Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དྲུག་པ།


  expand section
  expand section
  expand section
  expand section
  expand section
  collapse section
   
   
ལེའུ་གཉིས་པ། དཀྱིལ་འཁོར་ཆེན་པོའི་རྣམ་པར་འགྲེལ་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་གཉིས་པ། དཀྱིལ་འཁོར་ཆེན་པོའི་རྣམ་པར་འགྲེལ་པ།next

ལེའུ་གཉིས་པ། དཀྱིལ་འཁོར་ཆེན་པོའི་རྣམ་པར་འགྲེལ་པ།


DTG046_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་གཉིས་པའི་དོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་བསྟོད་ཅིང་མཆོད་པའི་བདག་ཉིད་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཉིད་བཤད་པར་གསོལ་བ་ཉིད་ཀྱི་ཕྱིར་ཐུགས་རྗེའི་དབང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་པ་ནི། སྐུའི་རྡོ་རྗེ་ལ་སོགས་པའི་གཟུགས་དེ་ལྟར་དུ་གཤིན་རྗེའི་གཤེད་རྣམས་བཤད་པར་འགྱུར་རོ། །དེ་ཉིད་གསུངས་པ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཅེས་བྱ་བ་ལ་སོགས་པ་སྟེ། འདི་ནི་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་སྐུའི་རྡོ་རྗེའི་གཟུགས་ཉིད་དུ་སྟེ་རྣམ་པར་སྣང་མཛད་ཀྱི་གཟུགས་སོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་སེར་སྣ་རྡོ་རྗེ་གཤིན་རྗེ་གཤེད་ཀྱང་ཐུགས་རྡོ་རྗེའི་ངོ་བོ་ཉིད་དེ། དེ་ལྟ་བུར་བལྟ་བར་བྱའོ། །འདི་ལྟར་གཞན་ལ་ཡང་སྦྱོར་བར་བྱའོ། །འདི་ལྟར་ན་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་ནས་ཀྱང༌། འདི་ལྟར་བསྟོད་པ་དང་མཆོད་པ་བྱ་བ་སྟེ། དེ་བཞིན་དུ་རྡོ་རྗེ་མིག་དང་ཞེས་བྱ་བ་ལ་སོགས་པས་མིག་ལ་སོགས་པ་རྣམ་པར་དག་པར་རྣལ་འབྱོར་པས་བྱའོ་ཞེས་བྱ་བར་བལྟའོ། །ཕྱི་རོལ་གྱི་དཀྱིལ་འཁོར་བསྒྲུབ་པའི་རིམ་པ་གསུངས་པ། གསར་ཞིང་བཟང་དང་ལྡན་པ་དང༌། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཇི་ལྟར་གསུངས་པའི་ཐིག་གདབ་པ་ལ་སོགས་བྱས་ནས། དཀྱིལ་འཁོར་བྲི་བ་གསུངས་པ། དེ་རུ་ལས་ཀྱི་རྡོ་རྗེ་བྲི། །ཞེས་བྱ་བ་ལ་སོགས་པ་སྟེ། ས་ཡོངས་སུ་གཟུང་བ་ལ་སོགས་པ་ཇི་ལྟ་བ་བཞིན་ཡོངས་སུ་བྱས་ནས། ཕྱིས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། དེ་ལ་དེ་དག་ཇི་ལྟ་བ་ནི་དེ་ཉིད་དུ་ཤེས་པར་བྱ་སྟེ་འདིར་མ་བསྙད་དོ། །དེ་ལ་ཁང་བ་བརྩེགས་པ་དྲ་བ་དང་དྲ་བ་ཕྱེད་པ་ལ་སོགས་པ་དང་ལྡན་པ། གྲྭ་བཞི་ལ་སོགས་པ་བྱས་ཏེ། དེའི་དབུས་སུ་རེའུ་མིག་དགུ་པའི་དཀྱིལ་འཁོར་བྱའོ། །དེའི་དབུས་ཀྱི་སའི་ཆ་ནག་པོར་བྱས་ལ། རྩེ་ལྔ་པའི་ལས་ཀྱི་རྡོ་རྗེ་ཡོངས་སུ་གྱུར་པ་ལྟ་བུའི་རྡོ་རྗེ་ནག་པོ་བྲིའོ། །དེ་ལས་ཡང་


DTG046_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནག་པོའི་ཕྲེང་བས་བསྐོར་བར་བྱ་ཞིང་འབར་བས་རྣམ་པར་བརྒྱན་པར་བལྟ་བར་བྱའོ། །དེ་བཞིན་དུ་ཤར་ཕྱོགས་ཀྱི་རེའུ་མིག་ལ་འཁོར་ལོ་བྲི་བར་བྱའོ། །ལྷོར་རིན་པོ་ཆེའོ། །ནུབ་ཏུ་པདྨ་དམར་པོའོ། །བྱང་དུ་རལ་གྲི་སྟེ་འདི་ལྟར་གསུངས་པ་ནི། ཤར་ཞེས་བྱ་བ་ལ་སོགས་པའོ། །ད་ནི་འོད་ཟེར་ཅན་མ་ལ་སོགས་པའི་ལྷ་མོ་བཞིའི་མཚན་མ་གསུངས་པ། ཤར་གྱི་གྲྭར་ནི་འཁོར་ལོ་བྲི། །ཞེས་བྱ་བ་ལ་སོགས་པ་སྟེ། །ཤར་ཞེས་བྱ་བ་ནི་ཤར་དང་ལྷོའི་གྲྭ་ལ་འཁོར་ལོ་བྲི་བའོ། །དེ་བཞིན་དུ་ལྷོར་ཞེས་བྱ་བ་ནི་ལྷོ་དང་ནུབ་ཀྱི་གྲྭ་ལ་རྡོ་རྗེ་བྲི་བའོ། །ནུབ་ཅེས་བྱ་བ་ནི་ནུབ་དང་བྱང་གི་གྲྭ་ལ་པདྨ་བྲི་སྟེ། སྡོང་བུ་དང་བཅས་པ་ཀུན་ནས་རྒྱས་པའོ། །དེ་བཞིན་དུ་བྱང་དང་ཤར་གྱི་གྲྭ་ལའོ། །ད་ནི་སྒོ་སྐྱོང་གི་མཚན་མ་གསུངས་པ། ཤར་གྱི་སྒོ་རུ་ཐོ་བ་ཞེས་བྱ་བ་ལ་སོགས་པ་སྟེ། སྙིང་པོའི་དཀྱིལ་འཁོར་ལས་ཕྱིར་གྱུར་པའི་སྒོ་རྣམས་སུ་ཤར་དུ་ཐོབ་བ་བྲིའོ། །ལྷོར་རྡོ་རྗེ་བེ་ཅོན། ནུབ་ཏུ་འདམ་སྐྱེས། བྱང་དུ་རལ་གྲི་སྟེ། དེ་ལྟར་རྡོ་རྗེ་དཔལ་རྩི་ལ་སོགས་པ་ཇི་ལྟར་གསུངས་པ་ཐམས་ཅད་བྲི་བར་བྱའོ། །འདི་ལྟར་ཇི་སྐད་གསུངས་པའི་དཀྱིལ་འཁོར་རྫོགས་པར་བྱས་ནས། དེ་བཞིན་གཤེགས་པ་རྣམས་ལ་ཉེ་བར་སྤྱོད་པའི་མཆོད་པ་ལྔ་དཀྱིལ་འཁོར་དུ་རྫོགས་པར་བྱའོ། །དེ་བཞིན་དུ་དེར་རྣལ་འབྱོར་པས་འདོད་པའི་ཡོན་ཏན་ལྔ་མཚན་མར་མི་བྱེད་པའི་སེམས་ཀྱིས། རིགས་ལྔ་ལ་སོགས་པར་བརྟེན་ཅིང་རང་གིས་ཉམས་སུ་མྱོང་བར་བྱའོ། །དེས་ཀྱང་བྱང་ཆུབ་སེམས་སྤྲོ་བ་བྱས་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པར་བྱའོ། །འདི་ལྟར་བཅོམ་ལྡན་འདས་ལ་བལྟ་བར་བྱ་བ་འདི་ཉིད་ནི། འདོད་པའི་ཡོན་ཏན་ལྔ་ཡིས་ནི། །ཞེས་བྱ་བ་དང་སངས་རྒྱས་མཆོད་ཅེས་བྱ་བ་ལ་སོགས་པ་སྟེ། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་དེར་རྣལ་འབྱོར་པ་མཚན་མར་མི་བྱེད་པའི་སེམས་ཀྱིས་རོ་མྱོང་བ་དང༌། མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་མཆོད་པ་བྱེད་དེ། མཚན་མ་མེད་པའི་ངོ་བོ་ཉིད་དུ་དེ་བཞིན་གཤེགས་པ་རྣམས་རྟོགས་པར་བྱས་ནས། རྟོགས་པ་དེས་གང་དང་གང་དུ་རང་གིས་མཆོད་པའི་རྫས་ཉམས་སུ་མྱོང་བར་བྱས་པའི་རྣལ་འབྱོར་པ་དེས། དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བར་བྱས་པར་འགྱུར་རོ། །པདྨ་པཱ་ཎི་ས་མཛད་པའི་གཤིན་རྗེ་ནག་པོའི་རྣམ་འགྲེལ་ཞེས་བྱ་བ་ལེའུ་གཉིས་པའོ།། །།


previousལེའུ་གཉིས་པ། དཀྱིལ་འཁོར་ཆེན་པོའི་རྣམ་པར་འགྲེལ་པ།next