Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བདུན་པ།


  expand section
   
   
   
   
   
   
   
  expand section
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
  expand section
   
   
   
  collapse section
བྷཻ་ར་བའི་ཞི་བའི་བྱ་བ་བདུན་པ།  ཨ་མོ་གྷ་ཆུང་བ།
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   


 
previousབྷཻ་ར་བའི་ཞི་བའི་བྱ་བ་བདུན་པ། ཨ་མོ་གྷ་ཆུང་བ།next

བྷཻ་ར་བའི་ཞི་བའི་བྱ་བ་བདུན་པ།
ཨ་མོ་གྷ་ཆུང་བ།

དང་པོ། མཆོད་སྦྱིན་བྱ་བའི་ཆོ་ག


DTG047_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ་ལོ། །ཞི་བའི་ལས་ཀྱི་བྱ་བ་བདུན་བཤད་པར་བྱ་སྟེ། །དེ་ལ་དང་པོ་མཆོད་སྦྱིན་བྱ་སྟེ། དེ་ལ་བཀྲ་ཤིས་པའི་གནས་སུ་མཎྜལ་བྱི་དོར་བྱ་སྟེ། མེ་ཏོག་དང་བདུག་པ་དང༌། མར་མེ་དང༌། དྲི་དང་ལྷ་བཤོས་རྣམས་རབ་ཏུ་གཙང་མར་བྱ། ཁ་ཟས་བཟང་པོའི་སྦྱིན་གཏོར་ཇི་ལྟར་འབྱོར་པ་དང་འཕགས་མ་སོ་སོར་འབྲང་མ་ལ་སོགས་པའི་མདོ་བཀླག་པ་དང༌། ཇི་ལྟར་ནུས་པ་རྣམས་བྱ་སྟེ། མི་རྣམས་ལ་ཡང་ཁ་ཟས་ཀྱིས་དགའ་བར་བྱས་ནས། ཁྱད་པར་དུ་ཡང་བླ་མ་དང་མཁན་པོ་ལ་ཡོན་ཕུལ་ཏེ། སྨོན་ལམ་གདབ་པར་བྱའོ། །མཆོད་སྦྱིན་བྱ་བའི་ཆོ་ག་སྟེ་དང་པོའོ།། །།

གཉིས་པ། གཏོར་མའི་ལས།


DTG047_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཏོར་མའི་ལས་བཤད་དེ། དེ་ནས་ཉི་མ་གཉིས་པ་ལ་མེ་ཏོག་ལ་སོགས་པ་དང༌། ཁ་ཟས་བཟང་པོའི་གཏོར་མ་དུ་འབྱོར་པ་དང༌། འབྲས་ཆན་དཀར་པོ་དང༌། རྡུལ་ཕྱེ་དང་དཀར་གསུམ་སྦྱར་བའི་ལས་ཀྱི་གཏོར་མ་ཆ་གཅིག་དང་བཤམས་ཏེ། སྔགས་པས་ཆས་གོས་གྱོན་ལ་ཀུ་ཤའི་སྟེང་དུ་འདུག་ལ་ཁ་ཤར་དུ་བལྟས་ཏེ། བྱམས་པའི་སེམས་དང༌། ཞི་བའི་ལྟ་སྟངས་དང་ལྡན་པས་གཏོར་མ་སྦྱིན་པར་བྱའོ། །དེ་ལ་དང་པོར་སྔགས་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷ་རྨཿ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་དེ། ཆོས་ཐམས་ཅད་བདག་མེད་པ་མངོན་དུ་བྱའོ། །དེ་ནས་ནམ་མཁའི་དཀྱིལ་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་དུ་བསྐྱེད་དེ། ཨ་ལས་ཟླ་བའི་དཀྱིལ་འཁོར་དུ་བསམས་ནས། །དེ་ལ་ཡི་གེ་དྷཱིཿ་ལས་འཇམ་དཔལ་གཞོན་ནུའི་སྐུ་དཀར་པོ་ཨུཏྤལ་སྔོན་པོ་བསྣམས་པ་ཅིག་བསྐྱེད་དོ། །དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་དོ། །དེའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་བཀུག་ནས། དེ་ཉིད་དུ་ཞུགས་པས་ཐམས་ཅད་ཉི་མའི་དཀྱིལ་འཁོར་ཉིད་དུ་འགྱུར་བར་བྱའོ། །དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་འབར་བར་འགྱུར་ཏེ། དེ་ལས་འོད་འཕྲོས་དཔལ་རྡོ་རྗེ་འཇིགས་བྱེད་བསྐྱེད་དོ། །ཚུལ་ཞི་བ་ཁ་དོག་དཀར་པོ་བསྐྱེད་དོ། །ལུས་དང་འོད་ཀྱི་ཚུལ་དུ་གཞལ་


DTG047_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་བསྐྱེད་དོ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་སྔགས་འདིས་སྤྱན་དྲང་ངོ༌། །ཨོཾ་ཧྲཱིཿ་བྷོ་བྷོ་མ་ཧཱ་ཀྲོ་དྷ་ཨཱ་གྩྪ་ཨཱ་གྩྪ་ཨ་སྨ་ཏ་པཱུ་ཛ་པྲ་ཏི་གྲྀཧྞནྟུ་པྲ་སཱ་དྷཾ་མེ་དྷི་མཾ་ཀུ་རུ་སྭཱ་ཧཱ། ཞེས་སྤྱན་དྲངས་ལ། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བསང་གཏོར་བྱས་ནས་མཆོད་པ་དབུལ་བར་བྱའོ། །ཨོཾ་ཧྲཱིཿ་ཥྚྲྀཿ་ཨ་ཞེས་པ་ན་ཨརྒྷཾ་གྱིའོ། །ཨོཾ་ཝི་ཀྲྀ་ཏཱ་ན་ན་སརྦ་དུཥྚྲ་སཏྭ་ད་མ་ཀ་གཿ་གཿ་དྲིའིའོ། །ཨོཾ་ཀུ་མཱ་རཱུ་པི་ཎི་ཛ་ཛ་ཧཱུཾ། མེ་ཏོག་གིའོ། །ཨོཾ་ཧྲཱིཿ་ཧ་ཧ་ཧེ་ཧེ་བདུག་པའོ། །ཨོཾ་དཱིབྟ་ལོ་ཙ་ནེ་པི་ཀྲྀ་ཏ་ཨ་ན་ན་མ་ཧཱ་ཨཊྚཱ་ཊྚ་ཧ་ས་ན་དི་དཱིཔྟཱ་ཡ་སྭཱ་ཧཱ། མར་མེའིའོ། །ལྷ་བཤོས་ཀྱང་ཡོན་ཆབ་ཀྱིས་འབུལ་ལོ། །དེ་ནས་ཡེ་ཤེས་སྦྱིན་གཏོར་གྱི་ཡེ་ཤེས་བདུད་རྩིའི་འོད་ཟེར་ལས་འདས་པའི་ཡོན་ཏན་ལྔར་གྱུར་པར་དམིགས་ཏེ་འབྱུང་པོའི་ཆོགས་རྣམས་ལ་སྔགས་འདིས་སྦྱིན་པར་བྱའོ། །ཨོཾ་ཀཱ་ལ་རཱུ་པ་སརྦ་སཏྭ། ད་མ་ཀ་མ་ཧཱ་ཀཱ་མ་བྷཱ་ཏ་ཨ་དྷི་པ་ཏི། ཨི་དཾ་པ་ལིཾ། གྲྀཧྞ་གྲྀཧྞ་པ་ཡ་སྭཱ་ཧཱ། ཞེས་བདུན་ནམ་ཉེར་གཅིག་གིས་བཟླས་ནས་སྦྱིན་ནོ། །དེ་ནས་ལས་ཀྱི་གཏོར་མ་ལ། ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ཤིང་ཕྱོགས་བཅུར་གཏོར་བས། བདག་གི་སྙིང་གའི་ཡི་གེ་དང༌། གཏོར་མ་ལས་འོད་དཀར་པོ་འཕྲོས་པས་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དེ་དག་ཐམས་ཅད་བྱམས་པ་དང༌། སྙིང་རྗེ་ཕྱོགས་མེད་པར་གྱུར་པར་བྱའོ། །འདི་ལྟ་བུ་ནི་ཇི་ལྟར་འགྱུར་བར་བྱས་ན་གཏོར་མའི་ལས་ཡིན་ཏེ་གཉིས་པའོ།། །།

གསུམ་པ། བཟླས་པའི་ལས།


DTG047_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཟླས་པའི་ལས་བཤད་དེ། ཉི་མ་གསུམ་པ་ལ་བཟླས་པ་བྱ་བ་ནི། དང་པོར་བདག་ཉིད་དཔལ་འཇིགས་བྱེད་ཆེན་པོར་བསྐྱེད་དེ། མཆོད་པའི་ཆོ་ག་དང་སྦྱིན་གཏོར་བསྔོས་ཏེ། བདག་གི་སྙིང་གར་ཨ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཟླས་པའི་ཡི་གེ་རྣམས་དམིགས་ལ་རྡོ་རྗེའི་ལྕེ་དང་ལྡན་པས་སྔགས་བཟླས་པས་ཡི་གེ་ཡེ་ཤེས་ཀྱི་འོད་ཟེར་གྱིས། བསྒྲུབ་བྱའི་ལུས་དང་སེམས་ལ་ཐིམ་པས་དེ་དག་བྱང་ཆུབ་སེམས་དང་ལྡན་པར་བསམ་མོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་ནི་རྩ་བའི་སྔགས་སོ། །ཨོཾ་ཧྲཱྀཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བ་ནི་ལས་ཀྱི་སྔགས་ཏེ། དེ་དག་


DTG047_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པར་བྱའོ། །དེའི་དུས་སུ་ཡང་ཆོས་གོས་དང་འདུག་སྟངས་ལ་སོགས་པ་ནི་སྔ་མ་བཞིན་ཏེ། ཐམས་ཅད་དུ་ཡང་ཤིན་ཏུ་ཤེས་པར་བྱའོ། །བཟླས་པའི་ལས་ཏེ་གསུམ་པའོ།། །།

བཞི་པ། ཞི་བའི་སྦྱིན་སྲེག་གི་ལས།


DTG047_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྦྱིན་སྲེག་གི་ལས་བཤད་དེ། དེ་ལ་ཉི་མ་བཞི་པ་ལ་སྦྱིན་སྲེག་གི་ལས་བྱ་བ་ནི། དང་པོར་བཀྲ་ཤིས་པའི་གནས་སུ་སྦྱིན་སྲེག་གི་མཎྜལ་བྱ་སྟེ། དེ་ལ་བདག་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་བས་ཁ་ཤར་དུ་བལྟས་ཏེ། འདུག་ནས་སའི་བདག་པོ་ལ་གཏོར་མ་བྱིན་ཏེ། དེ་ནས་ཧཱུཾ་རབ་ཏུ་འབར་བས་ས་གཞིའི་སྐྱོན་ཐམས་ཅད་དག་པར་བྱའོ། །དེ་ནས་ཐབ་བུང་བརྩིགས་ཏེ། དེ་ཡང་རྒྱར་ཁྲུ་གང་བ་ལ་དཔངས་ཟབས་སུ་ཁྲུ་ཕྱེད་པ་ཀུན་ནས་ཟླུམ་པོར་བསྐོར་ཏེ། སོར་བཞི་དོར་བའི་ཕྱི་རོལ་དུ་ཁ་ཁྱེར་སོར་བརྒྱད་པ་བྱའོ། །དེའི་དབུས་སུ་རྡོ་རྗེ་དཀར་པོ་སྲིད་དུ་སོར་བརྒྱད་པ། རྔམས་སུ་སོར་བཞི་པ་བྱས་ཏེ་གཞག །ཐབ་ཁུང་གི་ནང་ས་ཚོན་དཀར་པོས་བཀང་ལ་ཁ་ཁྱེར་གྱི་རྩར་མེ་རི་བཏང༌། སྟེང་དུ་རྡོ་རྗེ་དཀར་པོས་བསྐོར། དེའི་ཕྱི་རོལ་དུ་འོད་ཟེར་དཀར་པོས་བསྐོར་ཏེ། ཐབ་ཀྱི་མཚན་ཉིད་དོ། །དེ་ནས་རྫས་བསོག་སྟེ། བུད་ཤིང་དཀར་པོ་མཐོ་གང་ཚད་ལ་ཙནྡན་དཀར་པོ་དང་འོ་མས་སྦྱངས་ཏེ་གཞག །མཆོད་སྦྱིན་གྱི་ཤིང་མཛུབ་གང་གི་ཚད་ལ་འདབ་མ་དང་བཅས་པའི་རྩེ་མོ་ལས་བཅད་པ་སྔ་མ་བཞིན་དུ་ཆུ་གཙང་ལ་སྦང༌། གཞན་ཡང་དཀར་གསུམ་མངར་གསུམ་དང༌། འབྲུ་སྣ་ཚོགས་དང༌། ཀུ་ཤ་དང་ཡོན་ཆབ་རྣམས་གཡས་སུ་གཞག །མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དང༌། བསང་གཏོར་དྲི་ཆབ་དང༌། ཞལ་བསིལ་བའི་ཆུ་གཙང་རྣམས་གཡོན་དུ་གཞག །མར་གསར་བ་ཞུ་བའི་ཁུ་བ་དང༌། དགང་གཟར་བླུགས་གཟར་རྣམས་མདུན་དུ་གཞག་གོ །རྫས་བསགས་པའོ། །དེ་ནས་སྔགས་པས་ཆས་གོས་དཀར་པོ་དང་ལྡན་པར་བྱ་སྟེ། རབ་ཏུ་དང་བའི་ཡིད་དང་ལྡན་པས་ཀུ་ཤའི་སྟེང་བུ་སེམས་དཔའི་སྐྱིལ་ཀྲུང་གི་ཁ་ཤར་དུ་བལྟས་ཏེ། འདུག་ལ་ཞི་བའི་ལྟ་སྟངས་དང་ལྡན་པར་བྱའོ། །སྔགས་པས་འདུག་པའི་རིམ་པའོ། །དེ་ནས་ཐབ་ཁུང་གི་ཁོ་ར་ཁོར་ཡུག་ཏུ་ཙནྡན་དཀར་པོའི་ཆུས་གཏོར་ཏེ། བཏབ་ཀྱི་ནང་དུ་ཤིང་མགོ་མཇུག་མ་ལོག་པར་རྩེ་མོ་གྱེན་དུ་བསྟན་ཏོ། །ཀུན་ནས་ཟླུམ་


DTG047_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པོར་རབ་བརྩིག་གི །ཤིང་བརྩིག་པའོ། །དེ་ནས་ཀུ་ཤ་ལ་ཨ་མྲྀ་ཏེ་ཀུཎྜ་ལི། སརྦ་བིགྷྣཱཾ་ནཱ་ཤ་ཡ་ཧཱུཾ་ཕཊ། ཅེས་བྱ་བའི་ལས་ཐམས་ཅད་པའི་སྔགས་འདིས་བསང་གཏོར་བྱས་ནས་ཐབ་ཀྱི་ཁོར་ཡུག་ཏུ་རྩེ་མོ་ཕྱིར་བསྟན་ཏེ་བཤམ་པར་བྱའོ། །ཀུ་ཤ་དགྲམ་པའི་རིམ་པའོ། །དེ་ནས་རང་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ། །རེ་ཞིག་དང་པོར་ཨོཾ་སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷརྨཱཿ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམ། དེ་ལྟར་སྟོང་པའི་ངང་ལས་འོག་ཕྱོགས་སུ་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་གྱུར། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིཿ་ལས་འཇམ་དཔལ་གཞོན་ནུར་བསྐྱེད་པར་བྱའོ། །དེའི་ཐུགས་ཀར་ཨཱ་རིང་པོ་ཉི་མའི་དཀྱིལ་འཁོར་བསམ་སྟེ། དེའི་འོད་ཀྱིས་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས་ཏེ་སླར་འདུས་པ་ཐམས་ཅད་ཉི་མའི་དཀྱིལ་འཁོར་དུ་གྱུར་བར་བྱའོ། །དེའི་སྟེང་དུ་ཧཱུཾ་གི་འཕྲོ་འདུ་ལས་རྡོ་རྗེ་དཀར་པོར་གྱུར་ཏེ། དེ་ལས་འཕྲོ་འདུ་ལས་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་དཀར་པོ་ཞི་བའི་ཚུལ་ཅན་བསམས་ཏེ། ཐབ་ཀྱི་ནང་དུ་བྷྲཱུཾ་ལས་གཞལ་ཡས་ཁང་དུ་གྱུར་པར་བསམ་མོ། །ལྷའི་རྣལ་འབྱོར་གྱི་རིམ་པའོ། །དེ་ནས་མེ་སྦར་ཏེ་ཤིང་དཀར་པོ་ལས་བྱུང་བའི་གཙུབ་ཤིང་གི། མེའམ། བྲམ་ཟེའི་ཁྱིམ་ནས་མེ་བླངས་མ་ཐག་ཏུ་བླུགས་ནས་རླུང་ཡབ་ཀྱིས་གཡབས་ཏེ་སྦར་རོ། །ལས་ཐམས་ཅད་པས་བསང་གཏོར་བྱས་ནས། ཐབ་ཀྱི་ནང་དུ་རྡོ་རྗེ་ལས་མེ་ལྷ་དཀར་པོ་ཚུལ་ཞི་བ་དྲང་སྲོང་གི་ཆ་བྱད་ཅན། ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ་ཕྱག་ན་དབྱུག་པ་དང་བགྲང་ཕྲེང་དང་སྐྱབས་སྦྱིན་དང༌། གུནྡྷེ་བསྣམས་པ་ཅིག་བསྐྱེད་དོ། །དེ་ནས་བདག་གི་ཐུགས་ཀ་ནས་འོད་འཕྲོས་པས་ཤར་ལྷོ་མཚམས་ནས་ཡེ་ཤེས་ཀྱི་མེ་ལྷ་ཚུལ་སྔ་མ་དང་མཐུན་པ་ཅིག་སྤྱན་དྲང་བར་བྱ་སྟེ། ཨོཾ་པཱ་པ་ཨཧྣི་ཨ་ཀ་ཙ་མ་མ་ཤྰྣྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་རླུང་ཡབ་ཀྱིས་གཡབས་པས་ཤར་ལྷོའི་མཚམས་སུ་འབྱོན་པར་བསམས་ལ་ཆུ་གཙང་དབུལ་ལོ། །ཨོཾ་ཨགྣ་ཡེ་ཨཱ་གྩྪ་ཨཱ་གྩྪ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ཕུལ་བས་ཕྱག་ཞལ་བསིལ་བར་བྱའོ། །དེ་ནས་ཡོན་ཆབ་དང་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བས་ཕུལ་ནས་ས་མ་ཡ་སྟྭཾ་ཞེས་བྱ་བས་དམ་ཚིག་གི་མེ་


DTG047_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་གཉིས་སུ་མེད་པར་བཞུགས་པར་བསམ་མོ། །དེ་ནས་ལས་ཐམས་ཅད་པས་བསང་གཏོར་བྱས་ལ་སྔ་མ་བཞིན་དུ་དབུལ་ལོ། །དེ་ནས་མཆོད་པ་ལྔ་དབུལ་ལོ། །ཨོཾ་ཨགྣ་ཡེ་དེ་ཝ་ཏ་བཛྲ་བུཥྤེ་ཧཱུཾ། ཞེས་པས་མེ་ཏོག་དབུལ་ལོ། །ཨོཾ་ཨགྣ་ཡེ་བཛྲ་དྷཱུ་པེ་ཧཱུཾ། ཞེས་པས་བདུག་པོས་ཤངས་ལ་དབུལ་ལོ། །ཨོཾ་ཨགྣ་ཡེ་དེ་ཝ་ཏ་བཛྲ་ཨཱ་ལོ་ཀེ་ཨཱཿ་ཧཱུཾ་ཞེས་པས་མར་མེ་མདུན་དུ་དབུལ་ལོ། །ཨོཾ་ཨགྣ་ཡེ་དེ་བ་ཏ་བཛྲ་གནྡྷེ། ཞེས་དྲི་ཆབ་ཐུགས་ཀར་དབུལ་ལ། །ཨོཾ་ཨགྣ་ཡེ་དེ་ཝ་ཏ་ནཻ་ཝ་དྱེ། ཞེས་པས་བཤོས་གཙང་ཞལ་དུ་དབུལ་ལོ། །ཨོཾ་ཨགྣ་ཡེ་དེ་བ་ཏ་བཛྲ་ཞེས་པས་སྔ་མ་བཞིན་དུ་ཞལ་བསིལ་ཞལ་དུ་དབུལ་ལོ། །དེ་ནས་སྲེག་རྫས་རྣམས་ལ་བསང་གཏོར་བྱས་ཏེ། དང་པོར་མར་གྱིས་བླུགས་གཟར་བཀང་སྟེ། ན་མཿ་ས་མནྟ་བུདྡྷ་ནཱཾ་ཨགྣ་ཡེ་སྭཱ་ཧཱ། བདུན་ནམ་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་དུ་དབུལ་ལོ། །དེ་ནས་ཏིལ་དང་མར་བསྲེས་ཏེ། ཨོཾ་སརྦ་ད་ཧ་ན་བཛྲ་སྭཱ་ཧཱ་ཞེས་དེ་བཞིན་དུ་དབུལ་ལོ། །དེ་ནས་དཱུར་བ་རེ་རེ་ནས་མར་ལ་བསྙུགས་ལ། ཨོཾ་བཛྲ་ཨཱཿ་ཡུ་ཥེ་སྭཱ་ཧཱ། ཞེས་དབུལ་ལོ། །དེ་ནས་འབྲས་ལ་སོགས་པའི་འབྲུ་རྣམས་མར་ལ་བཅུག་སྟེ། བཛྲ་པུཥྚ་ཡེ་སྭཱ་ཧཱ། ཞེས་དབུལ་ལོ། །དེ་ནས་ཀུ་ཤ་དང༌། མཆོད་སྤྲིན་གྱི་ཤིང་རྣམས་རེ་རེ་རྩེ་མོ་མར་ལ་བསྙུགས་ཤིང་དབུལ་ཏེ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཞེས་དབུལ་ལོ། །དེ་ནས་ཡོན་ཆབ་ལ། ཨོཾ་པྲ་ཝ་ར་སཏྐཱ་ར། ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཧཱུཾ་ཞེས་དབུལ་ལོ། །དེ་ནས་རྡོ་རྗེ་དྲིལ་བུ་བླངས་ཏེ་ཚིགས་སུ་བཅད་པ་འདི་བརྗོད་དོ། །སྲིད་པ་རང་བཞིན་གྱིས་དག་ཕྱིར། །ངོ་བོ་ཉིད་ཀྱིས་དག་པར་བྱེད། །རང་བཞིན་དག་པའི་སེམས་ཅན་རྣམས། །དམ་པ་སྲིད་པའི་བྱེད་པའོ། །བརྗོད་དེ། ཨོཾ་ཀཱ་པ་ཀ་ཨགྣ་ཡེ་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་ཐབ་ཏུ་གཏོར་རོ། །ཕྲིན་ལས་བཅོལ་ཏེ་མེ་ལྷ་ཉིད་མེ་འབར་བའི་རང་བཞིན་དུ་གྱུར་བར་བྱའོ། །དེ་ལ་བྷི་ཏ་ཧོ་ཐབ་ལ་བསྐོར་བ་ལན་གསུམ་དུ་བྱའོ། །ཕྱག་ཀྱང་བྱའོ། །དེ་ནས་ལས་ཐམས་ཅད་པས་མེ་བསང་གཏོར་བྱས་ཏེ་ཐབ་ཀྱི་དབུས་སུ་དཔལ་རྡོ་རྗེ་འཇིགས་བྱེད་རང་དང་འདྲ་བར་སྔོན་གྱི་རིམ་པས་བསྐྱེད་པས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཇིགས་བྱེད་སྤྱན་དྲང་བར་བྱ་


DTG047_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཨོཾ་ཧྲཱིཿ་བྷོ་བྷོ་མ་ཧཱ་ཀྲོ་དྷ། ཨཱ་གྩྪ་ཨཱ་གྩྪ་ཨ་སྨ་ཏ་པཱུ་ཛ་པྲ་ཏི་གྲྀཧྣ་པྲ་སཱ་དྷཾ་མེ་དྷཱིཿ་མཾ་ཀུ་རུ་སྭཱ་ཧཱ། ཞེས་པས་སྤྱན་དྲངས་ལ། ཨོཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕྱག་དང་ཞབས་བསིལ་གསོལ་ནས། མཆོད་པ་དབུལ་བར་བྱའོ། །ཨོཾ་ཧྲཱི། ཥྚྲྀཿ་ཨ་ཨརྒྷའིའོ། །ཨོཾ་ཀུ་མཱ་ར་རཱུ་པི་ཎ་ཛཿ་ཛཿ་ཧཱུཾ། མེ་ཏོག་གིའོ། །ཨོཾ་ཧྲཱིཿ་ཧ་ཧ་ཧེ་ཧེ་ཕཊ། བདུག་པའོ། །ཨོཾ་དཱིཔྟ་ལོ་ཙ་ནེ་པེ་ཀྲྀ་ཏ་ཨཱ་ན་ན་མ་ཧཱ་ཨཊྚཱ་ཊྚ་ཧ་ས་ན་དི་ནི་དཱི་པྟཱ་ཡ་སྭཱ་ཧཱ། མར་མེའོ། །ཨོཾ་ཝ་ཀྲྀ་ཏཱ་ན་ན་དུཥྚ་སཏྭ་ད་མ་ཀ་གཿ་གཿ་དྲིའོ། །ཨོཾ་ཧྲཱིཿ་ཥྚྲྀཿ་ཧཿ་བཤོས་གཙང་གིའོ། །དེ་ནས་སྲེག་རྫས་རྣམས་དབུལ་བར་བྱ་སྟེ། དེ་ལ་དང་པོར་མར་ལས་དགང་བླུགས་བརྒྱ་རྩ་བརྒྱད་དུ་དབུལ་བར་བྱ་སྟེ། ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཆེ་གེ་མོ་ཤཱནྟྀཾ་ཀུ་རུ་སྭཱ་ཧཱ། ཞེས་དབུལ་ཏེ། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་ཐམ་ཅད་ལ་སྔགས་འདི་ཉིད་ཀྱིས་བརྒྱ་རྩ་བརྒྱད་དབུལ་ལོ། །དེ་ནས་རྡོ་རྗེ་དྲིལ་བུ་ལག་ཏུ་བླངས་ལ། སྲིད་པ་རང་བཞིན་དག་པའི་ཚིག་བརྗོད་དེ། ཡུངས་ཀར་ལ་སྔགས་འདི་ཉིད་ཀྱིས་བཟླས་ཏེ་ཕྲིན་ལས་བཅོལ་ལ་བསྐོར་བ་བྱའོ། །དེ་ནས་རྫས་ལྷག་མ་ཐམས་ཅད་མེ་ལྷ་ལ་དབུལ་ཏེ་གསང་སྔགས་འདིས་སླར་གཤེགས་སུ་གསོལ་ལོ། །ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ་བི་ཤྭ་རཱུ་པ་དྷ་རི་ཎི་གྩྪ་གྩྪ་སྭ་སྠཱ་ན་ཀྲྀ་ཏཾ་ཏེ་ན། ཏ་ཐཱ་ག་ཏ་ནཱཾ་སརྦ་བུདྡྷ་ཤྩ་བི་སརྫ་ཡ་མ་མ་ཀཱ་ཪྻཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དེ། ཨོཾ་མུཿ་ཞེས་བརྗོད་པས་ཏིང་ངེ་འཛིན་བསྡུས་ཏེ་ཐབ་ཁུང་སྦས་ཏེ་གཞག་གོ །ཞི་བའི་སྦྱིན་སྲེག་གི་ཆོ་ག་སྟེ་བཞི་བའོ།། །།

ལྔ་པ། ཞི་བའི་འཁོར་ལོའི་ལས།


DTG047_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཞི་བའི་འཁོར་ལོའི་ལས་བཤད་དེ། དེ་ནས་ཉི་མ་གཉིས་པ་ལ། བྲམ་བྲེ་ལ་སོགས་པ་དགེ་བའི་རས་བླངས་ལ། གུར་གུར་དང་གི་ཝང་གིས་གཤིན་རྗེའི་འཁོར་ལོ་ལེ་ཚེ་བཅུ་དྲུག་པ། ཕྱི་རོལ་དུ་མུ་ཁྱུད་གསུམ་གྱིས་བསྐོར་བ་བྲིས་ཏེ། མུ་ཁྱུད་ཕྱི་རོལ་ལ་ཨོཾ་ཡིག་གི་ཕྲེང་བ་བྲི། མུ་ཁྱུད་པར་པ་ལ་ཀ་ཡིག་གི་ཕྲེང་བ་བྲིའོ། །ལེ་ཚེ་བཅུ་དྲུག་དབུས་དང་བཅུ་བདུན་དུ་ཡི་གེ་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོ་བྲིའོ། །དབུས་ཀྱི་ཡའི་ནང་དུ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་ཞེས་པ་ཡང་བྲིའོ། །དེའི་ཕྱི་རོལ་ལེ་ཚེ་ལ་སོགས་པ་ལ་ཧཱུཾ་རེ་རེ་སྤེལ་ལ་བྲིའོ། །དེའི་ཕྱི་རོལ་གྱི་ལེ་ཚེ་བཅུ་གཉིས་པ་ལ་ཡི་གེ་བཅུ་བའི་སྔགས་དང་སྤེལ་ཏེ་བྲིའོ། །དེ་ལྟར་བྲིས་ནས་སྤྱན་དྲངས་པ་དང༌། མཆོད་པ་དབུལ་


DTG047_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་སྟེ། བདེན་པའི་བྱིན་རླབས་དམིགས་པར་བྱའོ། །དེ་ལྟ་བུ་གཉིས་བྱ། ལྟོ་སྦྱར་གྱི་ནང་དུ་གཞག་པར་བྱའོ། །དེ་ཡང་ས་སྐོར་རིམ་པ་བཞིན་དུ་བྲི། གནམ་སྐོར་ལྡོག་སྟེ་བྲིའོ། །དེ་ལ་མཎྜལ་དཀར་པོ་བྱ་སྟེ། དེའི་སྟེང་དུ་བཞག་ལ་ཐལ་བ་དཀར་པོས་དཀྲིས་ཏེ། མེ་ཏོག་དཀར་པོ་གཏོར་ནས། བདག་ཉིད་དཀར་པོའི་ཆས་གོས་དང་ལྡན་པས་ཁ་ཤར་དུ་བལྟས་ཏེ། དཔལ་གཤིན་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་དང་ལྡན་པས་དང་བའི་སེམས་ཀྱིས་གསང་སྔགས་བཟླས་པར་བྱའོ། །དེ་ལ་གསང་སྔགས་ནི། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ་ཆེ་གེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ནི་སྔགས་སོ། །ཨོཾ་ཧྲཱིཿ་ཥྚྲིཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་འདི་ནི་ལས་ཀྱི་སྔགས་ཏེ། འདི་དག་བཟླས་པར་བྱའོ། །དེ་ནས་གསངས་སྔགས་བརྗོད་པ་དང༌། འཁོར་ལོ་དེ་ཁྱིམ་གང་ཞི་བར་བྱེད་པའི་གནས་སམ། བཀྲ་ཤིས་གསང་པའི་གནས་སུ་སྦ་བར་བྱས་ན་ཞི་བར་འགྱུར་རོ། །འདི་ཡང་ཞི་བ་ཉིད་གཅོར་བསྒྲུབ་པའི་དུས་ན་ཉི་མ་བཞི་པ་ཡིན་ལ། གཞན་གྲངས་ཙམ་ཡིན། ཉིན་གཅིག་གིས་ཡིན་ནོ། །ཞི་བའི་འཁོར་ལོའི་ལས་ཀྱི་རིམ་པ་སྟེ་ལྔ་བའོ།། །།

དྲུག་པ། ཞི་བའི་བསམ་གཏན་གྱི་ལས།


DTG047_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཞི་བའི་བསམ་གཏན་གྱི་ལས་བཤད་པར་བྱ་སྟེ། འདི་ཡང་སྔ་མ་བཞིན་དུ་ཉི་མ་དྲུག་པ་ལ་ཆས་གོས་དཀར་བ་དང་ལྡན་པས་ཁ་ཤར་དུ་བལྟས་ཏེ། འདུག་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་དུ་བྱས་ཏེ། དེའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པ་གེ་སར་ལ་པདྨ་ཡི་གེ་ཨ་དཀར་པོ་དང་ལྡན་པར་བསམ་མོ། །མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱ་བསམས་ཏེ། དེ་ནས་ཐུགས་ཀའི་ཨ་ལས་ཡེ་ཤེས་ཀྱི་བདུད་རྩིའི་འོད་ཟེར་གྱི་འཕྲོས་པས་བསྒྲུབ་བྱའི་ལུས་ངག་ཡིད་ལ་ཐིམ་སྟེ། དེ་ལ་ལུས་ངག་ཡིད་གསུམ་གྱི་སྐྱོན་ཐམས་ཅད་བྱང་ནས། བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ་མོ། །ཞི་བའི་བསམ་གཏན་གྱི་ལས་ཀྱི་རིམ་པ་སྟེ་དྲུག་པའོ།། །།

བདུན་པ། ལས་ཀྱི་ལྷག་ཆད་བསྐང་བ།


DTG047_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཉི་མ་བདུན་པ་ལ་ལས་ཀྱི་ལྷག་ཆད་ཁ་བསྐང་བར་བྱ་སྟེ། གཏོར་མ་དང་སྦྱིན་སྲེག་གི་བྱ་བ་དང༌། སོ་སོར་བཤགས་པའི་མདོ་གདོན་པ་དང༌། སྡིག་པ་བཤགས་ཤིང་སྨོན་ལམ་གདབ་པར་བྱའོ། །བྷཻ་ར་བའི་ཞི་བའི་བྱ་བ་བདུན་པ། པཎྜཱི་ཏ་ཨ་མོ་གྷ་ཆུང་བས་མཛད་པ་རྫོགས་སོ།།


previousབྷཻ་ར་བའི་ཞི་བའི་བྱ་བ་བདུན་པ། ཨ་མོ་གྷ་ཆུང་བ།next