Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བདུན་པ།


  expand section
   
གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས།  དཔལ་འཛིན།
   
   
   
   
   
   
  expand section
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། དཔལ་འཛིན།next

གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས།
དཔལ་འཛིན།


DTG047_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་མཎྜལ་ནོ་པི་ཀ །བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་རང་བཞིན་གྱི། །དཔལ་ལྡན་གཤིན་གཤེད་དཀྱིལ་འཁོར་གཙོར། །བཏུད་དེ་ཆོ་ག་མདོར་དྲན་པ། །དེ་ཡི་དཀྱིལ་འཁོར་ཆོ་ག་བཤད། །དང་པོ་རྣལ་འབྱོར་པ་འགྲོ་བ་གདོན་པའི་བསམ་པ་ཅན་གྱིས། ཚངས་པའི་གནས་བཞི་ལ་ལ་རང་བཞིན་གྲུབ་པར་བྱ་བའི་ཕྱིར་རམ། །གཞན་ལན་གཉིས་ལན་གསུམ་དུ་གསོལ་བ་འདེབས་པ་དེ་རྗེས་སུ་གཟུང་བའི་ཕྱིར། གལ་ཏེ་དཀྱིལ་འཁོར་བྲི་བར་འདོད་ན། རྣལ་འབྱོར་བཞི་སྔོན་དུ་བྱས་ལ། བསྙེན་པའི་ཆོ་གས་བཅོམ་ལྡན་འདས་གཤིན་རྗེ་གཤེད་ནག་པོའི་སྔགས་འབུམ། གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་གཞན་གྱི་ཁྲི་བཟླས་སོ། །བཅོམ་ལྡན་འདས་ཀྱི་རྗེས་སུ་གནང་བ་མཚན་མ་ཐོབ་པའམ། རང་གི་སེམས་


DTG047_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་སྒོ་ནས་བྲི་བར་བྱའོ། །དེ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་དཀྱིལ་འཁོར་གྱི་ཁང་པར་དཀྱིལ་འཁོར་གྱི་ས་སྦྱང་བར་བྱའོ། །གཏོར་མ་སྦྱིན་ཞིང་མཆོད་པ་སྣ་ཚོགས་ཉེ་བར་བྱས་ལ། རྣལ་འབྱོར་བཞི་དང་ལྡན་པའི་གྲོགས་དང་བཅས་པས། །ཨོཾ་བྷུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁའི་རང་བཞིན་དུ་བྱའོ། །ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བས་ནོར་འཛིན་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུཾ་ཞེས་བྱ་བས་དེ་ཉིད་དུ་རང་བཞིན་གྱིས་དག་པའི་གཤིན་རྗེ་མཐར་བྱེད་ནག་པོའི་གཟུགས་ཀྱིས་རྡོ་རྗེ་དང༌། དྲིལ་བུས་བྲེལ་བའི་ཕྱག་རྒྱ་དང་ལྡན་པ་ལ་གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་གཟུགས་ཀྱིས། སློབ་མ་བཞི་ལག་པ་ན་རྡོ་རྗེ་དང་དྲིལ་བུ་ཐོགས་པས། གསོལ་བ་གདབ་བོ། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །སྟོན་པ་སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་གཤེད་པོ་རབ་འཇིགས་པ། །ཕྲ་མ་རྡོ་རྗེའི་ངོ་བོ་ཁྱོད། །རྡོ་རྗེ་ཐུགས་དང་རབ་མཚུངས་པ། །རྡོ་རྗེ་རིན་ཆེན་ཕྱག་འཚལ་བསྟོད། །འདོད་ཆགས་རྡོ་རྗེའི་ངོ་བོ་ཁྱོད། །འདོད་ཆགས་ཆོས་ཀྱི་འབྱུང་གནས་བརྙེས། །དབྱིངས་མཆོག་ཀུན་གྱི་གཙོ་བོའི་གཙོ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཕྲག་དོག་རྡོ་རྗེའི་ངོ་བོ་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་པ། །རྡོ་རྗེ་སྐུ་དང་རབ་ཏུ་མཚུངས། །ཕྱག་ན་རལ་གྲི་ཕྱག་འཚལ་བསྟོད། །སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །གཤིན་རྗེ་འཇིགས་པའི་དཀྱིལ་འཁོར་འདི། །དཀྱིལ་འཁོར་ཀུན་གྱི་གཙོར་གྱུར་པ། །སྡིག་པ་ཐམས་ཅད་འཇིག་བྱེད་པའི། །མགོན་པོ་དཀྱིལ་འཁོར་བྲི་བར་མཛོད། །དེ་རྣམས་ཀྱིས་དབྱངས་གཅིག་ཏུ་གསོལ་བ་བཏབ་པར་རིག་ནས། སེམས་ཅན་གྱི་ཁམས་མ་ལུས་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་གཟིར་བར་བལྟས་ཏེ། །ཉོན་མོངས་པ་རྣམས་བསལ་བའི་ཕྱིར། ཧཱུཾ་བཛྲོད་ཏིཥྛ་ཞེས་བྱ་བའི་སྔགས་ཀྱིས་རང་གི་རྡོ་རྗེ་གསོར་ལ། ཡི་གེ་མ་ལས་མིག་གཡོན་པ་ཟླ་བ་ཊ་ལས་མིག་གཡས་པ་ཉི་མར་བྱས་པས་དུས་དང་ཕྱོགས་ཀུན་གསལ་བར་བྱས་ནས། རྣལ་འབྱོར་པས་ཁམས་


DTG047_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མ་ལུས་པ་ལ་བལྟ་ཞིང༌། རྐང་པའི་འོག་ཏུ་སྣ་ཚོགས་རྡོ་རྗེ་འབར་བ་བསྒོམས་ལ། རྡོ་རྗེ་གསོར་བ་ཉིད་ཀྱིས། རྡོ་རྗེ་འགྲོས་ཀྱི་གར་དང༌། འཁོར་ལོའི་ས་བསྐོར་བར་བྱའོ། །མགུར་ན་ཧྲཱིཿ་ཥྚྲྀཿ་ལ་སོགས་པ་སྒྲོགས་པའི་སྒྲས། དཀྱིལ་འཁོར་གྱི་བགགས་གས་སྐྲག་པར་བྱས་ལ། ཉོན་ཅིག་ལྷ་ཚོགས་བགེགས་ཀྱི་ཚོགས། །ལུས་ངག་ཡིད་ལ་གནས་པ་རྣམས། །དཔལ་ལྡན་རྡོ་རྗེ་འཛིན་པ་བདག །སྲུང་བའི་འཁོར་ལོ་སྦྱོར་བ་ཡིས། །རྡོ་རྗེ་ལུས་ནི་མདངས་ལྡན་པས། །ལུས་སོགས་གསུམ་སྐྱེས་འཇིག་པར་བྱེད། །གལ་ཏེ་ང་ལ་འགས་བརྙས་ན། །འདིར་ནི་དེ་གཞོམ་གཞན་དུ་མིན། །རྡོ་རྗེའི་གནས་སུ་འཁོར་ལོ་དང༌། །རིན་པོ་ཆེ་དང༌། པདྨ་དང༌། རལ་གྲི་རབ་ཏུ་བཀོད་ལ་བརྗོད་པར་བྱའོ། །ས་ཡོངས་སུ་གཟུང་བ་བྱས་པའི་རྗེས་ལ། བགེགས་མེད་པར་བྱ་བའི་ཕྱིར་ཕུར་བུས་གདབ་པར་བྱའོ། །དེ་ལ་ཕུར་བུའི་སྔགས་ནི་འདི་ཡིན་ཏེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱ་ན་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཱ་ཛྙཱ་ཡ་པ་ཏི། སརྦ་བིགྷྣཱཾ་ཀཱ་ཡ་པཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། འོག་དང་སྟེང་དང་ཕྱོགས་མཚམས་ཀྱི་བགེགས་ཐམས་ཅད་རལ་གྲི་གཤིན་རྗེ་གཤེད་ཀྱི་ཕུར་བུས་གདབ་པར་བྱའོ། །དེ་ལྟར་ས་ཡོངས་སུ་གཟུང་བ་བྱས་ཏེ། ས་བགེགས་ཞི་བར་བྱས་པས་མཐོང་ནས། ཕྱོགས་མཚམས་འབར་བའི་འོད་ཀྱིས་མཚམས་བཅད་པ་བྱས་ཏེ། ཕྱི་རོལ་དུ་སའི་ལྷ་མོ་མདོག་སེར་བ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལུས་ཀྱི་ཕྱེད་བྱུང་བ། ཕྱག་གཡས་པ་ཁས་ལེན་པའི་ལག་པ་ལྟ་བུ་གཡོན་ན་བུམ་པ་འཛིན་པ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་མཆོད་ལ་སྟ་གོན་དུ་གནས་པར་བྱའོ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཐེག་པ་སྤྱོད་པའི་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་ལའོ། །ཇི་ལྟར་ཤཱཀྱ་སེང་གེ་ཡིས། །བདུད་ཀྱི་སྟོབས་རྣམས་བཅོམ་པ་ལྟར།། བདག་གིས་བདུད་ཀྱི་སྟོབས་བཅོམ་སྟེ། །དཀྱིལ་འཁོར་ཆེན་པོ་བྲི་བར་བྱ། །དེ་ནས་དེ་ཉིད་དུ་ཞུགས་པར་བསམ་པར་བྱ་སྟེ། ས་སྟ་གོན་དུ་གནས་པའོ། །དེ་ནས་ཡང་དེ་ཉིད་ལ་དྲིས་ཉེ་བར་བྱུགས་ལ། མེ་ཏོག་སྣ་ཚོགས་ཀྱིས་དགྲམ་པར་བྱའོ། །ལྷའི་གནས་རྣམས་སུ་ཙནྡན་ལ་སོགས་པའི་མཎྜལ་


DTG047_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ཉིད་དུ་སྙིང་གའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་འཁོར་ལོ་བཀུག་ལ་མཚམས་བཅད་པ་ལ་སོགས་པ་བྱའོ། །མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བ་ལ་སོགས་པ་ཡང་བྱའོ། །དེ་ནས་རྐང་པ་གཡས་པའི་པུས་མོས་ལ་བཙུགས་ལ། ལག་པ་གཡས་པར་སྤོས་སྣོད་ཐོགས་ཏེ། འཁོར་ལོ་རྫོགས་པའི་སངས་རྒྱས་ལ་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་གཤིན་རྗེ་གཤེད་རྡོ་རྗེ། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་སྙིང་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ཉིད་བྲི་བར་འཚལ། །སློབ་མ་ལ་ནི་བརྩེ་ཕྱིར་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བདག་ནི་བཅོམ་ལྡན་ཁྱེད་ལ་གུས། །དགྱེས་པར་མཛད་པའི་འོས་ལགས་སོ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །འགྲོ་བའི་འཁོར་ལོ་བྱ་བའི་ཕྱིར། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །གཞན་ཡང་གསང་སྔགས་ལྷ་ཉིད་དང༌། །འཇིག་རྟེན་སྐྱོང་དང་འབྱུང་པོ་དང༌། །རྫོགས་སངས་རྒྱས་ཀྱིས་རྗེས་བསྟན་པ། །བསྟན་ལ་དགའ་བའི་སེམས་ཅན་དང༌། །གང་དག་རྡོ་རྗེའི་མིག་ཅན་རྣམས། །རྡོ་རྗེ་འཆང་ཆེན་བདག་མིང་འདི། །གཤིན་རྗེ་གཤེད་ནག་དཀྱིལ་འཁོར་ནི། །འགྲོ་བ་དག་ཕྱིར་བྲི་བར་བགྱི། །ཇི་ལྟར་ནུས་པའི་ཉེར་སྤྱོད་ཀྱིས།། རྗེས་སུ་བརྩེ་བ་ཉེ་བར་སྩོལ། །བདག་དང་སློབ་མར་བཅས་པ་དང༌། །དཀྱིལ་འཁོར་པ་ཡི་གྲོགས་ཀུན་ལ། །ཉེ་བར་མཛད་པར་འོས་པ་ལགས། །དེ་ལྟར་ལན་གསུམ་གྱི་བར་དུ་བྱས་ནས། འཁོར་ལོ་དེ་ཡང་དག་པར་མཆོད་དེ། ནམ་མཁའ་ལ་དགོད་པར་བྱའོ། །དེ་ནས་རྣལ་འབྱོར་པ་ཉི་མ་དང་ཟླ་བའི་མིག་ཅན་ཡི་གེ་ཇ་ལས་དབྱུང་བ་གཏི་མུག་རྡོ་རྗེ་གཤིན་རྗེ་གཤེད་ལ་སོགས་པའི་ས་བོན་ལས་བྱུང་བ། དེའི་ཁ་དོག་ཅན་ཉི་ཤུ་རྩ་ལྔར་དབྱེ་བར་བྱས་ལ། དཀྱིལ་འཁོར་གྱི་ཉིས་འགྱུར་ཙམ་བྱ་སྟེ། སྒོའི་ཉི་ཤུ་ཆ་དྲི་ཞིམ་པ་ལྔས་རྣམ་པར་བྱུགས་པའོ། །སྐུད་པ་འཁལ་བ་རལ་གྲི་གཤིན་རྗེ་གཤེད་དང་ལྷན་ཅིག་སྐུད་པ་བསྒྲིམ་པར་བྱའོ། །འབར་བའི་ལྟ་སྟངས་ཀྱིས་ལྕགས་ཀྱུས་བཀུག་པའི་དེ་བཞིན་གཤེགས་པ་རྣམས་བཅུག་ལ། ཨོཾ་དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿ་ཞེས་བྱ་བའི་སྔགས་འདི་དང༌། ཨོཾ་ཨཿ་པྲ་ཡ་ཙྪ་མོ་ཧཱ་ཀཱ་ལཱ་རི་སྭཱ་ཙ་ཀྲ་སཱུ་ཏྲ་ན་ཡ་ཧཱུཾ་ཞེས་བྱ་བའི་བར་དུའོ། །ཞེ་སྡང་དུས་ཀྱི་དགྲ་ལ་གསོལ་བ་


DTG047_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པ། ཨོཾ་ཨཱཿ་ཨ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཿ་པ་ར་སྦ་ར་ཨ་ནུ་ག་ཏ་སརྦ་དྷརྨཿ་ཨ་ཏྱནྟཱ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ་ཞེས་བརྗོད་དེ། ཐིག་སྐུད་འཛིན་པས་ཡི་གེ་ཛ་ཛ་ཛ་ཞེས་རང་གིས་བསྐུལ་ཞིང་བཏོན་ལ། གཡོན་པའི་ཁུ་ཚུར་གྱིས་ལྟེ་བའི་སྟིང་དུ་ཐིག་སྐུད་བཟུང་སྟེ། ནུབ་ཏུ་འདུག་ལ་ཤར་དུ་མངོན་པར་ཕྱོགས་པ་དང༌། ཤར་དུ་འདུག་སྟེ་ནུབ་ཏུ་མངོན་པར་ཕྱོགས་པ་དང༌། ལྷན་ཅིག་ནམ་མཁའི་ཐིག་གདབ་པར་བྱའོ། །ཡང་འོག་གི་ཐིག་གདབ་པར་བྱ་སྟེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། སེམས་ཅན་རྣམས་ཀྱི་དོན་དུ་ཁྱོད། །ཡང་ནི་དུས་འདིར་གཤེགས་སུ་གསོལ། །ཞེས་བྱ་བ་དང༌། ཐིག་སྐུད་ཀྱི་སྒྲས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ལ། ཤར་དང་ནུབ་ཏུ་ཚངས་ཐིག་གདབ་པར་བྱའོ། །བྱང་དུ་མངོན་པར་ཕྱོགས་པ་དང༌། ལྷོར་མངོན་པར་ཕྱོགས་པས། ལྷོ་དང་བྱང་གི་ཚངས་ཐིག་གདབ་པར་བྱའོ། །མེར་འདུག་ལ་གནོད་སྦྱིན་དུ་བལྟས་པ་དང༌། དབང་ལྡན་དུ་འདུག་ལ་ཡི་དགས་སུ་བལྟས་ཏེ། ཤར་གྱི་རྩ་བའི་ཐིག་གདབ་བོ། །རླུང་གི་ཕྱོགས་སུ་འདུག་ལ། ཡི་དགས་སུ་བལྟས་པ་དང༌། བདེན་བྲལ་དུ་འདུག་ལ་གནོད་སྦྱིན་དུ་བལྟས་ཏེ། ནུབ་ཕྱོགས་ཀྱི་རྩ་བའི་ཐིག་གདབ་བོ། །མེར་འདུག་ལ་ཀླུ་ཕྱོགས་སུ་བལྟས་པ་དང༌། བདེན་བྲལ་དུ་འདུག་སྟེ། དབང་པོར་བལྟས་པས། ལྷོ་ཕྱོགས་ཀྱི་རྩ་བའི་ཐིག་གདབ་བོ། །རླུང་གི་ཕྱོགས་སུ་འདུག་ལ་དབང་པོར་ཕྱོགས་པ་དང༌། དབང་ལྡན་དུ་འདུག་ལ་ཀླུ་ཕྱོགས་སུ་བལྟས་པས། བྱང་ཕྱོགས་ཀྱི་རྩ་བའི་ཐིག་གདབ་བོ། །ཆོ་ག་འདི་ཉིད་ཀྱིས་ཚངས་ཐིག་གི་ཕྱོགས་གཉིས་ཀར་ཐིག་བདུན་བདུན་གདབ་བོ། །རྩ་བའི་ཐིག་གི་ཕྱི་རོལ་གྱི་འགྲམ་དུ། ཐིག་དྲུག་གི་རྒྱབ་ལ་ནི་རྟ་བབས་ཅི་རིགས་པའི་ཐིག་གོ །མཚམས་ཀྱི་ཐིག་གཉིས་ཀྱང་ངོ༌། །ཐིག་དེ་ཉིས་བལྟབ་ཏུ་བྱས་པས་དབང་ལྡན་མཚམས་ནས་བརྩམས་ལ། སྐོར་ཕྱོགས་སུ་འཁོར་ལོའི་རྣམ་པར་རྡོ་རྗེའི་ཕྲེང་བའི་ཐིག་གཉིས་གདབ་བོ། །ཕྱོགས་ཀུན་ཀྱང་མཉམ་པར་མོས་པར་བྱའོ། །འདིར། མཚན་མར་མཐོང་མི་འགྲུབ་བོ། །ཐིག་སྐུད་ཆད་ན་བླ་མ་འཆི། །ཕྱོགས་རྨོངས་འཁྲུལ་ན་སློབ་མའོ། །ལྷག་ཆད་ལས་ནད་འབྱུང་བར་འགྱུར། །གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། །ཐིག་བཞི་དང་མཉམ་པར་ལྡན་


DTG047_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པ། དོ་ཤལ་དང་སེ་མོ་དོ་དང༌། དར་དབྱངས་ཀྱིས་བརྒྱན་པ། །མཚམས་དང་སྒོ་ཁྱུད་དང༌། འགྲམ་རྣམས་ལ་རྡོ་རྗེར་རིན་ཆེན་གྱིས་མཛེས་པར་བྱས་པའོ། །དེ་ལྟ་བུ་ནི་ཕྱི་རོལ་གྱི་དཀྱིལ་འཁོར་རོ། །ཡང་ནང་གི་དཀྱིལ་འཁོར་གྱི་ཕྱེད་ཆ་གྲུ་བཞི་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། རྡོ་རྗེ་ཕྲེང་བས་བསྐོར་བའོ། །དེ་ཉིད་དང་རྗེས་སུ་མཐུན་པའི་སྒོའི་བར་དུའོ། །བླ་དང་ལྡན་པས་རྩེ་མོ་ལྔ་རྣམ་པར་བསམས་ལ། ཡི་གེ་དྷཱིཿ་ལས་ཁྲོ་བོ་བལྟའོ། །སྒོ་ནི་དཀྱིལ་འཁོར་བརྒྱད་ཆ་རུ། །བདག་ཉིད་ཆེན་པོས་ཤེས་པར་བྱ། །ཁ་ཁྱེར་ཆེན་པོ་མ་གཏོགས་པར། །ཤིན་ཏུ་མཛེས་པ་ཡིད་འོང་བའོ། །སྒོ་ཁྱུད་སྒོ་དང་འདྲར་ཤེས་བྱ། །དེ་བཞིན་ལྷ་ཡི་སྣམ་བུ་སྟེ། །རྡོ་རྗེའི་ལྷ་མོར་ཡང་དག་ལྡན། །གླུ་དང་རོལ་མོ་ལ་སོགས་གར། །ཁ་ཁྱེར་སྒོ་ཡི་ཕྱེད་ཡིན་ཏེ། །སྒོ་ཁྱུད་ལ་སོགས་དྲ་བ་དང༌། །དྲ་ཕྱེད་ཉི་མ་ཟླ་བ་དང༌། །མེ་ཏོག་དག་གི་ཕྲེང་བ་ཡང༌། །ཚོན་རྩིའི་སྣམ་བུ་དེ་ཡི་ཕྱེད། །རྩ་བའི་ཐིག་གི་ཕྱི་རོལ་ལོ། །རིན་ཆེན་ཀ་བ་སོགས་སྣམ་བུ། །མཉམ་པའི་ས་ལ་ཚོན་རྩི་སྦྱིན། །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །བ་དན་དྲིལ་བུར་ལྡན་པ་རྣམས། །དྲིལ་བུར་བཅས་པ་རླུང་བསྐྱོད་པའོ། །བ་དན་ཕྱི་ཡི་མཚམས་ཉིད་དུ། །གཞན་རྣམས་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རབ་ཏུ་བརྟག །ཁྲུ་གང་ཉིད་ནི་མཉམ་སྦྱིན་ཞིང༌། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །དེ་བཞིན་དུ་ནི་རིམ་འདིས། །སྔ་མ་བཞིན་དུ་མཉམ་པར་ཐིག་བཏབ་ནས། །རིམ་པ་སྔ་མ་བཞིན་དུ་རྡུལ་ཚོན་གྱི་ཆ་དག་བཏེག་ཅིང་བཟུང་ལ་འབར་བའི་ལྟ་སྟངས་ཀྱིས་མངོན་པར་བསྔགས་ཏེ། ཨོཾ་བཛྲ་ཙི་ཏས་མ་ཡ་ཧཱུཾ་ཞེས་བྱ་བས་སོ། །དེ་ནས་རང་བཞིན་གྱིས་དག་པའི་གཤིན་རྗེ་མཐར་བྱེད་ནག་པོའི་རྣལ་འབྱོར་པ། ཀུན་དུ་རྟོག་པ་མ་ལུས་པ་སྤངས་པ། འཁོར་ལོའི་དབུས་སུ་གནས་ཤིང༌། །དབང་ལྡན་གྱི་མཚམས་སུ་བརྟེན་ནས་ལག་པ་གཡོན་པའི་ཁུ་ཚུར་གྱིས་བྲི་བར་བྱ་སྟེ། དཀར་པོ་དང༌། སེར་པོ་དང་དམར་པོ་དང་ལྗང་གུ་སྟེ། ནག་པོ་ནི་ནང་ཉིད་དུའོ། །སྒོའི་ཉི་ཤུ་ཆ་ནི་ཚོན་རྩི་སྟེ། ཀུན་ཀྱང་སྦོམ་པོ་ལ་སོགས་པའི་སྐྱོན་དང་བྲལ་བར་བྲི་བར་བྱའོ། །དེ་ལ་སྤོམ་པོ་བྲིས་ན་ནད་འབྱུང་ངོ༌། ཕྲས་ན་ནི་ནོར་ཉམས་སོ། །མ་སོས་ན་འཁོན་འབྱུང་ངོ༌། །ཆད་ན་ནི་འཆིའོ། །ཚོན་རྩི་རྣམས་ཀྱི་བར་ནི་


DTG047_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཙམ་གྱིས་ཚོད་པར་བྲིའོ། །ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོ་ཕྱོགས་སེར་པོ་དང་ལྡན་པ། །ནུབ་ཀྱི་ཆ་ནི་དམར་པོའོ། །བྱང་ཕྱོགས་ལྗང་དང་ལྡན་པའོ། །ཨིནྡྲ་ནཱི་ལའི་འོད་ལྡན་པ། །དབུས་ཀྱི་ཆ་ནི་མཉམ་པར་བྲི། །དེ་ལྟར་དཀྱིལ་འཁོར་བྲིས་ནས་སུ། །ལྷའི་གནས་ཐམས་ཅད་དུ་སྣ་ཚོགས་པདྨའོ། །དཀྱིལ་དུ་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འབྱེས་པའོ། །ཤར་ཕྱོགས་ཀྱི་རྩེ་མོའི་རྩ་བ་ལ་འཁོར་ལོ་རྩིབས་བརྒྱད་པའོ། །ལྷོ་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ། ཉི་མ་ལ་གནས་པའི་རིན་པོ་ཆེ་ཆ་དགུ་པའོ། །ནུབ་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ། ཉི་མ་ལ་གནས་པའི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །བྱང་གི་ཕྱོགས་ཀྱི་རྩིབས་ཀྱི་རྩ་བ་ལ་རལ་གྲི་ལྗང་གུའོ། །སྣ་ཚོགས་རྡོ་རྗེའི་མེ་མཚམས་སུ་འཁོར་ལོའོ། །བདེན་བྲལ་མཚམས་སུ་རྡོ་རྗེའོ། །རླུང་གི་མཚམས་སུ་པདྨའོ། །དབང་ལྡན་མཚམས་སུ་རལ་གྲིའོ། །ཤར་སྒོར་ནི་རྡོ་རྗེ་ཐོ་བ་རྩིབས་ཉི་ཤུ་པའོ། །ལྷོར་སྒོར་ནི་དབྱུག་པ་དཀར་པོའོ། །ནུབ་སྒོར་ནི་པདྨ་དམར་པོའོ། །བྱང་སྒོར་རལ་གྲིའོ། །དཀྱིལ་འཁོར་གྱི་མཚམས་བཞིར་ནི། པདྨའི་སྣོད་བཞི་བྲི་བར་བྱ་སྟེ། རྡུལ་ཚོན་དགྱེ་བའོ། །དེ་ལྟར་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་བལྟས་ལ། སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་རྣལ་འབྱོར་པ་རང་དང་མཚུངས་པའི་ཡན་ལག་དང་ལྡན་པས། སངས་རྒྱས་རྣམས་ཀྱི་བདག་པོ་ཉིད་དུ་གནས་ཏེ། དེའི་སེམས་ཀྱིས་ནམ་མཁའི་ཁམས་ཁྱབ་པར་དཀྱིལ་འཁོར་སྒྲུབ་ཅིང་སྤྲོས་པ་གནས་ཇི་ལྟ་བ་བཞིན་དུ་བཀོད་དེ། མིག་ལ་སོགས་པ་དང༌། ལུས་ལ་སོགས་པ་བྱིན་གྱིས་བརླབ་ཅིང༌། བདག་ཉིད་དབང་བསྐུར་བའི་ཆོ་གས་དབང་བསྐུར་བར་བྱའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་ཨརྒྷ་ལ་སོགས་པ་དབུལ་ཞིང་ཁྲོ་བོ་རྣམས་ཀྱིས་དགུག་པ་དང་གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ་མཆོད་པ་དང་བསྟོད་པ་དང༌། བདུད་རྩི་མྱོང་བ་ཡང་བྱའོ། །བཟླས་པ་དང་བསྒོམ་པ་དང༌། མཉེས་པ་ཡང་བྱའོ། །ཕྱོགས་སྐྱོང་བ་རྣམས་ལ་ཡང་གཏོར་མ་དང་མཆོད་པ་དབུལ་ཏེ། །བདག་ཉིད་ཀྱིས་དཀྱིལ་འཁོར་བསྐོར་ཞིང་ཕྱག་ཀྱང་བྱ་སྟེ། འདི་ལྟ་བུ་ནི་དཀྱིལ་འཁོར་བསྒྲུབ་པའི་ཐབས་སོ། །དེ་ནས་བུམ་པ་བཅོ་བརྒྱད་གཙོ་བོའི་དཀྱིལ་འཁོར་དུ་བཞག །པདྨའི་སྣོད་


DTG047_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡང་གཞག་གོ །ལས་ཐམས་ཅད་ཀྱི་མཚན་མ་གདབ། མགྲིན་པ་གོས་ཀྱིས་དཀྲི། ཙུ་ཏ་ལ་སོགས་པའི་ཁ་རྒྱན་དང་ལྡན་པར་བྱ། རིན་པོ་ཆེ་ལྔ་དང་སྨན་ལྔ་དང༌། འབྲུ་ལྔ་དང་ལྡན་པ་དེ་དག་ཀྱང༌། སྔགས་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བལྟས་ལ། དེ་རྣམས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང༌། ཨརྒྷ་ལ་སོགས་པ་ཕུལ་ཏེ། དགུག་པ་དང་གཞུག་པ་དང༌། བཅིང་བ་དང་དབང་དུ་བྱས་ལ་མཆོད་པ་ལ་སོགས་པ་དབུལ་ལོ། །མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་སྟེང་རྣམས་སུ་བཞག་ལ། སྔགས་པ་དེ་སྲིད་འདོད་ཀྱི་བར་དུ་དུས་གསུམ་དུ་བཟླ་ཞིང༌། འཁོར་ལོ་དེ་ཆུ་དེ་ཉིད་ཀྱི་རྣམ་པར་མཐོང་བར་བྱའོ། །དེ་ལྟ་བུ་ནི་བུམ་པ་སྟ་གོན་དུ་གནས་པའི་ཆོ་གའོ། །དེ་ནས་མ་ཚང་བ་ལ་སོགས་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་དང༌། ཡོན་བདག་གི་བསོད་ནམས་མངོན་པར་འཕེལ་བར་བྱ་བའི་ཕྱིར་སྦྱིན་སྲེག་བྱའོ། །དེ་ལ་ཞི་བའི་ཐབ་ཁུང་བཞིན་དུ་ལས་ཐམས་ཅད་པའི་ཐབ་ཁུང་བྱ་སྟེ། ཁྲུ་གང་གི་ཚད་ཙམ་ལ། ཟབས་སུ་ཁྲུ་ཕྱེད་བརྐོ་བ་མ་གཏོགས་པ་རྒྱ་དང༌། འཕང་དུ་སོར་བཞི་པའི་ཁ་ཁྱེར་པདྨ་རྒྱས་པའི་རྣམ་པ་ལྟ་བུས་བསྐོར་བའོ། །དེའི་ཕྱི་རོལ་དུ་ཁ་ཁྱེར་སོར་གཉིས་པས་གྲུ་བཞིར་བསྐོར་བར་བྱའོ། །དེའི་མཚམས་ལ་ཟླ་བ་ཕྱེད་པའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པའོ། །ཐབ་ཁུང་གི་དཀྱིལ་དུ་སོར་བརྒྱད་ཀྱི་ཚད་ལ་རྩེ་མོ་རྣམས་ལ་སོར་རེ་རེ་ཡོད་པའི་ཞེ་སྡང་རྡོ་རྗེ་རྩེ་ལྔ་པ་བྲིའོ། །ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་དུ་འཁོར་ལོ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རལ་གྲི་སོར་དྲུག་གི་ཚད་ཙམ་བྲིའོ། །ཚོན་རྩི་དཀར་པོས་སྟེང་དུ་བྲིའོ། །དེ་ནས་རྣལ་འབྱོར་པ་ཁ་ཤར་ཕྱོགས་སུ་བལྟས་ཏེ། བསྲེག་པའི་རྫས་མ་ལུས་པ་གཡས་ངོས་སུ་བཞག་ལ། བསང་གཏོར་གྱི་ཆུའི་སྣོད་ལ་སོགས་པ་གཡོན་ཕྱོགས་སུ་གཞག་གོ །བྲམ་ཟེའི་ཁྱིམ་མམ། དགེ་འདུན་གྱི་གཡོས་ཁང་ནས་མེ་བླངས་ལ། འོ་མ་ཅན་གྱི་ཤིང་རབ་ཏུ་སྦར་བར་བྱ་སྟེ། སྲོག་ཆགས་ལ་གནོད་པ་སྤང་བར་བྱའོ། །དེ་ནས་རྡོ་རྗེ་འཛིན་པ་ཡོངས་སུ་གྱུར་པ་སྔོན་དུ་སོང་བའི་སྣ་ཚོགས་པདྨའི་སྟེང་དུ་རཾ་ལས་བྱུང་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གསུམ་པ་གཉུག་མར་གནས་པའི་རིག་པ་དང༌། གཉིས་སུ་མེད་པའི་སྐུ་ཕྱག་གཡས་ན་སྤྱི་བླུགས་


DTG047_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་ལ། གཉིས་པ་མི་འཇིགས་པ་སྦྱིན་པ། གཡོན་ན་དབྱིག་གུ་རྩེ་གསུམ་པ་བསྣམས་པ་གཉིས་པ་ན་ཕྲེང་བ་བསྣམས་པ། གཞན་དག་ན་གྲི་གུག་དང་ཐོད་པ་བསྣམས་པ། གཡས་བརྐྱང་བའི་ཞབས་ཀྱིས་གནས་པ། ཁྲོ་བོའི་རྒྱན་གྱིས་བརྒྱན་པ་བསྒོམས་ལ། སྙིང་ག་ན་གནས་པའི་ས་བོན་ལས་ཡེ་ཤེས་ཀྱི་མེ་དགུག་སྟེ། ཨོཾ་ཊ་ཀྐི་ཧཱུཾ་ཛཿ་ཞེས་བྱ་བའི་སྔགས་ཀྱིས་ཀུ་ཤའི་ཆུན་པོས་བསང་གཏོར་ལ་སོགས་པ་དབུལ་ཞིང༌། དམ་ཚིག་འཇུག་པ་དང༌། མཆོད་པ་ལ་སོགས་བྱ་སྟེ། དེའི་ཞལ་དུ་ཡི་གེ་རཾ་བཀོད་ལ་སྲེག་རྫས་བྱུར་བུ་དབུལ་ལོ། །བླུགས་གཟར་དང་དགང་གཟར་གྱི་མཆུ་དང༌། མཆུ་ལ་ཡང་རིམ་པ་བཞིན་བསྒོམས་ཏེ་སྲེག་རྫས་ཐམས་ཅད་དབུལ་ལོ། །ཕྱིས་དེའི་སྙིང་གར་གཤིན་རྗེ་མཐར་བྱེད་ཀྱི་རང་གི་ས་བོན་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ཏེ། མིག་ལ་སོགས་པ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་ལ་སོགས་པ་བྱས་ལ། མཆོད་པ་ལ་སོགས་པ་དབུལ་ཏེ། དེའི་ཞལ་དུ་ཡི་གེ་རཾ་བསྒོམས་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བས། མར་གྱིས་བཀང་བའི་སྲེག་བླུགས་དབུལ་ལོ། །ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲ་ཡ་སརྦ་པཱ་པ་ནི་ད་ཧ་སྭཱ་ཧཱ། ཞེས་བྱ་བས་ནི་དཱུར་བའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཞེས་བྱ་བས་ནི་འབྲས་མ་གོད་པའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞེས་བྱ་བས་ནི་ཞོའོ། །ཨོཾ་ཨ་ཕྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ནི་ཀུ་ཤའོ། །ཨོཾ་པོ་དྷི་བྲི་ཀྵ་ཡ་སྭཱ་ཧཱ། ཞེས་བྱ་བས་ནི་ཨ་ཤྭ་དྠའོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ནི་ནྱ་གྲོ་དྷའོ། །ཨོཾ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ནི་ཨུ་དུམྺཱ་རའོ། །ཨོཾ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ནི་ཨ་མྲའོ། །ཤིང་ལས་བྱུང་བ་མ་ཡིན་པའི་སྲེག་རྫས་གཞན་དག་ནི། རང་གི་འདོད་པའི་ལྷ་སྔགས་ཀྱི་མན་ངག་ཇི་ལྟ་བ་བཞིན་དུ་བསྐུལ་བའི་ཚིག་དང་ལྡན་པས། བདུད་རྩིའི་ངོ་བོར་བསྒྲུབས་ལ་བསྲེག་པར་བྱའོ། །དེ་ནས་འཐོར་འཐུང་དང༌། ཞབས་བསིལ་དང༌། མེ་ཏོག་དྲི་ཞིམ་པོ་ལ་སོགས་པ་དང༌། ན་བཟའ་དང༌། སོ་རྩི་དང་བཤོས་རྣམས་ཕུལ་ནས། འདོད་པའི་དངོས་པོ་བླངས་ལ། ཡི་གེ་མུཿའི་མཐའ་ཅན་གྱི་ཡི་གེ་གསུམ་གྱིས་གཤེགས་སུ་གསོལ་ལོ། །རྫས་ལྷག་མ་རྣམས་ཀྱང་སྔར་བཞིན་གྱི་ཆོ་གས་


DTG047_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལ་བསྲེགས་ལ་གཤེགས་སུ་གསོལ་ལོ། །སྦྱིན་སྲེག་གི་དགང་གཟར་ཁྲུ་གང་གི་ཆད་ལ་རྩ་བ་རྡོ་རྗེ་རིན་པོ་ཆེ་དང་ལྡན་པ་སོར་བཞི་བ་སོར་གཉིས་བརྐོས་པ་རྡོ་རྗེ་དང་ལྡན་པ། པདྨའི་འདབ་མ་ལྟ་བུ་འབྱུང་བའི་སྦུབས། མཐེའུ་ཆུང་གི་ཚད་ཙམ་དང་བཅས་པའོ། །བླུགས་གཟར་ནི་སོར་གཉིས་ཙམ་ལ་སོར་གཅིག་བརྐོས་པ། རྡོ་རྗེ་དང་ལྡན་པ། པདྨའི་འདབ་མ་ལྟ་བུ་སྟེ། དགང་གཟར་དང༌། བླུགས་གཟར་རོ། །དེ་ནས་རབ་གནས་ཀྱི་ས་གཞི་གདུགས་དང༌། རྒྱལ་མཚན་དང༌། བ་དན་སྣ་ཚོགས་དང༌། རོལ་མོའི་སྒྲ་སྣ་ཚོགས་ཡིད་དུ་འོང་བ་དང༌། སློབ་དཔོན་ཡང་ཇི་ལྟར་ཚོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ལ། སྐུ་གཟུགས་སམ། རི་མོའམ་གླེགས་བམ་མདུན་དུ་བཞག་སྟེ། བསང་གཏོར་དང༌། ཡོན་ཆབ་དང༌། འཐོར་འཐུང་ཕུལ་ལ། ཁུ་ཚུར་གཡོན་པའམ། གཞན་དུ་ཡུངས་ཀར་བླངས་ཏེ། སྐུ་གཟུགས་ལ་སོགས་པ་མདུན་དུ་གཡོན་པའམ། གཞན་གྱིས་ལན་གསུམ་གྱི་བར་དུ་བསྐོར་ཏེ། མེའི་ནང་དུ་བླུགས་ལ། ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བཏབ་པའི་ཁམ་ཕོར་གསུམ་གྱིས་བསྐོར་ཞིང་གཡབས་ལ་བསྐུར་རོ། །དེ་ནས་སྙིམ་པས་ཆུ་བླངས་ལ་མེ་དེ་ཉིད་དུ་བླུགས། དེ་ནས་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཉེ་བར་སྤྱོད་པའི་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་དེ་རྣམ་པར་རྟོག་པ་ཐམས་ཅད་སྤང་ཞིང་སྤོས་སྣོད་བཟུང་ལ། དེ་བཞིན་གཤེགས་པ་རྣམས་སྟ་གོན་དུ་གནས་པའི་ཕྱིར། དམ་ཚིག་ཅན་ཁྱོད་ཀྱིས་བདག་ལ་དམ་ཚིག་སྩོལ་ཅིག་ཅེས་ལན་གསུམ་དུ་བརྗོད་དེ། ཇི་ལྟར་ཡང་དག་རྫོགས་སངས་ཀུན། །དགའ་ལྡན་གནས་སུ་བཞུགས་ནས་ནི། །ལྷ་མོ་སྒྱུ་མའི་མངལ་འཇུག་པ། །དེ་བཞིན་འདིར་ཡང་བཞུགས་སུ་གསོལ། །མགོན་པོ་འདིར་ནི་རྟག་བཞུགས་ནས། །མེ་ཏོག་ལ་སོགས་འདི་བཞེས་ལ། །མི་འདིའི་དོན་ནི་གཟུང་ཕྱིར་དང༌། །བྱང་ཆུབ་སེམས་ནི་བརྟན་པར་མཛོད། །དེ་ནས་གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་བྱའོ། །ལྷ་སྟ་གོན་དུ་གནས་ནས་ཐོ་རངས་ཀྱི་དུས་སྐུ་གཟུགས་གོས་སེར་པོས་གཡོགས་ལ། ཁ་ཤར་ཕྱོགས་སུ་བསྟན་ཏེ་ཁྲུས་བྱའོ། །དེ་ལ་རིམ་པ་ནི་འདི་


DTG047_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། བའི་རྣམ་པ་ལྔ་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨཿ་ཞེས་བྱ་བའི་ས་བོན་གྱིས་མངོན་པར་བསྔགས་པས་བསྐུས་ལ། དེ་ནས་དྲི་ཞིམ་པོའི་སྣུམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བས་བསྔགས་ཏེ། དཱུར་བའི་ཆང་བུས་བྱུག་པར་བྱའོ། །དེ་ནས་ཤུན་པ་ལྔ་འཁར་བའི་སྣོད་དུ་བཞག་ལ་སྣུམ་ཕྱིའོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ནས་བརྩམས་ཏེ། བུམ་པ་སོ་སོའི་ཆུས་ཁྲུས་གསོལ་ལོ། །ཇི་ལྟར་བལྟམས་མ་ཐག་ཏུ་ཡང༌། །དེ་བཞིན་གཤེགས་ཀུན་སྐུ་བཀྲུས་ལྟར། །ལྷ་རྫས་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེའི་རྗེས་ལ་ནམ་མཁའ་ལ་ཙ་རྩི་ཀ་ལ་སོགས་པ་རིག་པའི་ཚོགས་རྣམས་བཀུག་ནས། ཡེ་ཤེས་བདུད་རྩིའི་ཆུས་གང་བའི་བུམ་པ་འཛིན་པ་དེ་རྣམས་ཀྱིས་དེ་མངོན་པར་དབང་བསྐུར་བར་བྱའོ། །དེ་ནས་གོས་ཀྱིས་རླན་མེད་པར་ཕྱིས་ལ། དང་པོའི་གནས་སུ་གཞག་གོ །རས་རིས་སམ་གླེགས་བམ་མམ། མཆོད་རྟེན་ཆེན་པོ་རྣམས་ནི་མེ་ལོང་ལ་སྔ་མ་བཞིན་དུ་སྐུ་ཁྲུས་གསོལ་བར་བྱའོ། །དེ་ལྟ་བུ་ནི་ཁྲུས་གསོལ་བའི་རིམ་པའོ། །དེ་ནས་མིག་ལ་སོགས་པ་དང༌། ལུས་ལ་སོགས་པ་བྱིན་གྱིས་བརླབ་ཅིང༌། བདག་ཉིད་དབང་བསྐུར་ལ། རིགས་ཀྱི་གཙོ་བོ་ཅོད་པན་ཉིད་དུ་བཞག་ཅིང༌། ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་དམིགས་ལ། །ཡོན་ཆབ་ལ་སོགས་པ་དབུལ་ཞིང་དམ་ཚིག་ལ་གཞུག་པར་བྱའོ། །གླེགས་བམ་ལ་ནི་ཡི་གེའི་གཟུགས་ཉིད་འགྱུར་བ་ན་བཟའ་དབུལ་ཏེ། ཨོཾ་བཛྲ་བསྟྲ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་མེ་ཏོག་ལ་སོགས་པ་དབུལ་ཏེ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་གཙོ་བོ་མཆོག་འདི་དག །གུས་པ་མཆོག་གིས་བདག་འབུལ་ན། །ཇི་ལྟར་བདེ་བས་བཞེས་སུ་གསོལ། །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་པའི་དྲི་ཡི་མཆོག་འདི་དག །གུས་པ་མཆོག་གིས་བདག་འབུལ་ན། །ཇི་ལྟར་བདེ་བས་བཞེས་སུ་གསོལ། །ཞུན་མར་འབྲུ་མར་སྣང་བ་འདི། །ལྷ་རྫས་འོད་འབར་མུན་པ་འཇིག །བདག་ཉིད་དང་བས་


DTG047_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལགས་ན། །མི་ཤེས་པ་ཀུན་བསལ་དུ་གསོལ། །བཟའ་བཅའ་ཀུན་དང་བཅས་པ་ཡི། །ཁ་དོག་དྲི་དང་རོར་ལྡན་པའི། །བཤོས་གཙང་དམ་པ་བདག་འབུལ་ན། །འདི་དག་ཐམས་ཅད་བཞེས་སུ་གསོལ། །དེ་ལྟར་མངོན་པར་བསྔགས་པའི་མེ་ཏོག་ལ་སོགས་པ་དབུལ་ལོ། །ཕྱི་ནས་སྐུ་གཟུགས་ཀྱི་སྤྱན་དབྱེ་སྟེ། དངུལ་གྱི་སྣོད་ན་ཡོད་པའི་མར་དང༌། སྦྲང་རྩི་གསེར་གྱི་ཐུར་མས་བླངས་ལ། ཨོཾ་བཛྲ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་ལག་པ་གཡས་པས་རྡོ་རྗེ་གསོར་ཞིང་གཡོན་པས་དྲིལ་བུ་དཀྲོལ་ལ། གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །ཅེས་བྱ་བ་ལ་སོགས་པའི་བསྟོད་པ་བྱ་སྟེ། དེ་ལྟ་བུ་ནི་རབ་གནས་ཀྱི་ཆོ་གའོ། །གང་གི་ཚེ་སྙིང་རྗེ་མཆོག་གི་དབང་དུ་གྱུར་ཅིང་དབང་བསྐུར་ལ་སོགས་པས་སློབ་མ་བསྡུ་བར་འདོད་ན། དེའི་ཚེ་དཀྱིལ་འཁོར་གྱི་གནས་ཀྱི་ཕྱི་རོལ་དུ། རིགས་དང་གཟུགས་དང་ལང་ཚོ་དང༌། དད་པ་དང༌། ཐོས་པ་ལ་སོགས་པ་དང་ལྡན་པ། དོན་དུ་གཉེར་བའི་སློབ་མ་ལག་ཏུ་མེ་ཏོག་ཐོགས་ཏེ་དཀྱིལ་འཁོར་ལ་ཕྱག་བྱས་པ་དང༌། གཞན་ཡོན་ཏན་མེད་པ་ཡང་སངས་རྒྱས་དང༌། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ། ཆོས་བཤད་པས་སྤྲོ་བ་བསྐྱེད་དོ། །རྗེས་སུ་གནང་བ་བཞི་པོའམ། །རང་གི་བསླབ་པ་ལྡན་པའི་འཁོར། །ཐེག་པ་ཆེན་པོའི་བློ་ཅན་ལ། །སངས་རྒྱས་ཡང་དག་ཆོ་ག་གསུངས། །སྔགས་ཀྱི་དངོས་གྲུབ་མཚན་མའམ། འགའ་ཞིག་ཞི་བའི་དཀྱིལ་འཁོར་དང༌། །དེ་བཞིན་བསོད་ནམས་འདོད་ལ་གཞན། །འཇིག་རྟེན་ཕྱི་མ་ཐེག་མཆོག་དང༌། །མང་དུ་འཇིག་རྟེན་ཕ་རོལ་དོན། །བྱས་ནས་དད་ལྡན་བློ་དག་བྱེད། །འཇིག་རྟེན་འདི་ཡི་འབྲས་སྤངས་ནས། །འཇིག་རྟེན་ཕྱི་མའི་འབྲས་འདོང་ལ། །གང་ཕྱིར་འདི་ལ་ཕན་མང་བ། །འདི་མེད་འཇིག་རྟེན་ཕ་རོལ་བ། །དེ་ཕྱིར་འཇིག་རྟེན་གཞན་གྲུབ་ཕྱིར། །ཁྱེད་ཀྱི་བསྟན་པ་ཡིད་ཀྱིས་བགྱིས། །དེ་ལྟར་སྨྲས་ནས་ཞི་བར་འཇུག་པས་རྡོ་རྗེ་དང་པདྨ་དག་པར་བྱས་པ་ལ་གསོལ་བ་གདབ་པོ། །བདག་གི་སྟོན་པ་དགའ་ཆེན་ཁྱོད། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་ཆེན་པོའི་ལམ་བསྟན་པ། །དམ་ཚིག་དེ་


DTG047_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་གསོལ། །ཞེས་ལན་གསུམ་བརྗོད་དེ། གུས་པ་དང་ལྡན་པའི་བླ་མ་ལ་འདི་ལྟར་གཙོར་བྱས་ལ་བརྗོད་དོ། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །ཐེག་ཆེན་འདི་ནི་བུ་ཁྱོད་ཤོག །ཁྱོད་ནི་ཐེག་པ་ཆེན་པོའི་སྣོད། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་འབྱུང་བའི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་ཉིད་ཀྱིས། །ཡེ་ཤེས་མཉམ་པ་མེད་པ་བརྙེས། །ཤཱཀྱ་སེང་གེ་སོགས་མཆོག་གིས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །གང་གིས་སྟོབས་ཆེན་བདུད་ཀྱི་སྡེ། །ཤིན་ཏུ་འཇིགས་པ་ཆེ་བཅོམ་ནས། །འཇིག་རྟེན་རྗེས་འཇུག་བཀོད་པ་ཡིས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་བུ་ཁྱོད་བློ་ཡིས་འདིར། །ཐམས་ཅད་མཁྱེན་ཉིད་ཐོབ་པར་གྱིས། །ཞེས་གསོལ་བ་འདེབས་པ་ལ་སྨྲས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་བསྐྱེད་པའི་ཕྱིར་དང༌། སྐྱེས་པ་རྣམས་ཡང་དག་པར་སྦྱོར་བར་བྱ་བའི་ཕྱིར། དེ་དག་ཤིན་ཏུ་འདོད་པར་བྱས་ལ། དེའི་སྙིང་གར་ཡི་གེ་ཧཱུཾ་ལས་རྡོ་རྗེ། མགྲིན་པ་ཡི་གེ་ཨཱཿ་ལས་པདྨ། སྤྱི་བོར་ཡི་གེ་ཨོཾ་ལས་འཁོར་ལོ། དེ་རྣམས་སུ་ས་བོན་དགོད་པ་ནི་ཧཱུཾ་ཨཱཿ་ཨོཾ་ཞེས་བརྗོད་ལ། དྲི་ཞིམ་པོར་བཅས་པའི་ཆུ་རྡོ་རྗེའི་ཁུ་ཚུར་གྱིས་གཟུང་ནས་མགྲིན་པར་བསྐུའོ། །དེ་ནས་དེ་དག་གི་མགོ་ལ་མེ་ཏོག་སྦྱིན་ནོ། །དྲི་དང་བྱུག་པ་ནི་མདུན་དུའོ། །མར་མེ་མདུན་དུའོ། །ཐམས་ཅད་ལ་ལས་ཐམས་ཅད་པའི་སྔགས་བཟླའོ། །དེ་ནས་ཆགས་པ་ལ་སོགས་པའི་སྐྱོན་དང་བྲལ་བའི་སོ་ཤིང་རྩེ་མོ་མེ་ཏོག་ཅན་སྦྱིན་ནོ། །དེས་ཁ་ཤར་ཕྱོགས་སུ་བལྟས་ཏེ། བཅའ་ཤིང་བ་ལང་གི་པགས་པ་ཙམ་གྱིས་ཕྱོགས་བ་ལང་གི་ལྕི་བས་བྱུགས་པར་དོར་རོ། །དེ་ནས་དེ་ལྷུང་བ་དང་ཞི་བ་ལ་སོགས་པ་གྲུབ་པའི་མཚན་མ་དེ་ལ་བསྟན་པར་བྱའོ། །དེ་ནས་ཆུ་ཁྱོར་བ་གསུམ་གྱིས་ཁ་བཤལ་ཏེ། ཨོཾ་ཧྲཱིཿ་བི་ཤུདྡྷཿ་སརྦ་དྷརྨཱ་པཱ་པ་ནཱི་ཙཱ་སྱ་ཤོ་དྷ་ཡ་སརྦ་བི་ཀལ་པཾ་ཨ་པ་ན་ཡ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱིས་སོ། །སྟན་དང་སྔས་སུ་ཀུ་ཤ།


DTG047_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གདིང་ངོ༌། །དེའི་ཚད་སུམ་འགྱུར་གྱི་སྐུད་པས་བཅིངས་ཏེ། ལས་ཐམས་ཅད་པའི་སྔགས་བཟླས་པས་བསྲུང་ང༌། །དེ་ནས། ཐམས་ཅད་མཁྱེན་ཉིད་འཇིག་རྟེན་དུ། །བརྒྱ་ལ་འབྱུང་ངམ་མི་འབྱུང་འགྱུར། །ཨུ་དུམ་བཱ་རའི་མེ་ཏོག་ཀྱང༌། །རེས་འགའ་རེས་འགའ་འབྱུང་བ་སྲིད། །གསང་སྔགས་ཚུལ་ལ་གནས་པ་ཡང༌། །དེ་བས་ཀྱང་ནི་རྙེད་པར་དཀའ། །གང་གིས་སེམས་ཅན་དཔག་མེད་དོན། །ནུས་པར་མཛད་ལས་འདས་པ་དང༌། །བསྐལ་པ་དུ་མ་དཔག་མེད་དུ། །གང་གིས་སྡིག་པ་སྔོན་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བས་ནི། །དེ་དག་ཐམས་ཅད་ཟད་འགྱུར་བས། །སྔགས་སྤྱོད་ཚུལ་ལ་གནས་པ་དང༌། །མཉམ་པར་གྱུར་བས་གཞན་ཅི་ཡོད། །ཚེ་འདི་ཉིད་ལ་སྔགས་བཟླས་པས། །བླ་མེད་གནས་སུ་འགྲོ་འགྱུར་ཏེ། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོའི་གནས་ནི་དེ་དག་སྤངས། །དེ་དག་ཐམས་ཅད་ཟད་འགྱུར་བས། །དེ་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་བརྟན་གྱུར་ནས། །ཁྱོད་ནི་དེ་རིང་རྙེད་པ་མཆོག །བདག་ཉིད་ཆེན་པོ་རྙེད་པར་འགྱུར། །གང་གིས་རྒྱལ་བ་ཐམས་ཅད་ནི། །སྲས་དང་བཅས་པས་བསྟན་པ་འདི། །ཁྱོད་ཀྱི་ཀུན་གྱིས་ཡོངས་བཟུང་སྟེ། །གནས་ནས་བདག་ཉིད་ཆེན་པོ་ལ། །གང་གིས་ཁྱོད་ནི་ཐེག་ཆེན་ལས། །འདིར་ནི་འགྲོ་བར་འགྱུར་བ་ཡིན། །ལམ་འདི་མཆོག་སྟེ་དཔལ་དང་ལྡན། །ཐེག་པ་ཆེན་པོ་སྣང་བ་ཆེ། །གང་གིས་ཁྱོད་ནི་འགྲོ་འགྱུར་བས། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །ཞེས་བསྟན་ནས། ཀུ་ཤ་བཏིང་བ་ལ་བཞག་ལ་རྨི་ལམ་ཅུང་ཞིག་མཐོང་ནའང་ང་ལ་ཐོ་རངས་ཁྱོད་ཀྱིས་ཟློས་ཤིག་ཅེས་བྱ་སྟེ། འདི་ནི་སློབ་མ་སྟ་གོན་དུ་གནས་པའོ། །གལ་ཏེ་མི་དགེ་བའི་མཚན་མ་ཟློས་ན་དེའི་ཚེ། ལས་ཐམས་ཅད་པའི་སྔགས་ཀྱིས་བརྡེག་པར་བྱའོ། །ཡང་ངེས་བསྲུངས་ལ་སྡོམ་པ་འཛིན་དུ་བཅུག་སྟེ། དཀྱིལ་འཁོར་ཕྱིར་མི་ལྡོག་པའི་དབང༌། །གསལ་བ་མགོན་པོས་བདག་ལ་སྩོལ། །དཀྱིལ་འཁོར་ལྷ་དག་བསྟོད་པ་དང༌། །སློབ་དཔོན་གྱི་ནི་ལས་དག་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །གསང་བའི་སྡོམ་པ་བླ་མེད་རྣམས། །སློབ་དཔོན་གྱིས་ནི་བདག་ལ་སྩོལ། །རྟག་ཏུ་སེམས་ཅན་དོན་བགྱིད་


DTG047_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཞེས་བརྗོད་ནས། བདག་དང་སློབ་མ་འཇུག་པའི་ཆོ་ག་ཡིན་ཏེ། དང་པོ་སློབ་དཔོན་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐམས་ཅད་རྫོགས་པར་བྱ་སྟེ། རྗེས་སུ་གནང་བ་ཐོབ་ནས། ཡོལ་བའི་ཕྱི་རོལ་དུ་ཡོན་ཕུལ་བའི་སློབ་མ་དབང་བསྐུར་བའི་སྣོད་དུ་གྱུར་པ། རྣམ་པར་སྣད་མཛད་ཀྱི་གཟུགས་སུ་དམིགས་ལ། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་སྔགས་བཟླ་ཞིང་མེ་ཏོག་གི་ཕྲེང་བ་བཟུང་སྟེ། མིག་གཉིས་བཀབ་པ་ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་པའི་ཆུས་བསངས་ཏེ། དཀྱིལ་འཁོར་དུ་གཞུག་པའི་ཕྱིར། །ཁྱོད་གང་ལ་དགའ་བ་ཡིན་ཞེས་དྲིའོ། །དེས་ཀྱང་སྐལ་བཟང་བདག་ནི་བདེ་བ་ཆེན་པོ་ལའོ་ཞེས་བརྗོད་དོ། །དེ་མ་ཐག་ཏུ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བྱ་བས་རྣལ་འབྱོར་གྱི་སེམས་བསྐྱེད་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་ཏིཥྛ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བྱའོ། །དེ་ནས་སྔར་བསྟན་པའི་ཡི་གེ་ལྔ་བརྗོད་ཅིང༌། ཡོལ་བའི་ནང་དུ་བཀུག་ལ་འདི་སྐད་ཅེས་བརྗོད་དོ། །དེ་རིང་ཁྱེད་སངས་རྒྱས་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེ་བས་ན་ཡེ་ཤེས་རྡོ་རྗེ་དེ་ངས་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་དེ་ཁོ་ན་ཉིད་ཀྱི་དངོས་སུ་ཀྱང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱེད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་དེའི་སྤྱི་བོར་རྡོ་རྗེ་བཞག་ལ་འདི་སྐད་ཅེས་བརྗོད་དོ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་འདི་འགའ་ལ། །སྨྲས་ན་མགོ་བོ་འགས་པར་འགྱུར། །རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་ཡི་མོད་ལ་བཀས་ནས་གཤེགས། །ཞེས་བྱ་བ་འདིས་མནའ་བསྒག་གོ །ཙནྡན་དང་གུར་ཀུམ་བསྲེས་པའི་ཆུ་ལ་ཨོཾ་བཛྲ་ཨུ་ད་ཀ་ཋཿ་ཞེས་ལན་བདུན་གྱི་བར་དུ་བཟླས་ལ། འདི་ནི་དམྱལ་བའི་ཆུ་ཡིན་ཏེ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་འགྲུབ་འགྱུར་བའི། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་ལ་བླུད་དོ། །དེ་ནས་འདི་སྐད་བརྗོད་དེ། དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་གང་སྨྲས་པ་དེ་ཁྱོད་ཀྱིས་བྱ་བ་ཡིན་ནོ། །


DTG047_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་བརྙས་པར་མ་བྱེད་ཅིག །ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས། དམྱལ་བར་ལྟུང་བར་མ་བྱེད་ཅིག་ཅེས་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་བརླབས་ནས། རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། །ཞེས་བརྗོད་དོ། །དེའི་སྤྱི་བོར་ཡི་གེ་བཾ་ལས་བྱུང་བའི་བུམ་པས་མཚན་མ་དཀར་པོ་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀྱིལ་དུ་ཧའོ། །སྙིང་གར་ལཾ་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་ཞི། རྡོ་རྗེ་རྩེ་གསུམ་པས་མཚམས་སུ་མཚན་པ་དེ་ལ་ཧཱུཾ་ངོ༌། །ལྟེ་བར་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོ་ཤིན་ཏུ་རྣོ་ཞིང་ཚ་བ་དེ་ལ་ཨཱའོ། །རྐང་པ་འོག་ཏུ་ཡཾ་ལས་བྱུང་བ་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་རྣམ་པ་ལྟ་བུ་གཡོ་བའི་བ་དན་ཕྱེད་པས་མཚན་པ་དེ་ལ་ཛྷཻཿ་དྲག་ཅིང་རྣོ་བ་འབར་བའི་ཕུང་པོ་དེ་རླུང་གི་བུམ་པར་བསམས་ལ་ཇི་སྲིད་མེའི་དཀྱིལ་འཁོར་གཞན་གྱི་བར་དུའོ། །དེ་དག་གཡོས་པར་གྱུར་ནས་འབར་ཞིང་བྱུང་བས་དབང་ཆེན་གྱི་དཀྱིལ་འཁོར་ཡང་འབར་བར་གྱུར་ཏོ། །དེ་ནས་ཆུའི་དཀྱིལ་འཁོར་ལས་དག་ཅིང་གཙང་པའི་རྒྱུན་བབ་པས། །ངོམས་ཤིང་ཚིམ་པར་གྱུར་ནས་རླུང་གིས་བཏེག་པ་དང༌། སློབ་མ་དང་རང་འགྱིང་བག་དང་བཅས་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་མཐར་བྱེད་སྐུ་ཤིན་ཏུ་དྲག་པོ་ཅན། ཕྱག་གཡས་པས་རྡོ་རྗེ་གསོར་བ། གཡོན་པས་དྲིལ་བུ་འཁྲོལ་བ་འབེབས་པའི་སྔགས་ཀྱིས་ཕབ་སྟེ། སྤོས་དབུལ་ལོ། །དེའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿ་ཥྚྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་ཕཊ་ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ར་ར་ཙཱ་ལེ་ཧཱུཾ་ཧ་ཨཱ་ཛྷཻཿ་ཕཊ་ཅེས་བྱ་བས་མྱུར་དུ་ཕེབས་པར་འགྱུར་རོ། །དེ་ནས་འདོད་ཆགས་གཤིན་རྗེ་གཤེད་དུ་དེ་མ་ཐག་ཏུ་དམིགས་ལ། དེའི་ལྕེ་ལ་ཡི་གེ་ཨཱཿ་དམར་པོ་བསམས་ཏེ། ཏིཥྛ་བཛྲ་ཞེས་བརྗོད་དོ། །རྡོ་རྗེ་ཆོས་ནི་མགོན་པོ་ཆེ། །འོད་དཔག་མེད་ནི་བདེ་བ་ཆེ། །སྨོས་ཤིག་འདོད་ཆགས་ཆོས་ཆེན་པོ། །དགེ་དང་མི་དགེ་བ་དེ་འདྲི། །བབས་ན་དགེ་དང་མི་དགེ་དེ། །ངག་གི་བརྟན་པ་རྗོད་པར་བྱེད། །སེམས་ནི་བརྟན་ནས་ཁམས་གསུམ་དག །ཤེས་ཤིང་ལུས་ནི་བརྟན་གྱུར་ན། །ནམ་མཁའ་ལ་ཡང་འགྲོ་བར་འགྱུར། །གལ་ཏེ་རིང་དུ་འགྲོ་འགྱུར་ན། །མགོ་བོའི་གཙུག་ཏུ་ལཾ་


DTG047_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེས་ཀུན་ནས་མནན་པར་བསྒོམས་ལ་དེ་རེངས་པར་བྱའོ། །དེ་ལྟ་བུ་ནི་དབབ་པའོ། །དེ་ནས་ཐོགས་པའི་མེ་ཏོག་དེ་དཀྱིལ་འཁོར་དུ་དབུལ་ཞིང་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་དོ། །དེ་ལྟར་ལྷ་གང་གི་གནས་མཚན་མ་དང་ཉེ་བར་བབ་པར་གྱུར་ན་དེའི་རིགས་ཡིན་པར་དེ་ལ་བསྟན་པར་བྱའོ། །གནས་མཆོག་ཏུ་བབ་ན་དངོས་གྲུབ་མཆོག་འགྲུབ་པོ། །གནས་དཀྱིལ་དུ་ནི་དངོས་གྲུབ་འབྲིང་ངོ༌། །གནས་སྨད་ཀྱི་ལས་དངོས་གྲུབ་ཐ་མའོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བབ་ན་དངོས་གྲུབ་མེད་དོ། །གལ་ཏེ་དཀྱིལ་འཁོར་དུ་མ་བབ་ན་དེ་ཡང་འཕང་ངོ། །ལན་གསུམ་འཕངས་ཀྱང་དེ་ཉིད་དུ་མ་བབ་ན་དེ་གཟུང་བར་མི་བྱའོ། །དེ་ནི་མེ་ཏོག་དོར་བའོ། །ཕངས་པའི་ཕྲེང་བ་དེ་བླངས་ཏེ་དེའི་མགོ་ལ་བཅིངས་ལ། སེམས་ཅན་སྟོབས་པོ་ཆེ་འདི་ལོངས་ཤིག་ཅེས་བརྗོད་དོ། །དེ་ནས། ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱེད་ཀྱི་མིག་འབྱེད་མཛད། །དེ་ལྟར་མིག་ནི་ཐམས་ཅད་འབྱེད། །རྡོ་རྗེ་མིག་ནི་བླ་མེད་པ། །ཞེས་བརྗོད་ནས་གདོད་གཡོགས་དབྱེའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་སོ་སོའི་མིང་བསྟན་པ་སྔོན་དུ་འགྲོ་བས། བྱང་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ། གཙོ་བོའི་བར་དུ་བསྟན་པར་བྱའོ། །དེ་ནི་དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་སངས་རྒྱས་ཆོས་ཆེན་པོ། །རྡོ་རྗེ་སེམས་དཔས་དབང་བསྐུར་ལྟར། །བདག་ཀྱང་མགོན་པོས་དབང་བསྐུར་ཞིང༌། །ཉིད་ཀྱི་མཆོག་ཀྱང་སྩལ་དུ་གསོལ། །ཞེས་བྱ་བས་གསོལ་བ་འདེབས་པ་དང་ལྡན་པའི་སློབ་མ་བཟུང་ལ། རྡོ་རྗེ་ཙ་རྩི་ཀ་ལ་སོགས་པས་བུམ་པས་དབང་བསྐུར་རོ། །རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་པོ་ཡི་ཕྱག་བྱས་པ། །གསང་གསུམ་པ་ཡི་གནས་བྱུང་བའི། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་བརྗོད་ཅིང་ལས་ཐམས་ཅད་པ་བཟླས་པའི་བུམ་པའི་ཆུ་རྡོ་རྗེ་ཁུ་ཚུར་གྱིས་ཀུན་ནས་གཏོར་ཞིང༌། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་དོ། སློབ་མ་འཁོར་ལོས་སྒྱུར་བ་བཞིན་དུ་དབང་བསྐུར་རོ། །ཆུའི་དབང་བསྐུར་བའོ། །དེ་ནས་གསེར་རམ་གོས་ལས་བསྒྲུབས་པའི་ཅོད་པན་ཇི་ལྟ་བའི་སྔགས་ཀྱིས་མགོའི་སྟེང་དུ་བཞག་ལ་ནམ་མཁའི་ཁོངས་སུ་གཏོགས་པའི་རང་གི་རིགས་ཀྱི་གཟུགས་སུ་ཅོད་པན་ལ་བཞུགས་སུ་གསོལ་ཏེ་སྦྱིན་པ་ནི་ཅོད་པན་གྱི་


DTG047_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བའོ། །དེའི་རྗེས་ལ་རྡོ་རྗེ་བྱིན་ལ། སངས་རྒྱས་རྡོ་རྗེ་དབང་བསྐུར་བས། །དེ་རིང་ཁྱོད་ནི་དབང་བསྐུར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་ལོང་ཤིག་རབ་འགྲུབ་འགྱུར། །ཞེས་བརྗོད་ཅིང་རྡོ་རྗེ་སྙིང་ག་ལ་སོགས་པར་རེག་ལ་ལག་པ་གཡས་པར་སྦྱིན་པ་ནི་རྡོ་རྗེའི་དབང་བསྐུར་བའོ། །དེ་ནས་ལག་པ་གཡོན་པར་དྲིལ་བུ་བྱིན་ལ། རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པ་དག་གིས་འཁྱུད་པ་ལྟར་བྱས་ཏེ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་སྦྱིན་ཏེ། དེ་ནི་དྲིལ་བུའི་དབང་བསྐུར་བའོ། །དེ་ཉིད་ལ་བདག་པོའི་དབང་ཞེས་ཀྱང་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་སྤྱི་བོར་བཟུང་ལ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས། རིགས་དང་རྗེས་སུ་མཐུན་པའི་མིང་གདགས་སོ། །དབང་འདི་དག་གིས་སྔགས་དང་རྒྱུད་བཤད་པ་དང༌། གསང་སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །འདི་ནི་དབང་ལྔ་པ་སྟེ། རྩ་བའི་ཡིན་ནོ། །རྩ་བའི་དབང་ཐམས་ཅད་ལ་ཡང་ཙ་རྩི་ཀ་ལ་སོགས་པའི་བྱ་བ་ཐམས་ཅད་ཡིན་པ་ཉིད་དོ། །དེ་ནས་རྩ་བའི་དབང་མ་ནོས་པས་སློབ་དཔོན་སྡོམ་པ་ཅན། ཀྱེ་སྙིང་རྗེའི་གཏེར་བདག་དང་གཞན་གྱི་དོན་ནུས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་དེ་ཁྱེད་ཀྱི་སྐུ་དྲིན་གྱིས་སྩལ་དུ་གསོལ་ཞེས་གསོལ་བ་གདབ་པ་དང་ལྡན་པས་དཀྱིལ་འཁོར་དང་ཉེ་བར་རྡུལ་ཚོན་དམར་པོ་ལས་བྱས་པའི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་གོར་སྟན་ལ་བཞག་སྟེ། རྡོ་རྗེ་ཙ་རྩི་ཀ་ལ་སོགས་པས་དབང་བསྐུར་ཞིང་དམ་ཚིག་གསུམ་བཟུང་ངོ༌། །དེ་ལ་དམ་ཚིག་གསུམ་ནི་འདི་ཡིན་ཏེ། ཧཱུཾ་ལས་རྡོ་རྗེ་བསྒོམས་ལ། ཁམས་གསུམ་པ་ཡི་རལ་གྲི་ཆེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །འདི་ནི་ལས་ཀྱི་རལ་གྲི་མཆོག །དགྲ་རྣམས་ལས་རྒྱལ་བྱ་ཕྱིར་ཟུང༌། །ཞེས་བྱ་བས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་ངོ༌། །འདི་ནི་རྡོ་རྗེའི་དམ་ཚིག་གོ །དེ་ནས་ཨཱཿ་ལས་བྱུང་བའི་དྲིལ་བུ་ལ་ཤེས་རབ་དང༌། ཐབས་ཀྱི་ངོ་བོ་ཉིད་རྡོ་རྗེ་དང་དྲིལ་བུ་འདིས་འགྲུབ་པར་འགྱུར་གྱིས་ཟུང་ཤིག །བུ་རྡོ་རྗེ་ཁྱོད་ཀྱིས་སློབ་མ་ལ་ཡང་ཟུང་ཤིག་ཅེས་བྱས་ལ། དེའི་ལག་པར་བྱིན་ཏེ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་


DTG047_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་དངོས་མེད་བྱས། །སེམས་ཅན་རང་བཞིན་རྟག་ཏུ་དག །སྲིད་པའི་མཆོག་ནི་བྱེད་པ་ཡིན། །ཞེས་བྱ་བས་དེ་ལ་གདམས་པར་བྱ་སྟེ། འདི་ནི་དྲིལ་བུའི་དམ་ཚིག་གོ །དེ་ནས་ཕྱག་རྒྱའི་དམ་ཚིག་བསྟན་ཏེ། ཡིད་ཀྱི་གཟུགས་ནི་བརྟན་པ་ཉིད། །ཕྱག་རྒྱ་ཡིན་པར་རབ་གྲགས་ཏེ། །འདི་ཡིས་རང་གི་འདོད་ལྷ་ནི། །བདག་ཉིད་ཕྱག་རྒྱ་ཆེན་པོར་གནས། །ཞེས་བྱ་བ་ནི་ཕྱག་རྒྱའི་དམ་ཚིག་གོ །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་ལྷའི་དེ་ཁོ་ན་ཉིད་དང་སློབ་དཔོན་གྱི་ལས་དང་དཀྱིལ་འཁོར་བསྒྲུབ་པ་དང༌། སློབ་དཔོན་འཇུག་པའི་བྱ་བ་བསྟན་པར་བྱའོ། །དེ་ལ་སངས་རྒྱས་དང༌། སངས་རྒྱས་མ་ཡིན་པ་བདག་དེ་ཁོ་ན་ཉིད་དུ་མཉམ་པས་གྲུ་བཞི་པའོ། །ལུས་དང༌། ཚོར་བ་དང་སེམས་དང༌། ཆོས་རྣམས་གཅིག་དང་དུ་མ་དང་བྲལ་བས་གཟུགས་བརྙན་དང་མཚུངས་པ་ཉིད་ལ། དད་པ་རྣམ་པར་དག་པ་ནི་ཤར་ཕྱོགས་ཀྱི་སྒོའོ། །སྐྱེས་པ་དང་མ་སྐྱེས་པའི་མི་དགེ་བའི་ཆོས་སྤང་བ་དང༌། མི་བསྐྱེད་པ་དང༌། སྐྱེས་པ་དང་མ་སྐྱེས་པའི་དགེ་བའི་ཆོས་འཕེལ་ཞིང་རྒྱས་པར་བྱ་བ་དང༌། བསྐྱེད་པའི་ཕྱིར་རྩོམ་པའི་ལས་དང༌། རྟོག་པའི་བདག་ཉིད་ཀྱིས་བརྩོན་འགྲུས་བཞི་པོ་རྣམ་པར་དག་པ་ནི་ལྷོའི་སྒོའོ། །འདུན་པ་དང་བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པ་ཞེས་བྱ་བ་རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། གང་དྲན་པ་རྣམ་པར་དག་པ་ནི་ནུབ་ཀྱི་སྒོའོ། །དད་པ་དང་བརྩོན་འགྲུས་དང༌། དྲན་པ་དང་ཏིང་ངེ་འཛིན་དང༌། ཤེས་རབ་ཅེས་བྱ་བ་དབང་པོ་ལྔའི་ཏིང་ངེ་འཛིན་རྣམ་པར་དག་པ་ནི་བྱང་གི་སྒོའོ། །རྟོག་པ་དང༌། དཔྱོད་པ་དང། དགའ་བ་དང༌། བདེ་བ་དང་སེམས་རྩེ་གཅིག་པ་ཞེས་བྱ་བ་བསམ་གཏན་དང་པོའི་ཡན་ལག་དང༌། རྟོག་པ་དང་དཔྱོད་པ་སྤངས་པ་བསམ་གཏན་གཉིས་པ་དང༌། དགའ་བ་ཡང་སྤངས་ཤིང་བཏང་སྙོམས་དང༌། དྲན་པ་དང་ལྡན་པས་བསམ་གཏན་གསུམ་པ་དང༌། བཏང་སྙོམས་དང་དྲན་པ་དག་པ་དང༌། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་བསམ་གཏན་བཞི་པ་རྣམ་པར་དག་པ་ནི། རྟ་བབས་བཞིའོ། །དཔའ་བར་འགྲོ་བ་དང༌། ནམ་མཁའ་མཛོད་དང༌། དྲི་མ་མེད་པ་དང༌། སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་བཞི་པོ་རྣམ་པར་དག་པ་ནི་ཁ་


DTG047_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་བཞིའོ། །དོན་དང་ཚིག་དང༌། ངེས་ཚིག་དང༌། སྤོབས་པ་བཞི་དང༌། གཟུངས་བཞི་རྣམ་པར་དག་པ་ནི་ཁ་ཁྱེར་ལ་གནས་པའི་མཆོད་པའི་ལྷ་མོའི་ཚོགས་སོ། །བསམ་པ་ཐམས་ཅད་རྫོགས་པས་ནི་རྒྱན་རྣམ་པ་སྣ་ཚོགས་སོ། །མདོ་དང་དབྱངས་ཀྱིས་བསྙད་པ་དང། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པ་དང༌། གླེང་གཞི་དང༌། སྐྱེས་པའི་རབས་དང༌། ཤིན་ཏུ་རྒྱས་པ་དང༌། རྨད་དུ་བྱུང་བ་གསུང་རབ་ཡན་ལག་དགུ་གདུལ་བྱའི་སྐྱེ་བོ་ལ་བསྟན་པ་རྣམ་པར་དག་པ་ནི། དྲིལ་བུ་དང་གཡེར་ཁའི་སྒྲ་དང་བ་དན་ནོ། །དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང་བཏང་སྙོམས་ཞེས་བྱ་བ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པ་ནི། དྲ་བ་དང་དྲ་བ་བྱེད་པ་དང༌། མེ་ལོང་དང་མེ་ཏོག་གི་ཕྲེང་བ་དང༌། རྔ་ཡབ་འབར་བའོ། །ནང་གཟུགས་མེད་པའི་འདུ་ཤེས་ཀྱིས་ཕྱི་རོལ་གྱི་གཟུགས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རྣམ་པར་མཐོང་བ་ཞེས་བྱ་བ་རྣམ་པར་ཐར་པ་དང་པོ་དང༌། ཕྱི་རོལ་གྱི་གཟུགས་མེད་པའི་འདུ་ཤེས་ཀྱིས་ནང་གི་གཟུགས་དེ་བཞིན་དུ་མཐོང་བ་ཞེས་བྱ་བ་ནི་གཉིས་པ་དང༌། ནང་དང་ཕྱི་རོལ་གྱི་གཟུགས་མེད་པའི་འདུ་ཤེས་ཀྱིས་གཟུགས་རྣམས་མངོན་སུམ་དུ་ཉེ་བར་རྫོགས་པར་བྱས་ཏེ། གནས་པ་ཞེས་བྱ་བ་གསུམ་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བཞི་པ་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ལྔ་པ་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དྲུག་པ་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བདུན་པ་དང༌། འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ། འདི་དག་རྣམས་དག་པ་ནི། སྣ་ཚོགས་རྡོ་རྗེའི་ཟུར་བཞི་དང་ལོགས་བཞིའོ། །རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་གི་རིམ་པ་དང༌། འབྲེལ་པའི་རྡོ་རྗེའི་ཐིག་དང་ཡང་དག་པར་ལྡན་པའོ། །འབྲས་བུ་དབྱེ་བས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཤིན་ཏུ་མཐོ་བའི་བྱེ་བྲག་གིས་སྣ་ཚོགས་རྡོ་རྗེའི་རྩེ་མོ་ཉི་ཤུའོ། །རྟེན་དང་བརྟེན་པའི་དབྱེ་བས་ས་ལྔ་ནི་ངོས་


DTG047_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་སྟེང་ངོ༌། །གོས་པ་མེད་པའི་ཆོས་གཅིག་དང༌། དུ་མ་ཇི་ལྟར་རིགས་པ་རབ་ཏུ་སྟོན་པ་ནི། ལྷའི་གནས་ཀྱི་སྣ་ཚོགས་པདྨའོ། །བྱང་ཆུབ་ཀྱི་སེམས་ཡོངས་སུ་སྨིན་པར་བྱེད་པས་ཉི་མའི་གདན་དང་ལྡན་པའོ། །བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་འཕེལ་བར་བྱེད་པས་ཟླ་བའི་གདན་དང་ལྡན་པའོ། །སྙིང་རྗེའི་བདུད་རྩིས་ཡོངས་སུ་གང་བས་ན་བུམ་པ་བརྒྱད་དོ། །ཆོས་ཀྱི་འོད་ཀྱི་སྒྲོན་མའི་གྲགས་པ་ནི་དྲི་ཞིམ་པའོ། །ཆོས་ཀྱི་ཟས་ནི་བཤོས་གཙང་སྟེ། དེ་ལྟ་བུ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་བརྗོད་པར་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཕུང་པོ་དང༌། ཞེ་སྡང་ཆེན་པོ་ཤིན་ཏུ་རྣམ་པར་དག་པ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་བཅོམ་ལྡན་འདས་སོ། །འགྲོ་བ་ཐམས་ཅད་ཀྱི་ཉོན་མོངས་པ་བསྡུས་པས་གནག་པ་ནི་ནག་པོའོ། །བརྟགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་གཤིན་རྗེ་མཐར་བྱེད་པའི་ཕྱིར་གཤིན་རྗེ་གཤེད་དོ། །ཤིན་ཏུ་གདུག་པ་ཅན་དྲག་པོ་ཞི་བས་མི་འདུལ་ལ་ཁྲོ་བོ་ཆེན་པོའོ། །རྣམ་ཐར་སྒོ་གསུམ་རྣམ་པར་དག་པ་ཞལ་གསུམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཕྱག་དྲུག་གོ །སེར་སྣ་ལ་སོགས་པ་འཇིག་པར་མཛད་པས་རྡོ་རྗེ་ལ་སོགས་པ་དྲུག་ཕྱག་ན་བསྣམས་པའོ། །ཞེ་སྡང་གི་ཆའི་ཉེ་བའི་ཉོན་མོངས་པ་འཇིག་པས་སྦྲུལ་གྱིས་བརྒྱན་པའོ། །ཚོགས་གཉིས་ཡོངས་སུ་རྫོགས་པས་རང་དང་མཚུངས་པའི་ཡེ་ཤེས་ལ་འཁྱུད་པའོ། །རྟག་ཏུ་སེམས་ཅན་གྱི་དོན་མཛད་པས་ལྷན་ཅིག་སྐྱེས་པའི་བདེ་བའི་ངོ་བོའོ། །ཆོས་ཀྱི་སྐུ་ཉིད་ཀྱི་ཕྱིར་ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པའི་སྐུ་མཛད་པའོ། །གཟུགས་ཀྱི་ཕུང་པོ་དང་གཏི་མུག་ཆེན་པོ་རྣམ་པར་དག་པ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ནི་བཅོམ་ལྡན་འདས་གཏི་མུག་གཤིན་རྗེ་གཤེད་དོ། །གཞན་ནི་སྔ་མ་བཞིན་ནོ། །གཏི་མུག་གི་ཆའི་ཉེ་བའི་ཉོན་མོངས་པའི་ཕྲ་མ་ཆེན་པོ་དང༌། ཚོར་བའི་ཕུང་པོ་རྣམ་པར་དག་པ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་བཅོམ་ལྡན་འདས་ཕྲ་མ་གཤིན་རྗེ་གཤེད་དོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ང་རྒྱལ་གྱི་ཆའི་ཉེ་བའི་ཉོན་མོངས་པ་དང༌། འདོད་ཆགས་ཆེན་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་དང༌། སོ་སོར་རྟོག་པའི་ཡེ་ཤེས་ནི། བཅོམ་ལྡན་འདས་འདོད་ཆགས་གཤིན་རྗེ་གཤེད་དོ། །འདོད་


DTG047_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་ཆའི་ཉེ་བའི་ཉོན་མོངས་པ་དང༌། ཕྲག་དོག་ཆེན་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དང༌། བྱ་བ་ནན་ཏན་གྱི་ཡེ་ཤེས་ནི་བཅོམ་ལྡན་འདས་ཕྲག་དོག་གཤིན་རྗེ་གཤེད་དོ། །ཕྲག་དོག་གི་ཆའི་ཉེ་བའི་ཉོན་མོངས་པ་དང༌། འཇིག་ཚོགས་ལ་ལྟ་བ་དང༌། ཤེས་བྱའི་སྒྲིབ་པ་དང༌། ཕུང་པོའི་བདུད་ལ་དད་པ་རྣམ་པར་དག་པ་ནི། བཅོམ་ལྡན་འདས་ཐོབ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པ་དང༌། མཐར་འཛིན་པར་ལྟ་བ་དང༌། འདོད་པའི་སྒྲིབ་པ་དང༌། ཉོན་མོངས་པའི་བདུད་ལ་བརྩོན་འགྲུས་རྣམ་པར་དག་པ་ནི་བཅོམ་ལྡན་འདས་དབྱུག་པ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པར་ཉེ་བའི་ཉོན་མོངས་པ་དང༌། ལས་ཀྱི་སྒྲིབ་པ་དང༌། ལྟ་བ་མཆོག་ཏུ་འཛིན་པ་དང༌། འཆི་བདག་གི་བདུད་ལ་དྲན་པ་རྣམ་པར་དག་པ་ནི་བཅོམ་ལྡན་འདས་པ་པདྨ་གཤིན་རྗེ་གཤེད་དོ། །མི་མཐུན་པའི་ཕྱོགས་ཀྱི་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པ་དང༌། སྐྱེ་བའི་སྒྲིབ་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང༌། ལྷའི་བུ་རྣམ་པར་གཡེང་བྱེད་བདུད་ལ་ཏིང་ངེ་འཛིན་རྣམ་པར་དག་པ་ནི་བཅོམ་ལྡན་འདས་རལ་གྲི་གཤིན་རྗེ་གཤེད་དོ། །སའི་ཁམས་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བྱམས་པ་ཆེན་པོའི་ངོ་བོ་ཉིད་རྡོ་རྗེ་ཙ་རྩི་ཀའོ། །ཆུའི་ཁམས་དང་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྙིང་རྗེ་ཆེན་པོའི་ངོ་བོ་ནི་རྡོ་རྗེ་ཕག་མོའོ། །མེའི་ཁམས་དང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དགའ་བ་ཆེན་པོའི་ངོ་བོ་ནི་རྡོ་རྗེ་དབྱངས་ཅན་མའོ། །རླུང་གི་ཁམས་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཏང་སྙོམས་ཆེན་པོའི་ངོ་བོ་ནི་རྡོ་རྗེ་གཽ་རཱི་མའོ། །ཕྱི་རོལ་གྱི་གཟུགས་ལ་སོགས་པ་དག་པ་ནི་ཐོད་པ་བཞིའོ། །ནང་དྲི་ཞིམ་པོས་ཀྱང་བཀང་བ་ནི། ཆོས་ཀྱི་དབྱིངས་ཀུན་དུ་འགྲོའོ། །ཕ་རོལ་ཏུ་ཕྱིན་པ་ས་དང་སྦྱར་བ་ཡང་བརྟག་པར་བྱའོ། །སྟོབས་དང་མ་འདྲེས་པ་ལ་སོགས་པ་མ་བྲིས་པ་ནི་གཞུང་མངས་ཀྱིས་དོགས་པས་འཇིགས་པས་སོ། །དེ་ལྟ་བུ་ནི་ལྷའི་དེ་ཁོ་ན་ཉིད་དོ། །དེ་ནས་སློབ་དཔོན་གྱི་ལས་ཏེ་བསྲུང་བའི་དམ་ཚིག་དང༌། བཟའ་བའི་དམ་ཚིག་བསྒྲུབ་པ་རྒྱུད་དེ་དང་དེ་དག་བསྟན་པའོ། །བདག་བསྲུང་བ་ནི་སོ་སོ་འབྲང་


DTG047_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དཀྱིལ་འཁོར་དང་སྒྲུབ་ཐབས་བསྟན་པས་སོ། །སློབ་དཔོན་འཇུག་པ་ནི་གཏོར་མ་བྱིན་ཏེ། དེ་ལ་རྣལ་འབྱོར་བཞི་དང་ལྡན་པའི་སློབ་དཔོན་གྱིས་བཅའ་བ་དང༌། མྱང་བ་དང༌། བཏུང་བ་བླང་པ་ལ་སོགས་པ་སྣ་ཚོགས་དང་ལྡན་པ་དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། གོས་དང། གདུགས་དང༌། རྒྱལ་མཚན་དང༌། དྲིལ་བུ་ལ་སོགས་པའི་སྒྲ་ཆེན་པོ་ཀུན་རྫོབ་ཏུ་རྫོགས་པ་དང་བཅས་པའི་གཏོར་མ་ཤིང་རྟ་བཀང་བའམ། མ་འབྱོར་ན་ནས་ཀྱི་ཁུར་བའམ། འབྲས་ཆན་ཉུང་ཤས་ཙམ་དང་བཅས་པའི་ཆུ་ཁྱོར་བ་གསུམ་ཙམ་ཡང་རུང་ངོ༌། །དེ་ནས་ཁྲོ་བོ་ཞགས་པ་དང་ལྕགས་ཀྱུ་ལ་སོགས་པ་ཐོགས་པ་སྤྲོས་ཏེ། ཕྱོགས་སྐྱོང་བ་རྣམས་སྙིང་ག་ནས་ལྕགས་ཀྱུས་བཟུང་ཞིང༌། མགྲིན་པ་ཞགས་པས་བཅིངས་ནས་དྲངས་པར་བསམ་མོ། །དེ་ལ་ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། སརྦ་དུཥྚཱ་ན་ས་པ་རི་ཝཱ་ར་མཱ་ཀཱཪྵ་ཡ་ཛཿ་ཞེས་བྱ་པས་དབང་པོ་མིག་སྟོང་པ་མདོག་དམར་སེར་གླང་པོ་ཆེའི་སྟེང་ན་འདུག་པ། ལག་པ་གཡས་དང་གཡོན་རྡོ་རྗེ་དང་སྡིགས་མཛུབ་བྱས་པ་བཀུག་ལ་གཞག་གོ །སྔགས་དེ་ཉིད་ཀྱིས་ཉེ་དབང་ནམ་མཁའ་ལྡིང་ལ་ཞོན་པ། རིན་པོ་ཆེའི་ཅོད་པན་ཅན། གཡས་ན་བསྲུབ་ཤིང་དང༌། འཁོར་ལོ། གཡོན་ན་དུང་དང་ནོར་བུ་ཀཽ་སྟུ་བྷ་ཐོགས་པ། དེའི་གཡོན་དུ་ཧ་ཅང་མི་རིང་བར་གཞག་གོ །གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་སྐྲ་སེར་པོ་གྱེན་དུ་འབར་བ། ལག་པ་ན་དབྱུག་པ་དང༌། སྡིགས་མཛུབ་ཅན་གཤིན་རྗེའི་ཕྱོགས་སུའོ། །ཆུ་བདག་དཀར་པོ་བྲང་འགྲོ་ལ་ཞོན་པ། ལག་ན་ཀླུ་ཞགས་ཐོགས་པ་ནུབ་ཕྱོགས་སུའོ། །ཀུ་བེ་ར་ནོར་གྱི་སྟེང་ན་འདུག་པ་སེར་པོ་ས་བོན་གྱི་གྲོང་ཁྱེར་དང༌། ནེའུ་ལེ་ལག་ན་ཐོགས་པ་བྱང་ཕྱོགས་སུའོ། །དེ་ཉིད་དུ་སྣ་ཅན་དཀར་པོ་བྱི་བ་ལ་ཞོན་པ་ལག་པ་གཡས་ན་ཕྲེང་བ་དང༌། སྟ་རེ། གཡོན་ན་ལ་ཕུག་དང་ལ་དུ་ཐོགས་པའོ། །དབང་ལྡན་དཀར་པོ་གླང་ལ་ཞོན་པ་རལ་པ་ཅན། མིག་གསུམ་པ་རྩེ་གསུམ་དང༌། ཐོད་པ་ཐོགས་པ་ལག་པ་གཉིས་ཀྱིས་གཽ་རཱི་ལ་འཁྱུད་པ་དང་དབང་ལྡན་ཕྱོགས་སུའོ། །མེ་ལྷ་དམར་པོ་ར་སྐྱེས་ལ་ཞོན་པ། ལག་ན་ཕྲེང་བ་དང་སྤྱི་བླུགས་ཐོགས་པ། མེའི་ཕྱོགས་སུའོ། །སྲིན་པོ་རོ་ལ་ཞོན་པ་གྲི་གུག་དང༌། ཐོད་


DTG047_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལག་ན་ཐོགས་པ་ཁྲོ་ཞིང་རྔམ་པ་སྔོན་པོ་བདེན་བྲལ་དུའོ། །རླུང་ལྷ་དུ་བའི་མདོག་ཅན་རི་དགས་ལ་ཞོན་པ་ལག་པ་གཉིས་ཀྱིས་གོས་ཐོགས་པ་རླུང་གི་ཕྱོགས་སུའོ། །ཟླ་བ་དཀར་པོ་ཀུ་མུ་དའི་སྟེང་ན་འདུག་པ་ཀུ་མུ་ད་ལག་ན་ཐོགས་པ་སྟེང་དུའོ། །ཉི་མ་དམར་པོ་ལག་ན་པདྨ་ཐོགས་པ། རྟ་མཆོག་བདུན་ལ་ཞོན་པ་སྟེང་དུའོ། །ཚངས་པ་དམར་པོ་གདོང་བཞི་པ་ལག་ན་ཐལ་བའི་སྣོད་དང༌། མི་འཇིགས་པ་སྦྱིན་པ་དང༌། དབྱུག་པ་དང༌། ཕྲེང་བ་ཐོགས་པ་ཅན་ངང་པ་ལ་ཞོན་པ་ཡང་སྟེང་དུའོ། །སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ་གཡོན་ན་བུམ་པ་ཐོགས་པ། གཡས་པ་ཁས་ལེན་པའི་ལག་པ་ཅན་འོག་ཏུའོ། །གཞན་དུ་སེར་པོ་ཡོད། ཐགས་བཟངས་རིས་སྔོན་པོ་ཤིང་རྟ་ལ་ཞོན་པ། ལག་པས་རལ་གྲི་དང་སྡིགས་མཛུབ་ཅན་དེ་ཉིད་དུ་དགོད་དོ། །དེ་དག་ཐམས་ཅད་དགུག་པའི་སྔགས་ལ་སོགས་པ་ནི་སྔ་མ་དེ་ཉིད་དོ། །དེ་ནས་ཡང་རང་གི་སྙིང་ག་ནས་ཁྲོ་བོའི་ཕུར་བུ་མགྲིན་པ་ནས་བཟུང་ནས། ཐོགས་པའི་ཁྲོ་བོ་རྣམས་རྣམ་པར་སྤྲོས་ལ། དེ་དག་གི་སྙིང་ག་དང༌། མགྲིན་པ་དང༌། མགོ་དང༌། རྐང་པའི་བར་དུ་གདབ་པོ། །སྔགས་ནི་ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སརྦ་དུ་ཥྜཱ་ནྡྲ་ཨཱ་དི་ས་པ་རི་ཝཱ་ར་ན་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱའོ། །དེའི་རྗེས་ལ་གྲུབ་པའི་བཅུད་ཀྱིས་ལེན་གྲུབ་པ་བཞིན་དུ་ཀུན་ཀྱང༌། གཤིན་རྗེ་གཤེད་ཀྱི་རྣམ་པར་སྒྲུབ་པའམ། བྱང་ཆུབ་ཀྱི་སེམས་ཁུ་བའི་ངོ་བོར་སྒྲུབ་པོ། །གལ་ཏེ་ཁུ་བའི་ངོ་བོ་ཉིད་ཡིན་ན་དེའི་ཚེ་ས་བོན་དང་ཕྱག་མཚན་གྱི་རིམ་པས་བསྐྱེད་པར་བྱའོ། །དེ་ལ་ཨོཾ་དང་རྡོ་རྗེ་ལས་བྱུང་བའི་དབང་པོ་དམར་སེར་རིན་པོ་ཆེའི་ཅོད་པན་ཅན་ཕྱག་དང་པོ་གཉིས་ན་གྲི་གུག་དང་ཐོད་པ། ལྷག་མ་བཞི་ན་རྡོ་རྗེ་དང༌། རལ་གྲི་དང༌། པདྨ་དང་འཁོར་ལོ་བསྣམས་པ། རི་བོང་ཅན་ལ་བཞུགས་པའོ། །ཧྲཱིཿ་དང་དབྱུག་པ་ལས་གཤིན་རྗེ་སྔོན་པོ་གཡས་དང་གཡོན་པའི་ཞལ་དཀར་པོ་དང་དམར་པོ་གཡས་རྣམས་ནི་གྲི་གུག་དང༌། དབྱུག་པ་དང་རལ་གྲི་དང༌། ཕྱག་གཡོན་རྣམས་ན་ཐོད་པ་དང་པདྨ་དང་འཁོར་ལོ། སྐྲ་སེར་པོ་གྱེན་དུ་འགྲེང་བ། ཉི་མ་ལ་བཞུགས་པ་ཁྲོ་བོའི་གཟུགས་ཅན་ནོ། །ཥྚྲིཿ་དང་ཀླུ་ཞགས་ལས་


DTG047_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ལྷ་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང༌། དམར་པོ་གཡས་ན་གྲི་གུག་དང་ཀླུ་ཞགས་དང༌། རལ་གྲི། ཕྱག་གཡོན་ན་ཐོད་པ་དང༌། པདྨ་དང༌། འཁོར་ལོ་རིན་པོ་ཆེའི་ཅོད་པན་ཟླ་བ་ལ་བཞུགས་པའོ། །ཝི་དང་ས་བི་ཛ་པཱུ་ར་བོན་གྱི་གྲོང་ཁྱེར་བི་ཛ་པཱུ་ར་ལས་ཀུ་བེ་ར་སེར་པོ་གཡས་དང་གཡོན་པའི་ཞལ་སྔོན་པོ་དང༌། དཀར་པོ་གྲི་གུག་དང༌། ས་བོན་གྱི་གྲོང་ཁྱེར་དང༌། རལ་གྲི་ཕྱག་གཡོན་ན་ཐོད་པ་དང༌། པདྨ་དང༌། འཁོར་ལོ་བསྣམས་པ་རིན་པོ་ཆེའི་ཆོད་པན་ཅན་རི་བོང་ཅན་ལ་བཞུགས་པའོ། །ཀྲྀ་དང་རྩེ་གསུམ་པ་ལས་བིཛ་པཱུ་ར་དབང་ལྡན་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང༌། དམར་པོ་གཡས་ན་གྲི་གུག་དང༌། རྩེ་གསུམ་པ་དང༌། རལ་གྲི་དང༌། ཕྱག་གཡོན་ན་ཐོད་པ་དང༌། ནོར་བུ་དང༌། འཁོར་ལོ་གཽ་རཱི་ལ་འཁྱུད་པ། ཐོད་པའི་ཕྲེང་བ་ཅན་རི་བོང་ཅན་ལ་བཞུགས་པའོ། །ཏ་དང་ཐལ་སྣོད་ལས་མེ་ལྷ་དམར་པོ་ཞལ་གཡས་དང། གཡོན་སྔོན་པོ་དང༌། དཀར་པོ། གཡས་ན་གྲི་གུག་དང་ཐལ་སྣོད་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་པདྨ་དང་ནོར་བུ། ཉི་མའི་གདན་ལ་བཞུགས་པའོ། །ཨཱཿ་དང་རྩེ་གསུམ་ལས་བདེན་བྲལ་སྔོན་པོ་ཁྲོ་བོའི་གཟུགས་དང༌། ཞལ་གཡས་དང་གཡོན་དཀར་པོ་དང༌། དམར་པོ་དང༌། གཡས་ན་གྲི་གུག་དང་དབྱུག་པ་དང༌། རལ་གྲི། ཕྱག་གཡོན་ཐོད་པ་དང་པདྨ་དང་འཁོར་ལོ། ཉི་མའི་གདན་ལ་བཞུགས་པའོ། །ན་དང་གོས་ལས་རླུང་ལྷ་དུ་བའི་མདོག་ཅན། ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ། ཕྱག་གཡས་ན་གྲི་གུག་དང་བ་དན་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་པདྨ་དང་ཟླ་བ་ལ་བཞུགས་པའོ། །ན་དང་ཀུ་མུ་ད་ལས་ཟླ་བ་མདོག་དཀར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་དམར་པོ། གཡས་གྲི་གུག་དང་ཀུ་མུ་ད་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་འཁོར་ལོའོ། ཧཱུཾ་དང་པདྨ་ལས་ཉི་མ་དམར་པོ་ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་པོ། གཡས་ན་གྲི་གུག་དང་པདྨ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང་འཁོར་ལོ། ཧཱུཾ་དང་ཕྲེང་བ་ལས་ཚངས་པ་དམར་པོ་ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ། ཕྱག་གཡས་ན་གྲི་གུག་


DTG047_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲེང་བ་དང༌། རལ་གྲི་།ཕྱག་གཡོན་ན་ཐོད་པ་དང༌། ནོར་བུ་དང༌། པདྨ་ཟླ་བ་ལ་བཞུགས་པའོ། །ཕཊ་དང་པདྨ་ལས། སའི་ལྷ་མོ་སེར་བ། ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་བ། གཡས་ན་གྲི་གུག་དང་བུམ་པ་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང་ནོར་བུ་དང༌། པདྨ་ཟླ་བ་ལ་བཞུགས་པའོ། །ཕཊ་དང་རལ་གྲི་ལས་ཐགས་བཟངས་རིས་སྔོན་པོ། ཞལ་གཡས་དང་གཡོན་དཀར་པོ་དང་དམར་པོ། གཡས་ན་གྲི་གུག་དང༌། རལ་གྲི་དང་རྡོ་རྗེ་དང༌། ཕྱག་གཡོན་ན་ཐོད་པ་དང༌། འཁོར་ལོ་དང་པདྨ་ཉི་མ་ལ་བཞུགས་པའོ། །སྭཱ་དང་དུང་ལས་ཁྱབ་འཇུག་སྔོན་པོ། ཞལ་གཡས་དང༌། གཡོན་དཀར་པོ་དང༌། དམར་པོ། གཡས་གྲི་གུག་དང་དུང་དང་རལ་གྲི། ཕྱག་གཡོན་ན་ཐོད་པ་དང༌། འཁོར་ལོ་དང་པདྨ་ཟླ་བ་ལ་བཞུགས་པའོ། །ཧཱ་དང་དགྲ་སྟ་ལས་སྣ་ཅན་དཀར་པོ། ཞལ་གཡས་དང་གཡོན་སྔོན་པོ་དང༌། དམར་པོ། གཡས་ན་གྲི་གུག་དང་དགྲ་སྟ་དང༌། རལ་གྲི། ཕྱག་གཡོན་ན་ཐོད་པ་དང་འཁོར་ལོ་དང་པདྨ། རི་བོང་ཅན་ལ་བཞུགས་པའི། །དེ་དག་ཐམས་ཅད་ཀྱི་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི། སྐུ་དང་གཉིས་སུ་མེད་པར་གྱུར་པ། ཕྱག་དང་པོ་གཉིས་ན་ཐོད་པ་ཐོགས་པ་འཁྱུད་པའི་ཚུལ་གྱིས་འཛིན་པ། གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ། སྒྲུབ་པ་པོའི་བསམ་པ་རྫོགས་པར་མཛད་པ། དེ་ལྟ་བུར་བསམས་ལ། དེ་དག་གི་མིག་ལ་སོགས་པ་ལ་ཇི་སྐད་བཤད་པའི་རྡོ་རྗེ་མིག་ལ་སོགས་པ་བསྐྱེད་དོ། །ལུས་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་དང༌། ཇི་སྐད་བཤད་པས་དབང་བསྐུར་ལ། ཅོད་པན་ལ་གཤིན་རྗེ་མཐར་བྱེད་བསམས་ཏེ། ཡོན་ཆབ་དང་ཞབས་བསིལ་དང༌། བསང་གཏོར་དབུལ་ལོ། །དེ་ནས་གཏོ་ར་མ་ཐམས་ཅད་བསྟབས་པར་བྱ་སྟེ། བདུད་རྩི་སྒྲུབ་པའི་ཐབས་ཀྱིས་བསྒྲུབས་ལ། དེ་ཉིད་གསུམ་གྱིས་བསྔགས་ཏེ། དེའི་ལྕེའི་སྦྱོར་བ་རྣམ་པར་བསམས་ལ། བདུད་རྩི་དབུལ་ལོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ཨིནྡྲཱ་ཡ་ཧྲཱིཿ། ཡ་མ་ཡཥྚྲྀ། བ་རུ་ཎཱ་ཡ་ཝི། ཀུ་བེ་རཱ་ཡ་ཀྲ་།ཨཱི་ཤཱ་ནཱ་ཡ་ཏ། ཨགྣ་ཡེ་ཨཱ། ནཻ་དྲྀ་ཏ་ཡེ་མ་བཱ་ཡ་བེ་ན། ཙནྡྲཱ་ཡ་ཧཱུཾ། ཨརྐ་ཡ་ཧཱུཾ། བྲཧྨ་ཎེ་ཕཊ། བ་སཱུ་དྷ་རཱ་ཡཻ་ཕཊ། བེ་མ་ཙི་ཏྲ་ཎེ་སྭཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ། ཧི་ཧི་ཧཱུཾ་ཧཱུཾ་ཕེཾ་ཕེཾ་


DTG047_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་ཕཊ་སྭཱ་ཧཱ། དེ་ནས་མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། དྲི་དང་བཤོས་གཙང་ལ་སོགས་པ་ཕུལ་ལ། དེ་དག་གིས་ཀྱང་སྒྲུབ་པ་པོ་མངོན་པར་དགའ་བའི་མྱང་བ་ལ་སོགས་པ་ཉེ་བར་ལོངས་སྤྱོད་པར་གྱུར་ཏོ། །དེ་ནས་དེ་དག་ལ་བསྟོད་པ་སྟེ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ནས། གཏི་མུག་རྡོ་རྗེའི་ངོ་བོ་ཁྱོད། །ཅེས་བྱ་བ་ལ་སོགས་པས་བསྟོད་ནས། མངོན་པར་འདོད་པ་བླངས་ལ་གཤེགས་སུ་གསོལ་ཏེ། ཨོཾ་ཨཱཿ་ཧཱུཾ་ནུཿ་ཞེས་བྱ་བས་སོ། །སྒྲུབ་པ་པོ་དེ་ཇི་ལྟར་འདོད་པ་དེ་དང༌། དེ་སྒྲུབ་ཅིང་མདུན་དུ་རྒྱལ་བར་གྱུར་ཅིག་ཅེས་བྱ་བའི་འགྲོ་བའི་དོན་མཛད་དོ། །འདི་ནི་གཏོར་མའི་དེ་ཁོ་ན་ཉིད་དོ། །དེའི་རྗེས་ལ་སློབ་མ་གཤིན་རྗེ་འདུལ་བའི་གཟུགས་སུ་དམིགས་ལ་རྗེས་སུ་གནང་བ་སྦྱིན་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིགས་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཆོས་ཀྱི་གནས་སུ་རྡོ་རྗེ་དང༌། །རིན་པོ་ཆེ་དང་པདྨ་དང༌། །ལས་ཀྱི་སྒྲ་བཅུག་པའི་རིམ་པའི་ཚིགས་སུ་བཅད་པ་ལྔ་ནི་རྗེས་སུ་གནང་བ་སྦྱིན་པའོ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ལག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཞེས་བྱ་བ་ནི་རྡོ་རྗེ་སྦྱིན་པའོ། །ཨོཾ་སརྦ་ཏ་ཐག་ཏ་སི་དྦྷ་བཛྲས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཞེས་སློབ་མ་ལ་བརྟུལ་ཞུགས་སྦྱིན་པའོ། །དེ་ནས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསམས་ལ། ལག་པ་གཡོན་པའི་ཁུ་ཚུར་གྱིས་ཆོས་གོས་སྙིང་གར་བཟུང་བའི་ཚུལ་དང༌། གཡས་པ་མཆོག་སྦྱིན་པ་བྱས་ལ། ཨོཾ་ཨེ་ཥོ་ཧཾ་བྱཱ་ཀ་རོ་མི་ཏྭཾ། བཛྲ་སཏྭ་ཏ་ཐཱ་ག་ཏཿ། བྷ་བ་དུ་རྒ་ཏི་ཏི་ཏོ་ཨུདྤྲ་ཏྱ། ཨ་ཏྱ་ནྟ་བྷ་བ་ཤུདྡྷ་ཡེ། ཀྱེ་ཆེ་གེ་མོ་ཞེས་བྱ་བ་ཏ་ཐཱ་ག་ཏ་སིདྡྷཿ་ས་མ་ཡ་སྟྭཱཾ་བྷུ་རྦྷུ་ཝ་སྭཿ་ཞེས་ཚིག་འདི་དང་ཕྱག་རྒྱ་འདིས་ལུང་བསྟན་པ་བྱས་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མགྲིན་གཅིག་གིས་བླ་ན་འདིར་ནི་ངས་ཁྱོད་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། །སྲིད་མཐའ་ཤིན་ཏུ་དག་པས། །མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། མངོན་པར་མཐོ་བའི་ཕྱག་རྒྱ་འཛིའི་མཐུ་དང་སྔགས་འདི་ཡི་སྟོབས་ལ་དད་པར་གྱིས་ཤིག་ཅེས་བྱ་པ་སློབ་མ་ལ་བརྗོད་དེ། འདི་ནི་


DTG047_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པའོ། །དེ་ནས་གསང་བ་བརྗོད་པར་བྱ་བ་སྟེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །གཞན་ནི་ཁམས་གསུམ་ན་མེད་དེ། །དེས་ན་རྟག་ཏུ་ཁྱོད་ཀྱིས་ནི། །འདོད་ཆགས་བྲལ་བར་མི་བྱའོ། །དམ་ཚིག་སྦྱིན་པ་ནི་ཧཱུཾ་ཕཊ་གསང་བ་བརྗོད་པའོ། །དེ་ནས་གསང་བའི་དཀྱིལ་འཁོར་མཆོག །མཐོང་བ་དང་ནི་རེག་པ་ཡིས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱོད་ནི་གནས་པར་གྱུར། །ཁྱོད་ནི་ཡང་ཡང་མི་འཆི་བས། །དེ་ཕྱིར་བདེ་ཆེན་ཐེག་པ་མཐོང༌། །སྲིད་པའི་སྡུག་བསྔལ་ལས་འདས་པའི། །སྲིད་པ་ཁྱོད་ཀྱིས་ཤིན་ཏུ་འགྲུབ། །རྡོ་རྗེ་ཕྱག་རྒྱ་ཞེས་བྱ་གང༌། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་འཐོབ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་གཏང་མི་བྱ། །གང་ཕྱིར་རྡོ་རྗེའི་ཕྱག་རྒྱའི་ཕྱིར། །དམ་པའི་ཆོས་ནི་སྨད་མི་བགྱི། །རྣམ་ཡང་སྤང་བར་མི་བྱའོ། །མ་རིག་པའམ་གཏི་མུག་གིས། །རྟག་ཏུ་སྐུར་པ་མི་གདབ་བོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །ནམ་ཡང་གཏང་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །དེ་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་མི་སྤང་སྟེ། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བ་བཟུང༌། །འདི་ནི་མ་འོངས་སངས་རྒྱས་ཉིད། །དེ་རིང་དཀྱིལ་འཁོར་སློབ་དཔོན་གྱིས། །ཁྱོད་ཀྱི་སྔགས་དང་རྒྱུད་ཀྱང་ཟུང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་འདོད་པ་ཡིན། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཆོ་ག་བཞིན་དུ་ཁྱོད་ཀྱིས་ནི། །འབད་པས་དཀྱིལ་འཁོར་བྲི་བར་བྱ། །སྒྲུབ་པ་པོས་ནི་རྒྱུད་ལ་སྦྱོར། །ཞེས་བྱ་བ་ནི་དབུགས་དབྱུང་བའོ། །འདི་དང་རྗེས་སུ་གནས་པ་བཞི་པོ་ནི། དབང་བསྐུར་བའི་རྗེས་ཐོགས་སམ་དབང་བཞི་པའི་རྗེས་ཐོགས་སུ་ཡང་སྦྱིན་པར་བྱའོ། །སློབ་དཔོན་གྱི་དབང་ཉིད་ལ་ཕྱིར་མི་ལྡོག་པའི་དབང་ཞེས་ཀྱང་བྱ་སྟེ། འདི་ནི་སློབ་དཔོན་གྱི་དབང་བསྐུར་བའོ། །ད་ནི་གོས་ཀྱི་ཡོལ་བ་ལ་སོགས་པས་དབེན་པར་བྱས་པའི་ཕྱོགས་གཅིག་ཏུ་སློབ་མར་ཟིན་པ་མཛེས་པ་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དམ་ཚིག་གི་སྡོམ་པ་ཅན་སྦྱོར་བ་བཞི་ལ་མཁས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བླ་མ་ལ་གསང་བའི་དབང་གི་དོན་དུ་དབུལ་ལོ། །


DTG047_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས། །བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །ཇི་ལྟར་མཆོད་ཆེན་སྩོལ་མཛད་པ། །བདག་ལའང་སྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་བྱ་བའམ། གཞན་གྱིས་ཀྱང་གསོལ་བ་གདབ་པོ། །དེ་ནས་བླ་མས་སྦྱོར་བ་བཞི་མངོན་དུ་བྱས་ལ་ཆོས་ཉིད་ཀྱི་པདྨའི་ནང་དུ་རྡོ་རྗེ་ཞུགས་པའི་མཐའ་བསྐྱོད་པས། རང་རིག་པའི་མཐར་ཕྱིན་པ་སྲིན་ལག་དང་མཐེ་བོས་བླངས་ཏེ་སློབ་མའི་ཁ་རུ་བཅུག་ནས། བཏུང་བ་རིན་ཆེན་འདི་དེ་ནི། །རྡོ་རྗེ་ལུས་སུ་རབ་སྒྲུབ་བྱེད། །བུ་ཁྱོད་རྟག་ཏུ་ཤེས་ཀྱིས་ལ། །ཡིད་ལས་བྱུང་བའི་ཆུ་འདི་འཐུང༌། །ཞེས་བྱ་བས་སྦྱིན་ནོ། །དེས་ཀྱང། ཨེ་མ་བདེ་བ་ཆེན་པོ་ཞེས་བརྗོད་ཅིང་མིད་པར་བྱའོ། །དེས་ཀྱང་རང་གི་པདྨའི་ལྷག་མ་ཡང་དེར་གཞུག་པར་བྱ་སྟེ། འདི་ནི་གསང་བའི་དབང་ངོ༌། །དེའི་རྡོ་རྗེ་ལ་དེ་ཉིད་དམ་གཞན་ཡང་རུང༌། །རང་རིག་པའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར། །སྔར་བསྟན་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པའི་སློབ་མའི་ལག་པར་དེའི་ལག་པ་གཏད་ལ། མཛེས་པ་འདི་ནི་གཟུང་བ་དང༌། །བསྟོད་བྱ་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རྗེས་ཆགས་སྦྱོར་བ་ཡིས། །དེ་ཕྱིར་བདེ་བ་དམ་པ་མྱང༌། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་དག་དག་པ་སྟེ། །དེ་ཕྱིར་འཁོར་བ་སྤོང་བ་ནི། །ཁྱོད་ནི་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །གླེན་པ་གང་ཞིག་འདས་གྱུར་ན། །དངོས་གྲུབ་མཆོག་ནི་དེ་ལ་མེད། །ཅེས་བརྗོད་ལ་སྦྱིན་ནོ། །དེ་ཡང་གུར་ཀུམ་ལ་སོགས་པས་བྱུགས་ལ་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། གོས་དང་བྲལ་བས་ཆུ་སྐྱེས་རབ་ཏུ་རྒྱས་པར་གསལ་བར་སྟོན་ཅིང༌། སློབ་མ་ལ་འདི་སྐད་བརྗོད་དོ། །བུ་ཁྱོད་དགའ་བ་གང་ལ་ཡིན། །དྲི་ཆེན་དྲི་ཆུ་ལ་སོགས་ཟས། །དེ་བཞིན་ཁྲག་དང་ཤུ་ཀྲ་དང༌། །ཤ་དང་བུད་མེད་གུས་དང་གཞན། །དེ་བཞིན་བྷ་གའི་པདྨ་ལ།། འོ་བྱེད་སྨྲོས་ཤིག་བདེ་བ་ཅན། །ཞེས་བརྗོད་པར་བྱའོ། །དེས་ཀྱང༌། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དྲི་ཆེན་དྲི་ཆུ་ཁུ་སོགས་འཚལ། །བུད་མེད་ལ་ཡང་རྟག་དད་བགྱིས། །བྷ་ག་ལ་ཡང་འོ་བགྱིད་དོ། །ཞེས་བརྗོད་དོ། །དེ་ནས་དེས། ཨེ་མའོ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་


DTG047_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །གང་དག་ཆོ་གས་སྟེན་བྱེད་པ། །བདག་ནི་དེ་ཡི་མདུན་ན་གནས། །སངས་རྒྱས་མཉེས་པ་ལ་སོགས་པ། །ཇི་ལྟ་བ་བཞིན་པདྨར་བྱས། །བདེ་ཆེན་རྒྱལ་པོ་རང་ཉིད་ཀྱང༌། །འདི་ཉིད་ལ་ནི་རྟག་ཏུ་བཞུགས། །ཀྱེ་ཐར་པ་བསྟན་ཅིག་ཅེས་བརྗོད་ནས། དེས་ཀྱང་བླ་མའི་མན་ངག་གིས། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར། །དམིགས་པ་བསྟན་པའི་ཆོ་གའི་བྱེ་བྲག་གིས། །རྣལ་འབྱོར་པས་ནི་ཇི་སྲིད་དུ། བྱང་ཆུབ་སེམས་ནི་འབྱུང་འགྱུར་པ། །དེ་སྲིད་རྒྱུན་མི་འཆད་ཐོབ་པ། །དགའ་བའི་བདེ་ལས་གཞན་ཅི་ཡོད། །དངོས་གྲུབ་ཀུན་གྱི་གཏེར་གྱུར་ཏེ། །བྱང་ཆུབ་སེམས་ནི་འབབ་གྱུར་པས། །ཕུང་པོའི་རྣམ་ཤེས་བརྒྱལ་གྱུར་པ། །སྨད་པས་དངོས་གྲུབ་ག་ལ་ཡོད། །རྡོ་རྗེ་ནམ་མཁའི་ཁམས་སྦྱོར་པས། །དེར་རེག་པ་ལས་ངོ་མཚར་ཆེའི། །བདེ་བ་གང་གང་དེ་ལས་བསྐྱེད། །མཆོག་ཏུ་དགའ་བ་བྱེད་པའོ། །དགའ་བྲལ་གྱི་ནི་དབུས་དག་ཏུ། །ལྟོས་ལ་བསྟན་པ་མཚོན་པར་གྱིས། །པདྨའི་རྡོ་རྗེ་ལ་རྡོ་རྗེའི་བར་ཏ་ཀས་མནན་པའི་གནས་སུ་རྡོ་རྗེ་སྐྱིལ་ཀྲུང་གིས། སེམས་ནོར་བུའི་ནང་དུ་སོང་བས་བལྟས་ལ། གང་གི་ཚེ་ཡེ་ཤེས་སྐྱེས་པ་དེའི་ཚེ། དེའི་གཟུགས་སུ་འགྱུར་ཏེ། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུས་ཀྱང་དམིགས་པར་མི་འགྱུར་རོ། །རྣལ་འབྱོར་གང་ཚེ་ཤེས་མིག་གིས། །ཟད་མེད་བདེ་ལ་གནས་པ་ནི། །ཐུན་ནམ་ཡང་ན་ཉིན་མཚན་ནམ། །ཟླ་ཕྱེད་ཟླ་གཅིག་ལོ་དང་ནི། །བསྐལ་པའམ་བསྐལ་པ་སྟང་དག་ཏུ། །ཡེ་ཤེས་མངོན་པར་སྦྱོར་བས་གནས། །དེ་ལྟར་བརྟགས་ནས་ནུས་པ་ཇི་ལྟ་བ་བཞིན་སེམས་པ་བཏང་སྟེ། བཅུད་ཀྱིས་ལེན་གྱིས་རྟོགས་པ་བཟུང་ལ། ཆུ་སྐྱེས་ཀྱི་མཐའ་དེ་ཉིད་དུ་མཐོང་བའི་བྱང་ཆུབ་ཀྱི་སེམས་བླངས་ནས། རོ་མཉམ་པར་གྱུར་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །གལ་ཏེ་འདིར་དབང་ལྔ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་མ་གསུངས་པར། དང་པོ་རྩ་བའི་དབང་ཡིན་ཏེ། །གཉིས་པར་རལ་གྲི་སྦྱིན་པར་བྱ། །གསུམ་པ་རྡོ་རྗེ་དྲིལ་བུ་སྟེ། །བཞི་པ་ཟླ་བ་བཟའ་བའོ། །བཞི་པོ་དེ་ནི་དབང་ཆེན་ཏེ། །ནག་པོའི་ཞལ་ནས་བྱུང་བ་ཡིན། །ཞེས་རྒྱུད་ལས་གསུངས་པ་མ་ཡིན་ནམ་ཞེ་ན། དབང་ལྔ་པོ་དེ་ཉིད་རྩ་བའི་


DTG047_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཞེས་བྱ་སྟེ། ཐམས་ཅད་དུ་རྡོ་རྗེ་ཙ་རྩི་ཀཱ་ལ་སོགས་པ་རྩ་བའི་དབང་གི་བྱེད་པར་ལྡན་པའི་ཕྱིར་དང༌། འདིས་ཐམས་ཅད་དུ་ལས་རང་དབང་དུ་གཙོ་བོར་གྱུར་པའི་ཕྱིར་རོ། །རྡོ་རྗེའི་དམ་ཚིག་སྦྱིན་པ་ནི་རལ་གྲིའི་དབང་སྟེ། མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་དབང་བསྟན་པ་ཉིད་ཀྱིས་རྡོ་རྗེ་དང༌། དྲིལ་བུ་སྤྱི་བོར་བཞག་པས་རྒྱུད་ལས་ཐུན་མོང་དུ་གསུངས་པའི་བརྟུལ་ཞུགས་དང་ལུང་བསྟན་པ་དང་དབུགས་དབྱུང་བ་བསྟན་པའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གིས་རྡོ་རྗེ་ཕག་མོའི་གཟུགས་སུ་བསྒོམས་ནས། བཙུན་མོ་ཐམས་ཅད་བླང་བར་བྱའོ། །དེ་ནས་བཙུན་མོས་རྡོ་རྗེ་བལྟ། །དེར་ནི་འོ་མ་བསྒྲུབ་པར་བྱ། །རྩེ་གཅིག་སེམས་ཀྱིས་འོ་མ་བསྒོམས། །ཕྱག་རྒྱ་ཆེན་པོར་རབ་བསྒྲུབ་པས། །ཞེས་བྱ་བས་བསྒྲུབས་པ་ཉིད་ནི་བླ་ན་མེད་པའི་འགྲོ་བའི་དོན་མ་ལུས་པའི། སྒྲུབ་པ་བརྟགས་པའི་ངོ་བོ་དང་བྲལ་བས་ཡང་རང་གི་རིག་པ་དང༌། ཐ་མི་དད་པ་ཐུབ་པའི་འཁོར་ལོའི་བདག་ཉིད། ཡིད་བཞིན་ནོར་བུ་ལྟ་བུའི་འོད་འཕྲོ་བ་བསྟན་པའི་རང་བཞིན་སློབ་མ་ལ་སྦྱིན་ནོ་ཞེས་བྱ་བ་འདི་ཡང་སྦྱིན་པའོ། །སློབ་མ་མད་ལ་ཕན་ཡོན་གྱིས་སྤྲོ་བར་བྱ་སྟེ། མཐོ་དང་རེག་པས་མཆོག་ཉིད་ཀྱི། །སྙིང་པོ་མཆོག་གི་དཀྱིལ་འཁོར་ནི། །སྡིག་པ་ཀུན་ལས་རྣམ་གྲོལ་བར། །དེ་རིང་ཁྱོད་ནི་ལེགས་པར་གནས། །ཁྱོད་ལ་ཡང་ཡང་འཆི་བ་མེད། །བདེ་བ་ཆེན་པོའི་ཐེག་པ་འདི། །ཀུན་དུ་བཟང་པོ་ཡིན་པས་ན། །གར་ཡང་མི་འཇིགས་ཁྱོད་རོལ་ཅིག །ཁྱོད་ནི་སྲིད་པའི་སྡུག་བསྔལ་རྒལ།། སྲིད་པ་ཤིན་ཏུ་དག་པའི་ཕྱིར། །རྫོགས་སངས་རྒྱས་པའི་མཆོག་གི་མཆོག །འདི་ནི་རྟག་ཏུ་བསྲུང་བར་གྱིས། །དངོས་གྲུབ་དམ་ཚིག་སྡོམ་པས་ཡིན། །སངས་རྒྱས་ཀུན་དང་མཉམ་པར་གསུངས། །བཀའ་འདི་རྟག་པ་མཆོག་ཡིན་ནོ། །སློབ་དཔོན་ལ་ནི་བརྙས་མི་བྱ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་དཔུན་ཟླ་ཡི། །སྐྱོན་རྣམས་བསྒྲག་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ཡང་གཏང་བར་མི་བྱའོ། །བྱང་ཆུབ་སེམས་ཀྱང་སྤང་མི་བྱ། །རང་གཞན་ཆོས་ལ་སྨད་མི་བྱ། །སེམས་ཅན་ཡོངས་སུ་མ་སྨིན་ལ། །


DTG047_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ཉིད་ནི་བསྒྲག་མི་བྱ། །བདག་ཉིད་སྨད་པར་མི་བྱའོ། །རང་གི་ཆོས་ལ་སྨད་མི་བྱ། །གདུག་པ་བྱམས་པས་རྟག་ཏུ་སྤང༌། །ཆོས་ལ་ཚད་བཟུང་བར་མི་བགྱི། །སེམས་ཅན་དད་པ་ཅན་མི་སླུ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཤེས་རབ་རང་བཞིན་བུད་མེད་རྣམས། །སྐྱོན་འདི་ཞེས་ཀྱང་སྨད་མི་བགྱི། །རྣལ་འབྱོར་སློང་མོས་མི་འཁོར་ཞིང༌། །རྣལ་འབྱོར་ཉིད་ནི་སྤང་མི་བྱ། །རྟག་པར་རྒྱུན་དུ་གསང་སྔགས་བཟླ། །དམ་ཚིག་ལ་སོགས་རྟག་ཏུ་བསྟེན། །དེ་བཞིན་བླ་མའི་དམ་ཚིག་ལ། །གནོད་ན་དཀྱིལ་འཁོར་བྲི་བྱས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེ་རིང་སྐྱེ་བ་འབྲས་བུར་བཅས། །དེ་ཕྱིར་འདི་ནི་ལེགས་པར་མནོས། །མི་མཉམ་པ་ཡི་ལྷ་རྣམས་དང༌། །མཉམ་ནས་འགྱུར་པར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེར་བཅས་ཀུན་གྱིས། །ཚེ་དང་ལྡན་ཁྱོད་དེང་དབང་བསྐུར། །ཁམས་གསུམ་རྒྱལ་པོ་ཆེན་པོ་སྟེ།། །དེ་རིང་བདག་པོར་རབ་ཏུ་བརྟན། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །དེ་རིང་སངས་རྒྱས་ཉིད་ཐོབ་པར། །གྱུར་པ་འདི་ལ་ཐེ་ཚོམ་མེད། །ཅེས་བྱ་བས་རང་གི་རྡོ་རྗེ་དམ་ཚིག་མི་ཟད་པའི་བདེ་བ་བྱིན་ལ། བསྟེན་ཅིག་འགྲོ་བ་མྱུར་བ་ཡི། །རྡོ་རྗེ་སེམས་དཔའ་བདེ་བས་དིང༌། །རབ་ཏུ་མཚུངས་པར་རྟག་ཏུ་གྱུར། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། སློབ་མ་གུས་པ་གསལ་བ་ཡི། །གསུངས་ཤིག་དེ་བཞིན་བདག་གིས་བགྱི། །གཙོ་བོས་ཇི་ལྟར་བཀའ་སྩལ་བཞིན། །གལ་ཏེ་ཡོད་པར་གྱུར་ན་དེའི་ལག་པ་གཡོན་པའི་སོར་མོ་ཐམས་ཅད་ཀྱིས་བླངས་ལ་སྦྱིན་སྲེག་གིས་ཞི་བར་བྱའོ། །སྲེག་རྫས་གཅིག་གམ་གཉིས་སམ། བདུན་གྱི་བར་གྱིས་སོ། །དེས་ཀྱང་མགུ་བའི་ཡིད་ཀྱིས་ཇི་ལྟར་འབྱོར་པའི་ས་གཞི་དང༌། གླང་པོ་དང༌། རྟ་དང༌། གསེར་དང༌། རྒྱན་དང༌། བུ་དང༌། ཆུང་མ་ལ་སོགས་པའི་འདོད་པའི་དངོས་པོ་འམ། བདག་ཉིད་ཀྱང་དངོས་གྲུབ་ལ་སོགས་པ་བསྒྲུབ་པའི་ཕྱིར་དབུལ་ལོ། །ཡོན་བཟའ་བ་དང༌། རང་དང་གཞན་གྱི་འཁོར་ལོ་མཆོད་པར་བྱའོ། །སྦྱོར་བ་དང་ལྡན་པའི་སློབ་མ་བཟུང་ལ། མཆོག་སྣ་ཚོགས་ཀྱིས་དེ་དག་ཚིམ་པར་བྱས་ཏེ། གཤེགས་སུ་གསོལ་ལོ། །དེ་ནས་མཆོད་པ་དང༌། བསྟོད་


DTG047_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བདུད་རྩི་མྱང་བ་བྱས་ལ་གསོལ་བ་བཏབ་སྟེ། བརྟན་པོས་ལྷའི་ང་རྒྱལ་བྱའོ། །ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ་ཞེས་བརྗོད་དོ། །རྡོ་རྗེ་རྩེ་མོས་འཁོར་ལོ་གཤེགས་སུ་གསོལ་ལོ། །དེ་ནས་འདོད་པ་ལ་རྡུལ་ཚོན་ཅུང་ཟད་བྱིན་ལ། ཆུ་ཆེན་པོར་གཤེགས་སུ་གསོལ་ལོ། །སྙིང་པོ་གྲོང་དུ་གང་བཅུག་དང༌། །སྦྱིན་སྲེག་འཁོར་ལོའི་ནོར་གང་ཡིན། །དེ་དག་ཐམས་ཅད་སློབ་དཔོན་ནི། །རྡོ་རྗེ་འཆང་མཆོག་བསྐུར་བར་བྱ། །བཟང་པོ་ཞབས་སོགས་ཀྱིས་མཛད་པ། །གསང་བ་འདུས་པའི་ཆོ་གར་གསལ། །འདིར་ནི་གསང་བའི་རླབས་འཁོར་ལོ། །ཆོ་ག་ལ་འབད་ཉིད་ཀྱིས་ངལ། །དེ་ཕྱིར་དབང་པོ་མཆོག་རྣམས་ནི། །སྐྱེ་བོ་བཟང་ལ་བཟོད་པར་གསོལ། །གང་ཕྱིར་རང་ཉིད་དྲན་པའི་ཕྱིར། །དཔལ་ལྡན་གཤིན་གཤེད་དཀྱིལ་འཁོར་གྱི། །ཆོ་ག་སེམས་ཅན་དོན་བསྒྲུབས་བྱས། །དེ་ལས་དགེ་བ་གང་ཐོབ་པ། །རང་གི་ཤེས་ལས་གཞན་མིན་པའི། །ལས་འཇོམས་ཤེས་རབ་དང་ལྡན་པ། །སྤྱོད་ཡུལ་མི་ཤེས་མུན་ཀུན་སེལ། །སྲིད་པ་མི་འཇིགས་སད་བྱེད་པའི། །ལེགས་པའི་ཚོགས་གང་ཐོབ་པ་དེས། །བདག་དང་འགྲོ་བ་བློ་སྟེར་ཤོག །གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་སྒྲུབ་པའི་ཐབས། སློབ་དཔོན་མཁས་པ་དཔལ་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱ་ན་ཀཱི་རྟི་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།


previousགཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། དཔལ་འཛིན།next