Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་བཞི་པ། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བཤད་པ།
   
   
   
   
  expand section


 
previousལེའུ་བཅུ་བཞི་པ། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བཤད་པ།next

ལེའུ་བཅུ་བཞི་པ། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བཤད་པ།


DTG046_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བཞེངས་སུ་གསོལ་བའི་དོན་དུ་ཐིག་གདབ་པ་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་ས་ཡོངས་སུ་གཟུང་བ་དང་སྦྱང་བ་བྱས་པའི་ས་གཞི་ལའོ། །མཆོག་ཅེས་པ་ནི་མངོན་པར་འདོད་པས་ནའོ། །དམ་ཚིག་ཅེས་པ་ནི་འདའ་བར་བྱ་བ་མ་ཡིན་པའོ། །ཡེ་ཤེས་ཐིག་སྐུད་ཅེས་བྱ་བ་ནི། བར་བྱ་བ་མ་ཡིན་པའི་ཕྱིར། ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་འདིས་ཐིག་སྐུད་བྱིན་གྱིས་བརླབ་པར་བྱའོ། །རྣམ་པར་སྣང་མཛད་ནི་གཏི་མུག་གཤིན་རྗེ་གཤེད་ཡིན་ལ། གཤིན་རྗེ་མཐར་བྱེད་ནི་ཞེ་སྡང་གཤིན་རྗེ་གཤེད་དོ། །ཡེ་ཤེས་ནི་ཡཀྵེ་མ་མེ་ད་ཞེས་པའི་ཡི་གེ་རྣམ་པ་ལྔའོ། །དེས་བསྐྱེད་པས་ཐིག་སྐུད་ནི་ཡེ་ཤེས་ཐིག་མཆོག་གོ །དེ་ལྟ་བས་ན་རྩེ་མོའོ། །ཤིན་ཏུ་མཉམ་གཞག་ཅེས་པ་ནི། ཤར་ལ་སོགས་པའི་ཕྱོགས་ཀྱི་གོ་རིམས་བཞིན་ནོ། །དེ་ཅི་དཀྱིལ་འཁོར་ཆེན་པོ་དམ་ཚིག་ཡིན་ཞེ་ན། གསུངས་པ། ཨོཾ་ཨཱཿ་ཧཱུཾ་ཞེས་པའི་ཡི་གེ་གསུམ་པོ་འདིས་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །ཐིག་སྐུད་ཀྱི་ཚད་བསྟན་པའི་དོན་དུ་གསུངས་པ། དཀྱིལ་འཁོར་ཉིས་འགྱུར་ཞེས་པ་ལ་སོགས་པའོ། །སྦོམ་ཕྲ་བསྟན་པའི་དོན་དུ་གསུངས་པ། སྒོའི་ཞེས་པའོ། །རྡོ་རྗེ་ཆེན་པོ་ལ་གསོལ་བ་གདབ་པའི་དམ་ཚིག་ཅེས་བྱ་བ། རྡོ་རྗེ་ནི་རྡོ་རྗེ་སློབ་དཔོན་ཏེ། དེ་ལ་དཀྱིལ་འཁོར་དུ་གཞུག་པའི་དོན་དུའོ། །གསོལ་བ་གདབ་པ་ནི་ཞུ་བའོ། །དེའི་དོན་གྱིས་ན་དམ་ཚིག་སྟེ་དེ་བརྗོད་པའོ། །དེ་ཉིད་གསུངས་པ། ཨེ་མའོ་ཞེས་བྱ་བ་ལ་སོགས་པའོ། །ས་ཡོངས་སུ་གཟུང་བའི་དམ་ཚིག་ཅེས་པ་ནི། ས་གཞི་ཡོངས་སུ་གཟུང་པའི་སྔགས་སོ། །དེའི་དགོངས་པ་ཇི་ལྟ་བུ་ཞེ་ན། གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། དགུག་ལ་ཞེས་པ་ནི་མངོན་དུ་བྱའོ། །དེ་ཡང་ཚིགས་སུ་བཅད་པའི་སྔགས་གང་ཡིན་ཞེ་ན། གསུངས་པ། ལྷ་མོ་ཁྱོད་ནི་ཞེས་བྱ་བ་ལ་


DTG046_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའོ། །ཐིག་སྐུད་སྒོའི་ཉི་ཤུའི་ཆའི་སྦོམ་ཕྲག་གསུངས་པ་དེ་ཉིད་མི་ཤེས་སོ་ཞེ་ན། སྒོའི་ཚད་གསུངས་པ། དཀྱིལ་འཁོར་བརྒྱད་ཆ་ཞེས་བྱ་བ་ལ་སོགས་པ་སྟེ། བརྒྱད་ཆ་ཞེས་པ་ནི་དཀྱིལ་འཁོར་ཁྲུ་གང་གི་དབང་དུ་བྱས་ན་སོར་གསུམ་མོ། །བཞེངས་སུ་གསོལ་ཞེས་པ་ནི་རྡུལ་ཚོན་དགྱེ་བ་ཡང་དག་པར་བྲིས་ནས་སོ། །ཁྱམས་ཆེན་ཞེས་བྱ་བ་ལ། ཆེན་པོ་ཡང་དེ་ཡིན་ལ། ཁྱམས་ཀྱང་ཡིན་པས་ཁྱམས་ཆེན་ཏེ། དེ་ཡང་ཆེན་པོ་ནི་ལྷའི་གཙོ་བོར་བཞུགས་པའི་གནས་ཡིན་བའི་ཕྱིར་ཏེ། ནང་གི་རིམ་པ་ཞེས་པའི་ཐ་ཚིག་གོ །ཡིད་དུ་འོང་ཞེས་བྱ་བ་ནི་རི་མོ་ལྔའི་ས་དང་འབྲེལ་བ་ལ་ནི། རྐང་པ་གཅིག་གིས་མ་ཆོག་བའི་མཐེབ་གང་དང༌། ཚོན་གྱི་ས་དང་འབྲེལ་པ་ལ་ནི་མཐེ་བོ་ཕྱེད་གཉིས་དང༌། རྡོ་རྗེ་ཕྲེང་བ་དང་འབྲེལ་བ་ནི་རྐང་བ་གཅིག་གིས་མཆོག་པའི་མཐེབ་གང་ངོ༌། །དེ་བཞིན་དུ་ངོས་བཞི་ཆར་ལ་ཡང་མཐེ་བོ་གསུམ་གསུམ་དོར་བས་མཐེ་བོ་བཅོ་བརྒྱད་པོ་དེ་ལ་ལེགས་པར་སྤྲོས་པ་ཞེས་བྱ་སྟེ། ས་གཞི་དེ་ཉིད་ལ་སྣ་ཚོགས་པའི་ཀ་བ་ཞེང་དུ་རྐང་པ་གཅིག་གིས་མཆོག་པའི་མཐེབ་གང་བ་བྲིས་པ་ལེ་ཆེ་དགུའི་བདག་ཉིད་དུ་བྱས་པའོ། །སྒོ་ཁྱུད་ཅེས་པ་ནི་སྒོའི་ཚོན་སྣ་ལྔའོ། །སྒོ་ཙམ་ཞེས། པ་ནི་ཆུར་སོར་གསུམ་མོ། །དེ་ཙམ་ཞེས་པ་ནི་སྒོ་ཙམ་སྟེ། མཐེ་བོ་གསུམ་གྱི་ཚད་དོ། །ལྷའི་སྣམ་བུ་ཞེས་བྱ་བ་ལ་རྡུལ་ཚོན་གྱི་སྣམ་བུ་ལ་ལར་གྱིས་དགོང་པ་མ་ཡིན་ནོ་ཞེ་ན། དེའི་དོན་དུ་འདིར་ནི་ཐོད་པ་རྣམས་སུ་གསུངས་ཏེ། གྲྭ་རྣམས་སུ་སོར་མོ་གསུམ་གྱི་ཚད་ཙམ་མོ། །སྒོའི་ངོས་གཉིས་སུ་ཡང་བུམ་པ་གཉིས་ཏེ། ཐམས་ཅད་དཀར་པོ་དང་ལྡན་པའོ། །ཡང་ལྷའི་སྣམ་བུ་ཞེས་བྱ་བ་ལ་མཆོད་པའི་སྣམ་བུར་བྲི་བའི་དོན་དུ་གསུངས་པ། རྡོ་རྗེ་ལྷ་མོ་ཞེས་བྱ་བ་ལ་སོགས་པའོ། །ཁྱམས་དེའི་ཚད་ཇི་ཙམ་ཞེ་ན། གསུངས་པ། མཆོད་སྣམ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱེད་ཀྱི་ཞེས་པ་ནི་མཐེ་བོ་ཕྱེད་དང་གཉིས་སོ། །འགྲམ་ཞེས་པ་ནི་མུ་ཁྱུད་ཀྱི་སྟེང་དུ་གང་ཚོན་སྣ་ལྔའི་ངོས་དེ་ཉིད་འགྲམ་མོ། །དེའི་སྟེང་དུ་གང་ཚོན་སྣ་ལྔ་དང་ཉེ་བ་དེ་ནི་ལོགས་སོ། །དེ་ཙམ་མོ་ཞེས་བྱ་བ་ནི་དེ་དག་གཉི་ག་ལ་ཡང་མ་ཐེ་བོ་ཕྱེད་དང་གཉིས་ཀྱི་ཚད་ཙམ་མོ། །ལྷའི་སྣམ་བུ་ལས་ཕྱི་རོལ་དུ་


DTG046_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་བ་གང་བའི་རྐང་པའི་ཚད་ཀྱི་རིན་ཆེན་སྣམ་བུར་བོར་བར། གང་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུ་དེ་ཉིད་མཐེ་བོ་ཕྱེད་དང་གཉིས་ཀྱི་ཚད་དོ། ཞེས་བརྗོད་པ་ནི། དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པ་ཞེས་ཏེ། སྣམ་བུ་དེའི་ཚད་དུ་རྟོགས་པར་བྱ་ཞེས་པ་ལྷག་མའོ། །དེའི་ཕྱེད་ཅེས་པ་ནི་སྒོའི་ཕྱེད་ཅེས་ཏེ། མཐེ་བོ་ཕྱེད་དང་གཉིས་སོ། །རྩ་བའི་ཐིག་ཅེས་པ་ནི་ནང་གི་རིམ་པའི་རྡོ་རྗེ་ར་བའི་ཕྱི་རོལ་དང༌། རི་མོ་ལས་ཀྱང་ཕྱི་རོལ་ལོ། །རི་མོའི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པའི་དོན་དུ་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྙིང་པོ་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་དང་འབྲེལ་པའི་ཕྱིར། བཅུ་དུ་གྱུར་པའི་ཕྱིར་ན་ཆེན་པོ་ཡིན་ལ་སྙིང་པོ་ཡང་དེ་ཡིན་པས་སྙིང་པོ་ཆེན་པོའོ། །རྣམ་པར་དགོད་ཅེས་པ་ནི་ནམ་མཁའི་ཕྱོགས་ལས་བཀུག་སྟེ་གནས་པར་བྱའོ། །བདག་ཉིད་འཁོར་ལོ་ཞེས་བྱ་བ་ནི་རྡུལ་ཚོན་གྱི་འཁོར་ལོ་དང་མཉམ་པའི་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་བའི་ཐ་ཚིག་གོ །རང་གི་ཕྱག་རྒྱ་ནི་རང་གི་ཤེས་རབ་སྟེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་ལྡན་པས་ལྷག་མའོ། །བསྟེན་ཞེས་པ་ནི་དབང་པོ་གཉིས་སྙོམ་པར་འཇུག་པར་བྱེད་པའོ། །དམ་ཚིག་གི་ཡི་གེ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པས་སོ། །དཀྱིལ་འཁོར་ཞེས་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་གཅིག་ཏུ་བྱས་པའོ། །དེའི་རབ་ཏུ་བསྒྲུབ་པ་ནི་བསང་གཏོར་བྱའོ། །གང་གི་ཚེ་དཀྱིལ་འཁོར་ལ་སོགས་པར་རབ་ཏུ་གནས་པ་ལ་བྱང་ཆུབ་ཀྱི་སེམས་མངོན་དུ་བསྐྱེད་པར་མི་ནུས་པ་དེས་ན་བསྒོམས་པས་ཀྱང་བྱ་བའོ། །དེ་བཞིན་དུ་བུམ་པ་བཅུ་བྱ་བ་ནི་ལྟོ་བ་ཆེ་བ། མཆུ་འཕྱང་ཞིང་མགྲིན་པ་རིང་པ། རྡོ་རྒྱུས་ཀྱིས་དཀར་བོར་བྱས་པ་དབུས་ཀྱི་བུམ་པའི་ངོས་ལ་སྣ་ཚོགས་པདྨ་དང༌། ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པའོ། །ཤར་ཕྱོགས་ཀྱི་བུམ་པའི་ངོས་ལ་སྣ་ཚོགས་པདྨ་དང༌། ཟླ་བ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པའོ། །དེ་བཞིན་དུ་ལྷོ་ཕྱོགས་ལ་སོགས་པ་གཞན་གསུམ་པ་ལ་ཡང་སྣ་ཚོགས་པདྨ་དང༌། ཉི་མ་ལ་གནས་པའི་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམས་བྲི་བར་བྱའོ། །མེའི་མཚམས་སུ་ཡང་སྣ་ཚོགས་པདྨ་དང༌།


DTG046_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ལ་གནས་པའི་སྤྱན་གཉིས་སོ། །བདེན་བྲལ་ལ་སོགས་པ་གསུམ་པོ་རྣམས་སུ་ཡང་སྣ་ཚོགས་པདྨ་དང༌། ཟླ་བ་ལ་གནས་པའི་རྡོ་རྗེ་དང༌། པདྨ་དམར་པོ་དང༌། གསེར་གྱི་ཨུཏྤལ་རྣམས་ཀྱིས་མཚན་པའོ། །ལས་ཐམས་ཅད་པ་ལ་སྣ་ཚོགས་པདྨ་དང༌། ཉི་མ་ལ་གནས་པའི་བདུད་རྩི་འཁྱིལ་པའི་མཚན་མ་སྟེ་རྡོ་རྗེ་རྩེ་ལྔ་པ་བྲི་བར་བྱའོ། །བུམ་པ་དེ་རྣམས་ཀྱང༌། འཛམ་བུ་དང༌། ཙུ་ཏ་དང༌། བི་ཛ་ཕུ་ར་དང༌། མ་དུ་ཀ་ར་དང༌། ཛ་ཡ་ན་ཏིའི་ཤང་རྣམས་ཀྱི་ལོ་མས་ཁ་བརྒྱན་པའོ། །རྡོ་རྗེའི་སྐེ་ཅན་ལ། གསེར་དང༌། ཟངས་དང༌། མུ་མེ་ན་དང་བྱི་རུ་སྟེ་རིན་པོ་ཆེ་ལྔ་དང་ལྡན་པའོ། །སོ་བ་དང༌། མ་ཤེ་དང༌། ནས་དང༌། གྲོ་དང༌། ཏིལ་རྣམས་ཀྱང་ནང་དུའོ། །ཨ་པ་ར་ཙི་ཏ་དཀར་པོ་དང༌། བྲི་ཧ་ཏི་དང༌། ཀཎྜ་ཀ་རི་དང༌། ས་ཧ་དེ་བ་དང༌། བི་ཤ་དེ་བ་རྣམས་ཏེ། སྨན་ལྔ་དང་ལྡན་པའོ། །དེ་ནས་དབུས་ཀྱི་རྣམ་པར་རྒྱལ་བའི་བུམ་པ་ལ་མེ་ཏོག་གི་ཕྲེང་བ་གདགས་པར་བྱའོ། །བུམ་པ་བརྒྱད་པོ་གཞན་རྣམས་ལ་ཡང་ཉིད་ཀྱི་མེ་ཏོག་གི་ཕྲེང་བ་དང་སྦྲེལ་ཞིང་གདགས་པར་བྱའོ། །རྣམ་པར་རྒྱལ་བའི་བུམ་པའི་ཁ་རུ་རྡོ་རྗེ་བཞག་སྟེ། རབ་ཏུ་གནས་པའི་ལྷ་འམ། དེའི་རིགས་ཀྱི་སྔགས་བརྒྱད་བཟླ་བར་བྱའོ། །ཤར་ལ་སོགས་པའི་བུམ་པ་རྣམས་ལ་ནི་ཨོཾ་དང༌། ཨཱཿ་དང་པོར་བྱིན་པས། ཧཱུཾ་ཡིག་ནི་ཐ་མར་ཏེ། བྷཱུཾ་ཨཱཾ་ཛྲྸིཾ་ཁཾ་གིས་སྔགས་བཞི་པོ་རིམ་པ་བཞིན་དུ་བརྒྱ་རྩ་བརྒྱད་ཟླ་བར་བྱའོ། །མེ་ལ་སོགས་པའི་བུམ་པ་རྣམས་ལ་ཡང་རིམ་པ་ཇི་ལྟ་བ་བཞིན་དུ། ལཾ་མཱཾ་པཾ་ཏཱཾ་ཞེས་པའི་སྔགས་བཞི་པོ་སྔར་བཞིན་བཟླ་བར་བྱའོ། །བདུད་རྩི་འཁྱིལ་བའི་བུམ་པ་ལ་ཡང༌། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་བརྒྱ་རྩད་བཟླས་ཏེ། བྱང་ཕྱོགས་སུ་གཞག་པར་བྱའོ། །ཐམས་ཅད་ཀྱང་གཡས་ཕྱོགས་ནས་བསྐོར་ཏེ་གཞག་པར་བྱའོ། །དགོངས་མོའི་དུས་སུ་སོང་བ་དང་ཞག་དེའི་ལྷག་མ་དང༌། དུས་བཟང་པོ་ལ་རབ་ཏུ་གནས་པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དང་མཐུན་པའི་ལྷ་རྣམས་དང༌། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ། འདི་རིམ་པ་བཞིན་དུ་མཆོད་ཡོན་ལ་སོགས་པ་སྦྱིན་པར་བྱའོ། །མཆོད་ཡོན་གྱི་རི་མ་ནི་འདི་ཡིན་ཏེ། གསེར་དང་དངུལ་དང་ཉ་ཕྱིས་དུང༌། །རྡོ་དང་འཇིམ་པ་


DTG046_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ཀྱི། སྣོད། །འདི་དག་མཆོག་ཡོན་སྣོད་ཡིན་ཏེ། །མ་འབྱོར་ཤིང་ལོ་སྣོད་ཀྱིས་བྱ། །མཆོད་ཡོན་གྱི་སྣོད་བསྟན་པའོ། །དྲི་ཞི་མཆུ་དང་འོ་མ་མངར། །ཆུ་གཙང་མེ་ཏོག་དཀར་པོ་རྣམས། །ཇི་ལྟར་རྙེད་པའི་སྣོད་ནང་བཞག །སྤོས་ཀྱིས་བདུག་ཅིང་མངོན་པར་བསྔགས། །དེ་དག་ནི་མཆོད་ཡོན་བསྒྲུབ་པའི་ཆོ་གའོ། །ཞི་དང་རྒྱས་སོགས་སྒྲུབ་བ་ལས། །ལས་དང་རྗེས་སུ་མཐུན་པར། །དཀར་པོ་སེར་བོ་དམར་པོ་ལྗང༌། །དྲི་དང་ཆུ་སོགས་དེ་བཞིན་སྦྱར། །མཆོད་ཡོན་གྱི་ཆོ་གའི་དབྱེ་པའོ། །མེ་ཏོག་སྤོས་དང་མར་མེ་དང༌། །དྲི་ཡི་དུང་སོགས་གཡས་སུ་གཞག། གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །སྣོད་རྣམས་མདུན་དུ་གཞག་པར་བྱ། །མཆོད་ཡོན་གྱི་སྣོད་དགོད་པའོ། ཡི་གེ་གསུམ་མམ་སངས་རྒྱས་ལྔའི། །སྔགས་ནི་རྒྱུད་ལས་ཅི་གསུངས་པ། །མཆོད་ཡོན་ལ་སོགས་སྔགས་སུ་བྱ། །ཇི་ལྟར་རྒྱལ་གྱི་རྗེས་འབྲངས་ལ། །ཞི་བའི་མཐའ་རུ་བྷུ་ཤ་ཏ། །རྒྱས་པ་བཽ་ཥ་ཊའི་མཐའ། །བད་པ་ཧཱུཾ་ཕཊ་མཐའ་ཡིས་སོ། །དགུག་དང་དབང་ལ་ཛ་དང་ཧྲིའིཿ་།མཆོད་ཡོན་མངོན་པར་བསྔགས་པའོ། །དང་པོར་དྲི་ཞི་མཆུ་དབུལ་བྱ། །སྦྲང་དང་འོ་མ་གཉིས་པོའོ། །གསུམ་པ་རུ་ནི་དག་པའི་ཆུ། །བཞི་པ་མེ་ཏོག་དང་ལྡན་པའོ། །དྲི་ཞི་མཆུ་ནི་དུང་ཆོས་ནས། །ཞབས་བསིལ་དུ་ནི་དབུལ་བར་བྱ། །ཨོཾ་ནཱི་རཱི་ཧཱུཾ་ཁཾ་ཧཱུཾ་པཱ་དྱ། འོ་མ་སྦྲང་ན་ཞལ་དུ་སྟེ། །ཀུ་ཤའི་ཆུན་པོས་བསང་གཏོར་ནས། །ཡང་ནི་ཆུ་གཙང་འབའ་ཞིག་ལ། །མཆོད་ཡོན་སྔགས་ནི་བཟླས་པ་ཉིད། །ཨོཾ་སརྦྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཞབས་བསིལ་དང་ནི་འཐོར་འཐུང་ངོ༌། །མཐེ་བོ་མཛུབ་མོ་མེ་ཏོག་བླང༌། །མཐེ་བོ་མཐེའུ་ཆུད་དགྲོལ་བྱ་སྟེ། །མེ་ཏོག་ལྔ་པས་མཆོད་པར་བྱ། །ཞབས་བསིལ་བཟེད་ཞལ་ཆོས་ཟངས་སུ། །ཉེ་རེག་དེ་བཞིན་ལྕགས་སྣོད་དུ། །རྫ་ས་གཞན་མན་ཇི་སྟེང་གནས་པའི། །གསེར་ལ་སོགས་པའི་སྣོད་དུ་དབུལ། །དེའི་ཕྱི་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་མཐུན་པའི་ལྷའི་འཁོར་ལོ་རྣམས། ཛཿ་ཧཱུཾ་བཾ་ཧོཿ་ཞེས་པ་འདིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བ་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང༌། ཡི་གེ་གསུམ་བྱིན་གྱིས་བརླབ་


DTG046_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དབང་བསྐུར་ཏེ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཡང་བྱ་སྟེ། མེ་ལོང་དུ་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བ་དང༌། དང་པོར་བའི་རྣམ་པ་ལྔས་བཀྲུ་བར་བྱ་སྟེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་ཞེས་པའི་སྔགས་ཀྱིས་སོ། །དེ་བཞིན་དུ་ཕཱུཾ་ཨཱཾ་ཛཱྀཾ་kཧཾ་ཧཱུཾ་ཞེས་པའི་སྔགས་ཀྱིས་དྲི་ཞི་མ་པའི་མར་ཁུས་བྱུགས་པར་བྱའོ། །སྔགས་འདི་ཉིད་ཤུ་ན་ལྤགས་ལྔ་ལེགས་པར་བཏགས་བས་ཀྱང་བྱུག་པར་བྱའོ། །དེ་བཞིན་དུ་ཨོཾ་སརྦྦ་ཏ་ཐཱ་ག་ཨ་བྷེ་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པའི་འདིས་དྲི་ཞིམ་པོས་བྱུག་སྟེ་བཀྲུ་བར་བྱའོ། །དེ་ནས་གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་ནི་གུས་པར་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་སྩོལ། །མེ་ཏོག་དབུལ་བའོ། །ནགས་ཚལ་བཅུད་ནི་ཡིད་དུ་འོང༌། །དྲི་ཡི་རྒྱལ་པོའི་དྲི་མཆོག་འདི། །བདག་ནི་གུས་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་སྩོལ། །སྦོས་དབུལ་བའོ། །གདོན་རྣམས་འཇོམས་ཤིང་བཀྲ་ཤིས་ལ། །དགེ་ཞིང་མུན་པ་རྣམས་སེལ་བ། །བདག་ནི་གུས་པས་འབུལ་ལགས་ན། །བཞེས་ཏེ་བདག་ལ་བཀའ་དྲིན་སྩོལ། །ལྷན་ཅིག་སྐྱེས་དང་སྦྱར་ཞིང་དག །ཤངས་ལ་ཚིམ་བྱེད་དྲི་འདི་རྣམས་སོ། །བདག་ནི་གུས་པས་འབུལ་ལགས་ན་།བཞེས་ཏེ་བདག་ལ་བཀའ་དྲི་ན་སྩོལ། །དྲི་དབུལ་བའོ། །བཤོས་གཙང་ཐམས་ཅད་ཡང་དག་ལྡན། །བཟའ་དང་བཅའ་བར་ལྡན་བཅས་པ། །ཁ་དོག་དྲི་དང་རོ་ལྡན་པ། །དབུལ་གྱིས་སོ་སོར་བཞེས་སུ་གསོལ། །བཤོས་དབུལ་བའོ། །དེ་ལྟར་མཆེད་པ་རྣམ་པ་ལྔ་དབུལ་བར་བྱས་ལ། །ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱང༌། །དགའ་ལྡན་གནས་ན་ཡང་དག་བཞུགས། །ལྷ་མོས་གྲུ་འཕྲུལ་ལྷུམས་སུ་གནས། །དེ་བཞིན་འདས་བཞུགས་བརྟན་པར་མཛོད། །མགོན་པོ་རྟག་ཏུ་འདིར་བཞུགས་པར། །གྱུར་ནས་མེ་ཏོག་ལ་སོགས་འདི། །བཞེས་ནས་བདག་ལ་བརྩེར་དགོངས་ཏེ། །བྱང་ཆུབ་སེམས་ནི་འཕེལ་བར་བར་མཛོད། དེའི་རྗེས་བསྡུས་པའི་དུས་སུ། ཨོཾ་གི་ལི་གེ་ལི་ཧཱུཾ་ཛ་སྭཱ་ཧཱ། ཞེས་པ་འདིས་རྡུལ་ཚོན་བསྡུ་བར་བྱས་ལ། སྣོད་གཙང་མར་རྡུལ་ཚོན་རྣམས་བླུགས་ཏེ། སྔགས་དེ་ཉིད་ཀྱིས་ཆུ་བོར་རབ་ཏུ་དོར་རོ། །འདི་ཉིད་ཀྱི་


DTG046_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཐམས་ཅད་ནི། བྲིས་སྐུ་རབ་ཏུ་གནས་པ་ལ་ཡང་སྟེ། གཤེགས་སུ་གསོལ་བ་ནི་མ་ཡིན་ནོ། །སློབ་མའི་བྱ་བ་ལ་ཡང་བུམ་པ་དང་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་བྱའོ། །རྒྱུད་འདིར་གསུངས་པའི་སློབ་མའི་ཆོ་ག་ནི་ཕྱོགས་གཅིག་ཙམ་དུ་བསྟན་པས་ན། དེ་ཙམ་གྱི་བྱ་བ་མ་ཡིན་ཏེ། ཐུན་མོང་དུ་གསུངས་པ་མདོར་བསྡུས་ཏེ་བརྗོད་པར་བྱའོ། །དེ་ལ་བྲིས་སྐུ་ལ་ནི་དེ་བཞིན་གཤེགས་པ་རྣམ་པ་ལྔ་དང༌། རྣལ་འབྱོར་མ་བཞི་མཚན་མ་དང་བཅས་པའི་བུམ་པ་གཅིག་སྟེ། རིན་པོ་ཆེ་ལྔ། སྨན་ལྔ། འབྲུ་ལྔ། སྙིང་པོ་ལྔ་དང༌། དྲི་ཞི་མ་པའི་ཆུས་གང་བའོ། །ཨོཾ་ཨཱཿ་བིགྷྣཱ་ནྟ་ཀྲི་ཏ་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས། ཤིང་པ་ལ་ཝས་ཁ་བརྒྱན་ཞིང་མགུལ་པ་རས་ཀྱིས་དཀྲིས་པ། མེ་ཏོག་དང༌། སྤོས་ལ་སོགས་པས་མཆོད་དེ་མདུན་དུ་གཞག་པར་བྱའོ། །དེ་ནས་སློབ་མས་མཎྜལ་བྱས་ལ། མེ་ཏོག་གི་ཕྲེང་བ་རྣམས་བཟུང་སྟེ། བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ། སྔགས་ཀྱི་ཐེག་པའི་སྣོད་དུ་གྱུར་པས་གསོལ་བ་འདེབས་པའི་དོན་དུ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །དེ་ལས་གཞན་པ་བསོད་ནམས་འདོད། །གཞན་ཡང་འཇིག་རྟེན་ཕ་རོལ་གཉེར། །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །དད་པ་ཆེན་པོར་བྱེད་པ་ཡི། །བློ་ལྔ་དཀྱིལ་འཁོར་དུ་ནི་གཞུག །འདི་ཡི་འབྲས་བུ་འདོད་མི་བྱ། །འདི་ཡི་འབྲས་བུ་འདོད་གྱུར་ན། །འཇིག་རྟེན་ཕ་རོལ་འབྱུང་བ་མིན། །སྐྱེས་བུ་འཇིག་རྟེན་ཕ་རོལ་གཉེར། །དཀའ་བ་མེད་པར་འདི་འབྲས་འགྲུབ། །ཅེས་རྣ་པར་བསྒྲག་པར་བྱའོ། །དེ་ལྟ་བུའི་སློབ་མ་དེ་རང་ཉིད་ལྷའི་རྣལ་འབྱོར་དུ་བྱས་པའི་ལུས་སུ་བློས་བཅུག་ལ། རང་གི་རྡོ་རྗེ་ནས་ཕྱུང་ལ་རང་སྣང་བའི་པདྨར་གནས་ལ་དེ་བཞིན་གཤེགས་པ་ཞུ་བས་བསྐུལ་ཏེ་བྱུང་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོར་ཙོག་ཙོག་པོར་འདུག་སྟེ། འཇུག་པའི་དོན་དུ་གསོལ་བ་གདབ་པ། ཁྱོད་ནི་བདག་སྟོན་དཔའ་བོ་ཆེ། །མཱ་མ་ཀཱི་དང་མཉམ་སྦྱོར་ལྡན། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་


DTG046_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །སྐྱབས་སུ་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་བ་ཆེན་པོའི་གྲོད་ཁྱེར་དུ། །མགོན་པོ་བདག་ནི་འཇུག་པར་འདོད། །ཅེས་སློབ་མའི་གཙོ་བོ་གཅིག་ལ་བྱས་ལ། །བུ་ཚུར་ཐེག་པ་ཆེན་པོ་ལ། །གསང་སྔགས་ཚུལ་གྱི་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཐེག་ཆེན་སྣོད་ཡིན་ནོ། །ཞེས་བརྗོད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡང་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་བྱ་བས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་ལན་གསུམ་དུ་བརྗོད་པའི་སློབས་མ་དེ་རྣམས་ལ། ཨོཾ་ཨཱཿ་བིགྷྣ་ནྟ་ཀྲི་ཏ་ཧཱུཾ་ཕཊ་ཅེས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཀུན་བསྲུང་བ་བྱས་ལ། དེ་རྣམས་ཀྱི་སྙིང་ག་དང༌། མགྲིན་པ་དང༌། མགོ་བོར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་དང༌། ཟླ་བ་དང་པོ་ལ་གནས་པའི་པདྨ་དང༌། ཟླ་བ་དཀར་པོ་ལ་གནས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ་རྣམས་ལ། རིམ་པ་ཇི་ལྟ་བ་བཞིན་དུ་ཧཱུཾ་ཨཱཿ་ཨོཾ་རྣམ་པར་བསམ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ལག་པ་གཡས་པར་རྡོ་རྗེ་བཟུང་སྟེ། སློབ་མ་རྣམས་ཀྱི་སྙིང་ག་དང༌། མགྲིན་པ་དང༌། མཚོག་མར་རེ་གཅིང༌། ཧཱུཾ་ཨཱཿ་ཨོཾ་ཞེས་བརྗོད་ཅིང་མེ་ཏོག་ནི་མགོ་བོར་རོ། །མདུན་དུ་ནི་སྤོས་སོ། །དེ་བཞིན་དུ་མར་མེ་དང༌། བྱུག་པ་ནི་སྙིང་གར་སྦྱིན་པར་བྱའོ། །དེ་དག་ནི་སློབ་མ་ལྷག་པར་གནས་པའོ། །དེ་ནས་གཏོར་མ་སྦྱིན་ཏེ། རང་གི་ལྷའི་རྣལ་འབྱོར་སྔོན་དུ་སོང་བ་དང་ལྡན་པས་སོ། །རང་ཉིད་སློབ་མ་འཇུག་པའི་ཆོ་གས་དཀྱིལ་འཁོར་དུ་འཇུག་པ་ནས་བརྩམས་ཏེ། རྗེས་སུ་གནང་བའི་དབང་བསྐུར་བའི་བར་དུ་བཅོམ་ལྡན་འདས་ལ་བློས་བླངས་ཏེ། བདེན་པའི་དོན་དུ་གསོལ་བ་གདབ་པར་བྱའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུས་ཏེ། །དག་ཅིང་གསལ་བ་རྙོག་བ་མེད། །གཟུང་བ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་དེ་ཉིད་ལས་བྱུང་བ། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་དང་མཚུངས་སློབ་མ་ཡིས། །སྡིག་མེད་གསལ་བར་མཐོང་བར་ཤོག །དེ་ནས་ཡོལ་བའི་ཕྱི་རོལ་དུ་ཡོན་ཕུལ་པའི་སློབ་མ་རེ་རེ་ཞིང་ཡང་རྣམ་པར་སྣང་


DTG046_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཀྱི་གཟུགས་སུ་དམིགས་ལ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་པའི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་པའི་མེ་ཏོག་ལག་ཏུ་བྱིན་ནས་གདོང་རས་བཀབ་སྟེ་བུམ་པའི་ཆུས་བསངས་ལ་དྲི་བར་བྱའོ། །ཁྱོད་སུ་ཡིན། ཅི་ལ་དགའ། དེས་སྨྲས་པ། སྐལ་བ་དང་ལྡན་པ་ནི་བདག་སྟེ། བདེ་བ་ཆེན་པོར་རོ། །དེ་ནས་དེའི་སྙིང་གར་རྡོ་རྗེ་གཞག་ལ། ཨོཾ་སརྦྦ་ཡོ་ག་ཙི་ཏྟ་ཨུ་ཏྤ་ད་ཡ་མིན། སུ་ར་ཏེ་ས་མ་ཡ་སྟྭཾ། ཧོ་སིདྡྷི་བ་ཛྲ་ཡ་ཐ་སུ་ཁཾ། དེ་ནས་ཧཱུཾ་ཛ་ཧཱུཾ་ཞེས་པའི་སྔགས་འདིས་བཀུག་སྟེ། ཡོལ་བའི་ནང་དུ་གཞུག་ཅིང་དཀྱིལ་འཁོར་གྱི་སྒོར་བཞག་པས་བརྗོད་པར་བྱ་བ་ནི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་བྱ་བ་མ་ཡིན་ཞིང༌། དམ་ཚིག་ཉམས་པར་མ་བྱེད་ཅིག་པའོ། །མགོ་བོར་རྡོ་རྗེ་བཞག་ལ། །གལ་ཏེ་ཚུལ་འདི་སྨྲས་པར་གྱུར་པ་ཡིན་ནོ། །དམ་ཚིག་གི་རྡོ་རྗེ་འདིས་མགོ་འགས་པར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་གཞག་ལ་བརྗོད་པར་བྱ་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པ་སྟེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །འདིས་མནའ་བསྒག་པར་བྱ་སྟེ། པདྨའི་སྣོད་དུ་བདུད་རྩི་ལྔ་གཞག་ལ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་སྟེ། ཨོཾ་བཛྲ་ཨྀ་མྲ་ཏ་ཨུ་ད་ཀ་ཋ་ཞེས་པ་ལན་བདུན་དུ་བཟླས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅེས་བརྗོད་ལ་བླུད་པར་བྱའོ། །དེ་ནས་འདི་སྐད་བརྗོད་པར་བྱ། །དེ་ནས་འདི་སྐད་བརྗོད་པར་བྱ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་པས་ངས་གང་ཅི་བསྒོས་པ་ད་དག་ཐམས་ཅད་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་ཡང་བརྙས་པ་མ་བྱེད་ཅིག །ཡང་བ་མ་སྤངས་པར་དུས་བྱས་ནས་སེམས་ཅན་དམྱལ་བར་བྱ་ལྟུང་བར་གྱུར་ཏ་རེ་ཞེས་དམ་ཚིག་གི་ཆུ་བླུད་པར་བྱའོ། །དེ་ནས་སློབ་མས་འདི་སྐད་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ་ཞེས་པའོ། །དེ་ནས་སློབ་མའི་སྙིང་གར་ལཾ་སེར་པོ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་རྡོ་རྗེས་མཚན་པ་ལ་ཧཱུཾ་ཡིག་ནག་པོ་གནས་པའོ། །མཚོག་མར་ཆུའི་དཀྱིལ་འཁོར་བཾ་ཡིག་ལས་བྱུང་བ་དཀར་ཞིང་ཟླུམ་པ་བུམ་པས་མཚན་


DTG046_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཧཾ་ཡིག་དཀར་པོ་ཁ་ཐུར་དུ་བལྟས་པ་གནས་པའོ། །མགྲིན་པར་ཡཾ་ཡིག་ནག་པོ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་བ་དང་གཡོ་བས་མཚན་པ་དམར་པོ་གནས་པའོ། །རྐང་པ་ནི་རླུང་གི་དཀྱིལ་འཁོར་གྱིས་བུས་པས་མེའི་དཀྱིལ་འཁོར་གྲུ་གསུམ་འོད་ཟེར་འབར་བ་ལ་གནས་པའི་ཛྷཻཾ་ཡིག་འོད་ཟེར་བཅས་པ་བསམས་ཏེ། བསྒྱིངས་པ་དང་བཅས་པས་དྲིལ་བུ་འཁྲོལ་ཞིང་ཨ་ཝེ་ཤ་ཡ་སྟ་མྦྷ་ཡ་རཾ་རཾ་རཾ་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧ་ཨ་ཛྷཻཾ་ཞེས་བརྗོད་པས་འབེབས་པར་བྱེད་དོ། །ཕེབས་པར་གྱུར་ནས་ལྕེ་ལ་ཨ་ཡིག་དམར་པོ་བསམས་ཏེ། སྣལ་སྣང་བ་མཐའ་ཡས་ཀྱི་གཟུགས་བསམ་པར་བྱའོ། །དེ་ནས་སྨྲོས་ཤིག་ཅེས་པས་དགེ་བ་དང་མི་དགེ་བ་སྨྲ་བར་འགྱུར་ཏེ། བརྗོད་པ་ཤེས་ནས་ཨོཾ་ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱས་ལ། ཁྱོད་ཀྱི་མིག་གིས་ཇི་ལྟར་མཐོང༌། །ཞེས་དྲི་བར་བྱའོ། །དྲི་བར་བྱས་པ་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། ནག་པོ་རྣམས་སྣང་ཞེས་དེས་སྨྲས་ན། ཞི་བ་དང༌། རྒྱས་པ་དང༌། དབང་དང༌། མངོན་སྤྱོད་ཀྱི་དངོས་གྲུབ་རྣམས་ཀྱི་སྣོད་དུ་འགྱུར་རོ་ཞེས་བསྟན་པར་བྱའོ། །དེ་ནས་བདེན་པའི་བྱིན་གྱི་རླབས་བྱ་སྟེ། བདག་གིས་དཀྱིལ་འཁོར་འདི་རུ་ནི། །སློབ་མ་ཡང་དག་གཞུག་པར་བགྱི། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །ལྷ་ཡི་རིགས་ཀྱི་རིག་པ་དག །དངོས་གྲུབ་འདི་ནི་གང་གྲུབ་པ། །གང་གི་རིག་སྐྱི་སྣོད་དུ་འགྱུར། །གང་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །དེ་ནས་མེ་ཏོག་གཅིག་དཀྱིལ་འཁོར་དུ་དོར་བར་བྱ་སྟེ། པྲ་ཏིཙྪ་བཛྲ་ཧོཿ། ཞེས་པ་འདིས་སོ། །དེ་ནས་མེ་ཏོག་དོར་བ་ལས། དམན་པ་དང་མཆོག་ལ་སོགས་པའི་དངོས་གྲུབ་མཚོན་པར་བྱ་སྟེ། དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུའམ། མཚོག་མའམ། སྤྱི་གཙུག་ཏུ་ལྷུང་ན་ནི་དེའི་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་རོ། །གལ་ཏེ་སྤྱན་ནམ་ཞལ་དུ་ལྷུང་བ་དེའི་ཚེ་སྔགས་ཀྱི་དངོས་གྲུབ་ཏུ་འགྱུར་ལ། ཡན་ལག་མཆོག་ཏུ་ལྷུང་ན་མཆོག་དང༌། ཡན་ལག་འབྲིང་པོ་ལ་ནི་འབྲིང་པོ་དང༌། སྨད་ཀྱི་ཆ་ལ་ནི་ཐ་མ་འགྲུབ་པའོ། །སྐུ་ལས་རིང་དུ་ལྷུང་ན་ཐ་མ་འགྲུབ་ལ། ཉེ་བར་གྱུར་ན་མྱུར་དུ་འགྲུབ་བོ། །ལྷ་རྣམས་ཀྱི་རང་རང་གི་གནས་ནི་ལེ་ཚེའི་རི་མོས་བཅད་པར་ཤེས་པར་


DTG046_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གང་གི་ཚེ་གཉིས་ཀྱི་བར་དུ་ལྷུང་བར་གྱུར་པ་དེའི་ཚེ་མེ་ཏོག་གར་ལ་ཉེ་བར་གྱུར་པ་དེའི་རིགས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་ནི་དམན་པའི་དངོས་གྲུབ་ཏུ་འགྱུར་རོ། །གལ་ཏེ་རི་མོ་ལ་ལྷུང་བ་དེའི་ཚེ་དོར་བར་འགྱུར་རོ། །ལན་གསུམ་དུ་དོར་བས་དེའི་ཚེ་དེ་ཉིད་དུ་ལྷུང་ན་དངོས་གྲུབ་མེད་ལ། རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ་ལྷུང་ན་ནང་དུ་ལྷུང་བ་ཙམ་གྱིས་ཡང་དཀའ་བའོ། །དེ་དག་ནི་མེ་ཏོག་དོར་བའི་ཆོ་གའོ། །དེ་ནས་མེ་ཏོག་བླངས་ཏེ། སློབ་མའི་མགོ་ལ་བཅིངས་ཏེ། པྲ་ཏི་གྲི་ཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བརྗོད་པས་སོ། །དེ་ནས་མིག་གཉིས་སུ་ཡི་གེ་ཨོཾ་བསམས་ལ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པ་སྟེ། །མིག་ནི་ཐམས་ཅད་འབྱེད་མཛད་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་ལ་གདོང་གཡོགས་དགྲོལ་བར་བྱའོ། །དེ་དག་ནི་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །ད་ནི་དབང་བསྐུར་བ་བརྗོད་པར་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་བསྐལ་བའི་དོན་དུ་ནི། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་ལ། རང་གི་རིག་མ་སྐྱེས་བུའི་ཆུ། །བུམ་པ་བརྒྱད་པོ་ཐམས་ཅད་དེ། །རྡོ་རྗེ་ཐུགས་སུ་རབ་བསྒོམས་ནས། །རྡོ་རྗེ་ཅན་གྱི་དབང་བསྐུར་བྱ། །ཁུ་ཚུར་དང་བཅས་པ་ནས་ཆུ་བླུགས་ལ། སངས་རྒྱས་ཀུན་གྱིས་བྱིན་པ་ཡི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་མཛད་པ། །རྡོ་རྗེའི་དབང་བསྐུར་ཆེན་པོའོ། །བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་པས་ནི། སློབ་མ་འཁོར་ལོས་སྒྱུར་བ་ལྟ་བུའི་དབང་བསྐུར་བར་བྱའོ། །དེ་དག་ནི་ཆུའི་དབང་བསྐུར་བའི་ཆོ་ག་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་རྗེས་ལ་གསེར་རམ། གོས་ལ་སོགས་པས་བསྲུང་བའི་དབུ་རྒྱན་སློབ་མའི་མགོ་ལ་བཅིངས་ལ་རིན་ཆེན་འབྱུང་ལྡན་གྱི་སྦྱོར་བ་ལས་ནམ་མཁའི་ཕྱོགས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དབུ་རྒྱན་ལ་རིགས་ཀྱི་གཟུགས་སུ་གནས་པར་བལྟ་བར་བྱའོ། །དེ་དག་ནི་དབུ་རྒྱན་གྱི་དབང་བསྐུར་བ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་རྡོ་རྗེ་ཆེན་པོ་རྩེ་ལྔ་པ་སྙིང་གར་རང་གི་ལག་པས་བཟུང་ལ་དབང་བསྐུར་རྡོ་རྗེ་སེམས་


DTG046_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་དོ། །སློབ་མ་སྣང་བ་མཐའ་ཡས་བྱ། །སངས་རྒྱས་རྡོ་རྗེ་དབང་བསྐུར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུངས། །ཞེས་བརྗོད་ཅིང་རྡོ་རྗེ་སྙིང་ག་དང༌། མགྲིན་པ་དང༌། མཚོག་མ་རྣམས་སུ་རེག་པར་བྱས་ཏེ། ལག་པ་གཡས་པས་རྡོ་རྗེ་སྦྱིན་པར་བྱའོ། །དེ་དག་ནི་རྡོ་རྗེའི་དབང་བསྐུར་བའི་ཆོ་ག་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ནས་དོན་ཡོད་གྲུབ་པའི་གཟུགས་སུ་དམིགས་ཤིང་ལག་པ་གཡོན་པའི་དྲིལ་བུ་བྱིན་ལ། རྡོ་རྗེ་དྲིལ་བུ་ལྡན་པ་དག་གིས་འཁྱུད་པའི་ཚུལ་དུ་བྱས་ལ། ཨོཾ་བཛྲ་ཨ་དྷི་བ་ཏི་སྟཾ་ཨ་བྷི་ཥེ་ཀ་ཏ་ཞེས་བྱ་བ་ནི་དྲིལ་བུའི་དབང་བསྐུར་བའི་ཆོ་ག་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ནས་མི་བསྐྱོད་པར་བསམས་ལ། མིང་གི་དབང་བསྐུར་བ་ཡང་སྦྱིན་པར་བྱ་སྟེ། མགོ་བོར་རྡོ་རྗེ་དང་དྲིལ་བུ་བྱིན་ལ། ཨོཾ་བཛྲ་སྟྭ་སྟྭཾ་ཨ་བྷིཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་གཏི་མུག་རྡོ་རྗེ། ཀྱེ་དཔལ་འདོད་ཆགས་རྡོ་རྗེ། ཀྱེ་དཔལ་ཞེ་སྡང་རྡོ་རྗེ། ཞེས་པ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་མིང་གདགས་པར་བྱའོ་ཞེས་པ་ནི། མིང་གི་དབང་བསྐུར་བའི་ཆོ་ག་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལྟར་དབང་བསྐུར་བ་རྣམ་པ་ལྔ་པོ་དེ་དག་ནི་རིག་པའི་དབང་བསྐུར་ཞེས་བརྗོད་དོ། །ཐམས་ཅད་ཀྱང་སྤྱན་ལ་སོགས་པའི་རིག་པའི་བྱ་བ་ལ་འཇུག་པས་ཞེས་པས་སོ། །དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་དབང་བསྐུར་བས། ཀྱེ་བདག་ལ་སྩོལ་ཅིག་སྙིང་རྗེའི་མཆོག །རང་གཞན་དོན་གྱི་ནུས་པར་གྱུར། །ཇི་ལྟར་བདག་ལ་དེང་སྩོལ་ཅིག ། ཅེས་གསོལ་བ་འདེབས་པའི་སློབ་མ་སྟེ། སེང་གེའི་སྟན་ལ་བཞག་སྟེ། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ་རྡོ་རྗེ་སེམས་དཔའི་གཟུགས་སུ་དམིགས་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་བྱིན་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་བདག་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱིས་གཟུང་བར་བྱའོ། །དེའི་རྗེས་ལ་ཨཿ་ཡིག་ལས་བྱུང་བའི་དྲིལ་བུ་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཅན་རྗེས་འགྲོར་


DTG046_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པ་འདིས་ལག་པ་གཡོན་པར་དྲིལ་བུ་སྦྱིན་པར་བྱ་ཞིང༌། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱ། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་ཡི་ནི་མཆོག་ཏུ་བརྗོད། །ཅས་བརྗོད་ལ། སློབ་མས་དྲིལ་བུ་དཀྲོལ་བར་བྱའོ། །དེའི་རྗེས་ལ། ཡིད་ཀྱིས་གཟུགས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་སུ་བརྗོད། །གང་ཚེ་ཀུན་གྱི་གཟུགས་སུ་བརྟན། །དེ་ནི་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པ་འདིས་རང་ཉིད་ལྷའི་གཟུགས་ཀྱི་ནང་གི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་བོར་བྱིན་གྱིས་བརླབས་ནས་འཁྱུད་པར་བྱའོ། །སློབ་དཔོན་གྱིས་དེའི་ཚེ་དང་གི་སྙིང་གའི་བོན་ལས་བྱུང་བའི་ལྷ་རྣམས་ཀྱི་ཚོགས་ནམ་མཁའ་ལ་གནས་པ་རྣམས་ཀྱིས་དབང་བསྐུར་བར་བསམ་པར་བྱ་སྟེ། སངས་རྒྱས་ཀུན་གྱིས་བྱིན་པ་ཡི། །གསང་གསུམ་གནས་ནས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་དཔང་བསྐུར་ཆེན་པོའོ། །ཞེས་བས་དབང་བསྐུར་བའོ། །དེ་སྐད་སུ་ཡང་གསུངས་པ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་པའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་པ་ལ་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པའོ། །ཆོས་ཀྱི་གནས་སུ་རིན་པོ་ཆེ་དང༌། རྡོ་རྗེ་དང༌། པདྨ་དང༌། རལ་གྲིའི་སྒྲ་བཅུག་པའི་རིམ་པ་ལས་ཚིགས་སུ་བཅད་པ་རྣམ་པ་ལྔ་ནི་རྗེས་སུ་གནང་བར་སྦྱིན་པའོ། །དེའི་རྗེས་ལ་མི་བསྐྱོད་པའི་གཟུགས་སུ་དམིགས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཞེས་པ་འདིས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སློབ་མའི་ལག་ཏུ་སྦྱིན་པར་བྱ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ས་མ་ཡ་བཛྲ་ཏི་ཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི། ཧི་ཧི་ཧི་ཧི་ཧཱུཾ་ཞེས་སློབ་མ་ལ་བརྗོད་པར་བྱས་ནས་རྡོ་རྗེའི་བརྟུལ་ཞུགས་བླང་བར་བྱའོ། །ཞེས་པ་ནི་རྡོ་རེའི་བཏུལ་ཞུགས་སྦྱིན་པར་བྱའོ། །དེ་ནས་བདག་ཉིད་སངས་


DTG046_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་གཟུགས་སུ་བསམས་ཏེ། སྙིང་གར་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་ཀྱི་གྲྭ་ནས་བཟུང་སྟེ། གཡས་པ་མཆོག་སྦྱིན་པའི་ཕྱག་རྒྱ་བཅས་ནས། སྔོ་བ་མ་གང་གི་རིགས་དེའི་གཟུགས་སུ་དམིགས་ནས་ལུང་བསྟན་པར་བྱ་སྟེ། ཨོཾ་འདིར་ནི་ངས་ཁྱོད་ལུང་བསྟན་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །སྲིད་པའི་མཆོག་ནི་འགྲུབ་པར་བྱེད། །ཀྱེ་དེ་བཞིན་གཤེགས་པ་ཆེ་གེ་མོ། །ཁྱོད་ནི་དམ་ཚིག་བསྒྲུབ་པའོ། །བྷུར་བྷུ་བ་སྭཿ་ཞེས་ལུང་བསྟན་བྱས་ལ། གང་འདི་ལྟ་བུའི་ཆོས་འབྱུང་བའི་ཕྱག་རྒྱས་ལུང་སྟོན་པར་བྱེད་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། དེ་ནི་འཁོར་གྱི་བྱང་ཆུབ་སེམས་དཔའ་དང་བཅས་པའི་དཀྱིལ་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བྱེད་དོ། །གང་འདི་ལྟ་བུ་ཉིད་ནི་ཆོས་འབྱུང་བའི་ཕྱག་རྒྱ་སྟེ། བྱིན་གྱི་རླབས་ཀྱིས་སྟོབས་ཏེ། འདི་ནི་སྔགས་ཀྱི་སྟོབས་སོ། །ཞེས་དང་པོར་བྱའོ་ཞེས་བརྗོད་དོ། །དེ་དག་གིས་ལུང་བསྟན་པའོ། །དེའི་རྗེས་ལ། མ་ཧཱ་ས་མ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ཅིང་དབུགས་དབྱུང་བ་སྦྱིན་པར་བྱའོ། །གསང་བའི་དཀྱིལ་འཁོར་མཆོག་ཏུ་ནི། །ཞུགས་ཤིང་མཐོང་བ་དམ་པ་སྟེ།། སྡིག་པ་ཀུན་ལས་གྲོལ་པར་གནས། །ཁྱོད་ནི་དེ་རིང་བཟང་པོར་གྱུར། །ཐེག་པ་ཆེན་པོ་བདེ་ཆེན་འདིར། །ཡང་ནི་འཆི་བ་ཡོད་མིན་ཏེ། །སྲིད་པའི་མཆོག་ནི་འགྲུབ་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་བརྒལ་བའོ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རྡོ་རྗེ་ཞེས་པའི་ཕྱག་རྒྱ་སྟེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་སྤང་མི་བྱ། །ནམ་ཡང་བོར་བར་བྱ་བ་མིན། །མི་ཤེས་པའམ་རྨོངས་པ་ལ། །དེ་ནི་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ནམ་ཡང་སྤང་བར་མི་བྱའོ། །སློབ་དཔོན་དག་ཀྱང་སྨད་མི་བྱ། །དེ་ནི་སངས་རྒྱས་ཀུན་དང་མཉམ། །རང་དག་ཡོངས་སུ་སྤངས་ནས་སུ། །དཀའ་ཐུབ་རྣམས་ཀྱིས་གདུང་མི་བྱ། །ཇི་ལྟར་བདེ་བ་བདེ་བ་གཟུང༌། །འདི་ནི་མ་འོངས་རྫོགས་སངས་རྒྱས། །དེ་རིང་སློབ་དཔོན་དཀྱིལ་འཁོར་གྱུར། །སྔགས་དང་རྒྱུད་རྣམས་འཛིན་པར་འགྱུར། །སངས་རྒྱས་བྱང་


DTG046_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྗེས་སུ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་གྱིས་ནི་བྲི་བར་གྱིས། །སྒྲུབ་པོ་རྣམས་ཀྱང་རྒྱུད་ལ་སྦྱོར། །ཞེས་པ་ནི་དབུགས་འབྱུང་སྦྱིན་པའོ། །རྗེས་སུ་གནང་བ་ལ་སོགས་པ་བཞི་པོ་འདི་རྣམས་ནི་དབང་བསྐུར་བ་རྣམ་པ་ལྔའི་རྗེས་ལའམ་སློབ་དཔོན་གྱི་དབང་བསྐུར་བའི་རྗེས་ལ་སྦྱིན་པར་བྱའོ། །སློབ་དཔོན་གྱི་དབང་བསྐུར་བ་ཉིད་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་བ་ཞེས་བརྗོད་དོ། །དབང་བསྐུར་བ་ལྔ་དང༌། སློབ་དཔོན་གྱི་དབང་བསྐུར་བ་ལ་ནི་བུམ་པའི་དབང་བསྐུར་བ་ཞེས་བརྗོད་དེ། ཐམས་ཅད་ཀྱང་བུམ་པའི་བྱ་བ་ལ་འཇུག་པས་སོ། །དབང་བསྐུར་བ་དྲུག་པོ་འདི་དག་ནི་རྒྱུད་དེ་ཀུན་དང་མི་འགལ་བའོ། །དེ་དག་ནི་སློབ་དཔོན་གྱི་དབང་བསྐུར་བ་སྟེ། རྡོ་རྗེའི་ལུས་སུ་རྣམ་པར་དག་པའོ། །དེའི་རྗེས་ལ་ཡོལ་བ་ལ་སོགས་པ་རྣམས་ཀྱིས་དབེན་བར་བྱས་པའི་ཕྱོགས་སུ་སློབ་མ་གསང་བའི་དབང་བསྐུར་བའི་དོན་དུ་སྐལ་བ་དང་ལྡན་པས་ཕུལ་ཏེ་ངེས་པར་ཕྱུང་བའི་གནས་སྐབས་སུ་གསོལ་བ་གདབ་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །བླ་མས་ཀྱང་ལྷའི་རྣལ་འབྱོར་དུ་ལྷག་པར་མོས་ཏེ། རང་རིག་པ་མངོན་དུ་བྱས་ལ། ནམ་མཁའི་ཁམས་སུ་འཚེར་བ་ཡི། ཤེས་རབ་པདྨ་ནས་ཕྱུང་སྟེ། ཤེས་རབ་གདོང་ནི་བཅིང་བ་དང༌། །ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ། །མཐེ་བོ་སྲིན་ལག་ལག་གིས་ནི། །སློབ་མའི་ཁ་རུ་ལྷུང་བར་བྱ། །དེས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་ལོངས་སྤྱོད་ཀྱི་སྦུབས་སུ་གཞུག་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་བདག་ཉིད་དུ་སོན་པའོ། །དེས་ཀྱང་ལངས་ཏེ་དེ་ལྟ་བུ་ཉིད་ཀྱིས་སྦྱིན་པར་བྱའོ། །དེ་དག་ནི་གསང་བའི་དབང་བསྐུར་བ་སྟེ། རྡོ་རྗེའི་ངག་རྣམ་པར་དག་པའོ། །དེའི་རྗེས་ལ་སློབ་མའི་ལག་ཏུ་སྟེ། ཕྱག་རྒྱ་ལག་ཏུ་གཏད་བྱ་ཞིང༌། །དེ་བཞིན་གཤེགས་པ་རྣམས་པོར་བྱས། །སྤྱི་བོར་རྡོ་རྗེ་ཡང་དག་ཟུངས། །བླ་མ་རྡོ་རྗེ་ཅན་གྱིས་བརྗོད། །འདི་ནི་ཁྱོད་བཟུང་ལེགས་པ་ཡིན། །སངས་རྒྱས་ཀུན་གྱིས་བརྟན་པར་གསུངས། །འཁོར་ལོ་བསྐོར་བའི་


DTG046_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱིས། །དམ་པའི་བདེ་བ་ཡང་དག་བརྩམ། །འཇིག་རྟེན་གསུམ་འདི་དག་པ་སྟེ། །གཞན་གྱིས་ཀྱང་ནི་སངས་རྒྱས་མིན། །དེ་བས་ལྷན་ཅིག་མི་གནས་པར། །ཁྱོད་ཀྱིས་ནམ་ཡང་བྱ་བ་མིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །བླ་མེད་དངོས་གྲུབ་འབྱུང་མི་འགྱུར། །ཞེས་བརྗོད་ལ་སློབ་མའི་ཕྱིར་ཏེ་སྦྱིན་པར་བྱའོ། །དེ་ནས་རང་ལྷའི་བདག་པོའི་རྣལ་འབྱོར་གྱིས། དེའི་མཚོག་མ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་བ་དང༌། བརླ་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ། ཨོཾ་ཧཱུཾ་སྭ་ཨ་ཧ་ཞེས་པའི་རིག་སྔགས་ཀྱི་ཚོགས་སུ་བྱའོ། །དེའི་རྗེས་ལ་ཧཱུཾ་གིས་ཨས་པདྨ་དང་རྡོ་རྗེ་སྟེ། དེ་དག་གི་ཟེ་འབྲུ་ལ་ཡང་ཨ་དང་ཨོཾ་ཡིག་གོ །བུ་ག་སྒོར་ཡང་ཕཊ་སེར་པོ་བསམ་པར་བྱས་ལ། ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་དད་ཙ་ཏུར་ཨ་ནནད་བྷ་ག་བི་ཤྭ་ཧཱུཾ་ཧཱུཾ་ཀ་ཪྻཾ་ཀུ་རུ་ཤྭ་མེ་ཞེས་པས་པདྨ་བྱིན་གྱིས་བརླབ་བ་དང༌། ཨོཾ་བཛྲ་མ་ཧཱ་དྭེ་ཤ་ཙ་ཏུར་ཨ་ནནད་ད་ཡ་ཀ་ཁཱ་ཁ་མུ་ཁེ་ཀ་ར་སོ་ན་ཐ་ཧཱུཾ་ཧཱུཾ་ཀཪྻཾ་ཀུ་རུ་ཤྭ་མེ་ཞེས་པས་རྡོ་རྗེ་བྱིན་གྱིས་བརླབ་པའོ། །དེ་ནས་བྷ་གར་གཡོན་གྱི་རྩ་གནས་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ། ཅུང་ཟད་སོར་མོས་བསྐྱོད་བྱས་ནས། དེ་ཡང་བླ་མའི་བཀའ་ལས་ཤེས། །དེའི་རྗེས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་དགའ་བ་བརྩམ་པར་བྱའོ། །མཁའ་ཁམས་རྡོ་རྗེ་ཡང་དག་སྦྱོར། །རེག་པས་ངོ་མཚར་ཆེན་པོ་ལས། །གང་ཞིག་བདེ་བ་སྐྱེས་པ་དེས། །མཆོག་ཏུ་དགའ་བར་དེས་བྱེད་པའོ། །མཆོག་དང་དགའ་བྲལ་དབུས་སུ་ནི། །མཚོན་ཞིང་ལྟོས་ལ་བརྟན་པར་གྱིས། །ཞེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཐུགས་རྡོ་རྗེ་རྣམ་པར་དག་པར་བྱེད་པའོ། །དེ་ནས། ཇི་སྐད་གསུངས་པའི་ཆོ་གས་དབང་བསྐུར་སྦྱིན། །སློབ་མའི་མོས་པས་ཡིད་ཀྱི་ཡང་དག་ཤེས། །ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མོས་གྱུར་ན། །དབང་བསྐུར་རིན་ཆེན་ཚིག་གི་སྦྱིན་པར་བྱ། །དགའ་བ་བདེ་བ་ཅུང་ཟད་བདེ། །མཆོག་ཏུ་དགའ་བ་དེ་ལས་ལྷག །དགའ་བྲལ་ཆགས་དང་བྲལ་ཉིད་དེ། །ལྷན་ཅིག་སྐྱེས་དགའ་ལྷག་མའོ། །དང་པོ་རེག་པར་འདོད་པ་དང༌།


DTG046_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བདེ་བར་འདོད་པ་སྟེ། །གསུམ་པ་ཆགས་པ་ཉམས་པ་སྟེ། །དེ་ནས་བཞི་པ་བསྒོམ་པར་བྱ། །རྣམ་པ་སྣ་ཚོགས་དང་པོའི་དགའ། །མཆོག་ཏུ་དགའ་བ་རྣམ་པར་སྨིན། །དགའ་བྲལ་རྣམ་པར་ཉེད་པ་སྟེ། །ལྷན་སྐྱེས་མཚན་ཉིད་བྲལ་བའོ། །རྣམ་པ་སྣ་ཚོགས་སྣ་ཚོགས་བརྗོད། །འོ་དང་འཁྱུད་པ་ལ་སོགས་ལ། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཉེར་ལོངས་སྤྱོད། །རྣམ་པར་ངེས་པ་གྲོགས་སུ་བརྗོད། །བདག་གིས་བདེ་བ་ཟོས་པའོ། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །དེས་ན་འདི་སྐད་དུ་གསུངས་ཏེ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་ཏེ། །གསུམ་པོ་སྤངས་པས་འདི་ཉིད་ན། །ལྷན་ཅིག་སྐྱེས་པ་རྟོགས་པར་བརྗོད། །ཅེས་དབང་བསྐུར་བ་ཐོབ་པ་ནི་བྱ་བ་བྱས་པའོ་ཞེས་བརྗོད་དེ། དེང་དུས་བདག་ཚེ་འབྲས་བུར་བཅས། །བདག་གིས་གསོན་པ་འགྲས་བུ་སྟེ། །དེ་རིང་སངས་རྒྱས་རིགས་སུ་སྐྱིས། །བདག་ནི་ད་ལྟར་སངས་རྒྱས་སྲས། །གཞན་ཡང་འདིར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པའི་བཀས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་དང༌། དབང་བསྐུར་བ་སོ་སོ་ལ་བླ་མའི་དོན་དུ་གོས་གསུམ་དང་ཡོན་དབུལ་བར་བྱའོ། །མ་འབྱོར་བར་གྱུར་ན་དང་པོ་དང་བར་མ་དང་ཐ་མར་རོ། །ཐམས་ཅད་དུ་འབྱོར་པར་མ་གྱུར་པའི་ཕྱོགས་ལ་ནི། ཀུན་ཕྱོགས་གཅིག་ཏུ་བྱས་ཏེ། ཐོག་མ་ཉིད་དུ་གོས་གསུམ་དང་ཡོན་གྱི་བར་དུ་དབུལ་བར་བྱའོ།། ཡང་མ་འབྱོར་ན་ཇི་ལྟར་གང་ཡང་རུང་བ་སྟེ། བླ་རེ་དང་འཕན་རྣམས་ཏེ། རས་བལ་འཇམ་པོའི་སྟན་མཐོན་པོ་དང༌། གསེར་གྱི་སོར་གདུབ་ངེས་པར་དབུལ་བར་བྱའོ། །དེ་བཞིན་དུ་སྦྱིན་སྲེག་དང་རབ་ཏུ་གནས་པ་ལ་ཡང་ངོ་ཞེས་པའོ། །དེ་ནས། སྦྱིན་སྲེག་བྱ་ཞིང་གཏོར་མ་སྦྱིན། །འགྲོ་མཆོག་རྣམས་ཀྱང་གདུལ་བྱ་ཞིང༌། །དེ་རྗེས་དགེ་འདུན་ཆོས་སྟོན་བྱ། །མགོན་མེད་ཕོངས་པ་ཚིམ་པར་བྱའོ། །ཞེས་འདི་དག་ཐམས་ཅད་ཀྱི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བཅས་པའི་ལག་པར་བྱའོ། །དེ་ལ། རྡོ་རྗེ་སོར་ནི་བརྒྱད་ནས་བརྩམས། །ཉི་ཤུ་རྩ་གཉིས་གྲངས་མཉམ་བྱ། །རྡོ་རྗེ་བརྒྱད་ནི་


DTG046_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལས་བྱས། །གསེར་དང་ར་གན་སོགས་འབྱུང་བའོ། །རྡོ་རྗེ་ཞེས་བྱ་རྣམ་པ་གསུམ། །རྩེ་གསུམ་རྩེ་ལྔ་རྩེ་དགུ་པའོ། །ཡང་ན་རྣམ་པ་གཉིས་དབྱེ་སྟེ། །ཞི་དང་མ་ཞིའི་དབྱེ་བས་སོ། །བཞི་པ་སྣ་ཚོགས་རྡོ་རྗེ་ནི། །རྩེ་མོ་ལྔ་པ་གདོང་བཞི་པའོ། །དབུས་མ་གཟུང་བའི་གནས་ཡིན་ཏེ། །མཐའ་ཡི་རྩེ་མོ་དེ་ཡི་ཚད། །ཆུ་སྲིན་སྤེལ་བ་མཐའ་དང་མཐར། །ཆུ་སྲིན་ཁ་ནས་བྱུང་བའོ། །ཁ་སྦོམ་རྩེ་མོ་བགས་ཀྱིས་ཕྲ། །རྩེ་མོ་རྒུ་ཞིང་རིམ་གྱིས་རྣོ། །ཕྱོགས་ཀྱི་ཆ་ལས་མ་འདས་པ། །དབུས་མའི་རྭ་ནི་ནས་ཀྱི་དབྱིབས། །རྭ་བཞི་ཡི་ནི་བར་དག་ཀྱང༌། །དབུས་ཀྱི་རྭ་དང་བར་མཚམས་བྱ། །རྡོ་རྗེ་དང་ནི་རྗེས་མཐུན་པར། །ཆུང་དུ་གོར་གཉིས་ཆ་བསྐྱེད་བྲི། །རྩེ་མོ་ཕན་ཚུན་མཉམ་བྱ་ཞིང༌། །དབུས་མ་ལ་ནི་ཅུང་ཟད་བསྙུང༌། །རྭ་བརྒྱད་རྩ་བའི་ཡན་ལག་ཏུ། །པདྨའི་ཁ་ཁྱེར་སྐ་རགས་བཏགས། །དབུས་ཀྱི་ཆ་ནི་ཅུང་ཟད་ཙམ། །སྐ་རགས་ལས་ནི་ལྷག་པར་བྱ། །ཕན་ཚུན་མཉམ་པའི་ལྷག་མ་ནི། །རིམ་གྱིས་ཉིས་འགྱུར་མཐོན་པོར་བྱ། །ཆུ་སྐྱེས་འདབ་མ་བརྒྱད་མཛེས་པའི། །ཁ་ནི་རྩ་བར་ཕྲེང་བ་གཉིས། །ཞེས་པ་ནི་རྡོ་རྗེའི་མཚན་ཉིད་དོ། །དྲིལ་བུའི་དྲུག་ཆ་ཀུན་ནས་ཞལ། །དེ་ལ་ཆ་བཞི་དག་པ་ཡི། །ཁར་བའི་རང་བཞིན་ལས་ནི་བྱ། །གཞན་ནི་གཞན་ལས་བསྒྲུབ་པ་ཡིན། །དྲིལ་བུ་དེའི་ནི་ནང་གི་ཁར། །ཞེང་དང་ཆུ་རུ་མཉམ་པར་བྱ། །ཁ་ཁྱེར་ཨུཏྤལ་བརྒྱད་ཆ་ཡིན། །གཞན་ལ་བུམ་པའི་ཆ་དང་ནི། །སྟེང་གི་ཆ་ནི་གཉིས་ཡིན་ཏེ། །ངོས་སུ་ཤེས་རབ་གདོང་པ་བྱ། །གདོང་དེ་སྔར་གྱི་རྡོ་རྗེ་ཕྱེད། །ཉིད་དེ་རྡོ་རྗེ་ཕྱེད་འདྲ་བྱ། །དེ་ལྟར་སོར་བརྒྱད་ལ་སོགས་པའི། །དྲིལ་བུའི་རྡོ་རྗེ་མཐུན་པར་སྦྱར། །ཅུང་ཟད་ཆུ་སྐྱེས་ཁ་བྱེ་བའི། །ཁའམ་ཡང་ན་ཁ་ལ་མཆུ། །ཞེས་པ་ནི་དྲིལ་བུའི་མཚན་ཉིད་དོ། །རྡུལ་ཚོན་གྱི་གཞིའི་ཁ་དོག་གི་དབྱེ་བ་བརྗོད་པའི་དོན་དུ་གསུངས་པ། ཤར་དུ་ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་རིགས་པར་ཉི་མ་དང༌། ཟླ་བ་ལ་སོགས་པ་ལ་གནས་པའོ། །རྡོ་རྗེ་ཞེས་པ་ནི་རྩེ་ལྔ་པའོ། །འཁོར་ལོ་ནི་རྩིབས་བརྒྱད་པའོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ནི་རིན་པོ་ཆེ་སེར་པོ་ཆ་དགུ་པ་དང༌། པདྨ་དམར་པོ་དང༌།


DTG046_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ལྗང་གུ་སྟེ་ནང་གི་རིམ་པའི་ཕྱོགས་རྣམས་སུའོ། །མཚམས་རྣམས་སུ་ནི་འཁོར་ལོ་དང༌། རྡོ་རྗེ་དང༌། པདྨ་དང༌། ཨུཏྤལ་རྣམས་སོ། །ཕྱི་རོལ་གྱི་རིམ་པའི་སྒོ་རྣམས་སུ་ནི་ཐོ་བ་ནག་པོ་དང༌། དབྱུག་པ་དཀར་པོ་དང༌། པདྨ་དམར་པོ་དང༌། རལ་གྲི་ལྗང་གུའོ། །ཕྱི་རོལ་གྱི་འཕར་མའི་གྲྭ་རྣམས་ལ་ཡང་ཐོད་པ་རྣམ་པ་བཞིའོ། །ཕྱག་མཚན་ཀུན་དུ་ཞལ་དང་མཚུངས། །ཞེས་བྱ་བ་ནི་ལྷ་རྣམས་རང་ཉིད་ཀྱི་ཞལ་གཙོ་བོའི་སྐུ་མདོག་དང་པོའི་ཁྲུ་གང་ཙམ་ཞེས་པའི་འོག་ན་གནས་པའི་རིན་ཆེན་སོར་གཉིས་པ་དང༌། རྡོ་རྗེ་སོར་དྲུག་པ་བོར་བ་སྟེ། ཡུ་བ་ཁྲུ་གང་གི་ཚད་དོ། །དེའི་སྟེང་དུ་ཡུ་བའི་སྟེང་དུ་གནས་པ་སྟེ། སྐ་རགས་ཀྱིས་བཅིངས་པ་སོར་བཞི་པ་ལས་ཏེ་སྟེང་དུ་དཀྱིལ་འཁོར་ཞེས་པ་སྟེ་གྲུ་བཞི་པའོ། །དེ་དག་ཐམས་ཅད་ཀྱི་ཚད་ཇི་ཙམ་ཞེན་གསུངས་པ། སོར་བཞི་པའི་ཚད་ཅེས་པའོ། །གཏིང་དུ་སོར་གཉིས་ཞེས་པ་ནི་སོར་བཞི་པ་དང་ལྡན་པ་ལ་སོར་གཉིས་གཏིང་དུ་བྲུ་བ་སྟེ། ཞེང་དུ་སོར་བཞི་པ་ལ་གཏིང་དུ་སོར་ཕྱེད་བོར་བ་བྲུ་བ་སྟེ། དཀྱིལ་དུ་ནི་རྩེ་གསུམ་པའི་རྡོ་རྗེ་སོར་གཉིས་པའོ་ཞེས་པ་སྟེ། མན་ངག་གོ །བཅུད་འཛག་ཁུང་བུ་ཞེས་པ་ནི་དགང་གཟར་གྱི་མགོ་བོར་གནས་པ། པདྨའི་འདབ་མའི་རྣམ་པ་ཞེང་དུ་སོར་བརྒྱད་པ། ཟབས་སུ་སོར་གཉིས་པའི་དབུས་སུ་རྒྱར་སོར་བཞི་པ་བརྐོས་པར་གནས་པའི་རྡོ་རྗེ་རྩེ་གསུམ་པ་སོར་བཞིའི་ཚད་ཀྱི་དགང་གཟར་ལ་མར་འཛག་པའི་དོན་དུ་སོར་ཕྱེད་ཀྱི་བུག་པ་གང་ཡིན་པ་དེ་ནི་སོར་ཕྱེད་དེ་བཅུད་འཛག་ཁུང་བུའོ། །དེ་ལྟ་བུ་འདི་ནི་ཁྲུ་དོ་པའི་ཚད་ཀྱི་དགང་གཟར་རོ། །བླུགས་གཟར་པདྨའི་འདབ་འདྲ་ཞེས་པ་ནི། བླུགས་གཟར་ཁྲུ་ཕྱེད་དང་གཉིས་པ་སྟེ། དེ་ཡང་འོག་ཏུ་རྡོ་རྗེ་རྩེ་ལྔ་པ་སོར་གཉིས་པ་དེའི་འོག་ཏུ་རིན་པོ་ཆེ་སོར་གཅིག་པའོ། །དེའི་སྟེང་དུ་ཡུ་བ་ཁྲུ་གང་པའོ། །དེའི་སྟེང་དུ་ཡང་སྐ་རགས་སོར་གསུམ་པས་ཉེ་བར་བརྒྱན་པའོ། །དེའི་སྟེང་དུ་སོར་དྲུག་པའི་ཚད་ཀྱི་པདྨའི་རྣམ་པའོ། །རྡོ་རྗེ་རྩེ་གསུམ་སོར་གསུམ་པས་བླུགས་གཟར་རོ། །རྒྱུད་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་དོན་དུ་དཀྱིལ་འཁོར་དུ་ནི་མ་ཞུགས་ཞེས་བྱ་བ་ལ་སོགས་པ་སྟེ། གཤིན་རྗེའི་གཤེད་ཀྱི་རྒྱུད་ལ་བརྟེན་ནས་མཆོད་པ་དང་དད་པ་ཙམ་གྱིས་ཞེས་པ་ལྷག་མའོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། ནག་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དབང་


DTG046_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མཆོག་གི་རྒྱུད་དང་འབྲས་བུའི་ཚུལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་མཁྱེན་ཏོ་ཞེས་པའི་དོན་ཏོ། །རྡོ་རྗེའི་ཚིག་ཅེས་པ་ནི་རྡོ་རྗེ་སེམས་དཔའི་ངེས་པའི་ཚིག་སྟེ་དངོས་པོའི་རང་བཞིན་བརྗོད་པ་ནི་དཀྱིལ་འཁོར་དུ་ནི་མ་ཞུགས་ཞེས་བྱ་བ་ལ་སོགས་པའོ། །སློབ་མས་དཀྱིལ་འཁོར་དུ་གསར་དུ་འཇུག་པའི་དོན་དུ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འབྱུང་བ་བཞིའི་ས་བོན་ཞེས་པ་རླུང་དང་མེ་དང་ས་དང་ཆུ་སྟེ་འབྱུང་བ་ཆེན་པོའི་ས་བོན་ཡཾ་རཾ་ལཾ་བཾ་ཡི་གེ་རྣམས་ཀྱིས་སོ། །འཁོར་ལོ་བཞི་ཞེས་པ་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་སོ། །གནས་བཞི་ཞེས་པ་ནི་རྐང་པའི་འོག་དང༌། ལྟེ་བ་དང༌། སྙིང་ག་དང༌། མཚོག་མར་རོ། །རིམ་པ་ཇི་ལྟ་བ་བཞིན་དུ་གནས་རྣམས་སུ་ས་བོན་གྱི་ཡི་གེ་བརྗོད་པའི་དོན་དུ་རྐང་པ་ཞེས་བྱ་བ་ལ་སོགས་པའོ། །འཁོར་ལོ་བཞི་བསྟན་པའི་དོན་དུ་གསུངས་པ། གཞུའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། གྲྭ་གཉིས་སུ་གཡོ་བའི་བ་དན་གཉིས་དང་ལྡན་པའོ། །གྲུ་གསུམ་ཞེས་བྱ་བ་ནི་ཟུར་གསུམ་མོ། །བ་ནེ་ཞེས་པ་ནི་མེའི་དཀྱིལ་འཁོར་རོ། །རྡོ་རྗེ་ཅན་ནི་འཛིན་བཟོད་པ། །ཞེས་བྱ་བ་ནི་རྡོ་རྗེ་རི་བོ་འཛིན་པར་བཟོད་པའོ། །རྡོ་རྗེ་རི་བོ་དེ་ཉིད་བསྟན་པའི་དོན་དུ་རི་རབ་ཅེས་བྱ་བ་ལ་སོགས་པ་སྟེ། སྤྲིན་ཞེས་པ་ནི་ཚོགས་རྣམས་སོ། །བསིལ་བ་ཆེན་པོ་ཞེས་ཇི་སྐད་གསུངས་པའི་དོན་གསུངས་པའོ། །གངས་ཀྱི་རི་བོ་ཞེས་བྱ་བ་ལ་སོགས་པ་ལ་གངས་ཀྱི་རི་བོ་ནི་ཁ་བའིའོ། །འབེབས་ཞེས་པ་ནི་ལུས་ལ་འབེབས་པའོ། །ངག་ལ་འབེབས་པའི་དོན་གསུངས་པ། རྡོ་རྗེ་སྣང་བ་མཐའ་ཡས་སྦྱོར་བ་ཞེས་བྱ་བ་སྟེ། ཕེབས་པའི་སློབ་མའི་ལྕེ་ལ་ཡི་གེ་ཨ་དམར་པོ་ཡོངས་སུ་གྱུར་པའི་ཉི་མ་ལ་ཧྲཱིཿ་ཡིག་དམར་པོ་བལྟས་པ་དེ་ཉིད་སྣང་བ་མཐའ་ཡས་སུ་བལྟ་བར་བྱའོ། །དེ་ལ་ཞེས་པ་ནི། དེའི་ཚེ་སྣང་བ་མཐའ་ཡས་སུ་རྫོགས་ནས་སོ། །དྲི་བའི་དམ་ཚིག་ཅེས་པ་ནི་དྲི་ཞིང་ཞུ་བ་སྟེ། ཇི་སྐད་དུ་གསུངས་པའི་འབྱུང་བ་བཞི་པོ་བསྒོམས་པས་རང་གི་བསོད་ནམས་ཀྱི་སྟོབས་ལས་གང་ཡང་རུང་བའི་སེམས་བཀུག་པ་གང་གི་རྟགས་དེ་བསྟན་པའི་དོན་དུ་ཁྲུ་གང་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནས། རིན་ཆེན་ཅོད་པན་སོར་དྲུག་པ། །ཞེས་བྱ་བའི་བར་རྟོགས་པར་


DTG046_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སླ་ཞེས་པ་སྟེ་མ་བཤད་དོ། །གནོད་སྦྱིན་མོ་བསྒྲུབ་བའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། གནོད་སྦྱིན་མོ་ནི་བསྒྲུབ་དུས་སུ། །ཞེས་བྱ་བ་ནི་གནོད་སྦྱིན་མོ་བསྒྲུབ་པར་འདོད་པའི་དུས་སུ་སྟེ་སྔོན་མོ་ཆེ་ཞེས་ལྷག་མའོ། །ས་བོན་མ་གསུངས་པ་ཡང་མན་ངག་གི་ཧཱུཾ་ཡིག་ལས་སྐྱེས་པའོ། །དེ་ཡང་གཞལ་ཡས་ཁང་ཡོངས་སུ་རྫོགས་པ་ནི་གཤིན་རྗེའི་གཤེད་ཀྱི་གཞལ་ཡས་ཁང་བཞིན་ནོ། །འདི་དག་ཐམས་ཅད་ནི་ཕྱག་གཉིས་པ་ཡིན་ལ། ཐོ་བ་ལ་སོགས་པ་ནི་ཕྱག་དྲུག་པ་ཉིད་དོ། །སྔར་གྱི་དཀྱིལ་འཁོར་ཞེས་པ་ནི་རྡུལ་ཚོན་བཀྱེ་བའི་དཀྱིལ་འཁོར་གྱི་འཁོར་ལོའོ། །བཞིན་ཏེ་གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་བཞིན་ནོ། །བདག་པོའི་མཚན་མ་འཛིན་ཞེས་པ་ནི་རལ་གཅིག་མ་བཞིན་ཐོད་པ་དང་གྲི་གུག་འཛིན་པའོ། །དོན་ནི་འདི་ཡིན་ཏེ། རལ་གཅིག་མའི་རྣལ་འབྱོར་དང་ལྡན་པས་སྔགས་ཀྱི་ཡི་གེ་འབུམ་ཅད་མི་སྨྲ་བར་བཟླས་ཏེ། གང་གི་ཚེ་གནོད་སྦྱིན་མོ་བསྒྲུབ་པ་དེའི་ཚེ་གཞོན་ནུ་མས་བཀལ་བའི་སྐུད་པ་ལ་རས་ཁ་ཚར་མ་བཅད་པ་ལས་གནོད་སྦྱིན་མོ་བྲིས་པའི་ཐད་ཀ་བྱ་སྟེ། དེ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལང་ཚོ་ཕུན་སུམ་ཚོགས་པ་དང༌། སྒེག་པའི་ཉམས་དང༌། མེ་ཏོག་དང༌། འབྲས་བུར་བཅས་པའི་མྱ་ངན་མེད་པའམ། པ་ཏའམ། ཨ་མྲའི་ཤིང་རྣམས་གང་ཡང་རུང་བའི་ཡལ་ག་ལག་པ་གཡོན་པས་འཛིན་ཅིང་གཡས་པས་མཆོག་སྦྱིན་པའོ། །དེའི་མདུན་དུ་མེ་ཏོག་དང༌། སྤོས་དང༌། བཤོས་གཙང་ལ་སོགས་པ་སྦྱིན་ཏེ། དབེན་པའི་གནས་སུ་རལ་གཅིག་མའི་རྣལ་འབྱོར་དང་ལྡན་པས་སྔགས་བཟླས་པར་བྱས་ན་ཉི་མ་བདུན་གྱིས་འོང་བར་འགྱུར་རོ། །འོང་བར་གྱུར་ན་དྲི་ཞིམ་པོའི་མེ་ཏོག་གི་ཆུ་མཆོད་ཡོན་དུ་སྦྱིན་པར་བྱའོ། །དེ་ནས་ལས་སྒྲུབ་པར་འགྱུར་རོ། །མ་དང་སྲིད་མོ་དང༌། ཆུང་མ་སྟེ་གང་ཡང་རུང་བ་ངེས་པར་སྨྲ་བར་བྱའོ། །དེ་ལྟ་བུས་དེས་ཐ་སྙད་དུ་བྱེད་པར་འགྱུར་རོ། །གཞན་དུ་ན་གསོད་པར་བྱེད་ཅེས་སོ། །ཡང་ན་ངག་པོའི་བཅུ་བཞིའམ། བརྒྱད་པའི་ཚེས་གང་ཡང་རུང་བ་ལ་སྤང་ལེབ་ལ་སྔར་བཞིན་དུ་བྲི་བར་བྱས་ལ། རལ་གཅིག་མའི་རྣལ་འབྱོར་ལས་སྙིང་གའི་ས་བོན་གྱིས་བཀུག་སྟེ། ཐོ་བ་ལ་སོགས་པའི་སྔགས་བཞིན་ཉེ་བ་ཉིད་དུ་བཀུག་པ་དང༌། རི་མོ་ལ་


DTG046_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་པ་དང་བཅིང་བ་དང༌། དབང་དུ་བྱས་ལ་སྐྱེ་གནས་ལག་པས་བཀབ་ལ་སྔགས་བཟླ་བར་བྱའོ། །གཞན་དུ་ཅང་མི་སྨྲ་བས་སོ། །དེ་ནས་ཉི་མ་བདུན་གྱིས་འོང་བར་འགྱུར་རོ། །འོངས་ནས་སྒྲུབ་པོའི་སྟོབས་ཀྱིས་འདོད་པར་བྱེད་ཅིང་རྩེ་བ་སྣ་ཚོགས་པ་ཡང་སྟོན་པར་འགྱུར་རོ། །འཇིགས་པ་ཡང་སྟོན་པར་བྱེད་དོ། །འོན་ཀྱང་འཇིགས་པར་མི་བྱ་ཞིང་སྨྲ་བར་ཡང་མི་བྱའོ། །དེ་ནས་བདེ་བླག་ཏུ་གྱུར་པའི་རྗེས་ལ་དངོས་གྲུབ་ཏུ་འགྱུར་ཞིང་རྣལ་འབྱོར་པ་གང་ཡིན་པར་མངོན་པར་འདོད་པ་དེ་དང་རྩེ་བར་བྱེད་དོ། །དེ་ནས་ཀྱང་མ་གྲུབ་ན་དེའི་ཚེ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་རམ། རལ་གཅིག་མའི་རྣལ་འབྱོར་གྱིས་རང་གི་སྙིང་གའི་ས་བོན་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས་པ་དང༌། ལྕགས་ཀྱུ་རྣམས་ཀྱིས་སྐྱེ་གནས་ཕུག་ལ། ཞགས་པས་སྐེ་ནས་བཅིངས་ཏེ་བཀུག་ནས་རི་མོ་ལ་གཞུག་པར་བྱའོ། །དེའི་མགོ་བོ་ཉིད་ལ་གཤིན་རྗེ་མཐར་བྱེད་བསྐལ་པའི་མེ་དང་མཉམ་པར་བསམ་པར་བྱ་ཞིང་འོག་ནས་ཀྱང་རེ་ཕས་མེའི་ཐབ་ཁུང་སྟེ། དེ་ནས་ང་རྒྱལ་དང་བཅས་པས་དེར་བཀུག་སྟེ་གཤིན་རྗེ་གཤེད་པོའི་སྔགས་པས་རལ་གཅིག་མའི་སྔགས་བཟླས་པར་བྱས་ནས་ངེས་པ་ཉིད་དུ་ཉི་མ་བདུན་ན་འགྲུབ་པར་འགྱུར་རོ། །དེ་ནས། པུཀྐ་སཱི་ནི་རབ་ཏུ་བསྒྲུབ། །ཅེས་བྱ་བ་ལ་དེའི་དངོས་གྲུབ་ནི་པུཀྐ་སཱི་ཞེས་པ་སྟེ་དེ་ནི་སྙིང་པོ་འདོན་པར་བྱེད་པའོ། །སྐུ་མདོག་སེར་མོ་ཞེས་བྱ་བ་ནི་གོ་སླ་སྟེ། པུ་ཡིག་གི་ས་བོན་ལས་སྐྱེས་པ་ཞེས་པ་ལྷག་མའོ། །པུཀྐ་སཱི་ཨཱི་ལས་ཞེས་བྱ་བ་ནི་སྙིང་འཁྲུག་པའི་ལས་སོ།། དོན་ནི་འདི་ཡིན་ཏེ། དེ་ལྟ་བུའི་རྣལ་འབྱོར་པས་ལྕེ་ལ་ཛ་ཡིག་དམར་པོ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་བསྒྲུབ་བྱའི་སྙིང་ཕུག་སྟེ། སྙིང་ཁཾ་ཡིག་དཀར་པོར་བསམ་པར་བྱ་སྟེ། དེ་ནས་དེའི་སྙིང་འོད་ཟེར་དེ་རྣམས་ཀྱིས་བཀུག་སྟེ། རང་གི་སྙིང་ལ་ཞུགས་པར་བསམ་པར་བྱའོ། །ཞགས་པ་ནི་གཡོན་དུའོ། །ཐོ་པ་ནི་གཡས་པར་རོ། །གཡས་པ་ན་མདའོ། །གཞུ་ནི་གཡོན་པ་སྟེ། དེ་ཡང་ཞགས་པ་ནི་དེའི་སྐེ་ནས་འཆིང་བར་བྱེད་དོ། །ལྕགས་ཀྱུ་ནི་འགུག་པར་བྱེད་དོ། །གཞུ་ནི་བཀང་སྟེ་སྙིང་གི་གནས་སུ་མདའ་རྡེག་པར་བྱེད་དོ། །ཨོཾ་པུཀྐ་པུཀྐ་ཆེ་གེ་མོའི་


DTG046_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པུཀྐ་ཞེས་བྱ་བ་འདི་ནི་ཡི་གེ་འབུམ་སྔོན་དུ་བསྙེན་པར་བྱའོ། །མི་སྣང་བའི་དོན་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འཇམ་པའི་རྡོ་རྗེ་རབ་བསྒྲུབ་པ་ནི་འཇམ་པའི་རྡོ་རྗེ་རབ་ཏུ་གྲུབ་ནས་བསྒྲུབ་པའོ། །སེར་པོ་ཞེས་པ་ནི་རྩ་བའི་ཞལ་སེར་པོའོ། །གཡས་པ་དང༌། གཡོན་པ་དག་ནི་དཀར་པོ་དང་སྔོན་པོའོ། །མན་ངག་ལས་ནི་གཡས་པ་ན་རལ་གྲི་དང༌། མདའ་དང་གྲི་གུག་འཛིན་པའོ། །གཡོན་པ་ན་ཨུཏྤལ་སྔོན་པོ་དང་གཞུ་དང་ཐོད་པ་འཛིན་པ་དང༌། ཕྱག་ཅེས་པ་ནི་གཡས་པའི་ཕྱག་དང་པོའོ་།འཁོར་ལོ་ལ་སོགས་གཞན་ལ་དགོད། །ཅེས་བྱ་བ་ནི་ཕྱག་གཞན་ལྷག་མ་རྣམས་སུའོ། །གཏི་མུག་གཤིན་རྗེའི་གཤེད་ལ་སོགས་པ་བཞིན་དུ་མཚན་མ་འཛིན་པའོ། །སྙིང་པོ་བསྡུས་པ་ཞེས་བྱ་བ་ནི་སྙིང་པོར་གྱུར་པའོ། །ཕྱག་མཚན་གྱི་གཙོ་བོ་བསྟན་པའི་དོན་དུ་གསུངས་པ། མྱ་ངན་མེད་འདབ་ཅེས་བྱ་བ་སྟེ། མེ་ཏོག་དང་འབྲས་བུར་བཅས་པའི་མྱ་ངན་མེད་པའི་ཡལ་འདབ་བོ། །ཡལ་ག་ཞེས་པ་ནི་བྱང་ཆུབ་ཀྱི་ཤིང་གི་ཡལ་གའོ། །དབྱིག་པ་ཞེས་པས་ནི་དབྱི་གུ་གསུམ་པའོ། །འདི་རྣམས་ཀྱང་ཕྱག་གཉིས་པའི་ཕྱིར་ན་གཞན་གྱིས་ནི་སྡིགས་མཛུབ་ཅན་ནོ། །སྐུ་མདོག་བསྟན་པའི་དོན་དུ་གསུངས་པ། སེར་དང་ཞེས་བྱ་བ་ལ་སོགས་པ་རིམ་པ་ཇི་ལྟ་བ་བཞིན་དུའོ། །ཐོབ་ལ་སོགས་པ་ནི་སྔར་བཞིན་ནོ། །བསྒོམ་ཞེས་པ་ནི་འདི་ལྟ་བུའི་བཅོམ་ལྡན་འདས་སོ། །མཐོང་བར་མི་འགྱུར་ཞེས་པ་ལ། ཙ་ཡིག་ནི་བདག་ཉིད་སྙིང་རྗེའི་དབང་གིས་སྟོན་པར་ཡང་བྱེད་དོ། །གང་དུ་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་སྟོན་པ་དེ་བཞིན་དུ་ལེའུ་འདི་ཡང་ངོ༌། །ལེའུ་བཅུ་བཞི་པའི་བཤད་པ་རྫོགས་སོ།། །།


previousལེའུ་བཅུ་བཞི་པ། འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བཤད་པ།next