Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  expand section
  expand section
  collapse section
   
   
   
ལེའུ་གསུམ་པ། ལས་ཀྱི་རྒྱ་ཆེར་གསལ་བར་བྱས་པ།
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousལེའུ་གསུམ་པ། ལས་ཀྱི་རྒྱ་ཆེར་གསལ་བར་བྱས་པ།next

ལེའུ་གསུམ་པ། ལས་ཀྱི་རྒྱ་ཆེར་གསལ་བར་བྱས་པ།


DTG046_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོ་དེ་དག་ཀྱང་གསོལ་བ་མ་བཏབ་པར་བྲི་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་ནི་བླ་མ་ལ་རག་ལས་ཤིང་དེ་ཡང་གསོལ་བ་བཏབ་པ་ལས་མངོན་པར་རྙེད་པར་བྱ་བའི་ཕྱིར་དང་མ་འོངས་པའི་འགྲོ་བ་རྣམས་སྐལ་བ་བཟང་པོ་ལ་བསླབ་པའི་ཕྱིར་དང༌། དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པར་བྱ་སྟེ། དེ་ཡང་བསྟོད་པ་སྔོན་དུ་འགྲོ་བ་དག་གིས་སོ། །དེའི་ཕྱིར་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པའི་རྒྱལ་པོ་འདིས་བསྟོད་ནས་ཞེས་བྱ་བ་སྨོས་སོ། །གསོལ་བ་བཏབ་པ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པའི་གཙོ་བོ་དེ་དག་ལ་ཇི་ལྟར་གསོལ་བ་གདབ་ཅེ་ན། གཤིན་རྗེ་གཤེད་འཇིགས་དཀྱིལ་འཁོར་ནི། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པ། །


DTG046_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་ཐམས་ཅད་འཇོམས་པ་ཡི། །མགོན་པོས་དཀྱིལ་འཁོར་བྲི་བར་མཛོད། །ཅེས་བྱ་བ་སྨོས་ཏེ། གཤིན་རྗེ་གཤེད་སྨོས་པར་ཟད་དེ་འཇིགས་པ་ནི་དགྲ་རྣམས་སོ། །ལེན་པར་གྱུར་པ་རབ་ཏུ་ཐོས་པ་ན་དཀྱིལ་འཁོར་རོ། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པ་ནི་འདིར་དབང་བསྐུར་བའི་སྒྲུབ་པ་པོས་དཀྱིལ་འཁོར་ཐམས་ཅད་ཀྱི་ཡེ་ཤེས་ཐོབ་པར་གྱུར་པས་ནའོ། །སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ཐམས་ཅད་ཟད་པར་བྱེད་པས་ན་འཇོམས་པའོ། །མགོན་པོས་ནི་དཀྱིལ་འཁོར་གྱི་བདག་པོ་དང་ཐ་མི་དད་པའི་རྡོ་རྗེ་སློབ་དཔོན་ནོ། །དཀྱིལ་འཁོར་ནི་སྔར་བཤད་པ་བཞིན་བྲི་བར་མཛོད་ཅེས་བྱ་བའི་ཐ་ཚིག་གོ །དེ་ནས་རྣལ་འབྱོར་ཆེན་པོ་རྒྱས་པར་གསུངས་པ་ནི་བདུད་རྩི་མྱང་བ་དང་དགུག་གཞུག་བྱ་བ་སྟེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཀྱི་སྐུ་གསུང་ཐུགས་ལས་བདུད་རྩི་མྱང་བའི་ཆོ་ག་ངེས་པར་ཕྱུང་བ། ཨོཾ་ཨཱཿཧཱུཾ། རྡོ་རྗེ་ལྕེ་ཡི་སྦྱོར་བ་ཡིས། །རྡོ་རྗེ་ཅན་ཀུན་མཉེས་པ་དང༌། །རྫོགས་པའི་སངས་རྒྱས་ཐམས་ཅད་གཞུག །ཡེ་ཤེས་འབྱུང་གནས་ངོ་བོ་ཉིད། །དགུག་པ་དང་ནི་གཞུག་པ་དང༌། །བཅིང་དང་དེ་བཞིན་དབང་བྱ་ཉིད། །ཐོ་བ་ལ་སོགས་སྔགས་བཞི་ཡིས། །མཉམ་པར་བཞག་པས་རྣམ་པར་བསྒོམ།། ཞེས་བྱ་བ་སྨོས་ཏེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ནི་ཡེ་ཤེས་ལྔའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་ལྔའོ། །དེ་རྣམས་ཀྱི་དེའི་བདག་ཉིད་འཛིན་པའོ། །ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་རྣམས་ལས་བདུད་རྩི་ཞེས་བྱ་བ་ནི་ཆོས་ཐམས་ཅད་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་སོ། །མྱང་བ་ནི་བདག་ཉིད་ཀྱིས་ཏེ་དངོས་སུ་སྟེ་འདའ་བར་མི་ནུས་པས་ན་དམ་ཚིག་གི་ཆོ་གའོ། །ངེས་པར་ཕྱུང་བ་ཞེས་བྱ་བ་ནི་དེའི་བདག་ཉིད་བདག་གིས་མངོན་པར་སྤྲོས་པའོ། །དེའི་བྱིན་གྱིས་བརླབ་པའི་ཆོ་ག་ནི། ཨོཾ་ཨཱཿཧཱུཾ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་ནི་ཨའོ། །སྐྱེས་པ་མ་སྤངས་པ་ཨོའོ། །སྐྱེས་པ་ཐམས་ཅད་ཀྱི་རང་བཞིན་ཆུ་ཟླ་ལྟ་བུར་རྟོགས་པ་ནི་མའོ། །འདི་དག་འདུས་པ་ལ་ཨོཾ་ཞེས་བྱའོ། །ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ནི་ཨཱཿསྟེ་མཚན་མ་མེད་ཅེས་པའི་དོན་ཏོ། །རང་བཞིན་མེད་པ་ལས་རང་བཞིན་མེད་པའི་ཆོས་རབ་


DTG046_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱུང་སྟེ་ཟད་པ་མེད་པའི་ཆོས་ཐམས་ཅད་ངོ་བོ་ཉིད་རྒྱུ་མེད་པ་སྟེ་ཧའོ། །རྣམ་པར་དཔྱད་པས་དཔྱད་པ་ཉིད་མངོན་པར་སྤངས་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་ཨུའོ། །དེའི་ཕྱིར་འདི་ལྟར་སྨོན་པའི་དངོས་པོ་ཉིད་པས་སྒྱུ་མ་ལྟ་བུའོ། །འདི་རྣམས་འདུས་པ་ནི་ཧཱུཾ་ངོ༌། །བདུད་རྩི་རྣམ་པ་ལྔ་ཉེ་བར་སྤྱོད་པ་ནི་དེའི་དོན་གྱིས་དམ་ཚིག་ལས་འདའ་བར་མི་ནུས་པ་སྟེ། དེ་བྱིན་གྱིས་བརླབ་པའི་སྔགས་ཀྱིས་ངོ་བོ་ངེས་པར་ཕྱུང་བའོ། །དེའི་ཕྱིར་ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ་པའོ། །དེ་མྱང་བའི་ཐབས་ནི་ལྕེ་མི་དམིགས་པའི་སྦྱོར་བས་ཡི་གེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཁོང་སེང་ཅན་བསྐྱེད་པར་བྱའོ། །དེ་ནི་རྡོ་རྗེ་ལྕེ་ཞེས་བྱ་སྟེ་འོད་ཟེར་སྦུ་གུའི་དབྱིབས་ཀྱི་སྦྱོར་བས་རྡོ་རྗེ་ཅན་ཀུན་མཉེས་པར་བྱའོ། །ཡང་ན་རྡོ་རྗེ་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་ནན་ཏན་ནོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དེའི་ཕྱིར་དཔལ་གསད་བ་འདུས་པ་ལས་ཀྱང་རྒྱུ་ལྔ་རྡོ་རྗེ་ཞེས་གསུངས་སོ། །དེ་ལ་ཡོད་པས་རྡོ་རྗེ་ཅན་ནོ། །ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་དེ་བཞིན་གཤེགས་པ་ལྔ་སྟེ་དེ་རྣམས་ཐམས་ཅད་རྡོ་རྗེ་ཅན་ནོ། །ཐམས་ཅད་ཀྱི་སྒྲས་ནི་རིགས་ཐམས་ཅད་ཀྱི་ཡོངས་སུ་གཟུང་ངོ༌། །དེ་ཡང་བདག་གི་བླ་མའི་ཞལ་ནས་ནི་མ་ལུས་པའི་འཇིག་རྟེན་གསུམ་ན་བཞུགས་པའི་སངས་རྒྱས་འཁོར་དང་བཅས་པ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ་བདུད་རྩི་མྱང་བ་བྱའོ་ཞེས་གསུངས་སོ། །བདུད་རྩི་སྒྲུབ་པ་གསུངས་པ་ནི། རྫོགས་པའི་སངས་རྒྱས་ཐམས་ཅད་བཞུགས། །ཞེས་བྱ་བ་སྟེ། དེ་ཡང་རླུང་དང་མེ་དང་ཐོད་པ་ལ་གནས་པའི་པདྨའི་སྣོད་དུ་དབུས་དང་ཕྱོགས་ཀྱི་བྱེ་བྲག་གིས། བི་མུ་ཤུར་མ་དང༌། དྷ་ཧ་ན་གྷོ་ཀུ་ཁ་རྡོ་རྗེས་བརྒྱན་པ་བྱས་དག་པ་འོད་ཟེར་གྱིས་བསྐྱོད་ཅིང་སྤངས་པས་རབ་ཏུ་ཞུ་ནས་ཨོཾ་གྱི་འོད་ཟེར་གྱིས་བཀུག་པའི་རིགས་ལྔའི་རྡོ་རྗེ་དང་བཅས་པ་གཅིག་ཏུ་ཞུགས་པར་བྱས་ཏེ་བྱིན་གྱིས་བརླབ་པའི་དོན་ཏོ། །དམ་ཚིག་གི་དཀྱིལ་འཁོར་རྫོགས་པ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་གཞུག་པ་ནི། །ཡེ་ཤེས་འབྱུང་གནས་ཞེས་བྱ་བ་སྨོས་ཏེ། །ཡེ་ཤེས་རྣམ་པ་ལྔའི་དོན་ཏོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ངོ་བོ་ཉིད་ཅེས་བྱའོ། །དམ་ཚིག་གི་འཁོར་ལོ་དང་མཐུན་པས་ཀྱང་ངོ་བོ་ཉིད་དོ། །ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་


DTG046_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བགེགས་བསྐྲད་པར་བྱ་བ་སྟེ། དགུག་པར་བྱ་བ་ནི་དཀྱིལ་འཁོར་དང་ཉེ་བ་ཉིད་དུ་སྤྱན་དྲངས་པའོ། །གཞུག་པ་ནི་དཀྱིལ་འཁོར་ཉིད་དུའོ། །བཅིང་བ་ནི་དམ་ཚིག་དང་གཉིས་སུ་མེད་པའི་གཡོ་བའི་ངོ་བོའོ། །དབང་ཞེས་བྱ་བ་ནི་དགྱེས་པ་བསྐྱེད་པ་ཉིད་དོ། །ཐོ་བ་ལ་སོགས་ཞེས་བྱ་བ་ནི་ལེའུ་བཅུ་པ་ལས་ཤེས་པར་བྱའོ། །སྔགས་ནི་གོང་དུ་བཤད་པ་ལ་ཛཿཧཱུཾ་བཾ་ཧོཿལྷག་པ་ཉིད་དུ་བརྗོད་པར་བྱའོ། །བཞི་ཡིས་ཞེས་བྱ་བ་ནི་དབྱུག་པ་དང༌། པདྨ་དང་རལ་གྲིའོ། །མཉམ་པར་གཞག་པ་ནི་དཀྱིལ་འཁོར་གྱི་བདག་པོའི་ང་རྒྱལ་ཏེ། རྣམ་པར་བསྒོམ་པ་ནི་ཐོ་བ་ལ་སོགས་པའི་ང་རྒྱལ་འཛིན་པ་ཉིད་ཀྱིས་སོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་ཆོགས་དེ་དག་ཀྱང་གང་ལ་གནས་ཏེ་གང་ལ་བསྒོམ་པར་བྱ་ཞེ་ན། མ་ཧེ་རྡོ་རྗེ་གདན་ཉིད་ལ། །དཀྱིལ་འཁོར་གཙོ་བོ་རྣམ་བསྒོམ་བྱ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །གཏི་མུག་རྡོ་རྗེ་རྣམ་བསྒོམ་བྱ། །རྟ་བདུན་ལྡན་པའི་དབུས་གནས་པར། །ཕྲ་མ་ཞེས་བྱ་རྣམ་བསྒོམ་བྱ། །དཀྱིལ་འཁོར་དམར་པོའི་དབུས་གནས་པ། །འདོད་ཆགས་རྡོ་རྗེ་རྣམ་བསྒོམ་བྱ། །ལས་ཀྱི་དཀྱིལ་འཁོར་དབུས་བཞུགས་པ། །རྡོ་རྗེ་ལས་ནི་བསྒོམ་པར་བྱ། །ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་གྱི་གཙོ་བོ་ནི་མ་ཧེ་སེར་སྐྱའམ་སྔོན་པོ་སྟེ་ཁ་ལྷོ་ཕྱོགས་སུ་བལྟས་པ་དག་ནི་རྡོ་རྗེ་གཤིན་རྗེ་གཤེད་ཀྱི་གདན་ནོ། །ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གཏི་མུག་རྡོ་རྗེའོ། །རྟ་བདུན་དང་ལྡན་པ་ནི་བདུན་གྱི་བདུན་དང་ལྡན་པ་སྟེ་ཉི་མའོ། །དེའི་དབུས་སུ་ཕྲ་མ་རྡོ་རྗེའོ། །དཀྱིལ་འཁོར་དམར་པོ་ཉི་མ་སྟེ་དེའི་དབུས་སུ་འདོད་ཆགས་རྡོ་རྗེའོ། །རྡོ་རྗེ་ལས་ནི་དཀྱིལ་འཁོར་ལྗང་གུ་ལས་ཀྱི་རིགས་ཏེ་དེ་ནས་ཡང་ཉི་མའི་དཀྱིལ་འཁོར་རོ། །དེའི་དབུས་སུ་རྡོ་རྗེ་ལས་སོ། །ཞི་བ་གཏི་མུག་རྡོ་རྗེ་སྟེ། །རྒྱས་པ་དེ་བཞིན་ཕྲ་མ་ཡིས། །འདོད་ཆགས་རྡོ་རྗེ་དབང་དུ་བྱས། །རྡོ་རྗེ་ལས་ཀྱི་ཐམས་ཅད་དུ། །ཞེས་བྱ་བ་ནི་ལེའུ་དང་པོ་ལས་གསལ་བར་བཤད་དོ། །གལ་ཏེ་འདིར་སྨོས་པ་ལ་དགོས་པ་མེད་དོ་ཞེ་ན། བསྒོམ་པའི་ཞར་ལས་བྱུང་བའི་ཕྱིར་དང༌། ལས་སྦྱོར་གྱི་སྔོན་དུ་རིགས་ཀྱི་བསྙེན་པ་འགྲོ་བའི་ཕྱིར་རོ། །ད་ནི་རྣལ་འབྱོར་པ་མཚན་མ་ཐོབ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་མི་ནུས་པ་ལ་མིག་སྨན་ལ་སོགས་པའི་


DTG046_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་གསུངས་པ་ནི། རྡོ་རྗེ་ལས་ཀྱི་སྦྱོར་བ་ཡིས། །མི་ཡི་ཚིལ་བུ་ཐོད་པར་གཞག །དེ་བཞིན་མི་སྐྲས་སྡོང་བུ་བྱ། །དུར་ཁྲོད་དག་ཏུ་དུ་བ་བསྒྲུབ། །མིག་སྨིན་དག་ནི་དེ་བཞིན་དུ། །མིག་སྨན་ལས་ཀྱིས་བསྒོམས་པ་ལ། །ལས་ཀྱི་བཟླས་པའི་སྦྱོར་བ་ཡིས། །མིག་སྨན་འདི་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ལས་ཀྱི་སྦྱོར་བ་ཞེས་བྱ་བ་ནི་ཚོགས་བསགས་པ་སྔོན་དུ་འགྲོ་བས་སྲུང་བའི་འཁོར་ལོ་དང་ལྡན་པའི་ནང་དུ་རཾ་ལས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷ་ས་རབ་ཏུ་བརྒྱན་པར་བྱའོ། །དེ་ལ་རལ་གྲི་འབར་བས་རབ་ཏུ་བརྒྱན་པས་རྡོ་རྗེ་ལས་རིག་པ་དང་བཅས་པ་བསྐྱེད་པར་བྱའོ། །དེ་ནས། ཨ་པྲཛྙཱ་དྷྲྀཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་བསྙེན་པ་འབུམ་བྱའོ། །མིའི་ཚིལ་བུ་ནི་ལྕགས་ཀྱི་སྣོད་དུ་ལེགས་པར་བཞུ་བ་དག་གོ །རྩེ་མོ་ཅན་གྱིས་ཕུག་པ་དང༌། སྟེང་དུ་བཏགས་པ་དང༌། མཚོན་གྱིས་ཕོག་པའི་མིའི་ཐོད་པར་མིའི་ཚིལ་བུ་བླུགས་ལ་གཞག་པར་བྱའོ། །དེ་བཞིན་དུ་མི་དེའི་སྐྲ་དང་ཨ་རྒའི་རས་བལ་དང་ལྷན་ཅིག་ཏུ་གཞག་སྟེ་མེ་སྦར་བའི་སྡོང་བུ་བྱའོ། །དུར་ཁྲོད་ཀྱི་གནས་དག་ཏུ་མིའི་ཐོད་པ་དེ་དང་མཚུངས་པ་སྟེ་བཀབ་སྟེ་མེ་སྦར་ལ་དུད་པས་བསྡུས་ལ་ཐོད་པ་དེར་གཞག་གོ །ཡང་ལས་ཀྱི་རྡོ་རྗེ་བསྒོམས་ཏེ། ཟླ་བའི་ནག་པོའི་གནམ་སྟོང་གི་ནུབ་མོ་ལ་ལག་པ་གཡོན་པས་སྟེང་དུ་ཁ་བཀབ་སྟེ་ཇི་སྲིད་དུ་འབར་བ་དེ་སྲིད་དུ་བཟླས་ཏེ། མིག་ལ་བསྐུས་བ་ཙམ་གྱིས་གང་གིས་ཀྱང་མི་མཐོང་བར་འཇིག་རྟེན་གསུམ་དུ་སྤྱོད་པར་འགྱུར་རོ། །དུ་བ་ཡིས་ནི་ས་ལ་སྤྱོད་པར་འགྱུར་རོ། །དྲོ་བ་ཡིས་ནི་ས་བླའི་འཇིག་རྟེན་ཐམས་ཅད་ལ་ཉེ་བར་སྤྱོད་པའི་ཐབས་སོ། །ད་ནི་རྐང་བྱུག་བསྒྲུབ་པར་བྱ་སྟེ། ཁྲག་དང་གུར་གུམ་གཟུང་བྱས་ནས། །རྐང་པ་བྱུག་པ་བསྒྲུབ་པར་བྱ། །རྡོ་རྗེ་ལས་ཀྱི་སྦྱོར་བ་ཡིས། །རྐང་པ་བྱུག་པ་འགྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། ཁྲག་ནི་རང་གི་སྟེ་སྲིན་ལག་གོ །གུར་གུམ་ནི་བྷ་ག་ལས་སྐྱེས་པའི་ཁྲག་གོ །དེ་ཡང་སྔོན་གྱི་གནས་སུ་གཟུང་བར་བྱས་ནས་རྐང་པའི་བྱུག་པ་བསྒྲུབ་པར་བྱ་སྟེ། རྡོ་རྗེ་ལས་ཀྱི་རྣལ་འབྱོར་གྱིས་གནམ་སྟོང་གི་དུས་སུ་གོང་གི་རྫས་སྔོན་དུ་སོང་བའི་སྣོད་དུ་བཅུག་སྟེ་ཁ་བཀབ་ལ་བསྙེན་པ་ཁྲིའི་སྦྱོར་བས་རྐང་པ་ལ་བྱུགས་པ་ཙམ་གྱིས་ཡང་བར་ནུས་ཤིང་ཉི་མ་


DTG046_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་དཔག་ཚད་བརྒྱད་ཅུ་རྩ་གཉིས་སུ་ཕྱིན་པར་འགྲུབ་པར་འགྱུར་རོ། །ད་ནི་རི་ལུ་བསྒྲུབ་པར་བྱ་སྟེ། བདུད་རྩི་ལྔ་ནི་མཉམ་པ་ལ། །ཤ་ལྔ་དང་ནི་ལྡན་པ་ཡིས། །ལྕགས་གསུམ་དུ་ནི་བཅུག་བྱས་ནས། །ལས་ཀྱི་སྦྱོར་བས་འགྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། བདུད་རྩི་ལྔ་ནི་བཻ་རོ་ཙ་ན་དང༌། བི་ཤྭ་དང༌། ཤུ་ཀྲ་དང༌། རཀྟ་དང༌། ཨ་ཀྲོ་ཏེ་ཀ་དང་རྣམས་སོ། །ཤ་ལྔ་ནི་མི་ཤ་དང༌། གླང་པོ་ཆེའི་ཤ་དང༌། བ་གླང་གི་ཤ་དང༌། རྟའི་ཤ་དང༌། ཁྱིའི་ཤ་རྣམས་སོ། །དེ་དག་གི་ཚད་མཉམ་པ་ན་ཙ་ན་ཀའི་རུས་པའི་ཚད་ཙམ་མོ། །ལྕགས་གསུམ་ནི་གསེར་དང༌། དངུལ་དང༌། ཟངས་རྣམས་སོ། །དེ་གསུམ་ཡང་ཆ་མཉམ་པ་སྟེ་སྲང་བཞིའོ། །དེ་ཡང་མན་ཆའི་རི་ལུ་བཅིངས་པས་ཐུབ་པར་དྲི་ལ་ཏེ་ཟླ་བ་གཟས་གཟུང་བའི་དུས་སུ་རྡོ་རྗེ་ལས་ཀྱི་རྣལ་འབྱོར་གྱིས་ལག་པ་གཡོན་པའི་སྟེང་དུ་གཞག་སྟེ་གཡས་པས་ཁ་བཀབ་ལ། བཟླས་པའི་སྦྱོར་བས་ཇི་སྲིད་དུ་འབར་བ་དེ་སྲིད་དུ་སྒྲུབ་ན་འགྲུབ་པར་འགྱུར་ཏེ། དེ་ནས་ཁར་བཅུག་པ་ཙམ་གྱིས་ཇི་སྲིད་དུ་འགྲོ་བ་དེར་བསམས་པ་ཙམ་གྱིས་འགྲོ་སྟེ་ནུས་པ་ཐོགས་པ་མེད་དོ། །ད་ནི་རལ་གྲི་བསྒྲུབ་པར་བྱ་སྟེ། ཀན་ཏའི་ལྕགས་ཀྱི་རལ་གྲི་ནི། །ལས་ཀྱི་སྦྱོར་བས་བསྒྲུབ་པར་བྱ། །ལས་ཀྱི་རྡོ་རྗེ་སྦྱོར་བ་ཡིས། །ལས་ཀྱི་རལ་གྲི་འགྲུབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། །ཀན་ཏ་ནི་གཞོན་ནུ་གདོང་དྲུག་གི་ས་བོན་རྫོགས་པའི་ལྕགས་བཟང་པོའི་ངོ་བོ་ལས་རལ་གྲི་བརྡུངས་ཏེ། ཚོགས་བསགས་པ་སྔོན་དུ་སོང་བའི་སྲུང་བའི་ཁང་པར་པདྨའི་སྟེང་དུ་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་དྷི་སེར་པོ་བཀོད་དོ། །དེ་ལས་གསེར་ལས་བྱས་པའི་མདའ་གཞུར་གྱུར་ནས་དེ་ལས་སྐྱེས་པའི་གཞོན་ནུ་གདོང་དྲུག་སྐུ་མདོག་གསེར་བཙོ་མའི་ཁ་དོག་ལྟ་བུ་དང༌། དཀར་པོ་གཉིས་དང༌། རབ་ཏུ་དམར་བ་གཉིས་དང༌། མཐིང་ནག་ནི་ནམ་མཁའ་ལ་ལྟ་བའི་ཞལ་ཏེ། ཤེས་རབ་རལ་གྲི་མདའ་གཞུ་འཛིན་པའི་ཕྱག་དང་ལྡན་པ་བསྒོམས་ལ་ལས་ཀྱི་རལ་གྲི་སོར་བརྒྱད་པ་ལག་ཏུ་ཐོགས་ཏེ། ཨོཾ་ཀ་ལ་རཱུ་པ་ཧཱུཾ་ཞེས་བྱ་བའི་སྦྱོར་བས་བསྒྲུབ་པར་བྱའོ། །དེ་ནས་ལག་ཏུ་ཐོགས་ཏེ་གར་འདོད་པ་དེར་བསྟན་པ་ཙམ་གྱིས་མངོན་


DTG046_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ནུས་སོ། །འཇིག་རྟེན་གསུམ་ནི་གནས་པ་དག་ལ་ཁྲོས་ཀྱང་མི་རྒོལ་ལོ། །དེ་ཡང་ལས་ཀྱི་རྡོ་རྗེའི་ང་རྒྱལ་གྱི་སྦྱོར་བས་ལས་ཀྱི་རལ་གྲི་ཡང་འགྲུབ་པར་འགྱུར་རོ། །གཞན་ཡང་ཞེ་སྡང་རྡོ་རྗེའི་སྦྱོར་བས་གཏེར་གྱི་བདག་ཉིད་ལས་རྡོ་རྗེའི་རིག་པ་འཛིན་པ་བསྒྲུབ་པའོ། །གཏི་མུག་རྡོ་རྗེའི་སྦྱོར་བས་དངུལ་གྱི་འཁོར་ལོ་ལ་འཁོར་ལོའི་རིག་པ་འཛིན་པ་བསྒྲུབ་པའོ། །ཕྲ་མ་རྡོ་རྗེའི་སྦྱོར་བས་རིན་པོ་ཆེ་མརྒད་ཆ་དགུ་པ་ལས་རིན་པོ་ཆེའི་རིག་པ་འཛིན་པ་བསྒྲུབ་པའོ། །འདོད་ཆགས་རྡོ་རྗེའི་སྦྱོར་བས་ཟངས་དང་པདྨ་ལ་པདྨའི་རིག་པ་འཛིན་པ་བསྒྲུབ་པོ། །རལ་གྲིའི་རྡོ་རྗེ་སྦྱོར་བས་རྒྱུད་གཞན་ལས་འབྱུང་བའི་དངོས་གྲུབ་ཀྱང་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོ་ལས་ཞེས་བྱ་བ་ནི་བཤད་ཟིན་ཏོ། །ཐབས་སྣ་ཚོགས་པ་ནི་ལས་ཏེ་བྱ་བ་ནི་ལྷའི་ངོ་བོ་ཉིད་ཀྱི་སྦྱོར་བ་མཆོག་གོ །བསྒྲུབ་བྱ་ཐ་དད་པས་ནི་རིམ་པས་ཕྱེད་པའོ། །གཉིས་ལས་ལྟོས་ནས་གསུམ་པ་སྟེ་ལེའུ་གསུམ་པའི་བཤད་པ་ནག་པོ་ཞབས་ཀྱིས་རྒྱ་ཆེར་གསལ་བར་བྱས་པའོ།། །།


previousལེའུ་གསུམ་པ། ལས་ཀྱི་རྒྱ་ཆེར་གསལ་བར་བྱས་པ།next