Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་དྲུག་པ། ཧེ་རུ་ཀ་བསྒྲུབ་པའི་བཤད་པ།
   
   
  expand section


 
previousལེའུ་བཅུ་དྲུག་པ། ཧེ་རུ་ཀ་བསྒྲུབ་པའི་བཤད་པ།next

ལེའུ་བཅུ་དྲུག་པ། ཧེ་རུ་ཀ་བསྒྲུབ་པའི་བཤད་པ།


DTG046_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་ཞེས་པ་ནི་མངོན་དུ་བྱེད་པའོ། །དེའི་རང་བཞིན་བསྟན་པའི་དོན་དུ་གསུངས་པ། ཕྱག་གཉིས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཕྱག་ཏུ་ཞེས་བྱ་བ་ནི་གཡས་པའི་ཕྱག་རྒྱའོ། །གོ་རོ་ཏཾ་ནི་ཐོད་པའོ། །གཞན་ལ་ཞེས་པ་ནི་གཡོན་པར་རོ། །ཕྱག་ལྔ་ཞེས་པ་ནི་འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། ལག་གདུབ་དང༌། སྐ་རགས་རྣམས་སོ། །ས་བོན་ཧཱུཾ་ལས་ཡང་དག་བྱུང༌། །ཞེས་བྱ་བ་ནི་བདུན་པོ་རྣམ་པར་དག་པ་ནི་བླ་ན་མེད་པའི་མཆོད་པ་ལ་སོགས་པ་ནས་རྡོ་རྗེ་སེམས་དཔའ་ཞུ་པའི་བར་དུ་བྱས་ནས་སོ། །ཡི་དགས་ལ་གནས་ཞེས་པ་ནི་རོའི་སྙིང་གར་ཉི་མ་ལ་གནས་པའོ། །རབ་སྦྱོར་བས་ཞེས་བྱ་བ་ནི་རྣམ་པར་དག་པ་ལས་སོ། །སྣ་ཚོགས་གཟུགས་ཞེས་པ་ནི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། སྔོ་བསངས་ཀྱི་མདོག་རྣམས་སོ། །ཡི་དགས་ལ་གནས་ཞེས་པ་ནི་རོའི་སྙིང་གར་ཟླ་བ་ལ་གནས་པའོ། །ཆོས་ཀྱི་འཁོར་ལོ་ནི་འཁོར་ལོའི་རྩིབས་བརྒྱད་པའོ། །ཨ་ཤྭཏྠ་ནི་བྱང་ཆུབ་ཀྱི་ཤིང་ངོ༌། །ཡིད་བཞིན་ནོར་བུ་དང༌། དཔག་བསམ་གྱི་ཤིང་སྟེ་དེ་རྣམས་ཀྱི་འོག་ཏུ་ནི་རྣལ་འབྱོར་མ་རྣམས་བྲི་བར་བྱའོ། །རྡོ་རྗེ་ཞེས་པ་ནི་རྩེ་ལྔ་པའོ། །ལྷ་མོ་ཞེས་པ་ནི་ལྷ་མོ་རྣམས་ཀྱིའོ། །ཕྱག་གཡས་ཆ་ཞེས་བྱ་བ་ནི་གཡས་པའི་ཕྱག་ཏུའོ། །ཐོད་པའི་སྣོད་ནི་མིའི་སྣོད་དོ། །ཨ་བས་བྱ་ནི་གཡོན་པའོ། །ཡིད་དུ་


DTG046_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བ་ཞེས་བྱ་བ་ནི་སྤྱན་དང་ཞེས་བྱ་བ་ལ་སོགས་པས་སོ་སོར་སྦྱར་བར་བྱའོ། །སྒོའི་ཆ་ཞེས་པས་ནི་ཤར་ཕྱོགས་དང༌། ལྷོ་ཕྱོགས་ལ་སོགས་པའི་སྒོ་རྣམས་སོ། །འཁྱིལ་བར་བཅས་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པའིའོ། །ལས་ཀྱི་ཆོ་ག་མཐོང་བས་ཞེས་བྱ་བ་ནི་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་གཡོན་དུ་ཁ་ཊྭཱཾ་གའོ། །དེ་ལ་སྤྱན་ལ་སོགས་པ་ནི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང༌། སྔོ་བསངས་ཏེ། འཁོར་ལོ་དང༌། རྡོ་རྗེ་དང༌། རལ་གྲི་གཡས་པ་དག་གིས་འཛིན་པའོ། །གཡོན་དུ་ནི་ཐོད་པ་འཛིན་པའོ། །གཤིན་རྗེ་མཐར་བྱེད་ལ་སོགས་པ་ནི་ཐོ་བ་དང༌། དབྱུག་པ་དང༌། པདྨ་དང༌། རལ་གྲི་འཛིན་པའོ། །གཡོན་པས་ནི་ཞགས་པ་འཛིན་ཞིང་སྡིགས་མཛུབ་བྱེད་པའོ། །དེ་བཞིན་དུ་མ་གསུངས་ཀྱང་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་དང༌། ཕྱག་རྒྱ་རྒྱས་བཏབ་པ་ཡང་བྱ་བའོ་ཞེས་པས་སོ། །འདིར་ནི་བཅོམ་ལྡན་འདས་བསྐྱེད་པ་ཉིད་ཀྱིས་དཀྱིལ་འཁོར་པ་ཞེས་པ་ཡང་བསྐྱེད་པ་སྟེ་བཅོམ་ལྡན་འདས་ཀྱི་སྙིང་གའི་ས་བོན་ལས་སོ། །ལེའུ་བཅུ་དྲུག་པའི་བཤད་པ་རྫོགས་སོ།། །།


previousལེའུ་བཅུ་དྲུག་པ། ཧེ་རུ་ཀ་བསྒྲུབ་པའི་བཤད་པ།next