Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་ལྔ་པ། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་ཀྱི་རིམ་པར་ཕྱེ་བའི་བཤད་པ།
   
   
   
  expand section


 
previousལེའུ་བཅོ་ལྔ་པ། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་ཀྱི་རིམ་པར་ཕྱེ་བའི་བཤད་པ།next

ལེའུ་བཅོ་ལྔ་པ། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་ཀྱི་རིམ་པར་ཕྱེ་བའི་བཤད་པ།


DTG046_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་ཕུཿ་ལས་ཡང་དག་བྱུང༌། །ཞེས་བྱ་བ་ནི་སྔར་བཞིན་དུ་གཞལ་ཡས་ཁང་ལ་སོགས་པ་ཡོངས་སུ་རྫོགས་པའི་རྗེས་ལ་སྟེ། ཨ་ལ་སོགས་པ་རྣམས་ཀྱིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། ཀ་ལ་སོགས་པས་ནི་མཉམ་པ་ཉིད་དང༌། ཕུཿཡིག་ལས་བྱུང་བའི་སྤྲུལ་ནི་སོ་སོར་རྟོག་པ་དང༌། སྤྲུལ་གྱི་སྙིང་གར་ཡང་ཡི་གེ་ཕུཿནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །མེ་ལོང་ལ་སོགས་པ་གཅིག་ཏུ་གྱུར་ན་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཏེ། དེ་ལས་སྐྱེས་པའི་ཕུཿ་ཡིག་ཅེས་བྱ་བ་ནི་རྡོ་རྗེ་སེམས་


DTG046_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྫོགས་ཏེ། ཕྱག་ན་སྦྲུལ་རྣམས་ཞེས་པ་ནི་གཡས་པའི་ཕྱག་ནའོ། །གཡས་པའི་ཕྱག་གཞན་དག་ནི་རལ་གྲི་དང་རལ་གྲི་གུག་འཛིན་པའོ། །གཡོན་པའི་ཕྱག་གསུམ་དུ་འཁོར་ལོ་དང༌། པདྨ་དང༌། ཐོད་པ་བསྣམས་པའོ། །རྨ་བྱ་ལ་ནི་ཞོན་ཞེས་པ་ནི་རྨ་བྱ་ལ་ཆིབས་པའོ། །རྨ་བྱ་ལ་སོགས་པ་རིམ་པ་བཞིན་དུ་ཕྱག་གཡས་པའི་མཚན་མ་བསྟན་པའི་དོན་དུ་གསུངས་པ། སྒྲོ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྒྲོ་ནི་རྨ་བྱའི་སྒྲོའི་ཚོགས་སོ། །ཡལ་ག་ནི་བྱང་ཆུབ་ཀྱི་ཤིང་གི་ཡལ་གའོ། །ལྕགས་སྒྲོག་ནི་རྡོ་རྗེ་ལུ་གུ་རྒྱུད་དོ། །འདི་རྣམས་ཀྱི་རིམ་པ་ཇི་ལྟ་བར་ཁ་དོག་དབྱེ་བ་བསྟན་པའི་དོན་དུ་གསུངས་པ། སེར་དང་ཞེས་བྱ་བ་ལ་སོགས་པའོ། །འདི་རྣམས་ཀྱི་ཕྱག་མཚན་ཇི་སྐད་གསུངས་པའི་བར་དུ་ནས་ཕྱག་གཞན་རྣམས་སུ་ཡང་གཏི་མུག་གཤིན་རྗེའི་གཤེད་ལ་སོགས་པ་བཞིན་དུ་ཕྱག་མཚན་རྣམས་སོ། །མེ་ཏོག་ལ་སོགས་པ་ཞེས་བྱ་བ་ནི་སྔར་བཞིན་དུ་ཕྱག་གཉིས་པ་ཉིད་དོ། །དེ་ལྟར་བསྒོམ་པ་ཡོངས་སུ་རྫོགས་པ་དང༌། ཆུའི་དཀྱིལ་འཁོར་དུ་ལཾ་ཡོངས་སུ་གྱུར་པ་ལས་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་བསྒོམ་པར་བྱའོ། །ཀུ་རུ་ཀུལླེ་ཡང་རྡོ་རྗེའི་རབ་དང་རྡོ་རྗེའི་གུར་བསྐྱེད་པའི་མཐར་ཐམས་ཅད་སྔ་མ་བཞིན་ནོ། །ཁྱད་པར་ནི་མངོན་པར་བྱང་ཆུབ་པ་ལྔ་སྟེ། ས་བོན་ལས་ཨུཏྤལ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ལ། དེའི་ལྟེ་བར་ཟླ་བ་ལ་གནས་པའི་ས་བོན་ལས་སྤྲོས་པ་དང་བསྡུས་པ་ནི་བྱ་བ་གྲུབ་པ་དང༌། ཐམས་ཅད་རོ་གཅིག་ཏུ་གྱུར་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་སོ། །དེ་ལས་བྱུང་བའི་ཧྲཱིཿ་ཡིག་ནི་རྡོ་རྗེ་སེམས་དཔའོ། །ཕྱག་བརྒྱད་དུ་ནི་ཀླུ་དགོད་དེ། །ཞེས་བྱ་བ་ནི་གཡས་པའི་ཕྱག་བཞིར་མཐའ་ཡས་དང༌། འཇོག་པོ་དང༌། རིགས་ལྡན་དང༌། དུང་སྐྱོང་རྣམས་རིམ་པ་ཇི་ལྟ་བར་ཨུཏྤལ་སྔོན་པོ་ལྟར་སྔོ་བསངས་དང༌། དམར་པོ་དང༌། མདོག་སྣ་ཚོགས་དང༌། སེར་པོ་རྣམས་སོ། །གཡོན་པར་ཕྱག་བཞིར་ནི་པདྨ་དང༌། སྟོབས་ཀྱི་རྒྱུ་དང༌། ནོར་བདག་དང༌། པདྨ་ཆེན་པོ་རྣམས་རིམ་པ་ཇི་ལྟ་བར་དཀར་པོ་དང༌། ནག་པོ་དང༌། སེར་པོ་དང༌། དཀར་བསངས་ཀྱི་མདོག་རྣམས་སོ། །ཀླུ་འགུགས་པར་བྱེད་པ་གསུངས་པ། འདིས་ནི་ཆར་འབེབས་


DTG046_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནུས་མཐུ་འབྱུང་བ་ཉིད་དོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཁམ་ཕོར་སོ་མ་བཏང་བ་ལ་རམས་ཀྱི་ཁུ་བས་རལ་གྲི་རྩིབས་བརྒྱད་པའི་འཁོར་ལོའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བྲིས་ལ། ལྟེ་བར་ཀུ་རུ་ཀུལླེའི་སྔགས་བསྒྲུབ་བྱའི་ཀླུའི་མིང་དང་སྤེལ་ཏེ་བྲི་བར་བྱའོ། །ཨོཾ་ཀུ་རུ་ཀུལླེ་ཧྲིཿ་ཨཱ་མོ་གྷ་ནཱ་ག་ཨཱ་ཀཪྵ་ཡ། བྷར་ཤ་ཡ། ཏར་ཛ་ཡ། གར་ཛ་ཡ། ཕུ་ཧྲིཿ་སྭཱ་ཧཱ། དབྱར་ཟླ་ར་བ་ལ་སོགས་པའི་ཟླ་བ་གསུམ་ལ་རིམ་པ་ཇི་ལྟ་བར་སྟོབས་ཀྱི་རྒྱུ་དང༌། དུང་སྐྱོང་དང་ནོར་བདག་རྣམས་ཏེ། དེ་ལྟར་བརྗེ་ཤིང་བསྒྱུར་བས། ཟླ་བ་ནི་རིམ་པ་བཞིན་དུ་ཀླུ་རྣམས་ཀྱི་མིང་དང་སྤེལ་བར་བྱས་ལ། ཁམ་ཕོར་སོ་མ་བཏང་བ་གཞན་ཞིག་གིས་ཁ་སྦྱར་བར་བྱ་ཞིང་སྐུད་པ་སེར་པོས་དཀྲི་བར་བྱའོ། །དེ་རུ་ཀུ་རུ་ཀུལླེ་དགུག་པ་དང༌། གཞུག་པ་དང༌། བཅིངས་པ་དང༌། དབང་དུ་བྱས་ལ་ཡང་དག་པར་མཆོད་ཅིང་གནང་བ་མནོས་ནས་ཀླུས་བྱིན་གྱིས་བརླབས་པ་ཆུ་མིག་ལ་སོགས་པར་བཅུག་ན་དེར་འབེབས་པར་འགྱུར་རོ། །རིག་པ་འཛིན་མ་དགུག་པའི་དོན་དུ་རྡོ་རྗེ་ལུས་མེད་བསྟན་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དབང་དུ་བྱེད་ཅེས་པ་ནི་ཕན་པར་བྱེད་པའོ། །ཕྱག་ན་མདའ་དང་གཞུ་བསྣམས་ཞེས་བྱ་བ་ནི་གཡས་པ་དང་གཡོན་གྱི་ཕྱག་དག་ན་མདའ་དང་གཞུ་འཛིན་པའོ། །དགའ་བ་ལ་སོགས་པའི་ཕྱག་མཚན་བསྟན་པའི་དོན་དུ་གསུངས་པ། གཞུ་དང་ཞེས་བྱ་བ་ལ་སོགས་པའོ། །སྐུ་མདོག་བསྟན་པའི་དོན་དུ་གསུངས་པ། སེར་པོ་ཞེས་བྱ་བ་ལ་སོགས་པའོ། །མ་འགགས་པ་ལ་སོགས་པ་ནི། རྡོ་རྗེ་ཙ་རྩི་ཀ་ལ་སོགས་པའི་སྐུ་མདོག་ཡིན་ལ། དཔྱིད་ལ་སོགས་པ་ནི་ཐོ་བ་ལ་སོགས་པའི་མདོག་གོ །འདི་དག་ཐམས་ཅད་ཀྱང་ཕྱག་གཉིས་པའོ་ཞེས་པ་ལྷག་མའོ། །གཤིན་རྗེའི་གཤེད་པོ་ཞེས་བྱ་བ་ནི་སྔར་གྱི་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་སོ། །དགུག་པའི་ཆོ་ག་བསྟན་པའི་དོན་དུ་གསུངས་པ། བུད་མེད་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བྱ་རོག་གི་གདོང་གི་ནང་དུ་གནས་ཞེས་བྱ་བ་ནི། བསྒྲུབ་བྱ་བུད་མེད་ཀྱི་སྐྱེ་གནས་ཀྱི་དབུས་སུ་གནས་པའོ། །གཞན་ཡང་བདག་ཉིད་རྡོ་རྗེ་ལུས་མེད་ཀྱི་རྣལ་འབྱོར་དང་ལྡན་པར་གྱུར་པས་སོ། །རྡོ་རྗེ་ལུས་མེད་ཅེས་བྱ་བ་ནི་དེའི་སྔགས་ཏེ་


DTG046_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ལྷ་དག་དབྱེར་མི་ཕྱེད་པའི་ཕྱིར་རོ། །དེའི་སྔགས་ཅི་ཞེ་ན། གསུངས་པ། ཡི་གེ་སི་ཏའི་སྔགས་སོ། །ཡི་གེ་སི་ཏ་ལས་ཡང་དག་བྱུང༌། །ཞེས་བྱ་བ་ནི་ཤིན་ཏུ་གསལ་བའི་འོད་ཟེར་འབར་བ་རྣམ་པར་སྤྲོས་པ་དེའི་ལུས་ཐམས་ཅད་ཁྱབ་པའོ། །མྱོས་ནས་བདེ་བ་འདོད་ཅེས་བྱ་བ་ནི་ཤིན་ཏུ་བདེ་བ་འདོད་པའོ། ཨོཾ་གྱི་ཡི་གེ་དབྱངས་དང་སྤེལ། །ཞེས་བྱ་བ་ནི་མན་ངག་གིས་ཨོཾ་དང་ཧྲིཿ་ཡིག་ནི་དང་པོར་བྱ་བའོ། །ཡི་གེ་སྭཱ་ཧཱ་དེ་རྗེས་སྦྱིན། །ཞེས་བྱ་བ་ནི་ཡི་གེ་སིདྡྷ་དབུས་སུ་སྦྱིན་ཞིང་མཐར་ནི་སྭཱ་ཧཱའི་སྒྲ་སྦྱིན་པར་བྱའོ། །དེ་ལས་ནི་ཨོཾ་ཧྲཱི་ཨ་མུ་ཀི་མེ་བ་ཤི་བ་བསྟུ་སིདྡྷ་སྭཱ་ཧཱ། ལན་བདུན་ནི་ཉི་མ་བདུན་ནོ། །གང་དུ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་པའི་ཐབས་བསྟན་པ་དེ་ནི་རྡོ་རྗེ་ལུས་ཀྱི་སྒྲུབ་པའི་ཐབས་སོ། །ལེའུ་བཅོ་ལྔ་པའི་བཤད་པ་རྫོགས་སོ།། །།


previousལེའུ་བཅོ་ལྔ་པ། ལུས་མེད་རྡོ་རྗེའི་སྒྲུབ་ཐབས་ཀྱི་རིམ་པར་ཕྱེ་བའི་བཤད་པ།next