Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅུ་བདུན་པ། བྱང་ཆུབ་ཀྱི་སེམས་ཀྱི་བཤད་པ།
   
  expand section


 
previousལེའུ་བཅུ་བདུན་པ། བྱང་ཆུབ་ཀྱི་སེམས་ཀྱི་བཤད་པ།next

ལེའུ་བཅུ་བདུན་པ། བྱང་ཆུབ་ཀྱི་སེམས་ཀྱི་བཤད་པ།


DTG046_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ནི་ཐམས་ཅད་དུ་བསྒོམ་པ་རྣམས་དཀྲུགས་ཀྱང་རིམ་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ་དེ་བཞིན་དུ་བཤད་པ་གསུངས་པ། རྣམ་པ་ལྔ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཨ་ཡིག་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་ཉིས་འགྱུར་གྱིས་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྣམ་པའོ། །ཀ་ལ་སོགས་པ་དང་ཝ་ར་ཡ་དང་བཅས་པ་ལྷག་མ་སྟེ། གསལ་བྱེད་བཞི་བཅུ་ཐམ་པ་ཉིས་འགྱུར་གྱི་ཉི་མ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་བྱང་ཆུབ་པ་གཉིས་པའོ། །ས་བོན་གྱི་ཡི་གེ་ལས་མཚན་མར་སྐྱེས་ཤིང་མཚན་མ་ལ་ཡང་ས་བོན་ཞེས་པ་སོ་སོར་རྟོག་པའི་ཡེ་ཤེས་ཏེ་གསུམ་པའི་རྣམ་པའོ། །དེ་དག་ལས་སྤྲོ་བ་དང་བསྡུ་བ་ནི་བཞི་པའི་རྣམ་པའོ། །དེ་ལ་ཟླ་བ་ལ་སོགས་པ་ཐམས་ཅད་ཞུ་བ་རོ་གཅིག་ཏུ་གྱུར་པ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་རྣམ་པ་ལྔའོ། །སངས་རྒྱས་གཟུགས་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་གླུ་བཞིས་ཉེ་བར་བསྐུལ་ནས་མངོན་པར་འདོད་པའི་ལྷའི་གཟུགས་ཏེ་གཙོ་བོའོ། །དེ་ཉིད་གསུངས་པ། གླུ་


DTG046_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཞེས་བྱ་བ་ལ་སོགས་པ་སྟེ། ཙ་རྩི་ཀ་སོགས་ཞེས་བྱ་བ་ནི་སྔར་གང་བྱམས་པ་ལ་སོགས་པ་བསྒོམ་པ་དེ་ཉིད་དུ་རྟོགས་པར་བྱ་སྟེ་དཀྱིལ་འཁོར་པ་རྣམས་ནི་ད་དུང་བསྐྱེད་པར་གྱུར་པས་སོ། །གང་དུ་རྡོ་རྗེ་སེམས་དཔའ་བསྐྱེད་པ་མེད་པ་དེར་ནི་ཐམས་ཅད་སྡུག་བསྔལ་ལས་བྱུང་བའི་མཚན་མ་ལ་གནས་པའི་ས་བོན་རྡོ་རྗེ་སེམས་དཔའ་སྟེ། གང་གི་ཕྱིར་མཚན་མ་ནི་རྡོ་རྗེར་བརྗོད་ལ་དེ་གང་སེམས་དཔའ་ནི་ས་བོན་ཏེ་དེས་ན་རྡོ་རྗེ་སེམས་དཔའོ། །དེ་ལ་ཁྱད་པར་ནི་གླུས་བསྐུལ་བ་དང་ཉེ་བར་བྲལ་བ་ཉིད་དེ་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྐྱེས་པ་ཙམ་མོ། །དྲུག་ལས་སྐྱེས་སོགས་ཞེས་བྱ་བ་ནི་དྲུག་སྟེ་སྔར་བཤད་ཟིན་ཏོ། །སོགས་ཞེས་བྱ་བའི་སྒྲ་ནི་དབྱངས་དུ་མ་དང་ལྡན་པའོ། །ལངས་ཞེས་པ་ནི་བཞེངས་པའོ། །དད་སྒྲོལ་ཞེས་པ་ནི་རྗེ་བཙུན་ནོ། །སྙིང་རྗེ་ཁྲོས་པ་ཞེས་བྱ་བ་ནི་ཐུགས་རྗེ་ལས་བསྐུལ་བའི་ཁྲོ་བོའོ། །ཁམས་གསུམ་ཞེས་བྱ་བ་ནི་སྲིད་པ་གསུམ་སྟེ། འདོད་པའི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། གཟུགས་མེད་པའི་ཁམས་སོ། །སོལ་ཞེས་པ་ནི་སོལ་བར་བྱེད་པའོ། །དེ་དག་ནི་རྡོ་རྗེ་ཙ་རྩི་ཀའིའོ། །བདུད་འདི་དག་ལས་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལྷ་དང་ཕུང་པོ་དང༌། འཆི་བདག་གི་གཟུགས་ཏེ་བདུད་བཞི་པོ་འདི་དག་གོ །རྒྱལ་པར་མཛོད་ཅེས་པ་ནི་ཕ་རོལ་ལས་རྒྱལ་བ་སྟེ་རྒྱལ་བར་བྱེད་པའོ། །དད་སྒྲོལ་ཞེས་བྱ་བ་ནི་རྒྱལ་རིགས་སོ། །མཛོད་ཅེས་པ་ནི་འདོད་པའོ། །རྡོ་རྗེ་ཕག་མོའིའོ། །འཇིག་རྟེན་མགོན་པོས་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་མགྲོན་དུ་བོས་པའོ།། སྟོང་ཉིད་ནི་སྟོང་པ་ཉིད་ལས་ཏེ་བདེ་བ་ཆེན་པོའི་རོར་མཐར་ཕྱིན་པའོ། །འཇིག་རྟེན་བསོད་ནམས་ཞེས་བྱ་བ་ནི་འཇིག་རྟེན་པའི་བསོད་ནམས་ཀྱིས་སོ། །དེ་དག་ནི་རྡོ་རྗེ་དབྱངས་ཅན་མའིའོ། །ཅིའི་ཕྱིར་ཁྱོད་ནི་གང་གི་ཕྱིར། །སྟོང་ཉིད་སེམས་ཞེས་བྱ་བ་ནི། སྟོང་པ་ཉིད་རྣམ་པར་སེམས་པ་སྟེ། སྟོང་པ་ཉིད་ནི་དོན་དུའོ་ཞེས་པའོ། །འཇིག་རྟེན་མགོན་པོས་ཞེས་བྱ་བ་ནི་འཇིག་རྟེན་རྣམས་བོས་པའོ། །དེ་དག་ནི་རྡོ་རྗེ་གཽ་རཱིའིའོ། །གྲུའི་དགོས་པ་བསྟན་པའི་དོན་དུ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་འདི་ཡིན་ཏེ། ཐུགས་རྗེ་ཆགས་པའི་སེམས་ཀྱིས་ཞུ་ཞིང་


DTG046_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པའི་རྗེས་ལ་ཡང་དག་པར་བསྐུལ་བ་དང་དེའི་རྗེས་ལ་སྐར་མདའ་འཕང་བ་བཞིན་བྱང་ཆུབ་ཀྱི་སེམས་ཞུགས་སོ་ཞེས་རྟོགས་པར་བྱའོ། །བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་ཨོཾ་ཨཱཿ་ཧཱུཾ་ཞེས་པའི་ཡི་གེ་གསུམ་པོ་འབར་བའི་གཟུགས་སོ། །རྒྱུད་འདིར་བདེ་བླག་ཏུ་རྟོགས་པའི་དོན་དུ་ཐོག་མར་ཞེས་བྱ་བ་ནི་ངག་གི་བརྡ་སྟེ་དང་པོའི་རྣལ་འབྱོར་གྱི་དང་པོ་བསྟན་པའི་དོན་དུ་རྡོ་རྗེ་སེམས་དཔའི་དང་པོ་སྟེ། བདུན་པོ་རྣམ་པར་དག་པ་བླ་ན་མེད་པའི་མཆོད་པ་ནས་བཟུང་སྟེ། རྡོ་རྗེ་སེམས་དཔའ་རྫོགས་པའི་མཐར་ཐུག་པ་སྟེ་རྣལ་འབྱོར་ཞེས་བྱ་བའི་དོན་ཏོ། །དེའི་རྒྱུ་མཐུན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དེ་ཉིད་ཞུ་བ་ལས་ཡང་དག་པར་བསྐུལ་བས་ལངས་པའི་ལྷ་སྟེ་འབྲས་བུ་གཤིན་རྗེ་གཤེད་དོ། །འཁོར་ལོ་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་འཁོར་ལོའི་ཚོགས་སོ། །སྐུ་དང་གསུང་དང་ཐུགས་ཉིད་ཅེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པའོ། །དེ་དག་གི་དོན་ནི་འདི་ཡིན་ཏེ། སྒྲུབ་ཐབས་ལེགས་པར་བརྗོད་པར་བྱའོ། །རང་གི་སྙིང་གར་ཡཾ་ཡིག་དམར་པོ་ལས་བྱུང་བའི་ཉི་མ་དམར་པོ་དེ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་འོད་ཟེར་རྣམས་ཕྱུང་སྟེ། མདུན་དུ་ཞགས་པ་དང༌། ལྕགས་ཀྱུའི་རྣམ་པ་གཉིས་སུ་གྱུར་པས། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དང་འདྲ་བར་བསྒོམ་པར་བྱ་བའི་འོག་ནས་ཕུག་ཅིང་སྟེང་ནས་བཅིངས་ཏེ། མདུན་དུ་གནས་པ་ལ་འོད་ཟེར་རྣམས་དྲང་པོར་བྱ་སྟེ། དེ་དག་གི་སྒོ་ལས་མཆོད་པ་སྣ་ཚོགས་པ་རྣམས་སྤྲུལ་ཞིང་ཕྱག་བྱ་བ་དང༌། ཇི་སྲིད་དུ་བདག་གིས་སྡིག་པར་གྱིས་པ་དང་བགྱིད་དུ་སྩལ་བ་དང༌། རྗེས་སུ་ཡི་རང་བའི་སྡིག་པ་དེ་དག་ཐམས་ཅད་བཤགས་པར་བགྱིའོ། །ཡང་བདག་གིས་འཚོ་བའི་དོན་དུ་མི་བགྱིད་དོ་ཞེས་སྡོམ་པར་བགྱིད་དོ། །གང་ཇི་སྲིད་བསོད་ནམས་བྱས་པ་དེ་དག་ལ་རྗེས་སུ་ཡི་རང་བ་དང༌། དེ་ནས་དེ་ལྟར་མཆོད་པ་ལ་སོགས་པ་ཇི་སྲིད་བསོད་ནམས་སུ་གྱུར་པ་དེ་དག་ཐམས་ཅད་འགྲོ་བ་རྣམས་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །དེའི་རྗེས་ལ་བདག་ཉིད་ཀྱིས་གཤིན་རྗེ་གཤེད་ཀྱི་རང་བཞིན་དུ་


DTG046_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པར་གྱུར་པ་དང༌། སེམས་ཅན་ཐམས་ཅད་དཔལ་གཤིན་རྗེ་གཤེད་ཀྱི་གཟུགས་སུ་རྒྱས་པར་བྱའོ། །དེ་ལྟ་བུའི་དོན་གྱིས་བདག་ཉིད་གསང་སྔགས་ཆེན་པོ་འདི་ཉིད་ཡང་དག་པར་བསྟེན་པར་བགྱིའོ། །དེ་ལྟར་མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ཡོངས་སུ་བསྔོ་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ལམ་བསྟེན་པའི་མཚན་ཉིད་དོ་ཞེས་པ་བདུན་པོ་རྣམས་ཡང་དག་པའི་མཆོད་པ་བྱས་ལ་སེམས་ཅན་ཐམས་ཅད་ལ་བུ་གཅག་པ་ལྟར་བརྩེ་བའི་མཚན་ཉིད་ཅན་གྱི་བྱམས་པ་དང༌། སྡུག་བསྔལ་དང༌། སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་སྤྲལ་བར་འདོད་པའི་མཚན་ཉིད་ཅན་གྱི་སྙིང་རྗེ་དང༌། རྣམ་པ་ཐམས་ཅད་ཀྱི་བདེ་བ་ཡང་དག་པར་བསྡུ་བར་འདོད་པའི་བདག་ཉིད་ཅན་གྱི་དགའ་བ་དང༌། དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་བདེ་བའི་རྒྱུན་ལ་འདོད་པའི་རྣམ་པ་ཅན་གྱི་བཏང་སྙོམས་ཏེ། དེ་ལྟ་བུའི་ཚངས་པའི་གནས་བཞི་བསྒོམ་པར་བྱས་ལ། འགྲོ་བ་རྣམས་རྨི་ལམ་དང་སྒྱུ་མ་ལྟ་བུར་བསམ་ཞིང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་བརྗོད་པས་སེམས་ནམ་མཁའ་དང་མཉམ་པར་བྱའོ། །མདུན་དུ་རེ་ཕ་ལས་ནི་ཉི་མ་རྣམ་པར་བསྒོམ། ཉི་མ་དེར་ནི་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། རྡོ་རྗེ་དེ་ཉིད་ཀྱི་ནི་ར་བ་དང༌། གུར་བཅངས་པ་ཡང་རྣམ་པར་བསྒོམ་པར་བྱའོ། །དེས་ས་གཞི་བཅིང་བ་དང༌། དེ་ནི་ཁང་པ་ལྟ་བུ་སྟེ་དེའི་ནང་དུ་སྣ་ཚོགས་རྡོ་རྗེ་གནས་པའི་སྟེང་དུ་གནས་པ་ནམ་མཁའི་བདག་ཉིད་ནམ་མཁའི་ཕྱོགས་སུ་ཡཾ་ཡིག་ནག་པོ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པ་གཉིས་སུ་བ་དན་གཡོ་བ་གཉིས་དང་ལྡན་པའོ། །དེའི་སྟེང་དུ་རཾ་ཡིག་དམར་པོ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་གྲྭ་རྣམས་སུ་རེ་ཕས་མཚན་པའོ། །དེའི་སྟེང་དུ་བཾ་ཡིག་དཀར་པོ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཁ་འོག་ཏུ་བལྟས་པ་བུམ་པས་མཚན་པའོ། །དེའི་སྟེང་དུ་ལཾ་ཡིག་སེར་པོ་ལས་སའི་དཀྱིལ་འཁོར་སེར་བ་གྲྭ་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་བསྒོམ་པར་བྱའོ། །དེའི་ཐོག་ཏུ་རླུང་གི་དཀྱིལ་འཁོར་ལ་སོགས་པ་ཐམས་ཅད་ཡོངས་སུ་གྱུར་པ་ལས་


DTG046_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་རིམ་པ་གཉིས་པར་སྣ་ཚོགས་པདྨའི་འདབ་མའི་སྟེང་དུ་རང་རང་གི་གནས་ཇི་ལྟ་བར་ཟླ་བ་དང་ཉི་མའི་གདན་རྣམས་སོ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །རྟ་བབས་བཞི་དང་ཡང་དག་ལྡན། །དྲ་བ་དྲ་ཕྱེད་དྲིལ་བུ་དང༌། །བ་དན་ལ་སོགས་དང་བཅས་པའོ། །མཚན་ཉིད་ཐམས་ཅད་ཡང་དག་པར་རྫོགས་པ་བསྒོམ་པར་བྱའོ། །ནང་གི་རིམ་པའི་དབུས་སུ་ཨ་ཡིག་ལ་སོགས་པ་དབྱངས་ཡིག་བཅུ་དྲུག་པ་རྣམས་ཀྱིས་གཡས་སྐོར་དང་གཡོན་སྐོར་གྱི་ཉིས་འགྱུར་ལས་ཟླ་བའི་དཀྱིལ་འཁོར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྣམ་པར་དག་པའོ། །དེའི་སྟེང་དུ་ཀ་ཡིག་ལ་སོགས་པ་གསལ་བྱེད་རྣམས་ལས་ལྷག་པར་ད་དྷ་ཝ་ཡ་ར་ལའི་ཡི་གེ་རྣམས་ཀྱི་ཉིས་འགྱུར་གྱི་རིམ་དང་རིམ་མ་ཡིན་པ་ལས་ཉི་མའི་དཀྱིལ་འཁོར་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྣམ་པར་དག་པའོ། །དེའི་སྟེང་དུ་ཧཱུཾ་ཡིག་ལ་དེ་ཉིད་ལས་རྡོ་རྗེ་རྩེ་ལྔ་པའོ། །དེའི་ལྟེ་བ་ལ་ཡང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྣམ་པར་དག་པའོ། །ཧཱུཾ་ཡིག་དེ་ཉིད་ལས་གཤིན་རྗེ་གཤེད་ཀྱི་འཁོར་ལོ་སྤྲོས་པས་སེམས་ཅན་གྱི་དོན་བྱས་ནས་ཡང་སྙིང་བོར་བཀུག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་དག་ཐམས་ཅད་སྐད་ཅིག་གིས་ཞུ་བར་གྱུར་པ་ལས་དཀར་བོ་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྒོམ་པར་བྱའོ། །དེ་ལྟར་ན་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་བའི་གཤིན་རྗེ་གཤེད་ཀྱི་ཕྱག་མཚན་འཛིན་པ་སྐུ་མདོག་དཀར་པོ་ཞལ་གསུམ་ནི་རྩ་བ་དཀར་པོ། གཡས་པ་ནག་པོ་གཡོན་པ་དམར་པོ་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །རང་སྣང་བའི་རྡོ་རྗེ་ཕག་མོའི་རྣམ་པ་དམར་པོ་དང་སྙོམས་པར་ཞུགས་པར་བལྟ་བར་བྱའོ། །དེ་དག་ནི་རྣལ་འབྱོར་རོ། །དེ་ནས་རང་གི་སྙིང་གར་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བཀུག་སྟེ། ཁར་ཞུགས་ནས་ཆགས་པ་དང་རྗེས་སུ་ཆགས་པས་ཞུ་བར་བྱ་སྟེ། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨའི་ནང་དུ་སྤྲོས་པ་དང༌། བྱང་ཆུབ་ཀྱི་སེམས་དེ་དག་ལས་སྐྱེས་པ་དཀྱིལ་འཁོར་པའི་ས་བོན་གྱི་ཡི་གེ་རྣམས་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ།།


DTG046_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ནང་གི་རིམ་པའི་ཤར་དུ་ནི་ཟླ་བའི་དཀྱིལ་འཁོར་ལ་ཀྵེ་ཡིག་དཀར་པོ་དང༌། ལྷོ་ཕྱོགས་སུ་ཉི་མ་ལ་གནས་པའི་མ་ཡིག་སེར་པོ་དང༌། ནུབ་ཏུ་ཉི་མ་ལ་གནས་པའི་མེ་ཡིག་དམར་པོ་དང༌། བྱང་དུ་ཡིག་ལྗང་གུ་ཉི་མ་ལ་གནས་པའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རིམ་པ་ཇི་ལྟ་བ་བཞིན་དུ་ཛ་ས་དོ་རུ་ཡི་གེ་རྣམ་པ་བཞི་དཀར་པོ་དང༌། ནག་པོ་དང༌། དམར་པོ་དང༌། ལྗང་གུའི་མདོག་གོ །ཕྱི་རོལ་གྱི་རིམ་པའི་ཤར་དང༌། ལྷོ་ལ་སོགས་པའི་སྒོ་རྣམས་སུ་ཡ་ཙ་ནི་ར་ཞེས་པའི་ཡི་གེ་བཞི་པོ་ཉི་མ་ལ་གནས་ཤིང་ནག་པོ་དང༌། དཀར་པོ་དང༌། དམར་པོ་དང༌། ལྗང་གུའི་མདོག་གོ །གྲྭ་བཞི་རུ་ནི་ཟླ་བའི་དཀྱིལ་འཁོར་ལ་གནས་པ་པའི་ཎ་ཡོ་ནི་ར་ཞེས་བའི་ཡི་གེ་བཞི་པོ་ཁ་དོག་དཀར་པོར་བལྟ་བར་བྱའོ། །དེ་ནས་རང་གི་རིག་མ་དང་ལྷན་ཅིག་ཏུ་ཆགས་པ་དང༌། རྗེས་སུ་ཆགས་པར་ཞུ་བ་ལས་རྡོ་རྗེ་སེམས་དཔའ་ཞུ་བའི་གཟུགས་སུ་བལྟ་བར་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱི་དབང་གིས་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཀྱི་ཙ་རྩི་ཀ་ལ་སོགས་པ་རྣལ་འབྱོར་མ་བཞི་པོ་རྣམས་ནང་གི་རིམ་པའི་གྲྭ་རྣམས་སུ་བལྟ་བར་བྱའོ། །དེ་ལ་རྡོ་རྗེ་ཙ་རྩི་ཀས་ནི་འདི་ལྟར་གསོལ་བ་འདེབས་པར་བྱེད་དེ། སྙིང་རྗེས་ཁྲོས་པའི་རྗེ་བཙུན་བཞེངས། །སྲིད་གསུམ་ཀུན་གྱི་གཏི་མུག་སོལ། །དེ་བཞིན་རྡོ་རྗེ་ཕག་མོས་ཀྱང་སྟེ། རྗེ་བཙུན་གསོལ་བས་མ་ཞུགས་བཞེངས། །བདུད་ནི་དག་ལས་རྒྱལ་བར་མཛོད། །དེ་བཞིན་དུ་རྡོ་རྗེ་དབྱངས་ཅན་མས་ཀྱང༌། འཇིག་རྟེན་མགོན་པོ་སྟོང་ཉིད་ཇི་ལྟར་བཞུགས། །རྗེ་བཙུན་འཇིག་རྟེན་བསོད་ནམས་ཀྱིས་བཞེངས་ཤིག །དེ་བཞིན་དུ་རྡོ་རྗེ་གཽ་རཱི་ས་ཀྱང༌། བྱང་ཆུབ་འདོད་པའི་འཇིག་རྟེན་མགྲོན་པོས་ནས། །ཅི་ཕྱིར་ཁྱོད་ནི་སྟོང་ཉིད་སེམས་པར་བྱེད། །གླུའི་དེ་མ་ཐག་པའི་རྗེས་ཉིད་དུ། ཨོཾ་ཨཱཿ་ཧཱུཾ་ཞེས་པའི་ཡི་གེ་གསུམ་པོ་དམར་ཞིང་ཞུ་བའི་ཚོགས་སུ་ཞུགས་པར་བལྟ་བར་བྱའོ། །དེ་ནས་ཞུ་བ་དེ་ཉིད་ལས་ཉི་མ་དམར་པོ་ལ་གནས་པའི་ཡཾ་ཡིག་སྔོན་པོ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །དེའི་ལྟེ་བར་ཡང་ཉི་མ་དམར་བོ་ལ་གནས་པའི་ཡཾ་ཡིག་


DTG046_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོའོ། །དེ་ནས་ས་བོན་དང་བཅས་པའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཞེ་སྡང་གཤིན་རྗེ་གཤེད་གནག་ཅིང་ཁྲོལ་དྲག་པོའི་མགོ་བོའི་ཕྲེང་བ་འཕྱང་བ་འཛིན་པ། མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། སྨིན་མ་དང༌། ཨག་ཚོམ་སེར་པོ། མཆེ་བ་ཅུང་ཟད་གཙིགས་པ། གསུས་པ་འཕྱང་བ། འཇིག་པའི་དུས་ཀྱི་མེ་ལྟ་བུ། སྦྲུལ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པ་རྣམས་དཀྲིས་པ། ཞལ་གསུམ་པ། རྩ་བ་ནག་པོ། གཡས་དཀར་པོ། གཡོན་དམར་བ་ཕྱག་དྲུག་སྟེ། གཡས་པའི་ཕྱག་གསུམ་ན་རྡོ་རྗེ་དང༌། རལ་གྲི་དང། །གྲི་གུག་འཛིན་པའོ། །གཡོན་པའི་ཕྱག་གིས་ནི་འཁོར་ལོ་དང༌། པདྨ་དང་ཐོད་པ་འཛིན་པ་མ་ཧེ་ཆེན་པོའི་རྒྱབ་ཏུ་ཉི་མ་ལ་ཞབས་གཡོན་བརྐྱང་བའོ། །དབུ་ལ་སངས་རྒྱས་ལྔའི་རང་བཞིན་གྱི་ཐོད་པའི་དུམ་བུ་ལྔ་གནས་ཤིང་ཕྱག་རྒྱ་ལྔ་འཛིན་པའོ། །བ་སྤུའི་བུ་ག་རྣམས་ལ་རང་དང་འདྲ་བའི་གཤིན་རྗེ་གཤེད་ཀྱི་ཚོགས་སྤྲོ་ཞིང༌། ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་བརྗོད་པར་བསམ་པར་བྱའོ། །དེ་དག་ནི་རྗེས་སུ་རྣལ་འབྱོར་རོ། །དེའི་རྗེས་ལ་ནང་གི་རིམ་པའི་ཤར་ཕྱོགས་སུ་གནས་པའི་ཀྵེ་ཡིག་ལས་གཏི་མུག་གཤིན་རྗེ་གཤེད་དཀར་བོ། རྩ་བའི་ཞལ་དཀར་བ། གཡས་སྔོན་པོ། གཡོན་དམར་པོ། ཕྱག་གཡས་པ་རྣམས་ཀྱིས་འཁོར་ལོ་དང༌། རལ་གྲི་དང༌། གྲི་གུག་འཛིན་པའོ། །གཡོན་པའི་ཕྱག་རྣམས་ཀྱིས་རིན་པོ་ཆེ་དང༌། པདྨ་དང༌། ཐོད་པའི་འཛིན་ཅིང་ཨོཾ་ཛི་ན་ཛི་ཀ་ཅེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་མ་ཡིག་ཡོངས་སུ་གྱུར་པ་ལས་ཕྲ་མ་གཤིན་རྗེ་གཤེད་སྐུ་མདོག་སེར་པོ། རྩ་བའི་ཞལ་སེར་པོ། གཡས་དཀར་པ། གཡོན་དམར་བ། གཡས་པའི་ཕྱག་རྣམས་ཀྱིས་རིན་པོ་ཆེ་དང༌། རལ་གྲི་དང༌། གྲི་གུག་འཛིན་པའོ། །གཡོན་པའི་ཕྱག་རྣམས་ཀྱིས་འཁོར་ལོ་དང༌། པདྨ་དང༌། ཐོད་པ་འཛིན་ཞིང་ཨོཾ་རཏྣ་དྷྲྀཀ་ཅེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ནུབ་ཕྱོགས་སུ་མེ་ཡིག་ཡོངས་སུ་གྱུར་པ་ལས་འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། རྩ་བའི་ཞལ་དམར་ཞིང་གཡས་པ་ནག་པོ། གཡོན་པ་དམར་པོའོ། །གཡས་


DTG046_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱག་རྣམས་སུ་པདྨ་དམར་པོ་དང༌། རལ་གྲི་དང་གྲི་གུག་འཛིན་པ། གཡོན་པའི་ཕྱག་རྣམས་སུ་འཁོར་ལོ་དང༌། རིན་པོ་ཆེ་དང་ཐོད་པ་འཛིན་པའོ། །ཨོཾ་ཨ་རོ་ལིཀ་ཅེས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་སུ་ད་ཡིག་ཡོངས་སུ་གྱུར་པ་ལས་ཕྲག་དོག་གཤིན་རྗེ་གཤེད་མརྒཏའི་མདོག་ཅན། རྩ་བའི་ཞལ་ལྗང་གུ་གཡས་པ་ནག་པོ། །གཡོན་པ་སེར་པོ། །གཡས་པའི་ཕྱག་རྣམས་སུ་རལ་གྲི་དང༌། རྡོ་རྗེ་དང༌། གྲི་གུག་འཛིན་ཅིང༌། གཡོན་པའི་ཕྱག་རྣམས་ཀྱིས་འཁོར་ལོ་དང༌། པདྨ་དང༌། ཐོད་པ་འཛིན་ཅིང༌། ཨོཾ་པྲ་ཛྙཱ་དྷྲྀཀ་ཅེས་པའི་སྔགས་བརྗོད་པར་བྱའོ། །བཞི་པོ་དེ་རྣམས་ཀྱང་ཞབས་གཡོན་བརྐྱང་བ་དབུ་སྐྲ་སེར་པོ་གྱེན་དུ་འགྲེང་བ། སྤྱན་གསུམ་ཟླུམ་ཞིང་དམར་བ་འཇིག་པའི་དུས་ཀྱི་མེ་ལྟར་བཟོད་པར་དཀའ་བའོ། །དེ་ནས་ནང་གི་རིམ་པའི་མེའི་མཚམས་སུ་གནས་པ་ནི་ཛ་ཡིག་ལས་རྡོ་རྗེ་ཙ་རྩི་ཀ་གཏི་མུག་གཤིན་རྗེ་གཤེད་དང་འདྲ་བ། བྱམས་པ་ཆེན་པོའི་རང་བཞིན། ཨོཾ་མོ་ཧཱ་ར་ཏི་ཞེས་པའི་སྔགས་བརྗོད་ཅིང་བལྟ་བར་བྱའོ། །དེ་ནས་བདེན་བྲལ་དུ་ས་ཡིག་ལས་རྡོ་རྗེ་ཕག་མོ་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བ་ལ། རྩ་པའི་ཞལ་ཕག་པའི་གདོང་ཅན་སྙིང་རྗེའི་བདག་ཉིད་ཅན། ཨོཾ་དྭེ་ཥ་རཱ་ཏི་ཞེས་པའི་སྔགས་བརྗོད་ཅིང་བསམ་པར་བྱའོ། །དེ་ནས་རླུང་གི་མཚམས་སུ་དོ་ཡིག་ལས་རྡོ་རྗེ་དབྱངས་ཅན་མ་སྐུ་མདོག་དམར་མོ་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ་ཞིང་དགའ་བའི་བདག་ཉིད་ཅན། ཨོཾ་རཱ་ག་རཱ་ཏི་ཞེས་བྱ་བའི་སྔགས་བརྗོད་ཅིང་བསམ་པར་བྱའོ། །དེ་ནས་དབང་ལྡན་དུ་དུ་ཡིག་ལས་རྡོ་རྗེ་གཽ་རཱི་མ་ཕྲག་དོག་གཤིན་རྗེ་གཤེད་དང་མཚུངས་པ་ལ། རལ་གྲིའི་གནས་སུ་ཨུཏྤལ་སེར་པོ་འཛིན་པ་བཏང་སྙོམས་ཀྱི་བདག་ཉིད་ཅན། ཨོཾ་བཛྲ་རཱ་ཏི་ཞེས་བྱ་པའི་སྔགས་བརྗོད་ཅིང་བལྟ་བར་བྱའོ། །རྣལ་འབྱོར་མ་དེ་རྣམས་ཀྱང་ཞབས་གཡས་བརྐྱང་བས་གནས་པའོ། །དེ་ནས་ཕྱི་རོལ་གྱི་རིམ་པའི་ཤར་ཕྱོགས་ཀྱི་སྒོར་ཡཾ་ཡིག་ལས་ཐོ་བ་གཤིན་རྗེ་གཤེད་ཞེ་སྡང་གཤིན་རྗེ་གཤེད་དང་འདྲ་བ་ལས་ཁྱད་པར་ནི་རྡོ་རྗེའི་གནས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ཐོ་བ་འཛིན་པ་སྟེ། ཨོཾ་མུདྒ་ར་དྷྲྀཀ་


DTG046_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོར་ཙ་ཡིག་ཡོངས་སུ་གྱུར་པ་ལས་དབྱིག་པ་གཤིན་རྗེ་གཤེད་ཕྲ་མ་གཤིན་རྗེ་གཤེད་དང་འདྲ་བ་ལས་ཁྱད་པར་ནི་འཁོར་ལོའི་གནས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དབྱིག་པ་འཛིན་ཅིང་ཨོཾ་དཎྜྀ་དྷྲྀཀ་ཅེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོར་ནི་ཡིག་ཡོངས་སུ་གྱུར་པ་ལས་པདྨ་གཤིན་རྗེ་གཤེད་འདོད་ཆགས་གཤིན་རྗེ་གཤེད་དང་འདྲ་བ་སྟེ། ཨོཾ་པདྨ་དྷྲྀཀ་ཅེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་བྱང་ཕྱོགས་ཀྱི་སྒོར་ར་ཡིག་ཡོངས་སུ་གྱུར་པ་ལས་རལ་གྲི་གཤིན་རྗེ་གཤེད་ཕྲག་དོག་གཤིན་རྗེ་གཤེད་དང་འདྲ་བ་ཨོཾ་ཁཌྒ་དྷྲྀཀ་ཅེས་པའི་སྔགས་བརྗོད་ཅིང་བསམ་པར་བྱའོ། །དཀྱིལ་འཁོར་པའི་ལྷ་རྣམས་ཀྱང་འཁོར་ལོའི་བདག་པོའི་རྒྱན་གྱིས་བརྒྱན་པའོ། །དེ་ནས་ཕྱི་རོལ་གྱི་རིམ་པར་གྲྭ་བཞི་ལ་གནས་པ་ནི་ན་ཡོ་ནི་རཱའི་ས་བོན་ལས་སྣ་ཚོགས་པདྨ་ལ་གནས་པའི་རང་གི་གདན་ལ་ཐོད་པ་རྣམ་པ་བཞི་པོར་བདུད་རྩི་རྣམ་པ་ལྔས་གང་བར་བསམ་པར་བྱའོ། །དེ་དག་ནི་འཁོར་ལོ་ཐམས་ཅད་རྫོགས་བ་སྟེ། ཤིན་ཏུ་རྣལ་འབྱོར་དུ་བརྗོད་པའོ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་པ་རྣམས་ཀྱི་མིག་ལ་སོགས་པ་ལ། ཨོཾ་བཛྲ་ཙཀྵུ། ཨོཾ་བཛྲ་ཀྲོ་དྷ། ཨོཾ་བཛྲ་གྲ་ན། ཨོཾ་བཛྲ་ཇི་བ། ཨོཾ་བཛྲ་ཀྵ་ཡ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་མགོ་བོ་ལ་ཟླ་བར་ཨོཾ་ཡིག་དཀར་པོ་གནས་པ་དང༌། མགྲིན་པ་ཨཱཿ་ཡིག་དམར་པོ་པདྨ་དམར་པོ་ལ་གནས་པ་དང༌། སྙིང་གར་ཉི་མ་དམར་པོ་ལ་གནས་པའི་ཧཱུཾ་ཡི་ག་སྔོན་པོ་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་བལྟ་བར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའི་ཕྱོགས་སུ་གནས་པའི་སངས་རྒྱས་ཐམས་ཅད་ལ་ཡང་དག་པར་མཆོད་ནས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བདག་ལ་དབང་བསྐུར་ཁྱེད་ཀྱིས་སྩོལ་ཞེས་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་རྣམས་ཀྱིས་གཤིན་རྗེ་གཤེད་ཀྱི་གཟུགས་སུ་བྱ་སྟེ། བུམ་པ་བདུད་རྩི་ལྔས་གང་བ་བཟུང་སྟེ་དབང་སྐུར་བར་བྱེད་དོ། །དེ་ནས་ཕྱི་དང་ནང་གི་དྲི་མ་མ་ལུས་བ་བཀྲུས་ཏེ་འབར་ཞིང་གསལ་བ་དང་ལྡན་པ་བདག་ཉིད་ཀྱི་ཕྱི་དང་ནང་གི་དྲི་མ་མ་ལུས་


DTG046_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་པར་བལྟ་བར་བྱའོ། །དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་བ་རྣམས་ཀྱི་དབུ་ལ་རང་གི་རིགས་ཀྱི་བདག་པོར་བལྟ་བར་བྱའོ། །དེ་ཡང་འདི་ལྟ་སྟ། དཀྱིལ་འཁོར་གྱི་བདག་པོ་ནི་མི་བསྐྱོད་པའོ། །གཏི་མུག་གཤིན་རྗེ་གཤེད་ཀྱི་རྣམ་པར་སྣང་མཛད་དོ། །ཕྲ་མ་གཤིན་རྗེ་གཤེད་ཀྱི་རིན་ཆེན་འབྱུང་ལྡན་ནོ། །འདོད་ཆགས་གཤིན་རྗེ་གཤེད་ཀྱི་སྣང་བ་མཐའ་ཡས་སོ། །ཕྲག་དོག་གཤིན་རྗེ་གཤེད་ཀྱི་དོན་ཡོད་གྲུབ་པའོ། །རྡོ་རྗེ་རྩ་རྩི་ཀ་ནི་རྣམ་པར་སྣང་མཛད་དོ། །རྡོ་རྗེ་ཕག་མོ་ནི་མི་བསྐྱོད་པའོ། །རྡོ་རྗེ་དབྱངས་ཅན་མ་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་གཽ་རཱི་མའི་ནི་དོན་ཡོད་གྲུབ་པའོ། །ཐོབ་གཤིན་རྗེ་གཤེད་ཀྱི་མི་བསྐྱོད་པའོ། །དབྱིག་བ་གཤིན་རྗེ་གཤེད་ཀྱི་རྣམ་པར་སྣང་མཛད་དོ། །པདྨ་གཤིན་རྗེ་གཤེད་ཀྱི་སྣང་བ་མཐའ་ཡས་སོ། །རལ་གྲི་གཤིན་རྗེ་གཤེད་ཀྱི་དོན་ཡོད་གྲུབ་བ་ཞེས་པའོ། །དེའི་རྗེས་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ་ཡང་དག་པར་མཆོད་ནས། ཨོཾ་མུདྒ་ཛཿ། ཨོཾ་དཎྜ་ཧཱུཾ། ཨོཾ་པདྨ་བཾ། ཨོཾ་ཁཌྒ་ཧོཿ་ཞེས་པའི་སྔགས་རྣམས་པ་བཞི་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་བྱས་པས་དམ་ཚིག་གེ་འཁོར་ལོ་དང་ཡེ་ཤེས་ཀྱི་འཁོར་ལོ་གཅིག་ཏུ་བྱའོ། །དེ་ནས་ཡཾ་ཡིག་ཡོངས་སུ་ཀྱུར་པ་ལས་ཇི་སྐད་གསུངས་པའི་རླུང་གི་དཀྱིལ་འཁོར་ལ་དེ་སྦར་བའི་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་རོ། །དེས་བསྲོས་པའི་ཨ་ཡིག་དཀར་པོ་ཡོངས་སུ་གྱུར་པའི་ཐོད་པ་སྲོག་དང་བྲལ་པའི་གོ་ཀུང་ཧ་ན་ཨོཾ་ཡིག་གིས་བྱིན་གྱིས་བརླབས་པས་ཞུ་བར་གྱུར་པར་བལྟ་པར་བྱ་ཞིང༌། ཨོཾ་ཡིག་གི་ཐིག་ལེ་ལས་བྱུང་བའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀའི་བདུད་རྩི་བླངས་ཏེ། དེར་ཞུགས་པས་བདུད་རྩི་རྣམ་པ་ལྔས་བསིལ་བར་བྱ་སྟེ། ཨོཾ་ཨཱཿ་ཧཱུཾ་ཞེས་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་ཅིང་ལྷ་རྣམས་ཐམས་ཅད་ཀྱི་ཞལ་དུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པའི་འོད་ཟེར་གྱི་སྤུ་གུས་རབ་ཏུ་གཞུག་པར་བལྟ་བར་བྱའོ། །དེ་ནས་འཁོར་ལོ་ཚིམ་པར་གྱུར་པར་བལྟ་བར་བྱ་ཞིང་རྡོ་རྗེ་ཙ་རྩི་ཀའི་ཞལ་གྱི་གླུས་མཆོད་བར་བྱ་སྟེ། ཨ་ཀྱེ་ཀྱེ་གཤིན་རྗེ་གཤེད་ནག་བླ། །སྲིན་པོའི་གཟུགས་ཀྱི་རང་བཞིན་ཁྱོད། །བདག་གིས་ཁྱོད་མཐོང་ཤིན་ཏུ་འཇིགས། །


DTG046_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་རང་བཞིན་འདི་ཐོང་མཛོད། །དེ་ནས་རྡོ་རྗེ་ཕག་མོའི་ཞལ་ནས། ས་བླ་ས་འོག་སྟེངས་གསུམ། །ཁྱོད་ཀྱི་གར་གྱིས་གཡོ་བར་མཛད། །མིག་སྨན་བདར་འཆག་ཁྲོས་པའི་ཐུགས། །ཁྱོད་ནི་རོ་ལངས་བཞིན་གར་མཛོད། །དེ་ནས་རྡོ་རྗེ་དབྱངས་ཅན་མའི་ཞལ་ནས། མདངས་ནག་ཚད་ནི་ཐུང་པ་ལ། །རྣམ་པ་སྣ་ཚོགས་གཟུགས་ཡུལ་མཛད། །དབྱངས་ཅན་མ་བདག་གསོལ་བ་འདེབས། །བདེ་བ་ཆེན་པོ་ཁྱོད་གར་མཛོད། །དེ་ནས་རྡོ་རྗེ་གཽ་རཱི་མའི་ཞལ་ནས་ཀྱང༌། །ཧྲཱིཿ་ཥཊྲྀཿའི་སྔགས་ཀྱི་གར་གྱིས། །སྲིད་པ་གསུམ་གྱི་འཁྲུལ་པ་སོལ། །རྗེ་བཙུན་སྙིང་རྗེའི་དབང་གིས་ཁྲོས། །འགྲོ་བས་གར་བྱེད་པ་ནི་མཐོང༌། །ཞེས་པའི་གླུའི་དཀྱིལ་འཁོར་ཡང་དག་པར་མཆོད་ནས་དེ་ལ་བསྟོད་པ་བྱ་སྟེ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །ཕྲ་མ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །དབྱངས་ཀུན་གྱི་ནི་མཆོག་གི་མཆོག །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པའོ། །རྡོ་རྗེ་སྐུ་དང་རབ་མཚུངས་པ། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་གྱི་མཆོག་གི་མཆོག །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་པ་སྟེ། དེ་ནི་རྣལ་འབྱོར་ཆེན་པོ་སྟེ། །མིག་སོགས་བྱིན་གྱིས་བརླབས་པ་དང༌། །སྐུ་དང་གསུང་དང་ཐུགས་ཉིད་དང༌། །ཡེ་ཤེས་འཁོར་ལོ་གཞུག་པ་དང༌། །བདུད་རྩི་མྱང་བ་དག་དང་ནི། །མཆོད་པ་ཆེ་དང་བསྟོད་པ་ནི། །རྣལ་འབྱོར་ཆེན་པོ་ཞེས་བརྗོད་པའོ། །ཞེས་པ་འདིས་ཉེ་བར་མཚོན་པར་བྱ་སྟེ། འཆད་པར་འགྱུར་བ་སྐྱང་རྣལ་འབྱོར་ཆེན་པོར་རྟོགས་པར་བྱའོ། །བདག་ཉིད་དེ་ལྟར་བསྒོམས་ནས་ཐམས་ཅད་ཀྱི་སྙིང་གར་རང་རང་གི་སྟན་དང་ཟླ་བ་དང་ཉི་མ་ལ་གནས་པའི་རང་རང་གིས་བོན་ཡི་གེ་རྣམས་བལྟ་ཞིང་བཟླ་


DTG046_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཡཀྵེ་མ་མེད་ཡ་ཙ་ནི་རཱ་ཛ་ས་དོ་རུ། ཎ་ཡོ་ནི་རཱ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་སྐུ་རྣམས་ལས་རང་དང་འདྲ་པའི་ལྷའི་སྐུ་སེམས་ཅན་གྱི་དོན་དུ་སྤྲོ་བར་བྱའོ། །དེ་ལ་ཞེ་སྡང་གི་རིགས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་བཏུལ་ནས་མཆོད་པ་ཆེན་པོ་ཞེ་སྡང་ཆེ་བ་ལ་བཀོད་ནས་འོད་ཟེར་ཏེ་དཀྱིལ་འཁོར་གྱི་བདག་པོའི་ལུས་ལ་རབ་ཏུ་ཞུགས་པས་ཞེ་སྡང་གཤིན་རྗེ་གཤེད་ཀྱི་འཁོར་ལོར་བལྟ་བར་བྱའོ། །དེ་བཞིན་དུ་གཏི་མུག་གི་རིགས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་གཏི་མུག་ཆེ་བ་ལ་བཀོད་ནས་གཏི་མུག་གཤིན་རྗེ་གཤེད་ཀྱི་ཚོགས་རྣམས་གཏི་མུག་གཤིན་རྗེ་གཤེད་ཀྱི་སྐུ་ལ་བསྡུ་བར་བྱའོ། །དེ་བཞིན་དུ་ཕྲ་མའི་རིགས་ཀྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་མཆོད་པ་ཆེན་པོ་ཕྲ་མ་ཆེ་བ་ལ་བཀོད་ནས་ཕྲ་མ་གཤིན་རྗེ་གཤེད་ཀྱི་སྐུ་ལྷའི་འཁོར་ལོ་རྣམས་བསྡུ་བར་བྱའོ། །དེ་བཞིན་དུ་ཕྲག་དོག་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱང་རྟོགས་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་བསྒོམ་པར་བྱས་པས་ངལ་བར་གྱུར་ན་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པར་བྱ་སྟེ། ནག་དང་སེར་དང་དེ་བཞིན་དམར། །སྔོ་བསངས་དཀར་ལྗང་རིམ་པ་ལས། །ལྷན་ཅིག་སྐྱེས་དགའ་ཙམ་དུ་ནི། །འཁོར་ལོ་བདག་པོར་བཅས་པ་བསྒོམ། །དེ་ནས་ལངས་ཏེ་སྣར་བཞིན་དུ་ལྷའི་འཁོར་ལོ་རྣམས་བགོ་ཞིང་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་སྔགས་བཟླ་བར་བྱའོ། །དེ་ལྟར་ལྷའི་རྣལ་འབྱོར་དང་ལྡན་པས་གཏོར་མ་བྱིན་གྱིས་བརླབ་པ་དང་ཞིབ་ལ་གོས་པའི་ལས་རྣམས་བརྩམ་པར་བྱའོ། །དེ་ནས་ཇི་ལྟར་བྱ་བ་བསྟན་པའི་དོན་དུ་གསུངས་པ། སློབ་དཔོན་ཞེས་བྱ་བ་ལ་སོགས་པ་སྟེ། བདེ་གཤེགས་བཀའ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པའི་གང་ལ་གནས་པ་འདི་ནི་བྱ་བའོ། །འདི་ནི་མི་བྱ་བའོ། །སྤུན་ཞེས་པ་ནི་རྡོ་རྗེ་འཆང་གི་སྤུན་དུ་གྱུར་པ་སྟེ་སེམས་ཅན་རྣམས་ཉིད་ཀྱི་སྐྱོན་བསྟན་པར་མི་བྱའོ་ཞེས་པ་འབྲེལ་ཏེ། དེ་བཞིན་ཁྲོ་བར་མི་བྱ་ཞེས་པ་ནི་ཁྲོས་པ་ལས་ལེགས་པའི་ཆོས་བསྟན་པ་མ་ཡིན་པའོ། །བདེན་པ་ཞེས་པ་ནི་དོན་དམ་པའོ། །ཆོས་ཞེས་པ་ནི་རུལ་བ་དང་འགལ་བ་ལ་སོགས་པའོ། །ཆོས་ལ་ཚད་ནི་ཞེས་པ་ནི་


DTG046_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཅིང་རྒྱ་ཆེ་བའི་ལྷ་ལ་སོགས་པ་ལ་སྟེ་དགོས་པ་ཆུང་དུ་ལ་ཞེས་བྱ་བའོ། །རྟག་ཏུ་བསྟེན་པར་བྱ་ཞེས་པ་ནི་ལྷག་མའོ། །ཤེས་རབ་རང་བཞིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་རྣམས་ཀྱིའོ། །སློང་མོས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་མངོན་པར་ཞེན་པ་མེད་པས་སོ། །རྣལ་འབྱོར་པར་མི་བྱ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་རོ། །རྟག་པར་ནི་དུས་ཐམས་ཅད་དུའོ། །རྟག་ཏུ་ཞེས་པ་ནི་མཉམ་པར་གཞག་པ་དང་མཉམ་པར་མ་བཞག་པའི་རྣལ་འབྱོར་གྱིས་སོ། །སྔར་དམ་ཚིག་མངོན་པར་བརྗོད་པ་ལས་ཡང་གང་ཞིག་བརྗོད་པ་ནི་དེའི་དོན་ཡང་འདི་ཡིན་ཏེ་བསྲུང་བ་དང༌། བཟའ་བ་དེ་དག་གི་དམ་ཚིག་ནི་གཉིས་ཏེ། སྔར་ནི་བཟའ་བའི་དམ་ཚིག་བརྗོད་པ་ཡིན་ལ། འདིར་ནི་བསྲུང་བའི་དམ་ཚིག་ཏུ་དགོངས་ཏེ། བླ་མ་སྨོད་པ་ཞེས་པ་ནི་གནོད་པ་བྱེད་པའོ། །དེ་བཞིན་དམ་ཚིག་ཅེས་བྱ་བ་ནི་དམ་ཚིག་ཉམས་པ་ནའོ། །དཀྱིལ་འཁོར་ཞེས་བྱ་བ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །བདེ་གཤེགས་རྣམས་ལ་ཞེས་པ་ནི་བླ་མ་རྣམས་ལ་ཞེས་པའོ། །དེ་དང་ཉེ་བར་མ་གྱུར་ན་སངས་རྒྱས་རྣམས་ཉིད་ལའོ། །ཉམས་པའི་གནས་སྐབས་སུ་བླ་མ་འདི་ཇི་ལྟ་བུ་ཞིག་ལ་བྱ་ཞེ་ན་གསུངས་པ། །དད་པས་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་ཅེས་བྱ་བ་ནི་གོ་ཀུ་ད་ཧ་ནལ་སོགས་པ་བསྟེན་པའོ། །གཞན་མི་རྟག་ཅེས་བྱ་བ་ནི་དམ་ཚིག་བསྟེན་པར་བྱེད་པ་ཇི་ལྟར་གཞན་གྱིས་མི་རིགས་པའོ། །ཉེས་པ་མ་ལུས་ཞེས་པ་ནི་ལུང་ལས་གསུངས་པའི་ཉེས་པ་གསུངས་པའོ། །བསམ་གཏན་ལ་སོགས་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་དང་ལྡན་པའོ། །སེམས་ཅན་མཆོག་གཞོལ་ཞེས་བ་ནི་སེམས་ཅན་གྱི་དོན་མཆོག་པའོ། །བླ་མ་དེར་ནི་བླ་མ་ཞེས་བྱ་བ་ནི་བླ་མ་དེ་ལ་གུས་པར་བྱ་བའོ། །སློབ་མའི་ཡོན་ཏན་བསྟན་པའི་དོན་དུ་གསུངས་པ། བསྟན་ཞེས་པ་ནི་བསྟན་པ་ཉན་པ་དང་ཀློག་པའོ། །དུལ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལས་དམན་པར་སེམས་པའོ། །དད་པའི་བསམ་པ་ནི་རབ་ཏུ་དང་བའོ། །མཛེས་ཞེས་པ་ནི་ལུས་དང་ཡན་ལག་དམན་པ་མ་ཡིན་པའོ། །སྨིན་བྱ་ཞེས་པ་ནི་ཆོས་བསྟན་པ་ལ་སྦྱོར་བའོ། །མཆོག་ཏུ་དགའ་བ་ཆེན་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །


DTG046_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བར་གྱུར་ཞེས་པ་ནི་མཆོག་ཏུ་ཚིམ་པར་བྱེད་པའོ། །ཆེད་དུ་བརྗོད་ཅེས་བྱ་བ་ནི་བརྗོད་པ་དང་ལྡན་བ་རྣམས་སོ། །ཎི་བརྗོད་ཅེ་ན་གསུངས་པ། གཤིན་རྗེ་གཤེད་ཀྱི་མཐར་ཐུག་ཅེས་པ་ནི་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་དང་ལྷར་དངོས་གྲུབ་མྱུར་བ་གདོན་མི་ཟ་བར་འབྱུང་བའི་འཁོར་ལོ་རྣམས་ལས་གཞན་དག་ཏུ་དེ་བཞིན་དུ་མ་ཡིན་པས་སོ། །ཐོད་པའི་མཐར་ཐུག་ཅེས་པ་ནི་ཐོད་པ་འཆད་བའི་མཐར་ཐུག་པ་སྟེ། ཧེ་རུ་ཀའི་རྣལ་འབྱོར་གྱི་མཐར་ཐུག་པའོ། །དེ་ལྟ་བས་ན་ཉན་ཐོས་ལ་སོགས་པའི་བརྟུལ་ཞུགས་ནི་མཐར་ཐུག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཨེ་མའོ་ཞི་བ་ཆེན་པོའི་ཆོས། །ཞེས་བྱ་བ་ནི་རྨི་ལམ་དང་སྒྱུ་མ་ལྟ་བུ་གཉིས་མེད་བདེན་པར་མི་འགྱུར་བ་ལས་ཞི་བ་ཆེན་པོར་བྱེད་པ་པོས་འཇིགས་པར་མཛད་པ་ཞེས་པ་ནི་ཞི་བར་གྱུར་ནས་གདུལ་བྱ་རྣམས་ལ་རྨད་དུ་བྱུང་པའི་འཇིགས་པའི་གཟུགས་སུ་མ་སྤྲུལ་པའོ། །དེ་ལྟ་བུའི་ལྷ་གཉིས་གསུངས་པ། ཨེ་མའོ་ཞེས་བྱ་བ་ལ་སོགས་པའོ། །འཁོར་བ་མྱ་ངན་ལས་འདས་ཞེས་བྱ་བ་ནི་ཞི་བའོ། །ཨེ་མའོ་འཁོར་བ་ཞི་བ་ཉིད། །ཅེས་བྱ་བ་ནི་འདི་ཡང་འཁོར་བ་ལྟ་བུའམ། འཇིག་རྟེན་བ་ལྟ་བུ་སྟེ། ལྷ་རྣམས་ཀྱི་རྣམ་པས་འཇུག་པ་ལྟ་བུ་ལ་ཡང་རྒྱུན་གྱིས་འཇུག་པར་བྱེད་པའོ། །ཨེ་མའོ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཉེས་པ་གང་དེ་ཤ་ཞེས་པ་ནི་ཁྱིམ་དང་ཁྱིམ་ཐབ་དང༌། སྐྱེ་བ་དང༌། འཆི་བ་ལ་སོགས་པའོ། །དེ་དག་ནི་འཁྲོ་པའི་སྐྱོན་ཏེ། འདིར་ཡང་དེ་ལྟ་བུ་སྟེ། ཐམས་ཅད་གསུངས་པ། བྱང་ཆུབ་མེད་ཅིང་ཞེས་པ་སྟེ། འདི་ཡང་བྱང་གཞལ་ཡས་ཁང་དུ་གནས་པ་ལ་སོགས་པ་ཡིན་ཡང་འཆིང་བའི་རྒྱུ་མ་ཡིན་ཏེ། འོན་ཀྱང་གྲོལ་བ་ཉིད་དུ་བྱེད་པའོ། །ཡང་སྐྱོན་རྣམས་ཡོན་ཏན་དུ་ཇི་ལྟར་བྱེད་ཅེ་ན་གསུངས་པ། བྱང་ཆུབ་མེད་ཅིང་ཞེས་པ་སྟེ། འདི་ཡང་བྱང་ཆུབ་འདི་བསྒྲུབ་པར་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་སྒྲུབ་པར་བྱེད་པའོ་ཞེས་ལོགས་སུ་མངོན་པར་ཞེན་པ་མེད་པའོ།། མངོན་རྟོགས་མེད་ཅེས་པ་ནི་མངོན་པར་རྟོགས་པ་ནི་བྱང་ཆུབ་ཀྱི་དོན་དུ་ལམ་སྟེ་དེར་ལོགས་སུ་མངོན་པར་ཞེན་པར་མི་བྱའོ། །དངོས་པོ་མིན་ཞིང་བསྒོམ་པ་མིན། །ཞེས་བྱ་བ་ནི་བདག་ཉིད་བསྒོམ་པར་བྱ་བ་དང༌། སྒོམ་པ་པོ་དང༌། བསྒོམ་པ་མ་ཡིན་ཏེ། ཐ་དད་ཀྱི་མངོན་པར་ཞེན་པ་དང་བྲལ་ཞིང་


DTG046_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ཡང་དང་ཡང་དུ་གོམས་པར་བྱེད་པའི་བདག་ཉིད་ཙམ་མོ། །ཅིའི་ཕྱིར་ཡང་མངོན་པར་ཞེན་པ་མེད་ཅེ་ན་གསུངས་པ། ཁམས་ཀྱང་མིན་ཞེན་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་རོལ་གྱི་གཟུགས་ལ་སོགས་པའི་རྟེན་མེད་པའོ། །གཟུང་བ་མེད་པས་འཛིན་པ་ཡང་མེད་དམ་ཞེ་ན། ཀྱང་མེད་ཅེས་པ་སྟེ། འཛིན་པའི་རྣམ་པར་ཤེས་པ་ཡང་མེད་ཅེས་པའི་དོན་ཏོ། །འོ་ན་སོ་སོར་སྣང་བ་འདི་ཇི་ལྟ་བུ་ཞེ་ན། ནམ་མཁའི་དཀྱིལ་དང་མཚུངས་བ་ཉིད། །ཅེས་པ་སྟེ། གང་གི་ཕྱིར་ནམ་མཁའ་ནི་ནམ་མཁའི་རང་བཞིན་ནོ། །སྔོན་པོ་དང༌། དཀར་པོ་ལ་སོགས་པའི་རང་བཞིན་དང་བྲལ་བ་སྣང་བ་ཙམ་སྟེ། དེ་ལྟ་བུ་ཡང་མུན་པ་དང༌། སྤྲིན་ལ་སོགས་པའི་གཞི་ཡིན་པ་དེ་རྣམས་བ་སྡུས་ནས་ནམ་མཁའ་ཉིད་ནི། །འདིར་འདི་ལྟ་བུ་ཞེས་རྨོངས་པའི་ཡིན་ཅན་རྣམས་མངོན་པར་ཞེན་པའོ། །དེ་བཞིན་དུ་བདེ་པ་ཆེན་པོ་རོ་གཅིག་པར་རྟོགས་པ་རྣམ་པ་དང་བྲལ་བའི་ཤེས་པ་དང་འདི་ཉིད་ལ་སྟེ། དེ་ལྟ་བུ་རྣམ་པ་སྣ་ཚོགས་པའི་གཞི་ཡིན་པས་དེ་ཉིད་རང་བཞིན་ནོ་ཞེས་རྨོངས་པ་རྣམས་མངོན་པར་ཞེན་པའོ། །འདི་ཉིད་གསུངས་པ། ནམ་མཁའ་ལྟ་བུ་ཞེས་པ་སྟེ། །བདག་མེད་ཆོས་འདི་བདེ་ཆེན་པོ། །ཞེས་བྱ་བ་ནི་སེམས་ཉིད་བདེ་བ་ཆེན་པོའི་རང་བཞིན་དེ་ཉིད་བདག་མེད་པའི་ཆོས་ཡིན་ལ། དེ་ཡང་སྣ་བར་འདོད་ཅིང་རྣམ་པའི་རང་བཞིན་མེད་པར་གྱུར་པ་སྟེ། རང་བཞིན་མེད་པ་རྣམ་པ་བྲལ་བ་ཞེས་པའོ། །གཟུང་བ་དང་འཛིན་པའི་དངོས་པོ་མེད་པ་དེའི་ཕྱིར་ན་འབྱུང་བ་ལྔ་མ་གྲུབ་པར་བསྟན་པའི་དོན་དུ་གསུངས་པ། ས་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། ས་ལ་སོགས་པ་ནི་རྡུལ་ཕྲ་རབ་ཀྱི་ཚོགས་ཉིད་དུ་འདོད་ཅིང་རྡུལ་ཕྲ་རབ་ཀྱི་ཆ་ཤས་མེད་པའི་དངོས་པོ་ཞེས་བརྗོད་དེ། འདི་ནི་ཕྱོགས་ཀྱི་ཆའི་དབྱེ་བས་རྟོགས་པ་གང་ལ་ཆ་ཤས་མེད་པ་ཡིན། དེ་ལྟ་བས་ན་རྡུལ་ཕྲ་རབ་མ་གྲུབ་པས་ས་ལ་སོགས་པའི་བྱ་བ་ནི་སྙིམ་པ་ཆུ་གཏེར་བ་ཉིད་དོ། །གལ་ཏེ་འདི་དག་ཐམས་ཅད་ལ་གཟུང་བ་དང༌། འཛིན་པ་སྣ་ཚོགས་རང་བཞིན་ཀྱིས་མེད་ན་གང་ལས་སྐྱེ་བར་འགྱུར་ཞེ་ན། གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ནི་མི་བྱེད་པའི་ཡེ་ཤེས་སོ། །དེའི་བདེན་པ་ནི་


DTG046_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པའོ། །དེའི་རབ་ཏུ་སྦྱོར་བས་ཞེས་པ་ནི་གཏི་མུག་རབ་ཏུ་འབྱེད་པའི་སྦྱོར་བའོ། །བསྐྱེད་པ་ནི་དེ་ལས་ཏེ། འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོར་འདི་ནི་བལྟ་བར་བྱ། བདག་ནི་ལྟ་བྱེད་དོ་ཞེས་པ་ལ་སོགས་པའོ། །དེ་ཡང་ཅི་གཟུང་བ་དང་འཛིན་པ་དེ་ཞེས་བ་ལ་བརྟེན་པ་མ་ཡིན་ནམ་ཞེ་ན། གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་གསལ་ཞིང་སྣང་བ་བརྟེན་པའི་གཟུང་བ་དང་འཛིན་པའི་རྣམ་པའོ། །དངོས་མེད་བཤད་ཅེས་པ་ནི་བདེན་པའི་ངོ་བོ་མ་ཡིན་པའོ། །དེའི་དོན་ནི་འདི་ཡིན་ཏེ། ཤེས་པ་ལ་བརྟེན་ནས་གཟུང་བ་དང་འཛིན་པའི་རང་བཞིན་དུ་རྟག་པ་ཡང་ཅི་ཕ་རོལ་བོའི་ཤེས་པ་ནི་གཟུང་བ་དང་འཛིན་པའི་རང་བཞིན་མ་ཡིན་ཏེ། ཕ་རོལ་གྱི་རང་རིག་པ་མངོན་སུམ་དུ་མ་གྱུར་པའི་ཕྱིར་རོ། །རང་གི་ཡང་དག་པར་རིག་པ་ལ་བརྟེན་པ་ཡང་མ་ཡིན་ཏེ། གཟུང་བ་དང་འཛིན་པ་མ་ཡིན་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་ཡང་མངོན་དུ་གྱུར་པ་མ་ཡིན་པས་ན་གཟུང་བར་མ་གྲུབ་པ་ཉིད་དོ། །ད་ལྟར་བྱུང་བའི་རང་རིག་པ་ཡང་གཅིག་པ་ཉིད་ཀྱིས་ན་གཟུང་པ་དང་འཛིན་པ་ཇི་ལྟར་ཡིན་ཏེ་བདག་ཉིད་ལ་བདག་ཉིད་བྱེད་པ་འགལ་བའི་ཕྱིར་རོ། །དེ་ལྟ་བུ་ཉིད་ཀྱིས་ན་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་བ་སྟེ། ཅེས་ཞེས་བྱ་བ་ནི་གང་དེ་ལྟ་བུ་དེའི་དོན་གྱིས་ན་དངོས་པོ་མེད་པ་སྟེ། ཤེས་པ་ལ་བརྟེན་པའི་གཟུང་བ་དང་འཛིན་པར་ཡང་དངོས་པོར་མ་གྲུབ་པའོ། །འོ་ན་འདི་ལྟ་བུ་ཡང་སྟེ་བདེན་པར་གྱུར་པའི་གཟུང་བ་དང་འཛིན་པའི་རྣམ་པ་སྤང་བའི་དོན་དུ་ངེས་པ་ཉིད་དུ་ཐབས་གོམས་པར་བྱས་ན་དེ་ནི་གཉེན་པོ་ལ་སྟེ་བདེན་པའོ། །དེ་ལྟ་བུའི་སྦྱོར་བ་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པ་ཞེས་འོས་པའོ། །རྣམ་པ་གཞན་གྱིས་གཟུང་བ་དང་འཛིན་པ་ཉིད་དོ་ཞེ་ན། གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་འདི་ཡིན་ཏེ། རྣལ་འབྱོར་པའི་འབྲེལ་པ་ནི་ཡོད་པ་སྟེ། གཞན་ཡང་འདི་ནི་ཆད་པ་མ་ཡིན་ཏེ་སྣང་བ་ཙམ་དུ་ཡོད་པའི་ཕྱིར་རོ། །ཇི་སྐད་གསུངས་པའི་དཔྱད་པ་མི་བཟོད་པས་ན་རྟག་པ་མ་ཡིན་པ་དང༌། དོན་དམ་པ་ཡང་མ་གྲུབ་ན་རྣམ་པ་གཞན་གྱིས་གཟུང་བ་དང་འཛིན་པའི་ངོར་རྟག་པ་དེ་ཇི་ལྟར་གྲུབ། དེ་ནི་ལྷའི་རྣལ་འབྱོར་པ་ཡང་དོན་འདི་གསལ་བར་བྱ་པའི་ཕྱིར་ཡན་ལག་མེད་ཅིང་


DTG046_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལ་སོགས་པ་སྟེ་གསལ་ཞིང་སྣང་བ་ལས་ཡན་ལག་ལ་སོགས་པ་སྟེ། དེས་ན་ཆད་པ་ཡང་མ་ཡིན་ཞིང་ཇི་སྐད་གསུངས་པའི་དཔྱད་པ་མི་བཟོད་པས་ན་རྟག་པ་མ་ཡིན་པས་སོ། །ཅི་དེ་ལྟ་མོད་ཀྱི་འོ་ན་ནི་དོན་དམ་པ་གང་ཡིན་ཞེ་ན། གང་མཆོག་ཏུ་དགའ་བའི་མཚན་ཉིད་ཅན་ནོ་ཞེས་པ་ལྷག་མའོ། །གཟུང་བ་དང་འཛིན་པའི་རྣམ་པ་ཡོངས་སུ་སྤངས་པ་གང་བདེ་བ་ཆེན་པོར་རོ་གཅིག་པའི་ཡེ་ཤེས་དེ་ནི་བདེན་པ་ཞེས་པའི་དོན་ཏོ། །གང་ལས་ཤེ་ན། གསུངས་པ། དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་ཞེས་བྱའོ། །དེའི་རྟེན་ནི་ཤེས་པའི་རྣམ་པ་སྟེ། ཆོས་ཅན་དེ་ལས་ཆོས་རྣམས་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱང་དོན་དམ་པར་མ་གྲུབ་པའོ་ཞེས་པའི་དགོངས་པ་བསྟན་པའི་དོན་དུ་གསུངས་པ། ཐོག་མ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་དེ་དག་བདག་གིས་རྟོགས་པར་བྱས་ནས་གོ་བར་བྱ་པའི་དོན་དུ་གསུངས་པ། དེ་ནས་བཅོམ་ལྡན་འདས་མ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་གི་ཅི་ཞིག་བརྗོད་ཅེ་ན། དྲི་མེད་ཅེས་བྱ་བ་ལ་སོགས་པ་ལ་དྲི་མེད་ནི་དྲི་མ་མེད་པས་ཏེ་ཕྱི་རོལ་གྱི་གཟུང་བ་དང་དེ་ལ་ལྟོས་པ་རྣམས་སོ། །དག་པ་ནི་རྣམ་པར་ངག་པ་སྟེ། ཡེ་ཤེས་ནི་གཟུགས་སུ་གཟུང་བ་དང་དེ་ལ་ལྟོས་པའི་གཟུང་བ་དང་འཛིན་པར་མ་བྱུང་བའོ། །ཧོ་ཞེས་པ་ནི་མཉེས་པའོ། །གང་ཡིན་ཞེ་ན། གསུངས་པ། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་ནི་མ་བཅོས་པར་འདོད་པ་ཡིན་ལ། དགའ་བ་ནི་བདེ་བ་ཆེན་པོ་ཡིན་པས་སོ། །འདི་ལྟ་བུ་ཡང་ཐབས་ཀྱི་བསྒྲུབ་བྱ་བསོད་ནམས་བདེན་པའི་བདག་ཉིད་མ་ཡིན་ནོ་ཞེ་ན། གསུངས་པ། བསོད་ནམས་ཞེས་བྱ་བ་ལ་སོགས་པ་སྟེ། བསོད་ནམས་ནི་བསོད་ནམས་ཀྱིས་སོ། །ཐོབ་པ་ཞེས་པ་ནི་རབ་ཏུ་ཐོབ་པའོ། །མ་ཞེས་པ་ནི་མ་ཡིན་པའོ། །འབྲེལ་པ་ནི་འབྲེལ་བར་བྱེད་པའོ། །དེ་ཡང་ཐབས་ཀྱི་རང་བཞིན་གྱིས་ཕྱི་རོལ་གྱི་བསོད་ནམས་བདེན་པའི་བདག་ཉིད་དེ་དེར་བྱེད་དོ་ཞེས་པའི་དོན་ཏོ། །ཐབས་ཀྱི་ངོ་བོ་ནི་ལུས་སུ་སྣང་བ་ཙམ་དང༌། བསོད་ནམས་ཀྱི་རང་བཞིན་ཡིན་པས་ན་ཡོད་པ་ཉིད་དོ། །འོ་ན་དེ་ལྟ་བུ་ནི་


DTG046_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བ་དང་འཛིན་པ་སྤངས་པ་ན་རྣམ་པར་ཤེས་པ་ཙམ་འབའ་ཞིག་གིས་གནས་པ་ཡང་མ་ཡིན་པ་དེ་ནི་སྟོང་པ་ཉིད་ཙམ་དུ་བརྗོད་ཅིང་སྙིང་རྗེ་མེད་པར་འགྱུར་བས་ན། དེ་ལྟར་འདི་ཡང་བཅོམ་ལྡན་འདས་ཉིད་ཀྱིས་དབྱེར་མེད་དུ་གསུངས་པའི་དོན་དུ་སྙིང་རྗེའི་སེམས་ཀྱིས་ཞེས་པ་སྟེ། སྙིང་རྗེའི་སེམས་ནི་རྨི་ལམ་དང་སྒྱུ་མ་ལྟ་བུའི་རང་བཞིན་གྱི་ངོ་བོའོ། །ཡོད་ཅེས་པ་ནི་ཇི་སྲིད་ནམ་མཁར་གནས་པའི་བར་དུ་སེམས་ཅན་མ་ལུས་པའི་དོན་མཛད་པའི་ནུས་པ་ཡོད་པའོ། །དང་བ་ཞེས་པ་ནི་གཟུང་བ་དང་འཛིན་པ་ཡོངས་སུ་སྤངས་པ་སྟེ་དྲི་མ་མེད་པའོ། །དེའི་ཕྱིར་འདི་ཉིད་གསུངས་པ། གཏེར་ཆེན་གཅིག་ཕུས་ཞེས་པ་ལ་གཏེར་ཆེན་ནི་གཏེར་ཆེན་པོ་དང་འདྲ་བ་སྟེ། འགྲོ་བ་མ་ལུས་པའི་ཚོར་བ་སྟེར་བས་ནའོ། །དེ་བཞིན་ཉིད་ཅེས་པ་ནི་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་བདག་ཉིད་བཅོམ་ལྡན་འདས་སོ། །སྟོང་པ་ཞེས་པ་ནི་གཟུང་བ་དང་འཛིན་པའི་སྐྱོན་དང་བྲལ་བའོ། །འོ་ན་དེ་ལྟ་བུ་དོན་དམ་པ་བྱས་པས་འགྲོ་བ་འདི་དག་རྣམས་ལ་ནི་སྐྱེ་ཞིང་འགྲོ་བ་ཡིན་པས་དེ་དག་གི་རང་བཞིན་ལ་མ་ཁྱབ་པོ་ཞེ་ན། གསུངས་པ། མཆོག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་ནི་འགྲོ་བ་ལ་ཁྱབ་པའོ། །དགའ་བ་ནི་ཉོན་མོངས་པ་དང་བྲལ་པའོ། །དེའི་ཕྱིར་འདི་ཉིད་དང་པོ་ཞེས་པ་སྟེ་དང་པོ་ཉིད་དངོས་པོ་མེད་པ་སྟེ། གཅིག་གི་རང་བཞིན་དུ་འོས་པ་མེད་པས་ཁྱབ་ཅེས་པའི་དོན་ཡིན་ལ། དེ་ཡང་གཅིག་གི་རང་བཞིན་དུ་ངེས་པ་ལ་ནི་མཆོག་ཏུ་དགའ་བ་མེད་དོ་ཞེས་པའོ། །དགའ་བ་ནི་ཉོན་མོངས་པ་དང་བྲལ་བ་ཡིན་ན། དེ་ཡང་ཇི་ལྟར་ཤེས་ཤེ་ན། གསུངས་པ། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། བདེ་བ་ཆེན་པོ་ནི་རང་བཞིན་གྱིས་ཉོན་མོངས་པ་དང་བྲལ་བ་ཡིན་ལ་དེས་ན་དགའ་བ་ཆེན་པོའི་དོན་ཏོ། །དེ་ལྟ་བས་ན་འདི་ནི་ཆོས་རྣམས་ངོ་བོས་ཞེས་པ་སྟེ། ཆོས་ནི་རང་བཞིན་གྱི་མཚན་ཉིད་འཛིན་པ་བརྟན་པ་དང་གཡོ་བའི་དངོས་པོ་མ་ལུས་པའོ། །དེ་རྣམས་ཀྱི་རང་བཞིན་ནི་གཉུག་མའི་དེ་ཁོ་ན་ཉིད་དེ་མཁའ་འགྲོ་མ་རྣམས་ཀྱང་དེ་རང་བཞིན་གྱིས་རྣམ་པར་དག་པ་ལས་སོ། །འོ་ན་འདི་ལྟར་འགྲོ་བ་ནི་རྐྱེན་ལ་སྐྱེ་བ་དང་ལྡན་པའི་འགྲོ་བའི་རང་བཞིན་ཏེ་དེ་དག་


DTG046_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེར་འགྱུར་རོ་ཞེ་ན། གསུངས་པ། མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། མེད་པ་ནི་མེད་པ་ཉིད་དོ། །དེ་ནི་དེ་རྣམས་ཀྱིའོ། །དེ་བཞིན་ཉིད་ཅེས་པ་ནི་དེ་བཞིན་ཉིད་ལའོ། །བསོད་ནམས་མེད་ཅིང་སྡིག་པ་མེད། །ཅེས་པ་ནི་ཐམས་ཅད་ཀྱང་རོ་མཉམ་པ་དེའི་རང་བཞིན་ནོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། གསུངས་པ། འཇིག་དང་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་པ་དང་སྐྱེ་བ་ནི་སྡིག་པ་དང་བསོད་ནམས་ཀྱི་སྦྱོར་བ་ཡིན་ན་དེ་དག་དངོས་པོ་མེད་པ་ལས། ཅིའི་ཕྱིར་དེ་དག་གི་རང་བཞིན་འབྱུང་ཞེས་པའོ། །བྱང་ཆུབ་ཀྱི་སེམས་ཞེས་པ་ནི་སངས་རྒྱས་ཀྱི་ཐུགས་ཀྱི་རང་བཞིན་ནོ། །དེ་གསལ་བ་ནི་གཏན་ལ་འབེབས་པའོ། །དེ་སྟོན་པར་བྱེད་པ་དག་གི་ཚོགས་ཏེ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པའི་ལེའུའོ། །ལེའུ་བཅུ་བདུན་པའི་བཤད་པ་རྫོགས་སོ།། །།


previousལེའུ་བཅུ་བདུན་པ། བྱང་ཆུབ་ཀྱི་སེམས་ཀྱི་བཤད་པ།next