་རྟོགས་པ་དང༌། ཟླ་བ་དང༌། ཟླ་བ་གཉིས་དང༌། རྡོ་རྗེ་དང༌། དེ་ལ་ང་རྒྱལ་བྱ་བ་དང༌། དེ་ལས་བྱུང་བའི་སྐུ་ཡོངས་སུ་རྫོག །


DTG046_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །འགགས་པ་དེ་ཁོ་ན་འདུས་པ་ལས་ཇི་སྐད་གསུངས་པའི་མངོན་པར་བྱང་ཆུབ་པའི་རིམ་པ་བསྒོམ་པའོ། །སངས་རྒྱས་སྐུ་ནི་རྣམ་པར་བསྒོམ། །ཞེས་བྱ་བ་ནི་རྒྱུའི་རྡོ་རྗེ་སེམས་དཔའོ། །དེ་ནས། མཁས་པས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་བསྒོམ་པར་བྱ་བའམ། གསང་བའི་དཀྱིལ་འཁོར་ཡང་དབྱུང་བའོ། །དེ་ནས། ཇི་ལྟར་སྐར་མ་འཕོ་བ་ལྟར། །བྱང་ཆུབ་སེམས་ནི་བལྟ་བར་བྱ་སྟེ། །ཆགས་པའི་སེམས་ཀྱིས་ནི་ཞེས་འཆད་པ་སྦྱར་རོ། །དེ་ལྟར་ཞུ་བ་ལས་འབྲས་བུའི་རྡོ་རྗེ་སེམས་དཔའ་བསྐུལ་བའི་ཕྱིར། ཙཱ་རྩི་ཀཱ་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ལྟར་བསྐུལ་བས་སྙིང་རྗེས་ཞུ་བ་ལས། རྡོ་རྗེ་འཛིན་གྱི་དངོས་སུ་འགྱུར། །ཞེས་ཚིག་ལྷག་མའོ། །ད་ནི་རྣལ་འབྱོར་བསྒོམ་པའི་ས་མཚམས་གོ་སླ་བར་བྱ་བའི་ཕྱིར་དང་པོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ནི་རྣལ་འབྱོར་རོ། །དེ་དང་རྗེས་སུ་མཐུན་པའི་ལྷའི་སྐུ་ལྟ་བུ་ནི་རྗེས་སུ་རྣལ་འབྱོར་ཏེ། ཇི་ལྟར། ཞལ་དང་ཕྱག་མཚན་ལ་སོགས་སྲས་ཇི་བཞིན། །ཞེས་གསུངས་པ་ལྟ་བུའོ། །ལྷའི་འཁོར་ལོ་ཤིན་ཏུ་རྒྱ་ཆེར་གྱུར་པ་ནི་ཤིན་ཏུ་རྣལ་འབྱོར་རོ། །བྱིན་གྱིས་བརླབ་པའི་བདག་ཉིད་ཆེན་པོར་གྱུར་པའི་རྣལ་འབྱོར་ནི་རྣལ་འབྱོར་ཆེན་པོ་ཞེས་བྱའོ། །དེ་ཡང་ལས་དང་པོའི་རྣལ་འབྱོར་པས་ཇི་སྐད་ལྷའི་རྣལ་འབྱོར་རགས་པ་སྣང་བ་ཙམ་མངོན་སུམ་དུ་གྱུར་གྱི་བར་དུ་ནི་ཐུན་མཚམས་གསུམ་དུ་རྣལ་འབྱོར་བཞི་ཆར་བསྒོམ་སྟེ། སྔ་དྲོའི་ཐུན་ལ་ནི་སྤྱན་དྲང་ཞིང་ཕྱི་འབྲེད་ཀྱི་ཐུན་ལ་ནི་སླར་གཤེགས་ཤིང༌། གུང་གི་ཐུན་ལ་ནི་དཀྱིལ་འཁོར་དབྱུང་བ་དང་བསྡུ་བ་ཙམ་སྙིང་གར་བྱའོ། །གང་གི་ཚེ་རགས་པའི་ཡན་ལག་མཐོང་ནས་སྐུ་རྡོ་རྗེ་ལ་སོགས་པ་ཕྲ་བ་མངོན་དུ་གྱུར་པའི་བར་དུ་ནི་དེ་ཡེ་ཤེས་ལ་ཅུང་ཟད་དབང་བ་སྟེ། དེས་ནི་ཐུན་མཚམས་བཞིར་སྲུང་བ་ནས་བརྩམས་ཏེ་ཤིན་ཏུ་སྦྱོར་བའི་བར་དུ་ཡུད་ཙམ་གྱིས་བསམས་ལ་རྣལ་འབྱོར་ཆེན་པོ་ལ་ནི་གུས་པས་བསྒོམ་པར་བྱའོ། །དེས་སྐུ་རྡོ་རྗེ་ལ་སོགས་པ་ལག་མཐིལ་གྱི་ཤིང་ཐོག་ལྟར་རང་དབང་དུ་


DTG046_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ན། དེ་ཡེ་ཤེས་ལ་དབང་ཐོབ་པ་ཡིན་བས་ཐུན་མཚམས་ངེས་པ་མེད་པར་བྱས་ལ། འཆད་པར་བྱེད་པའི་རྫོགས་པའི་རིམ་བ་བསྒོམ་པར་བྱའོ། །དེ་ནས་དེས་སྟོང་པ་ཉིད་ལ་ངེས་པར་གནས་ཤིང་ལངས་བ་ན་ཇི་ལྟར་འདོད་པར་སྣང་བར་བྱིན་གྱིས་བརླབ་པར་ནུས་པ་ནི་དེ་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ཞེས་བྱ་བ་སྟེ། བྱ་བ་ངེས་པ་ལས་སྒྲོལ་བ་རང་དབང་དུ་གྱུར་པ་གྲུབ་པའི་སྐྱེས་བུ་ཞེས་བྱ་བར་གནས་པའོ། །ཚིག་གི་དོན་ནི་གོ་སླའོ། །ད་ནི་དེ་ལྟར་བསྒོམ་པའི་རྣལ་འབྱོར་པ་བཞིན་ཆར་གྱིས་དམ་ཚིག་བསྲུང་བར་བྱ་བ་ཡིན་པས་ན། སློབ་དཔོན་ལ་ནི་བརྙས་མི་བྱ། །ཞེས་བྱ་བ་ལ་སོགས་པས་དམ་ཚིག་བསྟན་ཏེ། ཇི་སྐད་དུ་རྡོ་རྗེ་སློབ་དཔོན་ནི་གང་གིས་དབང་བསྐུར་བའོ། །དེ་ལ་བསྟི་སྟང་མེད་པར་ནི་དྲོད་འཛིན་ཅིང་བརྙས་ཐབས་བྱེད་པའོ་ཞེས་བཤད་པ་ལྟ་བུ་དེ་སྤང་ངོ༌། །འདིར་དེ་མ་སྤངས་ན་རྩ་བའི་ལྟུང་བ་ཡིན་ཏེ་ཇི་སྐད་དུ། སྙིང་ནས་སློབ་དཔོན་སྨོད་པ་དག །བསྒྲུབས་ཀྱང་གྲུབ་པར་ཡོང་མི་འགྱུར། །ཞེས་བྱ་བ་ལ་གང་གི་ཐད་ནས་གདམས་ངག་ལ་སོགས་པ་བླངས་ནས་ད་ནི་གདམས་ངག་ལ་སོགས་པ་ཐོས་པས་འདིས་ཅི་ཞིག་དགོས་ཞེས་སྙིང་རིང་བ་ནི། སྙིང་ནས་སློབ་དཔོན་སྨོད་པའོ། །ཞེས་བཤད་བ་ལྟ་བུའོ། །དེ་བས་ནི། བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་ངན་པར་གྱུར་ན་ཡང༌། །ལུས་སམ་ཡང་ན་ཡིད་ཀྱིས་ཀྱང༌། །ཤེས་པས་ནམ་ཡང་སྨད་མི་བྱ། །ཞེས་གསུངས་སོ། །ཅི་དབང་བསྐུར་བ་འབའ་ཞིག་སློབ་དཔོན་ཡིན་ནམ་ཞེ་ན། སློབ་དཔོན་གང་གིས་དབང་བསྐུར་བ་དང་རྒྱུད་བསྟན་པ་དང༌། གང་གི་ཐད་ནས་ལས་ཀྱི་མན་ངག་མནོས་པ་སྟེ་དེ་ཡང་སློབ་དཔོན་ཡིན་ཏེ། གསུམ་པོ་འདི་དག་ཀྱང་ཕྲག་དོན་མེད་ཅིང་ཕན་པར་འདོད་པ་ནི་སློབ་དཔོན་ཡིན་ཏེ་ཞེས་བཤད་པ་བཟུང་ངོ༌། །དེ་བས་ན། གང་ཞིག་དམ་ཆོས་ཀློག་པ་དང༌། །འཆད་དང་མན་ངག་སྟོན་པ་དང༌། དབང་བསྐུར་བ་དང་ལས་བྱེད་བ། །སློབ་དཔོན་ཞེས་ནི་བྱ་བ་ཡིན། །ཞེས་ཚིགས་སུ་བཅད་ཅིང༌། ཡང༌། ཚིགས་བཅད་གཅིག་ཙམ་མཉན་པ་ལའང༌། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུའང་སྐྱེ་བར་འགྱུར།


DTG046_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེ་བས་ན་གསང་བ་ཟླ་བའི་ཐིག་ལེ་ལས། །མྱུར་དུ་རྡོ་རྗེ་སློབ་དཔོན་ལ། །སྔགས་ཀྱི་དངོས་གྲུབ་དོན་འདོད་པས། །གུས་ཤིང་ཞེ་སར་བཅས་པ་ཡིས། །ཤིན་ཏུ་ལྷག་པར་ཕྱོགས་པར་བྱ། །ནམ་ཡང་རྡོ་རྗེ་སློབ་དཔོན་གྱི། །ཐུགས་ནི་དཀྲུགས་པར་མི་བྱ་སྟེ། །ཅི་སྟེ་ཤེས་རབ་འཚལ་བར་བྱེད། །མྱུར་དུ་དམྱལ་བར་ལྟུང་བར་འགྱུར། །ནད་དང་འཚེ་བ་དགྲ་དག་དང༌། །གདོན་དང་ཉེར་འཚེ་དུག་ཉིད་ཀྱིས་སོ། །སློབ་དཔོན་ཞབས་ལ་སྨོད་བྱེད་པ། །གཏི་མུག་ཆེན་པོ་དེ་འཆིའོ། །བླ་མ་ལས་ནི་དངོས་གྲུབ་ཐོབ། །བླ་མ་མཐོ་རིས་བླ་མ་བདེ། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ། །ཞེས་སོ། །ཤེས་བཞིན་དུ་དེ་མི་དགྱེས་པས། །མི་འཇིགས་པ་ནི་འདིར་རྫོགས་པའོ། །བདེ་གཤེགས་བཀའ་ལས་འདའ་བར་མིན། །ཞེས་བྱ་བ་ནི་སྔར་ཡི་གེ་དབྱི་བའི་དུས་སུ་བསྟན་པ་ལྟ་བུ་སྟེ་བཀའ་ཁྱད་དུ་གསོད་པའོ། །སྦུན་ཞེས་བྱ་བ་ནི་གང་དང་སློབ་དཔོན་གཅིག་ལས་དཀྱིལ་འཁོར་གཅིག་ཏུ་དབང་ཐོབ་སྟེ་དེ་ལ་ཕྲག་དོག་ལ་སོགས་པའི་རྒྱུས་སྐྱོན་རྣམས་བརྗོད་པར་མི་བྱའོ། །བྱམས་པའི་སེམས་ནི་བླ་ན་མེད་པའི་ཕན་པ་དང་བདེ་བ་བསྒྲུབ་པར་འདོད་པ་སྟེ་དེ་ནམ་ཡང་འདའ་བར་མི་བྱའོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་གཞན་དུ་སྡུག་བསྔལ་རྒྱུ་དང་བཅས་པ་དང་བྲལ་བར་འདོད་པས་འདོད་པའི་ཡུལ་སྙིང་རྗེ་སྟེ་དེ་ནས་ཡང་དོར་བར་མི་བྱ་བ་སྐད་ཅིག་ཙམ་ཡང་མི་སྤང་ངོ༌། །བདག་གཞན་ཆོས་ཞེས་བྱ་བ་ནི་རང་དང་གཞན་གྱི་གྲུབ་པའི་མཐའི་ཆོས་ལ་སྟེ་སྨད་མི་བྱ་ཞེས་བྱ་བ་ནི་རྩོད་པས་སུན་དབྱུང་བར་མི་བྱ་སྟེ། །འགྲོ་བ་དག་ནི་རང་རང་གི་འདུན་པའི་ཐེག་པ་ཙམ་ལས་རིམ་གྱིས་འཇུག་ཅིང་བྱང་ཆུབ་པར་འགྱུར་གྱི་བཙན་ཐབས་སུ་འདུན་པ་བཟློག་པ་ནི་སྡང་པ་འཕེལ་བའི་རྒྱུ་ཙམ་ཡིན་པས་བཞག་སྟེ། དེ་བས་ན་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང༌། ཆོས་ལ་བརྩད་པར་མི་བྱ། ཆོས་ལ་རྩོད་པར་དགའ་བར་མི་བྱའོ་ཞེས་གསུངས་སོ། །མ་སྦྱངས་པ་ནི་ཤེས་རབ་མ་སྦྱངས་པ་སྟེ། དེ་ལས་གསང་ཞེས་བྱ་བ་སྟོང་པ་ཉིད་དང་ལྡན་པའི་ཚིག་རྣམས་སྨྲ་བར་མི་བྱའོ། །རང་གི་ཕུང་པོ་གཟུགས་ལ་སོགས་པ་


DTG046_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དེ་དག་ལ་བརྙས་པ་མི་བྱ་བ་ནི། འདིར་ཁུར་གྱི་ཕྱིར་ཕུང་པོའོ་ཞེས་བྱ་བ་ལ་སོགས་པས་མི་སྨད་དེ། བདག་སྨོད་རོ་ཡིན་སྐྱེས་བུའི་སྐྱིད་པ་འཇིག་པར་བྱེད། །ཅེས་བཤད་པའི་ཕྱིར་དང༌། གསང་སྔགས་ཀྱི་ཚུལ་འདིར་ནི་ཕུང་པོ་ལྔ་པོ་འདི་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་བརྩོན་འགྲུས་ཀྱི་ངེས་པར་གནས་པའོ། །དངོས་མེད་ཆོས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལ་ནམ་ཡང་མི་སྨད་དེ། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་གསུངས་པས་སོ། །སྔར་བ་ཞེས་བྱ་བ་ནི་བསྟན་པ་འཇིག་པ་སྟེ། དེ་ལ་བྱམས་པ་ནི་བཟོད་ཅིང་ཕན་འདོགས་པ་སྟེ་དེ་སྤང་བ་ནི་བསད་པ་ལ་སོགས་པར་སྦྱར་བས་སོ། །ཆོས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་གསུངས་པའོ། །དེ་ལ་ཚད་མས་གཞལ་མི་བྱ། །ཞེས་བྱ་བའི་དོན་སྔོན་དུ་བཤད་ཟིན་ཏོ། །དད་ལྡན་སེམས་ཅན་ཞེས་བྱ་བ་ནི། བདག་གི་ཕའི་བགོ་སྐལ་གྱི་ཡུལ་ལ་རབ་ཏུ་དང་བ་སྟེ་དེའི་སེམས་བཟློག་པ་མིན་ཞེས་བྱ་བ་སུན་མི་དབྱུང་བའོ། །དམ་རྫས་ཞེས་བྱ་བ་ནི་བདུད་རྩི་ལྔའོ། །བསྟེན་པར་བྱ་བ་ནི་བྱིན་གྱིས་བརླབས་པས་ཏེ། དེ་ཡང་རྟག་ཏུ་ཞེས་བྱ་བ་དུས་ཐམས་ཅད་དུའོ།། ཁ་ཅིག་ན་རེ་སྤྱོད་པ་བྱེད་པ་ནའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ནི། རྣམ་དག་ཆོས་ཉིད་ཤུ་ཀྲ་སྟེ། །ཞེས་བྱ་བ་ལ་སོགས་པའི་རིམ་པས་བསྟེན་པ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་ཟེར་ཏེ་ལེགས་པར་བཤད་དོ། །བུད་མེད་ཅེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་མོ་འཇིག་རྟེན་ལས་འདས་པའོ། །དེ་དག་ཉིད་སྲིད་པ་སྐྱེད་པས་ན་ཤེས་རབ་ཀྱི་རང་བཞིན་ཏེ། རྒྱལ་བ་སྐྱེད་མ་ལས་སྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་བ་དང་ཆོས་མཐུན་ཏེ་ཇི་སྐད་དུ། གཞན་དོན་ལ་དགའ་བདག་ཉིད་ཅན། །དཔའ་བོ་དག་ནི་ཀུན་གྱི་ཡང༌། །གསོ་མཛད་སྐྱེད་པར་མཛད་མ་སྟེ། །བྱམས་པ་ཡི་ནི་ཡུམ་ལགས་སོ། །ཞེས་གསུངས་པ་དང་སྦྱར་རོ། །བུད་མེད་ཤེས་རབ་རང་བཞིན་པས། །ཞེས་བྱ་བ་ནི་བུད་མེད་རྣམས་ནི་ཤེས་རབ་སོར་གཉིས་པའོ་ཞེས་བྱ་བ་ལ་སོགས་པ་སྟེ། རྩོད་པའི་དུས་འདིར་ནི་འགྲོ་བ་རྣམས་བུད་མེད་ལ་རབ་ཏུ་ཞེན་ཅིང་འཛིན་ཏེ། བུད་


DTG046_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འདོད་པས་འགྲོ་འང་མེད། །ཅེས་གསུངས་པ་བཞིན་ནོ། །དེ་བས་ན་དེ་རྣམས་རབ་ཏུ་གདུལ་བའི་ཕྱིར་བུད་མེད་དུ་སྦྲུལ་པའི་ལྷ་རྣམས་འདི་ན་གནས་པར་ག་ལ་སྨད་དོ། །དགེ་སྦྱོང་གི་རབ་ཏུ་དབྱེ་བ་ལས། །བུད་མེད་རྣམས་ལ་སྨད་མི་བྱ། །བསྟོད་པར་ཡང་ནི་དེ་མི་བྱ། །ཞེས་བཤད་ཅིང་འདིར་འགྱུར་བའི་ལུང་གཞན་ཡང་འཕགས་པ་འདུས་པ་ཆེན་པོ་རིན་པོ་ཆེའི་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང༌། ཡང་དེའི་ཚེ་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ཅས་བྱ་བ་ཁ་དག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ལྷ་ལས་འདས་པའི་གོས་དང་སྦུད་པ་དང་རྒྱན་དང༌། མེ་ཏོག་དང་སྦོས་དང་ཕྲེང་བ་དང་བྱུག་པ་རྒྱ་ཆེན་པོ་མཆོག་རྣམས་ཀྱིས་ལུས་བརྒྱན་ནས་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ། ཚངས་པ་ཆེན་པོའི་སྟོབས་ཀྱིས་ཡུལ་བཀོད་པའི་བྱིན་གྱིས་རླབས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སྤྱན་སྔ་ན་འདུག་གོ །དེ་ནས་ཚངས་པ་ཆེན་པོ་ཕུན་སུམ་ཚོགས་པའི་དབང་ཕྱུག་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་བདག་གི་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདིར་དབྱངས་ཀྱིས་གོ་བར་བགྱི་བ་ལ་དེར་བདག་ལ་བགེགས་ཅུང་ཟད་ཀྱང་མི་འབྱུང་བར་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་རྣམ་པར་གདོན་མི་འཚལ་བ་བསྟན་པར་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གིས་ད་ལྟར་ཆོས་སྨྲ་བ་རྣམས་དང༌། ཆོས་ཉན་པ་རྣམས་ཀྱི་སླད་དུ་འདི་འདྲ་བའི་གསང་སྔགས་ཀྱི་ཚུལ་བསྲུང་བ་བཤད་པར་བགྱི་སྟེ། ཅི་ནས་སླང་མའི་དུས་ན་བདུད་དང་བདུད་ཀྱི་འཁོར་རམ། ལྷའམ་ཀླུའམ། ཀླུ་མོའམ། ཀླུ་རྒན་མོ་འམ། ཀླུའི་འཁོར་ཕོའམ། ཀླུའི་འཁོར་མོའམ། ཀླུའི་བུ་ཕོའམ་ཀླུའི་བུ་མོའམ། དེ་བཞིན་དུ་རྒྱས་པར་བགྱི་སྟེ། ཤ་ཟའམ་ཤ་ཟ་མོའམ་ཤ་ཟ་རྒན་ཕོའམ། ཤ་ཟའི་འཁོར་ཕོའམ། ཤ་ཟའི་འཁོར་མོའམ། ཤ་ཟའི་འཁོར་བུའམ། ཤ་ཟའི་འཁོར་བུ་མོའམ། །མིའམ་མི་མ་ལགས་པའི་བར་གང་ལ་ལ་ཆོས་སྨྲ་བ་དང་ཆོས་ཉན་པ་རྣམས་ལ་གླགས་


DTG046_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་འམ་སྐབས་ཚོལ་བའི་དགྲ་ཕྱིར་རྒོལ་བ་ཞིག་མཆིས་ཏེ། ཐ་ན་ཆོས་སྨྲ་བའམ་ཆོས་ཉན་པ་རྣམས་ཀྱི་སྦུའི་ཁུང་བུ་གཅིག་ཙམ་ལ་ཡང་འཚེ་བའམ་གནོད་པར་བགྱིད་དམ་འཇིགས་པར་བགྱིད་དམ་མདངས་འཕྲོག་གམ། །ལུས་ལ་དབུགས་ཆེན་པོ་གཏོང་ངམ། ཐ་ན་སྐད་ཅིག་གཅིག་ཀྱང་སྡང་བའི་སེམས་ཀྱིས་བལྟ་ན། བདག་གིས་བདུད་ནས་མི་དང་མི་ལགས་པའི་བར་དེ་དག་བཟློག་པ་དང༌། ཆད་པས་བཅད་པ་དང༌། ཚར་བཅད་པ་དང༌། རྨུགས་པ་དང༌། རེངས་པ་དང༌། རྨོངས་པར་བགྱི། བྲོ་ནད་སྩལ་བར་བགྱི་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་བ་དག་གི་སངས་རྒྱས་ཀྱི་ཞིང་མ་ལུས་པ་འདི་དབྱངས་ཀྱིས་གང་བར་བགྱི་བའི་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་བྱིན་གྱིས་བརླབ་ཏུ་གསོལ། འདི་ལས་སུ་ཞིག་བདག་གི་གྲོགས་སུ་འགྱུར། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཅད་མི་གསུང་བར་གྱུར་པས་གནང་བ་མཛད་དོ། །དེ་ནས་བརྒྱ་བྱིན་གཙུག་ཕུང་འཛིན་ཅེས་བྱ་བ་འཛམ་བུ་ཆུའི་གསེར་གྱི་རྒྱན་གྱིས་ལུས་ལ་བརྒྱན་ནས་ཧ་ཅང་ཡང་མི་རིང་བ་ཞིག་ན་འདུག་གོ །དེ་ནས་བརྒྱ་བྱིན་གཅུགས་ཕུད་འཛིན་གྱིས་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །སྲིད་མོ་དེ་བཞིན་གཤེགས་པ་ཚེས་དཔག་ཏུ་མེད་པའི་སྤྱན་སྔར་མ་འདུག་ཤིག །སྲིང་མོ་འདིར་བདག་མེད་པར་མ་བྱེད་ཅིག །བཅོམ་ལྡན་འདས་ལ་མ་འཚེ་ཤིག །དེ་ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་ནི་སྤྲོས་ལ་དགའ། །དེ་བཞིན་གཤེགས་ལ་སྤྲོས་མི་མངའ། །དེ་དག་སྐྱེ་འཇིག་མཚན་ཉིད་ཀྱི། །འདུས་བྱས་དག་ཀྱང་སྟོན་པར་མཛད། །དེ་བཞིན་གཤེགས་པ་ནི་གཟུགས་དང༌། ཡི་གེ་དང༌། ཚིག་རབ་ཏུ་དབྱེ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཚུལ་བརྙེས་པ་ཏེ། སྲིང་མོ་དེ་བཞིན་གཤེགས་པ་ནི་འདི་ལྟ་སྟེ། ནམ་མཁའ་དང་མཉམ་པ་ཉིད་དུ་གཅིག་པས་དེ་བཞིན་ཉིད་ལ་འགལ་བར་མི་མཛད་དོ། །ནམ་མཁའ་ལ་ནི་འདུ་བྱེད་གསུམ་གྱིས་འཇིགས་པའི་མཚན་ཉིད་སྒྲོ་བཏགས་པ་མེད་དོ། །ཇི་ལྟར་འདུ་བྱེད་རྣམས་ལ་ནམ་མཁའ་མི་རྟོག་ཅིང༌། རྣམ་པར་མི་རྟོག་པ་དེ་བཞིན་དུ། དེ་བཞིན་གཤེགས་


DTG046_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡང་འདོད་པའི་ཡོན་ཏན་ལ་སྤྲོ་བར་མི་མཛད་དོ། །མི་རྟོག་རྣམ་པར་མི་རྟོག །མི་གནས་མངོན་པར་མི་ཞེན་ཏེ། །དེ་བཞིན་དུ་སྲོག་ལ་མ་ཡིན། སྐྱེ་བ་པོ་ལ་མ་ཡིན། གསོ་བ་ལ་མ་ཡིན། སྐྱེས་བུ་ལ་མ་ཡིན། གང་ཟག་ལ་མ་ཡིན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་སྤྲོ་བར་མི་མཛད་མངོན་པར་མི་ཞེན་ན། སྲིང་མོ་ཁྱོད་ཀྱིས་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྐུ་ལ་སྤྲོ་བར་བྱེད། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་བཀའ་སྩལ་བ། ལྷའི་དབང་པོ་རྟོག་སྟེ་ཚིག་སྨྲོས་ཤིང་ཁྱོད་ལ་དེས་མི་སྡུག་པའི་འབྲས་བུར་གྱུར་ལྟ་རེ། སྐྱེས་བུ་དམ་པ་ཆེན་པོ་འདི་ནི་སངས་རྒྱས་མང་པོ་ལ་ལྷག་པར་བྱ་བ་བྱས་ཤིང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པའོ། །སྐྱེས་བུ་དམ་པ་འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར། ལེགས་པར་བརྒྱན་ནས་བུད་མེད་ཀྱི་ལུས་སུ་མངོན་པར་སྤྲུལ་པ་ཡིན་གྱིས། འདི་ལ་བུད་མེད་ཅེས་ཚིག་ཏུ་མ་བརྗོད་ཅིག །དེ་ནས་བརྒྱ་བྱིན་གཙུག་ཕུད་འཛིན་གྱིས་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ལ་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་གསོལ་ལོ། །འདི་སྐད་སྨྲས་པས་བདག་འབྲས་བུ་མི་སྡུག་པ་ཐོབ་པར་མ་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བརྒྱ་བྱིན་གྱིས་ཚིག་དེ་སླར་མ་བཤགས་ན་དེའི་འབྲས་བུ་རྣམ་པར་སྨིན་པ་ཇི་ཙམ་ཞིག་ཏུ་འགྱུར། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་གལ་ཏེ་སླར་མ་བཤགས་སུ་ཟིན་ན་ཚེ་རབས་བརྒྱད་ཁྲི་བཞི་སྟོང་དུ་འདོད་པའི་མང་ལ་སྨད་པ་བུད་མེད་ཀྱི་དངོས་པོ་ཡོངས་སུ་ལེན་པར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ་ཅི་ནས་ཀྱང་དག་གི་ལས་བསྲུང་བར་བྱའོ་ཞེས་གསུངས་སོ། །དེའི་ཕྱིར་རྩ་བའི་ལྟུང་བ་བཅུ་བཞི་པོ་འདི་དག་ནི། སྔགས་རྣམས་ཀྱི་གནད་ཀྱི་གནས་ལྟ་བུར་མི་ཟད་པའི་གནས་ཡིན་པས་རབ་ཏུ་ཡང་འབད་པས་བསྲུང་ངོ༌། །གལ་ཏེ་ཉམས་པ་ལྟ་ན་འཆད་པར་བྱེད་པ་ལྟར་གསོ་བར་བྱའོ། །གཞན་དུ་ན་ཇི་ལྟ་ཤིང་ཏཱ་ལ་ཡ་ཏོག་སྐམས་པ་ལྟར་ལྷག་མའི་རྣལ་འབྱོར་


DTG046_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་འབྲས་བུ་འབྱིན་པར་མི་ནུས་སོ། །འོ་ན་ཤིན་ཏུ་ཚུལ་ཁྲིམས་འཆལ་དུ་ཟིན་ཀྱང༌། བྱང་ཆུབ་ཀྱི་སེམས་དང་ལྡན་པས་བསྒྲུབས་ན་འགྲུབ་པར་འགྱུར་བས་ཡིད་ཆད་པ་མེད་པར་བསྒྲུབ་པར་བྱའོ་ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། སྒྲུབ་པ་ཉིད་ལྟུང་བ་ལས་བསླབ་པའམ། དུས་དང་པོའི་དབང་ངམ། ཡིད་ལ་རེ་བ་ཆད་པ་དག་ཐུགས་རྗེས་གཟུང་བ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་གསུངས་པར་གསལ་ལོ། །དེ་ལྟར་རྩ་བའི་ལྟུང་བ་རྣམ་པར་དབྱེ་བའི་གནས་སྐབས་འདིར་བདག་གིས་ནི་གཞུང་ཉེ་བར་དབྱེ་བར་དབྱེ་བ་ཙམ་ལས་མ་བརྗོད་ཀྱི། བདག་ལ་ལེགས་པར་འདོད་པ་དག་ཞལ་ནས་ཞལ་དུ་འོངས་པའི་བླ་མའི་མན་ངག་བཟང་པོ་འདིར་གུས་པར་བླ་མ་མཉེས་པར་གྱིས་ལ་ཞུགས་ཤིག །དེ་བཞིན་དུ་རྒྱུད་འདི་དང་གཞན་དུ་བླ་མ་ལ་གུས་པའི་སློབ་མས་རང་གི་བློའི་འཇུག་པས་མི་དཔོགས་པས་བླ་མ་ལ་རག་ལས་པ་ཡོད་དེ། གསང་སྔགས་ཀྱིས་རློམ་ཞིང་གླེགས་བམ་མཐོང་བས་ཁེངས་ཞེས་བྱ་བ་ལ་སོགས་པས་སྨད་པ་དེ་དག་གིས་མི་ཤེས་པར་བྱས་སོ། །ད་ནི་ཡན་ལག་གི་ལྟུང་བ་བསྟན་ཏེ། སློང་ཞིང་འཁྱམ་པར་མི་བྱ་སྟེ། །ཞེས་བྱ་བ་ནི་ཟས་ལ་ཆགས་པས་ནི་སློང་མོ་མི་བྱའོ། །རྣལ་འབྱོར་སྦྱོར་བ་ནི་ལྷའི་རྣལ་འབྱོར་པའི་ཏིང་ངེ་འཛིན་ནོ། །གསང་སྔགས་ཞེས་བྱ་བ་ནི། ཧྲཱིཿ་ཥྚྲྀཿ་ལ་སོགས་པའོ། །དམ་རྫས་ལ་སོགས་པ་ཞེས་བྱ་བ་ནི། ཤ་ལྔ་དང་གཏོར་མ་ལྔ་དང་ལྷ་བཤོས་ལ་སོགས་པའོ། །བླ་མ་བརྙས་པར་གྱུར་པའམ། །ཞེས་རྒྱ་བ་ལ་སོགས་པས་ནི་རྩ་བའི་ལྟུང་བ་བྱུང་ན་སླར་དཀྱིལ་འཁོར་དུ་ཞུགས་ལ་དབང་བླང་བ་སྟེ་ཇི་སྐད་དུ། རྩ་བའི་ལྟུང་བ་བྱུང་བ་ན། །སྦྱང་ཕྱིར་དཀྱིལ་འཁོར་ཞུགས་ནས་ནི། །བཀའ་ཐོབ་བྱས་ནས་ཐུ་བོ་ཡང༌། །ཆུང་ངུ་དག་ཏུ་འགྱུར་བ་ཡིན། །ཞེས་གསུངས་པས་སོ། །དད་ལྡན་ཞེས་བྱ་བ་ནི་དད་པ་དང་ལྡན་པར་བྱ་བ་སྟེ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་ཤློ་ཀ་གསུངས་པས་སོ། །བླ་མ་ཞེས་བྱ་བ་ནི། དེ་ལ་གུས་པར་བྱ་བ་སྟེ། ཇི་སྐད་དུ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དཔེར་ན་ཉི་མ་ཟླ་བ་གཉིས། །འཇིག་རྟེན་མི་གཏུ་མཁས་པ་འདོད། །


DTG046_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་སྐྱེ་བོ་འདི་ལ་ཡང༌། །སློབ་དཔོན་འདི་ནི་མིག་འདྲར་འདོད། །དཔེར་ན་མེ་ཡི་ཁམས་འདི་ནི། །བུད་ཤིང་ཐམས་ཅད་སྲེག་པར་བྱེད། །དེ་བཞིན་སློབ་དཔོན་ཞེས་བྱ་བ། །མི་ཤིས་བུད་ཤིང་སྲེག་པར་བྱེད། །དཔེར་ན་ཆུ་ཡི་ཁམས་དེ་ནི། །འཇིག་རྟེན་གདུང་བ་ཐམས་ཅད་གཅོད། །དེ་བཞིན་དུ་ནི་སློབ་དཔོན་ཡང༌། །གདུང་བ་ཀུན་གཅོད་ཤེས་པར་བྱ། །དཔེར་ན་རླུང་གི་ཁམས་དེ་ཡང༌། །འཇིག་རྟེན་ཐམས་ཅད་རྟག་ཏུ་སྒྲུབ། །དེ་བཞིན་སློབ་དཔོན་སློབ་མ་ལ། །དགེ་བ་རྣམ་པར་སྒྲུབ་པར་བྱེད། །དཔེར་ན་ལུས་ཅན་ཐམས་ཅད་ཀྱི། །གནས་ནི་ས་གཞིར་གྲགས་པ་ལྟར། །དེ་བཞིན་དུ་ནི་ཆོས་རྣམས་ཀྱི། །གནས་སུ་སློབ་དཔོན་གྲགས་པ་ཡིན། །ཇི་ལྟར་བཅོམ་ལྡན་རྣམས་སྣང་མཛད། །ཆོས་རྣམས་ཐམས་ཅད་རྟོགས་འགྱུར་བ། །དེ་བཞིན་སློབ་དཔོན་ཞེས་བྱ་བ། །ཆོས་རྣམས་ཐམས་ཅད་རྟོགས་གྱུར་པ། །ཇི་ལྟར་དཔལ་ལྡན་རྡོ་རྗེ་འཛིན། །གསང་བ་ཐམས་ཅད་འཛིན་པའོ། །དེ་བཞིན་འདིར་ཡང་སློབ་དཔོན་ནི། །གསང་སྔགས་རྣམས་ཀྱི་གསང་བ་འཛིན། །དཀོན་མཆོག་གསུམ་གྱིས་བསྔགས་པ་དག །དེ་ནི་རྟག་ཏུ་སྨྲ་བར་བྱེད། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །བསྔགས་པ་ཆེན་པོའང་དེ་ཉིད་སྨྲ། །དཔེར་ན་སངས་རྒྱས་བཅོམ་ལྡན་འདས། །ཡང་དག་ལམ་སྟོན་མིག་མཛད་པ། །དེ་བཞིན་སྔགས་ལ་འཇིགས་མེད་པའང༌། །ཐེག་ཆེན་འདི་ལ་ལམ་སྟོན་མིག །ང་དང་འདྲ་བར་སྔགས་པ་བལྟ། །ང་དང་སྔགས་པ་གཞན་མི་བལྟ། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་ནམ་ཡང་གཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ། །སྐྱོན་རྣམས་བཟུང་ན་དངོས་གྲུབ་མིན། །དེ་བཞིན་ཚེ་ཡང་ཐུང་བ་དང༌། །ངན་འགྲོ་དག་ཏུ་ལྟུང་བར་འགྱུར། །སློབ་དཔོན་སྨོད་པར་བྱེད་པ་ནི། །ཉ་བ་ལ་སོགས་རིགས་སུ་སྐྱེ། །ཉེས་པ་ཐམས་ཅད་བྱེད་འགྱུར་ཡང༌། །མཁས་པས་བླ་མ་སྨད་མི་བྱ། །ཆོས་འདོད་པས་ནི་རྟག་པ་རུ། །སློབ་དཔོན་རབ་ཏུ་མགུ་བར་བྱ། །ས་གཞི་གང་ན་རྒྱ་ལ་སྲས་དེ། །བཞུགས་པའི་ས་དེ་མཆོད་རྟེན་འགྱུར། །དེར་ནི་ང་དང་རྒྱལ་སྲས་ཀུན། །བསལ་ཞིང་དབྱེ་བ་ཅུང་ཟད་མེད། །ཅེས་གསུངས་སོ། །ཁ་ཅིག་ནི་བླ་མ་ལ་དད་པ་དང་ལྡན་


DTG046_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་ཞེས་འདོན་ཏོ། །འདིར་བླ་མའི་བཀུར་བ་གསུམ་བསྟན་པ་ནི་ལུས་དང་ངག་དང་ཡིད་གསུམ་གྱི་དབང་དུ་བྱས་པའམ། རབ་ཏུ་ཡང་གུས་པར་བྱ་བའི་ཕྱིར་བཟླས་པ་སྟེ། འདི་གསུམ་གྱིས་དང་པོ་སྤངས་པ་ལ་དགོངས་སོ། །དམ་ཚིག་བསྲུང་ཞེས་བྱ་བ་ནི། །དམ་ཚིག་རབ་ཏུ་མི་སྤང་བ་སྟེ་ཇི་སྐད་དུ་གསང་བ་ཟླ་བའི་ཐིག་ལེ་ལས། སྔགས་ཀྱི་དམ་ཚིག་དོན་འདོད་པས། །དམ་ཚིག་བསྲུང་བ་བརྩོན་པར་བྱ། །གཞན་དུ་བྱས་ན་སྔགས་མཁན་གྱི། །སྔགས་ལ་སོགས་པའི་དོན་མི་འགྲུབ། །ལྷ་རྣམས་ཀྱང་ནི་དམ་ཚིག་ཉམས། །གསོལ་ཡང་བཞེས་སུ་མི་གནང་སྟེ།། འཇིག་རྟེན་འདིར་ནི་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་དམྱལ་བ་རྣམས། །དམ་ཚིག་སྤྱོད་པ་འདོད་པའོ། །རྨོངས་པའི་བདག་ཉིད་དེས་འཐོབ་བོ། །སློབ་མ་དེ་ཡང་དེ་བཞིན་དུ། །བློ་ཞན་སྡུག་བསྔལ་ཐོབ་འགྱུར་ཏེ། །དེ་ནི་སྔགས་ཀྱི་དོན་མི་སྨིན། །ལྷ་རྣམས་ཀྱི་ནི་བདེ་བ་མཆོག །དམ་ཚིག་མེད་པའི་སློབ་མ་ལ། །ནམ་ཡང་སྦྱིན་པར་མི་འགྱུར་རོ། །དེ་བས་དམ་ཚིག་གཙོ་ཡིན་ཏེ། །ཐོག་མར་བྱས་ནས་སྦྱིན་པར་བྱ། །ཞེས་གསུངས་སོ། །བརྟན་པར་སྙིང་རྗེ་བསྐྱེད་ཅེས་བྱ་བ་ནི་བརྟན་པའི་རིམ་པ་སྙིང་རྗེས་ཕྱེ་བའི་ཕྱིར་ཏེ། སྔགས་བཟླས་དེ་བཞིན་སྦྱིན་སྲེག་དང༌། །དེ་ཉིད་བསྒོམ་དང་མཆོད་པ་དང༌། །སྙིང་རྗེས་སྔགས་ནི་གྲུབ་འགྱུར་ཏེ། །གཞན་དུ་མཆོག་ཏུ་ཉོན་མོངས་འགྱུར། །ཞེས་གསུངས་པའོ། །ཉེས་པ་ཐམས་ཅད་རྣམ་པར་སྤང༌། །ཞེས་བྱ་བ་ནི་འཇིག་རྟེན་དང་བསྟན་བཅོས་ལ་སྨད་པའི་བྱ་བ་མི་བྱ་བ་སྟེ་ཇི་སྐད་དུ། སྟངས་དང་མཆོད་པ་དང་ནི་གར་བྱེད་དང༌། །གླུ་ལེན་རྔ་བརྡུང་སྐྱེ་བོས་དཔྱད་འགྱུར་དང༌། །ལྷག་པའི་ང་རྒྱལ་འདྲི་དང་འདོད་ཆེན་དང༌། །རྒྱན་པོ་དག་ནི་འདུས་པ་ལྟ་འདོད་དང༌། །དུས་མིན་གཉིད་དང་མི་འགྲུབ་སྨྲ་བ་དང། །བསྟན་བཅོས་ངན་དང་སྙན་དང་གས་ཀློག་འདོན་དང༌། །ཆགས་དང་འཚིག་དང་དྲེགས་དང་རྒྱགས་པ་དང༌། །ཞེ་ལ་འཛིན་དང་ལེ་ལོ་གཡོ་སྒྱུ་སྤང༌། །ཤ་ཆང་ཀིའུ་དང་བཙོང་དང་སྒོག་རྡོག་དང༌། །འབྲུ་མར་ཏིལ་དང་ལ་ཕུག་སུ་རན། །འབྱུང་


DTG046_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཟས་དང་ལྷ་བཤོས་གཏོར་མ་དང༌། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ངས་ནི་སྔགས་པའི་ཁ་ཟས་དཀར་གསུམ་དང༌། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང༌། །ཞོ་དང་ནས་དང་འོ་མ་མར་དང་ནི། །འབྲུ་མར་ཚིག་མ་དར་བ་འོ་ལ་ཀོན་དང༌། །ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། །ཞེས་བཤད་ལ་ཡང་གཞན་དུ། །དེ་ནས་གཞན་ཡང་བཤད་པ་ནི། །གསང་སྔགས་ཟློས་པའི་འདུལ་བ་སྟེ། །གང་ལ་གནས་ནས་དངོས་གྲུབ་རྣམས། །ཟློས་པས་མྱུར་དུ་ཐོབ་འགྱུར་བའོ། །གསང་སྔགས་ཀུན་དང་ལྷ་ཀུན་དང༌།། ཟློས་པ་མཐུ་ཆེན་རྣམས་ལ་ཡང༌། །སྒྲུབ་པོས་ཞེ་སྡང་མི་བྱའོ། །མཁས་པས་གསང་སྔགས་ཆོ་ག་དང༌། །གསང་སྔགས་རང་བཟོར་མི་བྱའོ། །བདག་ཉིད་ངན་པའི་མི་རྣམས་ལའང༌། །བརྙས་པ་དག་ནི་ཡོང་མི་བྱ། །བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་ངན་པར་གྱུར་ན་ཡང༌། །ལུས་སམ་ཡང་ན་ཡིད་ཀྱིས་ཀྱང༌། །ཤེས་པས་ནམ་ཡང་མི་སྨད་དོ། །རིག་སྔགས་དག་ལ་ཁྲོས་ནས་ནི། །དགུག་དང་བཅིང་དར་གཅད་པ་དང༌། །ཚར་གཅད་མཁས་པས་མི་བྱའོ། །དྲག་སྤྱོད་དེ་དང་དེ་མི་བྱ། །གཞན་གྱིས་རྗེས་སུ་མ་གནང་བར། །གསང་སྔགས་དག་ནི་མི་གསུང་ངོ༌། །བསྙེན་བཀུར་མ་བྱས་པ་ལ་ཡང༌། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །གསང་སྔགས་ཆོག་ཕྱག་རྒྱ་དང༌། །རྒྱུད་དང་དཀྱིལ་འཁོར་བཤད་པ་དག །དཀྱིལ་འཁོར་མ་ཞུགས་པ་ལ་ནི། །རྒྱུད་ཤེས་མཁས་པས་མི་སྦྱིན་ནོ། །མཚོན་ཆ་འདྲ་བ་ཐམས་ཅད་དང༌། །སེམས་ཅན་གཟུགས་བརྙན་དེ་བཞིན་ཏེ། །ཕྱག་རྒྱའི་གཟུགས་ནི་སྣ་ཚོགས་པའང༌། །བཟའ་བར་མི་བྱ་མི་འགོད་དོ། །སྨན་རྣམས་སྨད་པར་མི་བྱ་ཞིང༌། །མི་གཙང་པས་ཀྱང་རེག་མི་བྱ། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །རྐང་པ་དག་གིས་མི་འགོང་ངོ༌། །ཐེག་པ་ཆེན་པོ་བ་དག་དང༌། །ཤེས་རབ་ཅན་གྱིས་བརྩད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ཡང་མི་དབྱུང་ངོ༌། །སྒྲུབ་པ་པོ་དང་འགྲན་པ་དང༌། །སྔགས་ཀྱིས་ནམ་ཡང་མི་བྱའོ། །ཁྲོས་པས་ཉེས་པ་ཆུང་ངུ་ལ། །དྲག་ཤུལ་སྤྱོད་པར་མི་


DTG046_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཟློས་པ་ཆོ་ག་ལ་གནས་པས། །གླུ་གར་རྩེད་མོ་མི་བྱའོ། །ཕྲེང་བ་ཁ་དོག་བྱུག་བ་དག །མཛེས་པའི་ཕྱིར་ནི་མི་བྱའོ། །འགོད་པ་དང་ནི་མཆོད་མི་བྱ། །རྒྱུག་དང་དྲག་ཤུལ་མི་བྱའོ། །ལུས་ལས་བྱུང་བ་ཐམས་ཅད་ཀྱི། །ཉེས་པའི་དངོས་པོ་སྤང་བར་བྱ། །ལོག་པ་གཏུམ་པོར་འགྱུར་དང་རྩུབ། །དབྱེན་གྱི་ཚིག་རྣམས་སྨྲ་མི་བྱ། །བདེན་པའི་ཆོས་ལ་གནས་པས་ནི། །དོན་མེད་གཏམ་ཡང་མི་བྱ་ཞིང༌། །མུ་སྟེགས་ཅན་དང་གནས་པ་དང༌། །རྩོད་པ་དག་ཀྱང་མི་བྱའོ། །གདོལ་བ་ལ་སོགས་མ་རབས་དང༌། །གསང་སྔགས་ཟློས་པས་སྨྲ་མི་བྱ། །སྔགས་གཡོག་གཅིག་པུ་མ་གཏོགས་པར། །གཞན་དང་ལྷན་ཅིག་མི་དོགས་པར། །བློ་ཅན་བཟླས་བརྗོད་བྱེད་པ་ན། །སུ་དང་ཡང་ནི་མི་སྨྲའོ། །འབྲུ་མར་དག་གིས་ལུས་མི་བསྐུ། །ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་བཙོང་དག་དང༌། །བཅའ་བསྒྱུར་རྣམ་པ་ཐ་དད་དང༌། །ཅུང་བེན་དང་ནི་སྲིན་རིལ་དང༌། །མ་ཤའི་སྲིན་ཆན་དེ་བཞིན་ཏེ། །ཏིལ་གྱི་ཆུང་ལེན་ལ་ཏུ་དང་།དངོས་གྲུབ་འགོད་པས་རྣམ་པར་སྤང༌། །ལོག་འདྲེན་གྱི་ནི་ཟས་ཀུན་དང༌། །གཏོར་མའི་ཁ་ཟས་ཐམས་ཅད་དང༌། །ཀྲི་ས་ར་དང་འོ་ཐུག་བྱེད། །གསང་སྔགས་ཟློས་པས་རྣམ་པར་སྤང༌། །ཤིང་རྟ་ལ་སོགས་བཞོན་པ་དང༌། །པདྨ་ལ་སོགས་དེ་བཞིན་ཏེ། །ཁ་ཟས་ལྷག་མ་བོར་བ་ལའང༌། །རྐང་བ་དག་གིས་རེག་མི་བྱ། །སྒེག་པའི་ཆོ་ག་ཐམས་ཅད་དང༌། །ལྷྭམ་དང་གདུགས་དག་འཛིན་པ་དང༌། །ལུས་ཀྱི་བྱི་དོར་ཐམས་ཅད་ནི། །གསང་སྔགས་ཟློས་པས་རྣམ་པར་སྡང༌། །རྐང་པས་རྐང་པ་མི་མཉེ་ཞིང༌། །ལག་པས་ལག་པའམ་མི་མཉེའོ། །བཤད་ཅིག་དག་ནི་ཆུར་མི་འདོར། །དེ་དང་ཉེ་བར་ཡང་མི་འདོར། །སྙིམ་པ་འབའ་ཞིག་ཏུ་མི་བཟའ། །ཁར་བའི་སྣོད་དུ་མི་བཟའོ། །ལོ་མའི་རྒྱབ་ཏུ་འང་མི་བཟའ་ཞིང༌། །མཁས་པས་ཆགས་པའི་ཟས་མི་བཟའ། །ཁྲི་དང་བཏེགས་པའི་ཁྲི་དག་དང༌། །གཞན་དང་ལྷན་ཅིག་མི་གཙང་བ། །སྒྲུབ་པོ་བློ་ཅན་མི་ཉལ་ལོ། །གན་རྒྱལ་ཁ་སྡུ་བ་མི་ཉལ་ཞིང༌། །ཡང་དང་ཡང་དུ་


DTG046_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟའ་སྟེ། །ཧ་ཅང་ཆུང་ཆེ་བར་མི་བཟའ། །མི་བཟའ་བར་ཡང་མི་བྱ་ཞིང༌། །གང་དག་དོགས་པའང་མི་བཟའོ། །ངོ་མཚར་དག་ལ་དགའ་མི་བྱ། །ལྟད་མོ་ཀུན་ལ་མི་བལྟའོ། །བུད་མེད་ཡུལ་ནི་སྡུག་པ་ལ། །ཞེན་པའི་སེམས་ཀྱིས་ཆགས་མི་བྱ། །ལུས་དང་ངག་དང་སེམས་ཀྱིས་ཀྱང༌། །དེ་བཞིན་ཟས་དང་སྤྱོད་པ་ལ། །སྔགས་ཟློས་ཆོ་ག་ལ་གནས་པར། །མ་བསྡམས་པར་ནི་ཡོང་མི་བྱ། །སྔགས་ཟློས་ཆོ་ག་མཁས་པ་ཡིས། །ཁ་དོག་བསྒྱུར་བའི་གོས་མི་བགོ །དེ་བཞིན་རྙིངས་དང་དྲི་ཅན་དང༌། །གོས་གཅིག་པར་ཡང་ཡོང་མི་བྱ། །བདག་ཉིད་སྨད་པར་ཡོང་མི་བྱ། །བདག་ལ་མི་དགར་མི་བྱ་སྟེ། །ཡིད་འབྱུང་བར་ཡང་མ་གྱུར་ཅིང༌། །ནད་རྣམས་ཀྱིས་ཀྱང་ཞུམ་མི་བྱ། །བཀའ་ལན་བརྩམས་པ་མ་གཏོགས་པར། །བདག་གི་གསང་སྔགས་མི་གཏོང་ངོ༌། །གཏི་མུག་བློས་ནི་མི་སྨད་ཅིང༌། །སྒྲིམ་པ་ལྷོད་པར་མི་བྱ་ཞིང༌། །ཡིད་ནི་གཞན་དུ་མ་གྱུར་ཅིང༌། །བསམ་པ་མང་པོ་མི་བྱའོ། །མི་གཙང་ཆགས་པའི་སེམས་མེད་པར། །ཟློས་པ་པོས་ནི་གསང་སྔགས་གདོན། །གདོན་གྱི་ལས་རྣམས་མི་བྱ་ཞིང༌། །བསྲུང་དང་སླར་བཟློག་མི་བྱའོ། །རང་གི་སྔགས་སམ་གཞན་དག་གིས། །ཟློས་པས་དུག་གི་ལས་མི་བྱ། །སྒྲུབ་པ་དགོས་པ་མ་གཏོགས་པར། །སྔགས་ཀྱི་གཞན་དག་མི་སྤྱད་དོ། །བདག་གི་སྔགས་ཀྱིས་མགྲིན་པར་ནི། །སད་པའི་ཕྱིར་ཡང་མི་བྱའོ། །བློ་གྲོས་ཅན་གྱིས་དུས་གསུམ་བཟླས། །དུས་གསུམ་དུ་ནི་ཁྲུས་ཀྱང་བྱ། །ཞེས་པ་དང༌། །ཟློས་པ་ཆོ་ག་ཤེས་པ་ཡིས། །སྔོམ་པ་དག་ནི་གཟུང་བ་དང༌། །དམ་ཚིག་བསྲུང་བ་ནན་ཏན་བྱ། །བཟླས་བརྗོད་སྤྱོད་ལ་བརྩོན་པར་བྱ། །དཀྱིལ་འཁོར་ཡང་ནི་རྟག་ཏུ་བྱ། །གླེགས་བམ་ཡང་ནི་རྟག་ཏུ་བཀླག །མཁས་པས་མཆོད་རྟེན་རྟག་ཏུ་བྱ། །དགེ་བའི་ཕྱོགས་ཀྱང་རྟག་ཏུ་བྱ། །དུས་གསུམ་དག་ཏུ་སྐྱབས་སུ་འགྲོ། །དུས་གསུམ་དག་ཏུ་སྡིག་པ་བཤགས། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །དུས་གསུམ་དུ་ནི་བྱང་ཆུབ་སེམས། །དུས་གསུམ་དུ་ཡང་སྨོན་ལམ་གདབ། །རྒྱུད་མཐོང་ཆོ་ག་ཤེས་པ་ཡིས། །ཆོ་ག་


DTG046_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དེ་དང་དེ། །ཇི་ལྟར་འདོད་པ་ཅི་ནུས་བྱ། །རྟག་ཏུ་བཏང་ལ་བརྩོན་པར་བྱ། །སྙིང་རྗེར་ལྡན་ཞིང་འཇུངས་དང་བྲལ། །རྟག་ཏུ་བཟོད་ཅིང་བྱམས་པར་ལྡན། །རྟག་ཏུ་བརྩོན་འགྲུས་ལྡན་པར་བྱ། །རྗེས་སུ་དྲན་པ་དྲུག་རྣམས་ཀྱང༌། །བསམ་པ་དེ་བས་རྟག་ཏུ་བསྒོམ། །རྣམ་པ་སྣ་ཚོགས་ཆོས་ཐོས་ནས། །མོས་པ་རྣམ་པར་སྤྱད་པར་བྱ། །གསང་སྔགས་ཆོ་ག་བཀླག་པར་བྱ། །སྔགས་དང་ཕྱག་རྒྱ་རྣམས་ཀྱང་མཆོད། །ཆོ་ག་ལས་ནི་བྱུང་བ་བཞིན། །བློ་དང་ལྡན་པས་དཀྱིལ་འཁོར་བྲི། །བྱང་ཆུབ་སེམས་ནི་བརྟན་ནས་སུ། །ཡང་དག་ལྷ་ལ་ངེས་བྱས་རྣམས། །དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི། །མཁས་པས་དགེ་སློང་ལ་སོགས་པ། །འཁོར་བཞི་པོ་དག་གཟུང་བར་བྱ། །བདག་རང་གིས་ནི་རྒྱུད་ཀྱང་བསྟན། །མཁས་པས་གསང་སྔགས་ལུང་རྣམས་ཀུན། །ཡང་དག་རྒྱས་པར་ཤེས་པར་བྱ། །ཚེས་བརྒྱད་དང་ནི་བཅུ་བཞི་དང༌། །བཅོ་ལྔ་དག་ལ་སྒྲུབ་པ་པོས། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །བྱེ་བྲག་ཏུ་ནི་མཆོད་པར་བྱ། །བཟླས་པ་སྦྱིན་སྲེག་མཆོད་པ་དང༌། །དེ་བཞིན་སྔོམ་པ་གཟུང་བ་དང༌། །བསོད་ནམས་དག་ལས་ཁྱད་པར་དུ། །གུས་ཤིང་མངོན་པར་བརྩོན་པར་བྱ། །ཞེས་པ་དང༌། ཡང༌། བཟླས་དང་སྦྱིན་སྲེག་མཆོད་པ་ལ། །རྟག་ཏུ་སྟོད་གཡོགས་ཡོད་པར་བྱ། །ཉལ་དང་ཁྲུས་ལ་ཉེས་པ་མེད། །དེ་ཡང་མངོན་པར་བསྔགས་པར་བྱ། །ཕྱི་རོལ་སར་ནི་ཤིང་གི་ལྷམ། །རྟག་པ་ཉིད་དུ་བགོ་བར་བྱ། །ལྷ་དང་བླ་མ་མཆོད་གནས་ཀྱི། །གནས་རྣམས་སུ་ནི་སྤང་བར་བྱ། །ལུས་དང་ངག་ཡིད་འཇུག་པ་ཡིས། །རྟག་ཏུ་མཆོད་གནས་མཆོད་པར་བྱ། །གང་དག་རྟག་ཏུ་བརྩོན་པ་ཡི། །ཟློས་པ་དངོས་གྲུབ་འདོད་པ་ཡིས། །མཆོད་རྟེན་མཐོང་ན་ཕྱག་བྱ་ཞིང༌། །དགེ་སློང་མཐོང་ནའང་ཕྱག་བྱའོ། །ལྷ་དག་མཐོང་ན་རིམ་གྲོ་བྱ། །བླ་མ་མཐོང་ན་མཆོད་པ་བྱ། །ཟབ་མོའི་ཆོས་ནི་བཤད་པ་དག །ཐོས་ནས་དད་པ་བསྐྱེད་པར་བྱ། །བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གི །མཐུ་ལ་རབ་ཏུ་དགའ་བར་བྱ། །སྔགས་ཀྱི་ལས་རྣམས་སྣ་ཚོགས་པ། །ཐོས་ནས་ཡིད་ནི་སྤྲོ་བར་


DTG046_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །སྒྲུབ་པོ་དངོས་གྲུབ་འདོད་པས་ནི། །བློ་གྲོས་ལྡན་པས་བརྩོན་འགྲུས་བསྐྱེད། །འདི་བྱ་འདི་ནི་མི་བྱའོ་ཞེས། །རིག་སྔགས་འདུལ་བ་ལ་སྨོས་དང༌། །བསླབ་པའི་སྔོམ་པ་ཉིད་ལ་ཡང༌། །ཟློས་པས་རྟག་ཏུ་རྣམ་པར་བསམ། །རང་གི་བདེ་ལ་ཆགས་པ་དག །ཉིན་མཚན་དུ་ནི་སྤང་བར་བྱ། །འདི་དག་བྱས་ནས་འདི་བྱ་ཞེས། །མི་གཡེལ་བར་ནི་འགྱུར་བར་བྱ། །ཉིན་པར་བག་མེད་ཉེས་བྱས་པ། །སྲོད་ལ་སོ་སོར་བཤགས་པར་བྱ། །ལེགས་པར་བྱས་ལའང་མངོན་པར་དགའ། །ནུབ་མོ་བྱས་པའང་ནང་པར་བཤགས། །བཟླས་བརྗོད་སྦྱིན་སྲེག་གཙང་སྦྲ་དང༌། །རིག་སྔགས་མཆོད་དང་སྔོམ་པ་དང༌། །རིག་སྔགས་འདུལ་བ་དག་ལ་ཡང༌། །སྒྲུབ་པ་པོས་ནི་ནན་ཏན་གནས། །ཞེས་པ་དང༌། ཡང༌། དེ་རིང་ཕན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་ལ་ཡང༌། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཐེག་པ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བ་དང༌། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པའང་བྱ། །སྟོན་པ་གཞན་གྱི་གཞུང་མི་སྨོད། །གློ་བུར་པ་ལ་མགྲོན་མི་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་གཞག །ཐེག་ཆེན་འདི་ལ་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་མངོན་པར་བྱ། །གསང་སྔགས་རྒྱུ་ལ་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །གསང་སྔགས་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་པར་བསྲུང༌། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་གསུངས་ཏེ། འདི་ལྟ་བུའི་བྱ་བ་ལ་བསླབ་བོ། །དམ་ཚིག་དེ་དག་ནི་བདག་གིས་བྱ་བའི་རྒྱུད་དག་ལས་བཏུས་པ་ཡིན་གྱི་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པ་དག་གིས་ཀྱང༌།


DTG046_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དང་དུས་ཀྱི་དབང་དང་བསམ་པའི་དབང་གིས་ཇི་ལྟར་རིགས་པར་སྲུངས་ཤིག །གང་དག་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་བ་ཡིན་པར་སྨྲ་བ། གཅང་སྦྲ་དང་བསྡམས་པ་མེད་པར་འདོད་པ་དག་ནི་མ་རུངས་པར་འགྱུར་ཏེ། བསམ་པ་ལ་སོགས་པའི་དབང་ལས་ནི་བྱ་བའི་རྒྱུད་དག་ཏུ་ཡང༌། གཙང་རུང་དེ་ནི་མི་གཙང་རུང༌། །ཟས་ནི་ཟོས་རུང་མ་ཟོས་རུང༌། །ཁྲུས་བྱས་དེ་ནི་མ་བྱས་རུང༌། །བདག་གི་བདག་ཉིད་དྲན་པར་འགྲུབ། །ཅེས་བྱ་བ་ལ་སོགས་པ་བག་ཡངས་སུ་བྱ་བ་གསུངས་ལ། ཕལ་ཆེར་ནི་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་པས་ཀྱང་ཇི་སྐད་གསུངས་པའི་དམ་ཚིག་ལས་འདའ་བར་མི་བྱ་བས་སོ། །གཞན་ཡང་རྣལ་འབྱོར་གཙོར་བྱེད་པའི་རྣལ་འབྱོར་པ་རྣམས་ལ་ནི་ལུས་རྟས་པར་བྱ་བའི་ཁ་ཟས་ལ་སོགས་པ། འཕགས་པ་ཉན་ཐོས་འདོད་པ་ཆུང་ཞིང་ཆོ་ག་ཤེས་པ། སྦྱངས་པའི་ཡོན་ཏན་ལྷུར་ལེན་པས་གྲོལ་བར་འདོད་པ། གནས་དབེན་པ་བཞི་ལ་གནས་པར་དམ་བཅས་པ་དག་ལ་ཡང་གནང་སྟེ་ཇི་སྐད་དུ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཅང་ཤེས་ཀཽཎྜི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་དེང་བས་མཐར་གནས་ཤིང་ཏིང་ངེ་འཛིན་སྒོམ་པའི་དགེ་སློང་དག་གནས་ཁང་མཆོག་དག་ན་གནས་ཤིང་ལམ་མཆོག་དང་ཁ་ཟས་མཆོག་ལ་སྤྱོད། དགེ་འདུན་གྱི་ལས་ཐམས་ཅད་མི་བྱེད་པར་གནང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་སྒོམ་པ་དག་གལ་ཏེ་འཚོ་བའི་ཡོ་བྱད་ཀྱིས་བྲེལ་བར་གྱུར་ན། སེམས་དང་སེམས་ལས་བྱུང་བའི་ཆོས་ངན་པ་སྐྱེ་ཞིང་ཏིང་ངེ་འཛིན་ཐམས་ཅད་མི་འགྲུབ་པས་ན། མཚམས་མེད་པའི་སེམས་ཅན་དམྱལ་བའི་བར་དུ་ལྟུང་ཞིང་མི་བཟད་པའི་སྡུག་བསྔལ་ཆེན་པོ་རྣམས་ཚད་མེད་པ་ཇི་སྙེད་མྱོང་བར་འགྱུར་རོ། །ཏིང་ངེ་འཛིན་སྒོམ་པ་དག་གལ་ཏེ་འཚོ་བའི་ཡོ་བྱད་དང་ལྡན་ན་ཏིང་ངེ་འཛིན་མང་པོ་མ་འགྲུབ་པ་ཡང་གྲུབ་པ་དང༌། སྔར་གྲུབ་པ་དག་ཀྱང་མི་ཉམས་སོ། །དེའི་དབང་གིས་མི་དགེ་བའི་ཆོས་ཐམས་ཅད་མི་སྐྱེ་བས་ན། གཞུང་དེ་བཞིན་དུ་རྒྱས་པར་མི་དགེ་བའི་རྟོག་པ་དང་དཔྱོད་པའི་བར་དུ་མི་སྐྱེ་ལ་མཐོ་རིས་ཀྱི་ལྷ་སྐྱེ་བ་ནས་མྱ་ངན་ལས་འདས་པའི་བར་དུ་ཐོབ་པར་འགྱུར་རོ་


DTG046_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ན། འོན་ཀྱང་གང་དག་བཅོམ་ལྡན་འདས་ཀྱི་བཀའ་མདོ་སྡེ་རིན་པོ་ཆེའི་ཚོགས་ལ་སོགས་པ་སྡེ་སྣོད་དུ་གཏོགས་པའི་གསུང་རབ་རྒྱ་ཆེན་པོ་མ་མཐོང་ཞིང་མ་ཐོས་ལ། དེ་བཞིན་དུ་བྱ་བ་དང་རྣལ་འབྱོར་ལ་སོགས་པའི་རྒྱུད་རྩ་བ་དང༌། ཕྱི་མ་དང༌། ཕྱི་མའི་ཕྱི་མ་དང་བཅས་པ་རབ་ཏུ་རྒྱས་པ། འཁྲུལ་པའི་གནས་གཏན་ལ་འབེབས་པ་མ་ཐོས་ཤིང་མ་མཐོང་བར་རྒྱུད་མདོར་བསྡུས་པ་འགའ་ཞིག་གི་ཚིག་སྒྲ་ལ་ཇི་བཞིན་པར་འཛིན་པས་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌། བྱ་བའི་རྒྱུད་དང་ལ་སོགས་པ་ལས་དང་བྱ་བ་རབ་ཏུ་སྟོན་པ་དེ་དག་ནི་ལམ་སྡུག་བསྔལ་བ་ཁ་ཟས་ལ་སོགས་པ་བྱེ་བྲག་ཅན་བཟའ་བ་ཡིད་ལ་གང་འདོད་པ་ལོངས་སྤྱོད་དུ་མེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་རྒྱ་མཚོ་ལྟ་བུ་འདི་ལས་ནི་ཇི་ལྟར་དགའ་བས་ལོངས་སྤྱོད་ཀྱང་འགའ་ཡང་གང་དུ་ཡང་ནམ་ཡང་མི་ཉམས་ཏེ་ཇི་ལྟར་དགའ་བ་སྤྱོད་ལ་རག་གོ །བུད་མེད་དང་ཆང་དང་ཤ་ལ་སོགས་པ་འདི་དག་ནི་མཆོད་པ་ཆེན་པོ་མཆོད་པ་བཟང་པོ་མྱུར་དུ་འགྲུབ་པར་བྱེད་པའོ་ཞེས་སྨྲ་བ་དེ་དག་རབ་ཏུ་མ་རུངས་པ་ཡིན་ཏེ། དེའི་ཕྱིར་བཅོམ་ལྡན་འདས་དུས་གསུམ་སྒྲིབ་པ་མེད་པར་མཁྱེན་པའི་ཞལ་སྔ་ནས་ཚུལ་འདི་འདྲ་འབྱུང་བར་གཟིགས་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱ་ལོན་ནས་བདུད་སྡིག་ཅན་གྱིས་ངའི་བསྟན་པ་ཕྱེ་ཞིང་འཆད་པར་འགྱུར་རོ་ཞེས་གསུངས་ཤིང༌། དེ་ཉིད་ངོ་ཤེས་པར་བྱ་བའི་ཕྱིར་ནི་ཆོས་རྟགས་ཀྱི་ཕྱག་རྒྱ་རྣམ་པ་གསུམ་གྱིས་ཉིད་ཀྱི་བསྟན་པ་རྒྱས་བཏབ་ཅིང་འདར་མི་རུང་བར་མཛད་ལ། ནག་པོར་བསྟན་པ་དང༌། ཆེན་པོར་བསྟན་པ་རྣམ་པར་དབྱེ་བ་མཛད་པས། ཉིད་ཀྱི་བསྟན་པ་བརྟག་པ་རྡོ་ཀ་ཤི་ལྟ་བུ་བཞག་པར་མཛད་དོ། །དེའི་ཕྱིར་དེང་སང་བསྟན་པ་ལ་ཞུགས་པ་དག་གིས་ཞིབ་པའི་བློས་བརྟག་པར་བྱ་བའི་རིགས་ཀྱིས་མ་བརྟགས་པར་གཞན་གྱི་ཚིག་སྡིག་པ་ཅན་ལ་འཇུག་པར་ནི་མི་བྱའོ། །དེ་ལྟར་ན་སྔར་རྟོག་གེ་བཀག་པ་ཞེ་ན། འདིར་ནི་གང་ལུང་འབོག་པ་དེ་བླ་མར་རུང་བ་ཡིན་ནམ་མ་ཡིན་པ་ནི་ངེས་པར་དཔྱད་པ་ཡིན་ལ། གང་རང་བཞིན་ལ་སོགས་པའི་ཁ་ན་མཐེ་བ་སྤང་བར་སྟོན་པ་ལ་སོགས་པའི་ཕྱག་རྒྱ་གང་ཡང་རུང་བས་ཐེབས་ཤིང་ཆེན་པོ་བསྟན་པས་


DTG046_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ན་ངེས་པར་དེས་བསྟན་པ་བླང་ངོ༌། །སེམས་ཀྱི་བསམ་གཏན་ཞེས་བྱ་བ་ནི་གོ་སླའོ། །དེ་ལྟའི་ཞེས་བྱ་བ་ལ་སོགས་པས་ནི་སློབ་མ་དམ་པ་འབའ་ཞིག་གཟུང་བ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ངེས་པར་དེ་ལྟར་བདེན་པས་འདི་ལ་བདག་ཅག་གིས་བརྩད་ཅིང་གཞུར་མེད་དོ་ཞེས་ཡིད་ཆེས་པས་ཅང་མི་གསུང་བར་གྱུར་པའོ། །རྒྱུད་ལ་གཞན་ཐམས་ཅད་དད་པར་བྱེད་པའི་དགོས་པ་གཟིགས་པས། མ་དྲིས་པར་ཆེད་དུ་གསུངས་པ་ནི་ཆེད་དུ་བརྗོད་པ་འདིའི་ཆེད་དུ་བརྗོད་དོ་ཞེས་བྱ་བ་ནི་གཞན་གྱི་དྲི་བ་སྐབས་མེད་པར་ཉེ་བར་བརྗོད་པའོ། །ཇི་སྐད་དུ་ཞེ་ན། གཤིན་རྗེ་མཐར་བྱེད་འཁྲུལ་འཁོར་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ་རྒྱུད་ཐམས་ཅད་ཀྱི་རྩེ་མོ་དཔལ་གསང་བ་འདུས་པ་ཡིན་ན། དེར་ཡང་རྒྱུད་འདིར་གསུངས་པའི་ཐབས་མི་འབྱུང་སྟེ། དེ་བས་ན་རྒྱུད་འདི་ནི་རྒྱུད་དེའི་ཡང་བླ་མ་ཡིན་ན། གཞན་རྡོ་རྗེ་འཇིགས་བྱེད་ལ་སོགས་པ་ལྟ་ཅི་སྨོས་ཞེས་གསུངས་པའོ། །ད་ནི། ཨེ་མ་ཧོ། །མཆོག་ཏུ་མྱ་ངན་འདས། །ཞེས་བྱ་བ་ལ་སོགས་པས་དོན་དམ་པ་བྱང་ཆུབ་ཀྱི་སེམས་སྟོན་ཏེ། དང་པོ་ནི་རིགས་ལྔའི་རྒྱལ་བ་རྣམས་ཀྱིས་གསུངས་པའོ། །ཨེ་མ་ཧོ་ཞེས་བྱ་བ་ནི་སྤྲོ་བར་སྟོན་པའོ། །མཆོག་ཏུ་མྱ་ངན་འདས་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་བས་མཆོག་ཏུ་གྱུར་པ་སྟེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མི་ཟད་པའི་ཕྱིར་རོ། །མི་གནས་པའི་མྱ་ངན་ལས་འདས་པ་དེ་ཡང་གང་ཞེ་ན། ཨེ་མ་ཧོ་ཁྲོ་བོ་འཇིགས་པར་བྱེད། །ཅེས་གསུངས་ཏེ། དཔལ་གཤིན་རྗེ་གཤེད་འདིའི་སྐུ་ཉིད་སྣང་ཞིང་མ་གོས་པས་ན་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཏེ་དེ་བས་ན་ངོ་མཚར་ཆེའོ། །དེ་བས་ན་འཁོར་བའི་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རྒྱུན་ཆད་པ་མེད་ཅིང༌། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་མཛད་པ་མེད་པས་ན་ཨེ་མ་ཧོ་འཁོར་བདག་གི་རྒྱུན་ཞེས་གསུངས་ཏེ། མངོན་པར་བྱང་ཆུབ་པ་དེ་བཞིན་ཉིད་ལ་དམིགས་པ་ལ་སོགས་པའི་ཡེ་ཤེས་གནས་ཡོངས་སུ་དག་པར་གྱུར་པ་རྒྱུན་མི་འཆད་པ་ཉིད་འཁོར་བ་ཞེས་བྱའོ། །དེ་ལྟར་ཡང༌། འཁོར་བ་དང་ནི་མྱ་ངན་


DTG046_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །འདི་གཉིས་ཡོད་པ་མ་ཡིན་ཏེ། །འཁོར་བ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་པ་ཞེས་བཤད་དོ། །ཞེས་གསུངས་སོ། །དོན་དེའི་ངོར་བྱས་ན་ཆོས་ཐམས་ཅད་ནི་རང་གི་ངོ་བོ་ཇི་ལྟ་བ་བཞིན་བརྩམ་ན། གདོད་མ་ནས་མྱ་ངན་ལས་འདས་པ་ཕྲ་བ་ཡང་མེད་པས། ཨེ་མ་ཧོ་ཆོས་ཐམས་ཅད་གདོད་མ་ནས་ཤིན་ཏུ་མྱ་ངན་ལས་འདས་པ་ཉིད་དོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལྟར་ན་ཆོས་འདི་དག་ནི་རབ་ཏུ་སྐྱེ་ཞིང་འཇིག་ཀྱང་རྒྱུན་ཆད་པ་ཡང་ནམ་ཡང་མེད་དེ། བརྟགས་ཞེས་བྱ་བ་བརྟགས་པ་ཙམ། །འཁོར་བ་ལ་ནི་མཐའ་མི་དམིགས། །ཞེས་གསུངས་པ་དང༌། མྱ་ངན་ལས་འདས་པ་ཡིན་དུ་ཟིན་ཀྱང་འཁོར་བར་འགྱུར་ལ། འཁོར་བའི་རྒྱུར་གྱུར་ཀྱང་མྱ་ངན་ལས་འདས་པ་མ་བཏང་བའི་ཕྱིར་ཕན་ཚུན་འགལ་བ་བྱིས་པའི་ཡུལ་མ་ཡིན་པའི་བདེན་པ་གཉིས་པོ་འདི་ནི། ཨེ་མ་ཧོ་ཤིན་ཏུ་ངོ་མཚར་འདི། །ཞེས་གསུངས་སོ། །དོན་འགལ་བ་འདི་མི་འགལ་བར་ཤེས་པས་ཅི་ལ་ཕན་ཞེ་ན། གང་ཞིག་གིས་ཤེ་ན་བྱིས་པ་དག་འཆིང་བའི་ཉེས་པའི་སྐྱོན་འདི་དག་རྣལ་འབྱོར་པ་དེ་ལ་ཡོན་ཏན་དུ་མི་འགྱུར་བའོ་ཞེས་ཚིག་རྣམ་པར་སྦྱར་ཏེ་ཇི་སྐད་དུ། ཆོས་གང་གིས་ནི་བྱིས་པ་དག །འཁོར་བའི་གནས་སུ་འཆིང་འགྱུར་བ། ཆོས་དེ་ཉིད་ཀྱིས་རྣལ་འབྱོར་པ། འཁོར་བའི་མཐར་ནི་འགྲོ་བ་ཡིན། །ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་འཆིང་བའི་ཆོས་དེ་ནི་འགའ་ཡང་མ་མཐོང་བའི་ཕྱིར། དངོས་མིན་དངོས་པོ་མེད་པ་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་རིགས་པས་བལྟས་ན་གནས་པའི་མཐུ་མེད་པས་ན་དངོས་པོ་མེད་མིན་ཏེ། འོན་ཀྱང་ཆོས་རྣམས་ཀྱི་ཆོས་ཉིད་ཀྱིས་མངོན་སུམ་ཁོ་ནར་གསལ་བར་སྣང་བས་ན། དངོས་པོ་མེད་པའང་མ་ཡིན་ཏེ་དེ་ལྟར་ན་རྟག་པ་དང་ཆད་པའི་མཐའ་ལས་རྒལ་བ་སྒྱུ་མ་ཙམ་དུ་གནས་ཏེ་དེ་ཤེས་པ་ལ་ནི་གནོད་པ་གང་ཡང་མི་འབྱུང་སྟེ། དེ་ནི་ཉེས་པའི་ཚོགས་ཀྱི་གཉེན་པོ་ཡིན་པས་ན། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པ་གོམ་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང༌། །ཞེས་གསུངས་པས་སོ། །རང་བཞིན་ཕྲ་རབ་རྟོགས་པ་དེ་ཡང་མེད་དེ། ཁམས་མིན་ཞེས་བྱ་བ་མིག་ལ་སོགས་པའམ། དུས་ནི་གཉིད་ལོག་སད་པར་བྱེད། །ཅེས་བྱ་བ་


DTG046_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་དུས་ལ་སོགས་པའི་ཁམས་འདོད་པ་ཡང༌། ཀུན་དུ་རྟོག་པ་ཙམ་སྙིང་པོར་གྱུར་གྱི་རང་བཞིན་མེད་དོ། །བྱེ་བྲག་ཏུ་སྨྲ་བས་བཞག་པ་བསྟན་དུ་མེད་པའི་རྫས་རབ་ཏུ་དགེ་བ་ཡང་མི་འཐད་དེ། འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པའི་ནང་དུ་གསལ་བས་ན། མྱ་ངན་འདས་པ་འདས་པ་མིན། །ཞེས་གསུངས་སོ། །འོ་ན་ཅི་ཞེ་ན། རེ་ཞིག་ཀུན་གཞི་རྣམ་པར་ཤེས་པ་རྒྱ་ཡོངས་སུ་ཆད་པ་མེད་པ་འདི་ཙམ་ཞིག་སྣ་ཚོགས་ཀྱི་བདག་ཉིད་ཡིན་པར་ཟད་དེ། ས་ལ་གཟུགས་རྣམས་གང་ཡོད་དང༌། །ལྷ་ཡུལ་གནས་པའི་ཁྱིམ་རྣམས་ཀྱང༌། །རྣམ་པ་སྣ་ཚོགས་གང་སྣང་བ། །དེ་དག་ཀུན་གཞི་སྣང་བ་ཡིན། །ཀུན་གཞི་ཀུན་དུ་ལག་པ་སྟེ། །ཀུན་དུ་ཁ་མིག་མགོ་བོ་ཡང༌། །ཅིག་ཅར་རམ་ནི་རིམ་གྱིས་ཀྱང༌། །ས་རྣམས་ཡོག་པར་རབ་ཏུ་གནས། །ཞེས་གསུངས་པས་ན། རྣམ་ཤེས་ནམ་མཁའི་གཞི་མཉམ་སྟེ། །ཞེས་གསུངས་སོ། །དེ་ལྟ་ན་དེ་ཉིད་གནོད་པར་འགྱུར་རོ་སྙམ་ན། ནམ་མཁའ་འདི་ལྟར་བདག་ཉིད་མེད། །ཅེས་གསུངས་ཏེ་དེ་གནས་ཡོངས་སུ་གྱུར་པ་ན་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ནམ་མཁའ་ལྟ་བུ་ཡིན་གྱི་ཡང་དག་པའི་ཡེ་ཤེས་ལ་གཟུང་བ་དང་འཛིན་པའི་བདག་ནི་ཅི་ཡང་མེད་པས་འདི་ལ་གནོད་པ་མེད་དོ་ཞེས་བསྟན་པའོ། །དེ་ཉིད་ནི། ཆོས་འདི་བདེ་བ་ཆེན་པོ་ཡིན།། ཞེས་གསུངས་ཏེ་ཇི་སྐད་དུ་བདེ་བ་གང་ཞེ་ན། གང་ལ་ཀུན་དུ་རྟོག་པ་མེད་པ་དེ་བདེ་བའོ་ཞེས་གསུངས་སོ། །འདི་དོན་དམ་པར་ཡོད་པ་ཉིད་དེ་འདི་ཙམ་ཡང་སུན་འབྱིན་པ་ནི་བྱ་རབ་གནོན་དང་སྟག་གི་དཔེས་མདོ་ལས་གསལ་ཏོ། །འདི་ནི་རག་ལས་པ་དང་བྲལ་བའི་ཆོས་རང་དབང་དུ་གྱུར་པ་ཡིན་པས་ན། །ས་མིན་ཆུ་དང་མེ་མ་ཡིན། །རླུང་མིན་དེ་བཞིན་ནམ་མཁའ་མིན། །ཞེས་གསུངས་ཏེ། ཚུལ་ཁྲིམས་དང་ནི་ཡེ་ཤེས་བསམ་གཏན་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་བཤད་པ་ལྟ་བུའོ། །གོ་འཕང་དེ་ཡང་ཆོས་ཀྱི་དབྱིངས་རྟོག་པ་འབྱུང་བར་བསྟན་པའི་ཕྱིར། རྡོ་རྗེ་སེམས་དཔའི་སྦྱོར་བ་ཡི། །སྐྱེ་བ་འདི་ནི་རབ་ཏུ་གནས། །ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མི་ཕྱེད་པ་དང་སངས་རྒྱས་ཀྱི་ཆོས་སྣ་ཚོགས་པའི་རྒྱུར་གྱུར་པས་ཆོས་ཀྱི་དབྱིངས་ཏེ། དེ་ལ་རབ་ཏུ་སྦྱར་བ་ཡིས། །ཞེས་བྱ་


DTG046_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་རབ་ཏུ་ཡང་གསལ་བ་ཟུང་དུ་འཇུག་པས་སྔར་བསྟན་པའི་མི་གནས་པའི་མྱ་ངན་ལས་འདས་པ་ཕྱག་རྒྱ་ཆེན་པོ་ཟུང་དུ་འཇུག་པ་བྱུང་བས་ན། སྐྱེ་བ་འདི་ནི་རབ་ཏུ་གནས། །ཞེས་གསུངས་ཏེ། ཇི་སྐད་དུ། རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ། །གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས། །གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས། །འགྲོ་བ་མ་ལུས་བཀའ་བཞིན་སྟོན་པར་མཛད། །ཅེས་གསུངས་པས་སོ། །དེ་ཙམ་ཞིག་བདེན་གྱི་གཞན་དུ་གྱུར་པའི་དངོས་ཀུན་དངོས་པོ་ཞེས་བྱ་བ། དེ་ནི་དངོས་པོ་མེད་པར་གྲགས། །ཞེས་བྱ་བ་གསུངས་ཏེ། རིགས་པས་འཇལ་བ་རྣམས་ལ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཇི་ལྟར་ཞེ་ན་རྣལ་འབྱོར་པའི་སེམས་ཡུལ་ཁྱད་པར་ཅན་དུ་སྣང་བ་རྣལ་འབྱོར་ཟུང་དུ་འཇུག་པ་དང་བྲལ་བར་གྱུར་པའི་ཚེ་དེའི་ཤེས་པ་དོན་ཁྱད་པར་ཅན་འཛིན་པ་དེ་ལ་རྟག་པ་སྣང་བ་མ་ཡིན་ཞིང༌། དེ་བཞིན་དུ་ཆད་པ་ཡང་མིན་ལ་ཕྱག་དང་ཞལ་དང་ཁ་དོག་ཀྱང་སྣང་བ་མ་ཡིན་པས། དེའི་ཕྱིར་གྲགས་ཞེས་བྱ་བ་ནི་དོན་ཇི་ལྟར་ཉམས་སུ་མྱོང་བ་གཅིག་ནས་གཅིག་ཏུ་མཆོད་པ་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེའི་ཡུལ་དུ་སྔར་བསྟན་པའི་དམ་པའི་དགའ་བའི་མཚན་ཉིད་དེ་ཁོ་ན་ཉིད་ཙམ་ཞིག་གནས་པར་ཟད་དོ། །དེའི་མཚན་ཉིད་གཞན་ཡང༌། སྲིད་པ་ཀུན་དང་ཆགས་བྲལ་བ། །ཐོག་མ་བར་དག་སྤང་པའོ། །ཞེས་གསུངས་ཏེ་སྲིད་པ་ནི་འཁོར་བ་རྒྱུན་དུ་འཇུག་པའི་སེམས་ཏེ་འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། །སེམས་ནི་འཁོར་བ་ཡིན་པར་ཀུན་དུ་བརྗོད། །ཅེས་གསུངས་པ་ལྟ་བུ་སྟེ་དེ་རབ་ཏུ་སྤངས་པ། ཉོན་མོངས་རྣམས་གྲོལ་ཤེལ་དང་ཟླ་འདྲ་བ། །སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས། །ཞེས་གསུངས་པའི་བདག་ཉིད་དོ། །དེ་བས་ན་ཀུན་ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་བར་གྱི་སེམས་ལས་འདི་མ་གཏོགས་པར་གྱུར་པའོ། །ཆགས་བྲལ་དང་ཞེས་བྱ་བ་ནི། འཕགས་པ་ཉན་ཐོས་གང་དག་སྲིད་པས་རབ་ཏུ་སྐྲག་པས་ཞི་བའི་བདག་ཉིད་རྣམ་པར་ཤེས་པ་མར་མེ་རྒྱུན་ཆད་པ་ལྟར་གྱུར་པའི་བདེ་བ་མེད་པ་ལ་བདེ་བར་འདུ་ཤེས་པ། སྐུ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་རྒྱབ་ཀྱིས་ཕྱོགས་པ། ཞུམ་པ་མེད་པའི་ལུས་ཀྱིས་ནི། །ཚོར་བ་སྟ་གོན་གནས་པར་བྱ། །མར་མེ་འདྲ་བའི་རྣམ་པར་


DTG046_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཐར། །དེ་ཡི་སེམས་ནི་མྱ་ངན་འདས། །ཞེས་བྱ་བ་གང་ཡིན་པ་འདི་ནི་ཁམས་གསུམ་དང་མི་གནས་པའི་མྱ་ངན་ལས་འདས་པ་ལ་ཡང་ཆགས་པ་དང་བྲལ་བའོ། །འདི་ནི་དེ་ལྟར་ཡང་མ་ཡིན་ཏེ། བསྐལ་པ་གྲངས་མེད་པའི་བར་དུ་རྒྱུ་ལ་ནན་ཏན་བྱས་པས་འཁོར་བའི་མཐའ་མེད་པ་ལྟར་འདིའི་སྐུ་ཚེ་ཡང་མཐའ་མེད་པ་སྟེ། །ནམ་མཁའ་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཅི་ཙམ་ལས་དང་ཉོན་མོངས་མཐའ་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་ལ། སྨོན་ལམ་ཡང་ཇི་ལྟར་སྨོན་པའི་འབྲས་བུ་འབྱིན་པ་སྟེ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་བརྟེན། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་དང་འདྲ་བའི་འབྲས་བུ་ཐོབ། །ཅེས་གསུངས་པས་སོ། །ཐོག་མ་བར་དག་སྤངས་པའོ། །ཞེས་བྱ་བ་ནི་སྔར་འཁོར་བའི་ཐོག་མ་མེད་པར་བསྟན་པ་འདིས་ཐོག་མ་སྤངས་པ་ཡིན་ལ། གང་ལ་ཐོག་མ་མེད་པ་དེ་ལ་བར་ཡོད་མི་སྲིད་དེ། བར་ནི་ཐོག་མ་དང་ཐ་མའི་ཆ་ལས་ལྟོས་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་བར་སྤངས་པའོ། །དེ་ཉིད་ཀྱིས་ནི་འདི་ལ་ཐ་མ་མེད་པ་ནི་རབ་ཏུ་ཡང་གསལ་བས་མ་གསུངས་སོ། །གལ་ཏེ་བསྟན་དུ་མེད་པ་དགེ་བའི་རྩ་བས་མྱ་ངན་ལས་འདས་པ་ཡང་འདི་མིན་ལ། མར་མེ་ཆད་པ་ལྟ་བུའི་མྱ་ངན་ལས་འདས་པ་ཡང་འདི་མིན་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། དོན་གྱི་དབང་བཅུས་རྒྱུན་ཆད་པ་མེད་ཅིང་སྐུ་གཞན་དུ་སྣང་བ་སྐྱེད་པ་ཙམ་ལ་མྱ་ངན་ལས་འདས་པར་བཞག་པ་སྟེ། ཇི་སྐད་དུ་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་ངག་སངས་རྒྱས་ཀྱི་ཕྲིན་ལས་རྫོགས་པར་མཛད་ཟིན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དོན་བཅུའི་དབང་གཟིགས་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་ཏེ། བཅུ་གང་ཞེ་ན། འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་མི་རྟག་པ་ཡོངས་སུ་བསྟན་པ་དང༌། འདུས་བྱས་ཐམས་ཅད་ཡིད་བརྟན་དུ་མི་རུང་བར་བསྟན་པ་དང༌། མྱ་ངན་ལས་འདས་པའི་ཕྱོགས་བདེ་བར་འགྲོ་བས་འཇིགས་པ་དང་བག་ཚ་བ་ཐམས་ཅད་དང་བྲལ་བ་ཡང་དག་པར་བསྟན་པ་དང༌། གཟུགས་ཀྱི་ལུས་ལ་བཞེན་པའི་ལྷ་དང་མི་རྣམས་ལ་


DTG046_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ལུས་མི་རྟག་པ་ཉིད་དུ་ཡང་དག་པར་བསྟན་པ་དང༌། ཆོས་ཀྱི་སྐུ་ལ་ཡང་དག་པར་སྦྱར་བ་དང༌། རྣམ་པར་འགྱུར་པའི་མཐུ་ཕྱིར་མི་བཟློག་པར་ཡོངས་སུ་བསྟན་པ་དང༌། འདུ་བྱེད་ཐམས་ཅད་མདོར་རྒྱུར་མི་རུང་ཞིང་དབང་བསྒྱུར་དུ་མེད་པ་ཡོངས་སུ་བསྟན་པ་དང་མྱ་ངན་ལས་འདས་པ་ནི་སྙིང་པོ་དམ་པ་སྟེ། མི་འཇིགས་པའི་ཆོས་ཉིད་དུ་ཡང་དག་པར་བསྟན་པ་དང༌། ཀུན་འབྱུང་ཞིང་འཇིག་པ་འབྲལ་བར་འགྱུར་བ་ཡོངས་སུ་བསྟན་པ་དང༌། ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་རྫོགས་པར་མཛད་དེ། དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ་གདུལ་བྱ་ཐམས་ཅད་ཤིན་ཏུ་དུལ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ལུང་བསྟན་པར་འགྱུར་ཏེ། མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་ཡོངས་སུ་མྱ་ངན་ལས་འདའོ། །ཀྱེ་རྒྱལ་བའི་སྲས་དོན་བཅུ་པོ་དེ་དག་ཡང་དག་པར་གཟིགས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡོངས་སུ་སྟོན་ཏོ་ཞེས་གསུངས་སོ། །དེ་ལྟར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཇི་སྐད་དུ་གསུངས་པ་དེ་ཉིད་དང་རྗེས་སུ་མཐུན་པར་རྣལ་འབྱོར་པས་མོས་པ་ཡིད་ལ་བྱེད་པའམ། དེ་ཁོ་ན་ཡིད་ལ་བྱེད་པས་གནས་པར་བྱ་སྟེ། དེ་བས་ན་འདི་ནི་ལམ་དང་དེའི་འབྲས་བུ་གཉིས་ཀར་རྣམ་པར་གཞག་གོ །དོན་དེ་ཉིད་བཙུན་མོ་རྣམས་ཀྱིས་ཀྱང་གསལ་བར་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་བར་སླ་ཞིང་སྔར་ཇི་སྐད་བཤད་པ་ཙམ་ཞིག་འདིས་ཀྱང་བརྗོད་པར་བྱེད་དོ། །མྱ་ངན་ལས་འདས་པ་ཆེན་པོ་འདིའི་མཆན་ཉིད་ནི་གཞན་ལས། ཇི་ལྟར་ནམ་མཁའ་ཕྱོགས་རྣམས་ནི། །ཀུན་ལ་རྟག་པར་མི་གནས་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །གསང་སྔགས་མགོན་པོ་མི་གནས་སོ། །ཇི་ལྟར་དངོས་རྣམས་ནམ་མཁའ་ལ། །གནས་ཤིང་རྟག་ཏུ་རྣམ་སྣང་ཡང༌། །དེ་ནི་གནས་སུ་མི་འགྱུར་བ། །གསང་སྔགས་མགོན་པོའང་དེ་བཞིན་ནོ། །ནམ་མཁའ་དུས་གསུམ་


DTG046_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་དང༌། །ཇི་ལྟར་བྲལ་བར་འདོད་པ་བཞིན། །དེ་ལྟར་གསང་སྔགས་མགོན་པོ་ཡང༌། །དུས་གསུམ་མེད་ཀྱང་རྣམ་པར་སྣང༌། །མིང་ཙམ་དུ་ནི་གདགས་པའི་གནས། །བྱེད་པ་པོ་ལ་སོགས་དང་བྲལ། །ནམ་མཁའ་ལ་ནི་ཐ་སྙད་དུ། །མཁས་པ་རྣམས་ནི་འདོགས་པར་བྱེད། །མིང་མ་གཏོགས་པར་ཅུང་ཟད་ཀྱང༌། །ཡོད་པ་མ་ཡིན་ནམ་མཁའ་བཞིན། །དེ་བཞིན་གསང་སྔགས་དབང་ཕྱུག་ཀྱང༌། །ཐ་སྙད་ཙམ་དུ་སྣང་བར་ཟད། །མེ་དང་ཆུ་དང་རླུང་མ་ཡིན། །ས་དང་ཉི་མའང་མ་ཡིན་ཞིང༌། །ཟླ་བ་ལ་སོགས་གཟའ་ཀུན་མིན། །ཉིན་པར་དང་ནི་མཚན་མོའང་མིན། །སྐྱེ་བ་དང་འགག་པའང་མིན། །འཆི་བ་དང་ནི་རྒུད་པ་མིན། །སྐད་ཅིག་མ་ཡིན་ཡུད་ཙམ་མིན། །ལོ་ལ་སོགས་ཀྱང་མ་ཡིན་ཞིང༌། །འཇིག་པ་དང་ནི་ཆགས་པའང་མིན། །བསྐལ་པའི་གྲངས་ཀྱང་ཡོད་མ་ཡིན། །དགེ་དང་མི་དགེ་ལས་བྱུང་བའི། །དབུས་སུའང་ཡོད་པ་མ་ཡིན་ནོ། །ཀུན་མཁྱེན་གོ་འཕང་འདོད་པ་ཡིས། །རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལའང་མེད་འགྱུར་པ། །དེ་ལ་རྟག་ཏུ་བརྩོན་པར་བྱ། །ཞེས་གསུངས་སོ། །བྱང་ཆུབ་ཅེས་བྱ་བ་ནི་རྣམ་པར་མི་རྟོག་པ་རང་བཞིན་གྱིས་འོད་གསལ་བ་སྟེ། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་གསུངས་སོ། །དེའི་བདག་ཉིད་ཀྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། ཡང་ཤཱ་རིའི་བུ་སེམས་དེ་ནི་བྱང་ཆུབ་ཀྱི་རང་བཞིན་ཏེ་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཞེས་བྱའོ་ཞེས་གསུངས་པས་སོ། །གླེང་གཞི་ཞེས་བྱ་བ་ནི་མ་ལུས་པའི་མན་ངག་འདིར་བྱིན་པས་སོ། །ལེའུ་ཞེས་བྱ་བ་ནི་སྔོན་བཞིན་ནོ། །ལེའུ་བཅུ་བདུན་པའི་བཤད་པའོ།། །།ད་ནི་གཞུང་ཉེ་བར་བསྡུ་བའི་ཕྱིར། གསང་བའི་བདག་པོ་ཆེན་པོ་རྡོ་རྗེའི་རིགས་ཁྱད་པར་ཅན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་སྦྱིན་གསང་སྔགས་དྲག་པོ་འཆང་བ་རྣམས་ནི་གསང་བ་སྟེ། དེ་དག་གདུལ་བའི་ཕྱིར་དེ་དག་གི་དབང་ཕྱུག་ཏུ་སྐྱེས་པས་ན་བདག་པོའོ། །གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དོན་འཛིན་པར་དབང་བསྐུར་བས་ན་གསང་བའི་བདག་པོའོ། །དེ་ཉིད་མཐུའི་ཁྱད་པར་རབ་ཏུ་ཕྱེ་བས་ན་ཆེན་པོའོ། །རྡོ་རྗེའི་མཚན་མ་ལས་བྱུང་བས་ན་རྡོ་རྗེའི་རིགས་སོ། །ཡང་ན་གནོད་སྦྱིན་ལག་ན་རྡོ་རྗེ་དག་གི་རིགས་སུ་སྐྱེས་པས་ན་རྡོ་རྗེའི་རིགས་


DTG046_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སྔར་བསྟན་པའི་ཡོན་ཏན་དང་བཅས་པས་ན་ཁྱད་པར་ཅན་ནོ། །དེས་ན་དེ་སྐད་ཅེས་གསུངས་སོ། །དེ་ཅིའི་ཕྱིར་གསུངས་ཤེ་ན། ན་ཊ་ཀུ་བེ་ར་ཞེས་བྱ་བ་སྨོས་ཏེ། འདི་དག་ནི་ལྷ་མོའི་བུད་མེད་ཀྱི་སྒྱུ་མ་རབ་ཏུ་མང་པོ་དང༌། རབ་ཏུ་འཇིགས་སུ་རུང་བའི་གར་བྱེད་པས་ན་གར་མཁན་ན་ཊ་སྟེ་བདུད་ཀྱི་སྡེའོ། །དེས་ནི་འགྲོ་བ་མ་ལུས་པ་ལམ་ལས་བཟློག་ཅིང་ཆུད་གསོན་པས་ན་དན་པ་སྟེ་ཀུའོ། །བདུད་ཀྱི་ལས་ནི་དན་པ་ཡིན་པས་སོ། །དེ་བཟློག་པའི་ཕྱིར་ན་བེ་ར་སྟེ་དེ་སྐད་ཅེས་གསུངས་སོ་ཞེས་སྦྱར་རོ། །བདུད་ཀྱི་སྡེ་ལོག་པ་ཉིད་ཅི་ལ་དགོངས་ཤེ་ན། བརྒྱ་བྱིན་ལོག་པར་རྣམ་པར་སྣང་བྱེད་དུ་གྱུར་པའི་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་བསྟན་པ་དང་དགོས་པ་བཅུའི་ཆེད་དུ་སྟེ་དེ་ནི་ཇི་སྐད་དུ་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། ཀྱེ་རྒྱལ་བའི་སྲས་དོན་རྣམ་པ་བཅུ་པོ་འདི་དག་གི་དབང་ཡང་དག་པར་མཐོང་ནས་སྙིང་པོ་བྱང་ཆུབ་མཆོག་ལ་འདུག་པའི་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏེ། བཅུ་གང་ཞེ་ན་འདི་ལྟར་ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ན། འཐབ་མོ་དང་གཡུལ་ལ་སོགས་པ་མོས་པའི་སེམས་ཅན་རྣམས་ལ། བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཆེ་བ་ཉིད་ཡང་དག་པར་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ། །ཡིད་གཉིས་དང་ཐེ་ཚོམ་དུ་གྱུར་པའི་མི་དང༌། ལྷ་རྣམས་ཀྱི་ཡིད་གཉིས་དང་ཐེ་ཚོམ་གཅོད་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །བདུད་ཀྱི་སྡེ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །འཐབ་མོ་དང་གཡུལ་ལ་མོས་པའི་མི་དང༌། ལྷ་རྣམས་ཀུན་ནས་བསྡུ་བ་དང༌། ཀུན་ནས་འདུས་པའི་ལྷ་དང༌། མི་རྣམས་འདུལ་བའི་དབང་གི་ཕྱིར་བདུད་འདུལ་བ་སྟོན་ཏོ། །བྱང་ཆུབ་སེམས་དཔའི་མཐུ་ལ་ཐུབ་པ་མེད་པར་ཡོངས་སུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སེམས་ཅན་གཞན་མོས་ཤིང་སྤྲོ་བར་བྱ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཕྱི་མའི་སྐྱེ་བོ་རྣམས་ལ་སྙིང་བརྩེ་བའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །སྙིང་པོ་བྱང་ཆུབ་ཀྱི་བར་གྱི་བདུད་ཀྱི་ལས་ཡོངས་སུ་བསྟན་པ་དང༌། བྱང་ཆུབ་སེམས་དཔའ་བདུད་ཀྱི་ལ་མ་ཐམས་ཅད་ལས་འདས་པར་ཡོངས་


DTG046_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཉོན་མོངས་པའི་སྟོབས་ཀྱི་ཉམས་སྨད་ཅིང་སྟོབས་མེད་པར་བྱས་པ་ཡོངས་སུ་བསྟན་པ་དང༌། དགེ་བའི་རྩ་བ་བརྗོད་པ་དང༌། བྱམས་པའི་སྟོབས་ཡང་དག་པར་བསྟན་པའི་ཕྱིར་བདུད་འདུལ་བ་སྟོན་ཏོ། །ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་དག་ཏུ་ཆོས་ཉིད་རྗེས་སུ་འབྲང་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ། །ཀྱེ་རྒྱལ་བའི་སྲས་དོན་བཅུ་པོ་དེ་དག་གི་དབང་མཐོང་བས་ན་བྱང་ཆུབ་སེམས་དཔའ་བདུད་འདུལ་བ་སྟོན་ཏོ་ཞེས་གསུངས་སོ། །གཞན་དག་འདི་འགྲོ་བ་ཆགས་པར་བྱེད་པའི་གར་གྱི་ཉམས་དགུའོ། །སྒེག་དང་དཔའ་དང་འཇིགས་སུ་རུང༌། །དགོད་དང་ཁྲོ་དང་འཇིགས་པར་བྱེད། །སྙིང་རྗེ་ངོ་མཚར་ཞི་བ་སྟེ། །འབར་བའི་གར་དགུའི་ཉམས་དང་ལྡན། །ཞེས་པས་གར་མཛད་པས་ན་ཎ་ཊ་ཀུ་སྟེ་ཀུ་ཞེས་བྱ་བ་ནི་ཀུརྦ་ན་ཏི་སྟེ་བྱེད་པའམ་མཁན་པོའོ། །དེ་ཉིད་འགྲོ་བ་ལམ་དམ་པ་ལ་དགོད་པས་གར་ཏེ་མཆོག་དམ་པའོ། །དེ་བས་ན་འདི་ནི་གར་མཁན་མཆོག་ཡིན་པས་ན་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུ། ཚུར་ཤོག་ཎ་ཊ་ཀུ་བེར། །ཞེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་འདི་ལ་སྙན་པར་བོས་པའོ་ཞེས་འཆད་དེ་མི་འཐད་པ་མེད་དོ། །དེས་ན་རྒྱུད་འདིར་ཡང་གང་དག་དོན་གྱི་དབང་བཅུ་པོ་འདི་མཐོང་བ་དང༌། གསང་སྔགས་ཀྱི་མཐུ་རབ་ཏུ་བསྟན་པའི་ཕྱིར་བདུད་བརྟུལ་བ་མཉམ་པ་མེད་པ་བསྟན་ཞིང་འགྲོ་བ་འབྱུང་བར་འགྱུར་བ་རྣམས་ལ་ཡང་གོ་འཕང་འདི་ལྟ་བུ་སྒྲུབས་ཤིག་ཅེས་སྟོན་པའོ།། །།རྩོད་པའི་དུས་སུ་སྙིགས་མ་ལྔས་གཟིར་པ། །བློ་དམན་བདག་འདྲས་འདིར་བསྡུས་རྣམས་ཕྱེ་བས། །བདག་ནི་དཔལ་ལྡན་གཤིན་རྗེས་མ་སྡང་བར། །གཅིག་པུ་བདེ་མཆོག་གོ་འཕང་ཐོབ་པར་ཤོག །དཔལ་གཤིན་རྗེའི་དགྲ་ནག་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་རཏྣཱ་ཀ་ར་ཤནྟི་ས་ཉུང་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།ཨཱ་ཙཱཪྻ་བི་ན་ཡ་ཙནྡྲ་དང༌། །ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་དད་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousརྒྱུད་ཀྱི་གཞུང་ཉི་བསྟན་པ།next