Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བདུན་པ།


  expand section
   
   
   
   
   
   
   
  collapse section
   
  collapse section
འཁྲུལ་འཁོར་སྒྲུབ་པ།
  expand section
  expand section
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
   
   
   
   
   
   
   
  expand section
  expand section
   
   
  expand section
   
   
   
   
   
   
   
   
   
   
  expand section
   
   
   
  expand section
  expand section
   
   
   
   
   
   
   
   
   
   
   


 
previousའཁྲུལ་འཁོར་སྒྲུབ་པ།next

འཁྲུལ་འཁོར་སྒྲུབ་པ།

གཞི་སོགས་གཏན་ལ་དབབ་པ།

གཞི་གཏན་ལ་དབབ་པ།


DTG047_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བསྙེན་པར་གྱུར་པའི་སྔགས་པ་འཁྲུལ་འཁོར་བསྒྲུབ་པར་འདོད་པས། འདི་ལྟར་བལྟ་སྟེ། དང་པོ་ཁོ་ནར་འདི་ལ་མངོན་སྤྱོད་བྱ་བར་རིགས་སམ། ཅི་སྟེ་མ་ཡིན་ཞེས་གཞི་གཏན་ལ་དབབ་པར་བྱའོ། །

བྱང་ཆུབ་ཀྱི་སེམས་གཏན་ལ་དབབ་པ།


DTG047_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱ་བར་རིགས་པ་ཞིག་ཡིན་ན། འདི་ལྟར་བདག་ནི་དམྱལ་བར་སོང་ཡང་བླའི། །འདི་དམྱལ་བར་མི་འགྲོ་བར་བྱ་ཞིང་དེའི་རྒྱུར་འདི་མྱུར་དུ་གསད་པས། འདིའི་སྡིག་པ་མང་དུ་མི་འཕེལ་བར་བྱའོ་སྙམ་དུ་ཡང་དག་པར་སྙིང་རྗེ་བཅོས་མ་མ་ཡིན་པ་བསྐྱེད་པ་ཡང་དང་ཡང་བྱ་བས་བྱང་ཆུབ་ཀྱི་སེམས་གཏན་ལ་དབབ་པར་བྱའོ། །

གནས་གཏན་ལ་དབབ་པ།


DTG047_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྒྲུབ་པའི་གནས་ཁྱད་པར་ཅན་དུར་ཁྲོད་དང་ཁང་སྟོང་དང༌། མ་མོ་འདུ་བའི་གནས་དང༌། གནོད་སྦྱིན་འདུ་བའི་ཕུག་དང༌། ཤིང་གཅིག་པའི་དྲུང་ལ་སོགས་པར་འགྲོ་བར་བྱ་སྟེ། འདི་ནི་གནས་གཏན་ལ་དབབ་པའོ། །

ཟླ་གྲོགས་གཏན་ལ་དབབ་པ།


DTG047_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ཡང་བདག་གཅིག་པུས་བརྩམས་པ་དང༌། ཡང་ན་གྲོགས་པོ་གསང་ཐུབ་པ། དམ་ཚིག་བསྲུང་བ། འཇིགས་ཤིང་བག་ཚ་བ་མེད་པ། ལག་བཟོ་བ། སྒྲུབ་པ་པོ་ལ་སྙིང་ཉེ་བ། སྟོབས་ཆེ་བ། བློ་དང་ལྡན་པ་བཞི་མན་ཆད་དང་བརྩམས་ཏེ། འདི་ནི་ཟླ་གྲོགས་གཏན་ལ་དབབ་པའོ། །

རྫས་གཏན་ལ་དབབ་པ།


DTG047_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེར་ཤ་ཆེན་པོ་དང་ཚིལ་ཆེན་པོ་ལ་སོགས་པ། གཏོར་མ་དང་ལྷ་བཤོས་སུ་བྱ་བ་དང༌། མེ་ཏོག་ནག་པོའམ་སྔོན་པོ་དང༌། བདུད་རྩི་ལྔ་དང༌། ཁྲག་ཆེན་པོ་དང༌། རྔ་དང་གླིང་བུ་དང༌། དུང་ལ་སོགས་པའི་མཆོད་པའི་ཡོ་བྱད་དང༌། གཤིན་རྗེའི་གཟུགས་ཀྱི་རྒྱུ་དང༌། ལིང་གའི་རྒྱུ་དང༌། །སྣག་ཚ་དང༌། སྨྱུ་གུ་དང༌། དུར་ཁྲོད་ཀྱི་རས་དང༌། ཐོད་པ་དང་སྐུད་པ་ནག་པོ་ལ་སོགས་པ་ཡོ་བྱད་ཐམས་ཅད་དང་ལྡན་པར་བྱས་ཏེ། འདི་ནི་རྫས་གཏན་ལ་དབབ་པའོ། །

འཁོར་ལོ་བྲི་བ་སོགས།

འཁོར་ལོ་བྲི་བ།


DTG047_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འཁོར་ལོ་བྲི་བར་བྱ་སྟེ། གཏོར་མ་བྱིན་ལ་མཆོད་པ་འཇིགས་སུ་རུང་བའི་ཚོགས་ཀྱང་དབུལ་ཏེ། མཎྜལ་རབ་ཏུ་འཐས་པ་ལྕི་བས་བྱུགས་པ་བྱས་ལ། སྔགས་པ་ཁ་ལྷོར་བལྟས་ཏེ། བདག་ཁྲོ་བོར་གསལ་བས་རྩ་བའི་སྔགས་ཟློས་ཤིང་ཐོད་ལ་ཀོར་གྱིས་འཁོར་ལོ་བྲི་བར་བྱ་སྟེ། གནས་སྐབས་འདིར་ཡང་འཁོར་ལོ་བྲི་བ་དང༌། ལིང་ག་བཅའ་བ་དང༌། ག་འུར་གཞུག་པ་དང༌། གའུ་བསྲོ་བ་དང༌། གཤིན་རྗེ་ལ་གཏད་པ་དང༌། ནང་གི་རྣལ་འབྱོར་དང༌། འཁོར་ལོ་བཅའ་བ་དང༌། རྗེས་ཀྱི་རྣལ་འབྱོར་དང༌། སླར་དབྱུང་བའི་ཆོ་ག་བྱ་སྟེ། རྣམ་པ་དགུས་བསྒྲུབ་པར་བྱའོ། །དེ་ལ་འཁོར་ལོ་བྲི་བ་ནི། རི་མོ་ལྔ་བསྐོར་བ་ལས་སྣམ་བུ་བཞི་དང༌། ལྟེ་བ་སྟེ་ལྔར་བྱའོ། །ལྟེ་བ་ལེའུ་ཚེ་དགུ་པའོ། །སྣམ་བུ་དང་པོ་ལེའུ་ཚེ་བཅུ་གཉིས་པ། །གཉིས་པ་བཅུ་དྲུག་པ། གསུམ་པ་དང་བཞི་པ་


DTG047_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱལ་བའམ། སུམ་ཅུ་རྩ་གཉིས་པའོ། །དེ་ལ་ལྔ་དང་བཅུ་གཉིས་ལ་རྩ་བའི་སྔགས་དགོད། བཞི་མཚམས་ལ་བསྐུལ་ཚིག །བཅུ་དྲུག་ལ་ཡང་བསྐུལ་ཚིག །ཕྱལ་བ་ནང་ངོས་ལ་ཨཱ་ལི། ཕྱི་ངོས་ལ་ཀཱ་ལི། ཡང་རེའུ་མིག་དང་འདྲ་བར་ཡི་གེ་སུམ་ཅུ་རྩ་གཉིས་གཉིས་ཏེ། ཨཱ་ལི་ཉིས་འགྱུར་དང་ཀཱ་ལི་ལ་ང་ཉ་སྤང་བར་བྱ་བས་སོ། །ཡི་གེ་དག་རི་མོ་ལ་མ་རེག་པར་བྱའོ། །འདི་གཤིན་རྗེའི་ལྟོ་བར་བྲིའོ། །དེ་ནས་ཕྱིའི་འཁོར་ལོ་ལ་དཔེ་བྱས་ཏེ། ནང་གི་འཁོར་ལོ་རོ་རས་ལ་དཀར་རྩིས་བྱུགས་ལ། དུག་དང་ཁྲག་བསྲེས་པའི་སྣག་ཚ་བྱ་རོག་གི་སྒྲོ་སྨྱུག་གིས་བླངས་ཤིང་རྩ་བའི་སྔགས་ཟློས་པས་ཁ་ལྷོར་བལྟས་པས་བྲིས་ཏེ། གཅིག་གཡས་སུ་བསྐོར་རོ། །གཅིག་གཡོན་དུ་བསྐོར་རོ། །ཟིན་པ་དང་ཕྱིའི་འཁོར་ལོ་ནང་གི་འཁོར་ལོ་ལ་ཐིམ་པར་བསམས་ལ་དབྱིའོ། །འདི་ནི་འཁོར་ལོ་བྲི་བའོ། །

ལིང་ག་བཅའ་བ།


DTG047_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྗེས་ཀྱི་ས་དང༌། ཆུ་འགྲམ་གྱི་ས་དང༌། དུག་དང་ཁྲག་དང་དགྲའི་བཤང་གཅི་བྱས་པའི་ས་དང༌། སྦྲ་ཚིལ་རྣམས་བསྲེས་ལ་ལིངྒ་སོར་བཞི་པར་བྱ། །དེའི་སྙིང་གར་ལས་ཀྱི་སྔགས་ཀྱི་མཇུག་ལ་མིང་རུས་མཱ་ར་ཡ་དང་བཅས་པར་གཞུག་གོ །འདི་ནི་ལོང་ག་བཅའ་བའོ། །

གའུར་གཞུག་པ།


DTG047_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རབས་ཆད་ཀྱི་ཐོད་པའམ། ཆུ་འགྲམ་གྱི་ས་དང༌། དུག་དང་ཁྲག་དང༌། དགྲའི་བཤང་གཅི་བྱས་པའི་ས་དང༌། སྤྲ་ཚིལ་རྣམས་བསྲེས་ལ་ལིངྒ་སོར་བཞི་པར་བྱ། གའུ་གཉིས་ལ་གོང་མ་ལ་མེ་འབར་བ་བྲི། དབུས་སུ་ཕཊ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཅེས་པ་བྲིའོ། །འོག་མ་ལ་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་སྔགས་སྔ་མ་ལྟར་བྲི། །གའུ་སྟེང་མའི་རྒྱབ་ཏུ་རི་རབ་ལ་དབང་ཆེན་གྱི་དབུས་སུ་རྡོ་རྗེ་རྒྱ་གྲམ་སེར་པོ་བྲི། དེ་ནས་གའུ་གོང་མ་ལ་བུ་ག་སྨྱུག་མ་འབྲིང་པོ་ཤོང་བ་ཅིག་གདོད་དོ། །དེ་ནས་འཁོར་ལོ་གཡོན་དུ་བསྐོར་བ་འོག །གཡས་སུ་བསྐོར་བ་སྟེང༌། དེའི་དབུས་སུ་ལིང་ག་བཅུག་ལ། ལེགས་པར་དྲིལ་ནས་སྐུད་པ་ནག་པོས་བཅིངས་ཏེ་གའུ་ཁ་སྦྱོར་དུ་བཅུག་ལ་གའུ་སྐུད་པ་ནག་པོས་དཀྲིས་ཏེ། གའུའི་བུ་ག་ནས་དུག་སྣ་ཚོགས་པའི་ཕྱེ་མ་དང༌། ཁྲག་བསྲེས་པ་བླུགས་པས་གང་བར་བྱའོ། །འདི་ནི་གའུར་གཞུག་པར་བྱའོ། །

གའུ་བསྲོ་བ།


DTG047_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོ་བ་ཟུར་རྔོམ་པ་ཟུར་གསུམ་དུ་འདུག་པའི་སྒྱེད་བུ་གསུམ་གྱི་ཁར་གའུ་བཞག་ལ། དུག་གི་མེ་ཏོག་འོག་ནས་སྤོར་ལ་དྲོས་པ་ཙམ་དུ་བསྲོས་ཤིག །འདི་ནི་གའུ་བསྲོ་བའོ། །

གཤིན་རྗེ་ལ་གཏད་པ།


DTG047_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆུ་འགྲམ་གྱི་སའམ། སྦྲ་ཚིལ་ལས་གཤིན་རྗེའི་རྒྱལ་པོ་གཟུགས་ཁྲུ་གང་བ། རབ་ཏུ་སྤོམ་པ་མིའུ་ཐུང་འདྲ་བ་གསུས་པ་ཆེ་བ། མཆེ་བ་འཆང་བ་མདོག་གནག་པ། །མཆེ་བ་བཞི་པ། ཁྲོ་གཉེར་ཅན། སྐྲ་ཁམ་པ་འཛིངས་ཤིང་ཡེགས་ལ་འཕྱར་བ། ལག་པ་གཡས་ན་དབྱུག་པ་ལྕགས་ལས་བྱས་པ་ཐོགས་པ། གཡོན་ན་སྡིགས་པའི་མཛུབ་མོ་བསྒྲེང་བ་ལ་ཞགས་པ་བཀལ་བ་ཞིག་བྱས་ལ། དེའི་ལྟོ་བར་གའུ་དེ་བཅུག་ལ་སྦ་སྟེ། འདི་ནི་གཤིན་རྗེ་ལ་གཏད་པའོ། །

ནང་གི་རྣལ་འབྱོར།


DTG047_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ནང་གི་རྣལ་འབྱོར་བྱ་སྟེ། གཟུགས་དེ་ཁ་ལྷོར་བསྟན། རྣལ་འབྱོར་པ་ཁ་ལྷོར་བལྟས་ཏེ། རུས་སྦལ་གྱི་འདུག་སྟངས་སུ་གནས་པས། ལིང་ག་དེ་དེ་ཉིད་དུ་བསམ། འཁོར་ལོ་གཤིན་རྗེའི་གྲོང་ཁྱེར་དུའོ། །དེ་ལ་རྣམ་ཤེས་བཀུག་ཅིང་བསྟིམས་ལ། བཅིངས་ཏེ་ཡེ་ཤེས་ཀྱི་ལྷ་དང་དཔྲལ་བ་དང༌། ཁོའི་ཉེས་པ་བརྩི་བ་དང༌། རང་གི་དགེ་བའི་སྟངས་བརྩི་བ་བྱས་ལ། དེ་ནས་རང་གི་བ་སྤུའི་བུ་ག་ནས། ཁྲོ་བོ་སྲིན་པོ་འདྲ་བ་གྲངས་མེད་པ་བྱུང་བ་དང༌། དེ་དག་གིས་སྤྲུལ་ཅིང་བསྐུལ་བའི་བྱ་རྒོལ་དང་ཁྱི་དང་སྤྱང་ཀི་དང༌། ཡམ་བུ་རུ་ཥ་རྣམས་ཀྱིས་དེ་གསོད་ཅིང་པགས་པ་བཤུ་བ་དང༌། རྒྱུ་མ་འདྲེན་པ་དང༌། ལུས་གཏུབས་པ་དང༌། མིག་འབྲུ་བ་དང༌། ཀླད་པ་འཐོག་པ་ལ་སོགས་པ་ཏནྟྲ་ནས་འབྱུང་བ་ལྟར་བསམ་ཞིང༌། །གསང་སྔགས་མཱ་ར་ཡ་དང་བཅས་པར་བཟླས་པ་བྱ་སྟེ། དེ་ཡང་རང་གི་སེམས་ཚད་དང་རྟགས་དང༌། བསྙེན་པའི་ཚུལ་ལས་ཉི་མ་གཅིག་ནས་བདུན་གྱི་བར་དུ་བསྒྲིམས་ཏེ་བྱ། ཁྱད་པར་དུ་ནི་ཉིན་གུང་མཚན་གུང་ལ་བྱ་སྟེ། འདི་ནི་ནང་གི་རྣལ་འབྱོར་རོ། །

འཁོར་ལོ་སྦ་བ།


DTG047_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འཁོར་ལོ་སྦ་སྟེ། གནས་དེར་རང་ཉིད་ཁ་ལྷོར་བལྟས་ལ། དོང་ཟུར་གསུམ་པ་ཟབ་རིངས་རབ་ལ་རྒྱར་ཁྲུ་གང་བ་ཅིག་བྲུས་ལ། དེར་གཤིན་རྗེའི་གཟུགས་དེ་ཁ་སྦུ་བ་ལ་མགོ་ལྷོར་བསྟན་ཏེ་གཞག་གོ །དེ་ནས་འབྱུང་པོ་ཐམས་ཅད་ལ་དེ་ཉིད་དུ་དྲག་པོའི་བ་ལིཾ་བྱིན་ལ་ལས་བཅོལ་དཔང་གཟུགས་སོ། །དེ་ནས་དེ་མ་ཐག་ཏུ་བསྒྲུབ་བྱ་ཡ་མའི་གྲོང་ཁྱེར་ན་ཡ་མ་རྣམས་ཀྱིས་བཟུང་སྟེ་གསོད་པར་བསམས་ལ། ཡ་མ་རཱ་ཇ་ལ་བསྐུལ་བ་བྱ་སྟེ།


DTG047_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཤིན་ཏུ་ཁྲོས་ཤིང་ལྷར་གསལ་བས་འདི་སྐད་བསྐུལ་ལོ། །འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔག་ཚད་བརྒྱད་ཁྲིའི་ཕ་རོལ་ན། །ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན། །ཡི་དགས་ཀུན་གྱི་སྡེ་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །གསོན་གཤིན་ཀུན་གྱི་ཟམ་ཁ་པ། །གསོན་པོ་བསྐོས་ལ་འདེད་པ་པོ། །ཤི་བ་རྣམས་ཀྱི་གཤིན་བུ་རྗེ། །དགེ་བ་ཅན་གྱི་ལྟང་ས་འཛིན་པ། །སྡིག་པ་ཅན་གྱི་ཆད་པ་མཁན། །ཉེས་ལེགས་ཆོས་བཞིན་གཅོད་པ་པོ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། །མངོན་ཤེས་རྫུ་འཕྲུལ་མཐུ་རླབས་ཅན། །འཁོར་བཅས་དེང་འདིར་བདག་ལ་དགོངས། །བདག་ནི་རྣལ་འབྱོར་སྒྲུབ་པ་པོ། །འཇམ་དཔལ་གཞོན་ནུའི་ཐུགས་ཀྱི་སྲས། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ། །རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། །བསམ་པ་བྱང་ཆུབ་སེམས་ཀྱིས་བརླན། །རྒྱུར་ནི་ཡེ་ཤེས་རྡོ་རྗེ་འཆང༌། །གཟི་བྱིན་སྐུ་གསུང་ཐུགས་ཀྱིས་བསྐྱེད།། དོན་ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །རྒྱལ་པོ་འཁོར་དང་བཅས་པ་ལ། །དྲག་པོའི་ལས་འདི་གཏད་པར་འདོད། །ཆེ་གེ་ཞེས་བྱའི་གདུག་པ་འདི། །གསོན་ན་འགྲོ་བ་ཡོངས་ལ་གནོད། །དཀོན་མཆོག་གསུམ་ལ་རྣམ་པར་འཚེ། །དམིགས་ཀྱི་རྣལ་འབྱོར་ཡོངས་ལ་སྡང༌། །འདི་དག་མྱུར་དུ་བསྒྲལ་བའི་ཕྱིར། །རྒྱལ་པོ་འཁོར་བཅས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །ཨོཾ་ཧྲཱིཿ་ཥྚྲཱྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨཱ་ཀཪྵ་ཡ་ཛཿ་ཞེས་བརྗོད་པས། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་འདྲ་བ་བྱུང་བས། ཡ་མ་རཱ་ཛ་འཁོར་དང་བཅས་པ་གནས་དེར་འོངས་པར་བསམ། དེའི་ཚེ་ཕྱག་རྒྱ་སྦྱར་བ་ནི། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། མཐེ་བོང་ནང་དུ་བཅུག་ནས་མཛུབ་མོ་ཅུང་ཟད་བསྐྱེད་དེ། གདེངས་ཐབས་སུ་འཕངས་བསྟོད་པ་ནི་བེ་ཅོན་གྱི་ཕྱག་རྒྱ་སྟེ་དེ་སྦྱར་རོ། །ཡ་མ་རཱ་ཛ་ནི་ཇི་ལྟར་གཟུགས་སུ་བྱས་པ་ལ་མ་ཧེ་ཞོན་པ་དེ་དུས་མཚན་དང་བཅས་པ། འཁོར་མ་མོ་དང་ཡ་མའི་སྐྱེས་བུ་མང་པོས་བསྐོར་བའོ། །དེ་ནས་ཕྱག་རྒྱ་བསྟན་ལ། །ཨོཾ་ཧྲཱིཿ་ཥrརྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་ཡ་མ་རཱ་ཛ་ས་མ་ཡ་སྟྭཾ་ཞེས་བརྗོད་པས། དེ་དག་གིས་བདག་


DTG047_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གླགས་ཚོལ་མི་ནུས་པར་བསམས་ཏེ། ཕྱག་རྒྱ་རྡོ་རྗེ་བསྡམས་པ་ལས་སྲིན་ལག་གཉིས་བརྐྱང་ནས་གཤིབས་ཏེ་བསྒྲེང་པའོ། །དེ་ནས་གདོང་གི་ཡ་མའི་གཟུགས་ལ་མེ་ཏོག་ནག་པོ་གཏོར་ལ། ཡ་མ་རཱ་ཛ་འཁོར་བཅས་པ། །དམ་ཚིག་དབང་གིས་འདིར་བརྟན་བཞུགས། །མཆོད་པ་ཚུལ་བཞིན་བཞེས་ནས་ཀྱང༌། །ཕྲིན་ལས་མཛད་ཕྱིར་ཇི་སྲིད་དུ། །ལས་གྲུབ་པར་དུ་བཞུགས་སུ་གསོལ། །ཡ་མ་རཱ་ཛ་ས་མ་ཡ་སྟྭཾ་ཞེས་བརྗོད་དོ། །དེ་ནས་ལག་པ་གཡས་པས་བེ་ཅོན་གྱི་མུ་དྲ་བཅིང༌། གཡོན་པས་རཀྟ་དང་ཆང་བསྲེས་པས་བཀང་བའི་བྷནྡྷ་ཐོགས་ལ་ཨརྒྷ་དབུལ་ཏེ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ། ཨརྒྷ་གསོལ་བས་དམར་གྱི་ཨརྒྷ་ཞག་གི་མེ་ཏོག་རྒྱ་མཚོ་ལྟར་མི་ཟད་པ་འབྱུང་བར་གྱུར་ཅིག །ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་ཡ་མ་ཪྵ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧོ་ཞེས་པས་སོ། །ཕྱག་རྒྱ་དེ་ཉིད་ལ་གནས་པས། །གཡོན་གྱི་མེ་ཏོག་བླངས་ཏེ་ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་མེ་ཏོག་ཕུལ་བས་མེ་ཏོག་གི་ཁང་པ་བརྩེགས་པ་ཏོག་དང༌། ཁ་བད་དུ་ལྡན་པ་ཀ་བ་བརྒྱད་ཟུག་པ། མེ་ཏོག་གི་བླ་རེ་དང༌། གདུགས་དང༌། ཕྲེང་བས་བརྒྱན་པ། རིན་པོ་ཆེའི་རང་བཞིན་ཅན་འབྱུང་བར་གྱུར་ཅིག །ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་བཛྲ་པུཥྤ་པཱུ་ཛ་ས་མ་ཡེ་ཧཱུཾ་ཞེས་པས་སོ། །ཕྱག་རྒྱ་དེ་ཉིད་ལ་གནས་པས། གཡོན་གྱི་བདུག་པ་བླངས་ལ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་བདུག་པ་སྣ་ཚོགས་ཕུལ་བས། གཞལ་ཡས་ཁང་གི་མགུལ་དུ་བདུག་པའི་སྤྲིན་བཻ་ཌཱུ་ཪྻའི་མདོག་ལྟ་བུ་རིན་ཆེན་བརྩེགས་པ་འདྲ་བ་འབྱུང་བར་གྱུར་ཅིག །ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་བཛྲ་དྷཱུ་པ་པཱུ་ཛ་ས་མ་ཡེ་ཧཱུཾ་ཞེས་པས་སོ། །དེ་བཞིན་དུ་གཡོན་པས་མར་མེ་བླངས་ལ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་མར་མེ་ཕུལ་བས། གཞལ་ཡས་ཁང་གི་ཕྱོགས་མཚམས་སུ་མུན་པ་འཇོམས་པ་ནོར་བུའི་འོད་ལ་སོགས་པའི་སྣང་བ་འབྱུང་བར་གྱུར་ཅིག །ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་བཛྲ་དཱི་པ་པ་པཱུ་ཛ་ས་མ་ཡེ་ཧཱུཾ་ཞེས་པས་སོ། །དེ་བཞིན་དུ་གཡོན་པས་བྱུག་པ་བླངས་ལ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་བྱུག་པ་ཕུལ་བས་ལུས་དང་གནས་ཀྱི་དྲི་མ་ཐམས་ཅད་དག་སྟེ། རེག་ན་བདེ་བའི་རེག་བྱ་དང་དྲི་བསྣམས་བཟོད་པ་དང་ལྡན་པས་


DTG047_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་པར་གྱུར་ཅིག །ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་བཛྲ་གནྡྷ་པཱུ་ཛ་ས་མ་ཡེ་ཧཱུཾ་ཞེས་པས་སོ། །དེ་བཞིན་དུ་གཡོན་པས་བཤོས་བཏེག་ལ། ཡ་མ་རཱ་ཛ་འཁོར་དང་བཅས་པ་ལ་བཤོས་ཕུལ་བས་ཁ་ཟས་དྲི་དང་རོ་དང་ཁ་དོག་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། བདུད་རྩི་དཀར་པོ་དང༌། སེར་པོ་དང༌། དམར་པོ་དང་སྔོན་པོ་དང་བཅས་པ། ཁམ་གྱི་ཟས་ལ་གནས་པ་རྣམས་ཚིམ་པར་བྱེད་པའི་མཐུ་དང་ལྡན་པ་རྣམས་འབྱུང་བར་གྱུར་ཅིག །ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་བཛྲ་ནཻ་ཝི་དྱ་པཱ་ཛ་ས་མ་ཡེ་ཧཱུཾ་ཞེས་པས་སོ། །དེ་བཞིན་དུ་གཡོན་པས་བ་ལིཾ་བཏེག་ལ་འདས་མ་ཐག་པའི་ཚིག་རྗེས་ལ། ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་མ་ཧཱ་བ་ལིཾ་པཱུ་ཛ་ས་མ་ཡེ་ཧཱུཾ་ཞེས་པས་བ་ལིཾ་དབུལ་ལོ། །དེ་ནས་སིལ་སྙན་སྣ་ཚོགས་བསྒྲགས་ལ་ནམ་མཁའ་མཛོད་ཀྱི་སྔགས་བརྗོད་དོ། །དེ་ནས་ལག་པ་གཡས་པ་དེ་བཞིན་དུ་གནས་པ་ལས་གཡོན་པའི་ཁུ་ཚུར་ཐོད་པའི་ཚུལ་དུ་བྱས་ལ། ཚིགས་སུ་བཅད་པ་འདི་རྣམས་ཀྱིས་བསྐུལ་བར་བྱའོ། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་བཀའ། །ཆོས་ཀྱི་རྒྱལ་པོ་དགོངས་སུ་གསོལ། །དེ་རིང་དྲག་པོའི་ཕྲིན་ལས་འདི། །ཁྱེད་ཀྱི་ལས་སུ་འོས་པ་ཡིན། །ལྷ་དང་བཅས་པའི་འཇིག་རྟེན་ན། །ལེགས་ཉེས་ཆོས་བཞིན་གཅོད་པ་ཁྱོད། །གཤིན་རྗེ་གཤེད་ཀྱི་བཀའ་འཁོར་ན། །བཀའ་ཉན་དམ་ཚིག་བསྲུང་བ་ཁྱོད། །ལས་དང་རྐྱེན་གྱིས་འཆི་བ་ལ། །སྲོག་ལ་དབང་བྱེད་བདག་པོ་ཁྱོད། །ད་ཕྱིར་ལས་འདི་ཁྱོད་ལ་གཏད། །ཁྱོད་ཀྱི་འཁོར་འདི་མི་སྲུན་ཏེ། །ཐ་མལ་སེམས་ཅན་ཉེས་མེད་ཅིང༌། །གཞན་གྱིས་བསྐུལ་བར་མ་བྱས་པར། །གློ་བུར་ཕྲད་པ་འཛིན་བྱེད་ན། །ང་ཡིས་གཏད་པའི་ལས་འདི་རྣམས། །འཇམ་དཔལ་གཞོན་ནུའི་བཀའ་བཞིན་དུ། །དམ་ཚིག་ཕྱག་རྒྱ་མིག་ལ་བསྟན། །དམ་ཚིག་སྙིང་པོ་རྣ་བར་བསྒྲགས། །རྡོ་རྗེ་ཐ་ཚིག་སྙིང་ལ་བཞག །དམ་རྫས་མཆོད་པ་ཕུལ་ནས་ཀྱང༌། །དམ་ཚིག་ཕྲིན་ལས་གཉེར་དུ་གཏད། །ལས་འདི་མངོན་དུ་བསྒྲུབ་པའི་རིགས། །ཁྱོད་ཀྱིས་ལས་འདི་མ་བསྒྲུབས་ན། །དཀོན་མཆོག་གསུམ་གྱི་བཀའ་ཡང་བཅག །གཤིན་རྗེ་གཤེད་པོའི་དམ་ཡང་དྲལ། །རང་གི་ཐ་ཚིག་རང་གིས་བསླུས། །དམ་ཚིག་གྲོགས་པོ་བདག་ཅག་གི །རེ་བའི་བསམ་


DTG047_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཏིང་ནས་བཅད། །དེ་བས་ལས་འདི་གྲུབ་པར་གྱིས། །ཁྱོད་ཀྱི་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཱུ་ཏི་ཞེས་བྱ་བ། །ལག་ན་ལྕགས་ཀྱུ་ནག་པོ་ཐོགས། །གང་ཞིག་གཟུང་བར་འདོད་པ་དེ། །གཡུགས་པ་ཙམ་གྱིས་འཛིན་པར་བྱེད། །ཁྱོད་ལ་གཉེར་དུ་གཏད་པ་ནི། །ཆེ་གེ་ཞེས་བྱའི་ཡུལ་ཁམས་ན། །ཆེ་གེ་མོ་ཞེས་བྱ་བའི་མིང༌། །རུས་ནི་ཆེ་གེ་མོ་ཞེས་བྱ། །འདི་དག་འཁོར་དང་བཅས་པ་ཀུན། །ཁྱོད་ཀྱིས་དེ་རིང་གཟུང་བར་གྱིས། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཀཱ་ལ་པཱ་ཤ་ཞེས་བྱ་བ། །ལག་ན་དུས་ཀྱི་ཞགས་པ་ཐོགས། །གང་ཞིག་འཛིན་པར་འདོད་པ་དེ། །བཏབ་པ་ཙམ་གྱིས་འཛིན་པར་བྱེད། །ལྷག་མ་སྔ་མ་བཞིན་ཡིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་མ་དཾཥྚྲྀ་ཞེས་བྱ་བ། །ལག་ན་བེ་ཅོན་ནག་པོ་ཐོགས། །གང་ཞིག་བསད་པར་འདོད་པ་ཀུན། །ཕྱར་བ་ཙམ་གྱིས་འཆི་བར་བྱེད། །ལྷག་མ་སྔ་མ་བཞིན་ཡིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡམ་དཾཥྚྲི་ཞེས་བྱ་བ། །ཟ་བྱེད་མཆེ་བ་འབར་བ་ཅན། །གང་ཞིག་ཟ་བར་འདོད་པ་དེ། །གཙིགས་པ་ཙམ་གྱིས་ཟ་བར་བྱེད། །ལྷག་མ་སྔ་མ་བཞིན་ཡིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཀཱ་ལ་རཱ་ཏྲི་ལ་སོགས་པའི། །གསོད་པ་མོ་དང་ནག་མོ་དང༌། །ནམ་གྲུ་ཤ་ཀ་ལི་ལ་སོགས། །བུད་མེད་ཚོགས་ཀྱིས་བསྐོར་བ་ནི། །ལ་ལ་ལས་ཀྱི་མེ་ལོང་ཅན། །ལ་ལ་ནད་ཀྱི་རྐྱལ་བ་ཅན། །ལ་ལ་མཚོན་གྱི་དྲུ་གུ་ཅན། །ལ་ལ་བདུད་ཀྱི་ཁྲམ་བམ་ཅན། །ལ་ལ་ཤོད་རྡེའུ་དཀར་ནག་ཅན། །ལ་ལ་ལྕགས་ཀྱི་དྲེའུ་རྟ་ཅན། །ལ་ལ་བོང་བུ་གྭ་པ་ཞོན། །ལ་ལ་རླུང་ནག་འཚུབ་མ་ཞོན། །ལ་ལ་ཆུ་བྱ་ནག་མོ་ཞོན། །ལ་ལ་ནམ་གྱི་གུང་ལ་རྒྱུ། །ལ་ལ་ཆུ་བོའི་གཞུང་ལ་རྒྱུ། །ལ་ལ་ཉི་མའི་ཟེར་ལ་རྒྱུ། །ཀུན་ཀྱང་གཞན་སྲོག་འཕྲོག་པ་སྟེ། །ཁྱེད་ལ་གཉེར་དུ་གཏད་པ་ནི། །ལྷག་མ་སྔ་མ་བཞིན་ཡིན་ནོ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་ན། །ཡ་བ་ཏི་དང་ཕྱྭ་བ་སངས་དང༌། །རྨིག་པ་རལ་པ་དགུ་ལ་སོགས། །ལ་ལ་རྒྱལ་པོའི་ཚུལ་དུ་གནས། །ལ་ལ་བློན་པོའི་ཚུལ་དུ་གནས། །ཁ་ཅིག་དག་ནི་སྡེ་དཔོན་ཚུལ། །ལག་ན་བེ་ཅོན་འཁོར་ལོ་དང༌། །གསལ་ཤིང་ལ་


DTG047_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཚོན་ཆ་ཐོགས། །སོ་སོའི་སྡེ་དཔོན་མངགས་པ་དང༌། །ཕོ་ཉ་ཕྱག་བརྙན་བཅས་པ་ལ། །འཕྲིན་ལས་མྱུར་དུ་གཏད་པ་ནི། །ཆེ་གེ་ཞེས་བྱའི་ཡུལ་ཁམས་ན། །ཆེ་གེ་མོ་ཞེས་བྱ་བའི་མིང༌། །རུས་ནི་ཆེ་གེ་མོ་ཞེས་བྱ། །འདི་དག་འཁོར་དང་བཅས་པ་ཀུན། །ཁྱོད་ཀྱིས་དེང་འདིར་གཟུང་བར་གྱིས། །ཞེས་བསྐུལ་ཞིང་དམར་གྱི་ཨརྒྷ་ལན་གསུམ་གསུམ་དུ་སྒྲེང་ཞིང༌། གོང་གི་ཨརྒྷའི་སྔགས་བརྗོད་དོ། །དེ་ནས་མནའ་ཆུ་བླུད་པར་བྱ་སྟེ། དྲི་ཆ་གྱི་ནང་དུ་བདུད་རྩི་ལྔ་བླུགས་ལ་ནང་དུ་རྡོ་རྗེ་བཅུག་ལ། ཨོཾ་བཛྲ་ད་ཀ་ཧཱུཾ་ཋ་ཞེས་ཅི་རན་ཅིག་བཟླས་ནས། དེ་ནས་ཡ་མའི་གཟུགས་ཀྱི་ཁར་རྡོ་རྗེ་བཞག་སྟེ། སྟེང་ནས་དྲི་ཆབ་བླུགས་ལ། ཡ་མ་རཱ་ཛ་འཁོར་བཅས་ཀྱི་སྙིང་གར་ཡེ་ཤེས་ཀྱི་རྡོ་རྗེ་འོད་འབར་བ་རེ་རེར་གྱུར་པར་བསམས་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ། །གལ་ཏེ་དམ་ཚིག་འདས་གྱུར་ན། །འཇམ་དཔལ་རྡོ་རྗེ་ཁྲོས་ནས་ཀྱང༌། །སྙིང་ག་ནས་ནི་གཤེགས་པར་འགྱུར། །ཨོཾ་བཛྲོད་ཀ་ཧཱུཾ་ཋཿ་སྔོན་གྱི་ཐ་ཚིག་དྲན་བྱའི་ཕྱིར། །རྡོ་རྗེའི་ཐ་ཚིག་འདི་བསྣན་པས། །མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། །ཁྱོད་ཀྱི་སྙིང་ལ་གནས་པར་འགྱུར། །ཨོཾ་བཛྲ་ས་མ་ཡ་ཏིཥྛ་ཞེས་བརྗོད་དེ། །རྡོ་རྗེ་ཡ་མའི་སྙིང་གར་གཏུག་གོ །དེ་ནས་གཟུགས་དེ་སས་རབ་ཏུ་དམ་པར་སྦས་ལ། སུས་ཀྱང་སྦས་པར་མི་ཤེས་པ་དེ་ལྟར་ནན་ཏན་བྱས་ལ། དེའི་སྟེང་དུ་ཁྲོ་བོའི་ཚ་མང་གི་སྟང་སྟབས་བྱས་ལ་རང་གི་གནས་སུ་འགྲོ་སྟེ། འདི་ནི་འཁོར་ལོ་སྦ་བའི་ཚུལ་ལོ། །གང་ཞིག་ཏིང་འཛིན་ཐོབ་པའམ། བཟླས་པའི་མཐུ་ཁྱད་པར་ཅན་ཡོད་པ་དེས་ནི། གའུ་བསྲོ་བ་དང༌། གཤིན་རྗེ་ལ་གཏད་པ་དང༌། འཁོར་ལོ་སྦ་བ་དག་ལ་འབད་པ་དེ་སྙེད་མི་བྱ་སྟེ། འཁོར་ལོ་བྲིས་པ་ལ་ནང་གི་རྣལ་འབྱོར་དང་བཟླས་པ་བྱས་ལ། ཐོད་པར་བཅུག་པ་དེ་ཉིད་སྦས་པས་ཆོག་གི་ལས་ཀྱི་གཤིན་རྗེ་ལ་ཆེད་ཆེར་གཏད་པ་དེ་དག་བྱ་མི་དགོས་སོ། །

རྗེས་ཀྱི་རྣལ་འབྱོར།


DTG047_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྗེས་ཀྱི་རྣལ་འབྱོར་ནི། འཁོར་ལོ་སྦས་པའི་རྟིང་ལ་རང་གི་གནས་སུ་གསང་སྔགས་རྗེས་སུ་བསྐུལ་ཞིང༌། མ་མོ་དང་གིང་དང༌། ཡ་མའི་སྐྱེས་བུ་རྣམས་ལ་ཡང་གཏོར་མ་བཟང་པོ་བྱིན་ལ་དྲག་ཏུ་བསྐུལ། རང་


DTG047_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྟེན་ཅིང་གཉེན་པའི་འཇིག་རྟེན་པ་ཡོད་ན་དེའི་ལས་ཀྱི་སྦྱོར་བ་ཡང་བྱ་ཞིང༌། དེ་ཡང་དྲག་ཏུ་བསྐུལ་ཏེ་བཏང༌། བསྲུངས་པ་འདྲེན་པར་དེར་ལྷ་དང་དབྲལ་བ་ཡང་བྱ་སྟེ། འདི་ནི་རྗེས་ཀྱི་རྣལ་འབྱོར་རོ། །

སླར་དབྱུང་བའི་ཆོ་ག


DTG047_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སླར་དབྱུང་བའི་ཆོ་ག་ནི། ལས་གྲུབ་ན་འཁོར་ལོ་སླར་ཕྱུང་ལ། ཡ་མཱནྟ་ཀ་ལ་མཆོད་པ་བྱས་ལ། ཡ་མ་རཱ་ཛ་ལ་ཡང་མཆོད་པ་སྔ་མ་ལྟར་ཕུལ་ལ། འཁོར་ལོ་འོ་མས་བཀྲུ་ཞིང་སངས་རྒྱས་སྤྱན་གྱི་སྔགས་བཟླས་ཏེ། ལྷ་རྣམས་ལ་བཟོད་པར་གསོལ་ནས། རྫས་རྣམས་ཆུ་ཀླུང་དུ་བཀྲུས་ལ་དེ་ཉིད་དུ་དོར་བར་བྱའོ། །འདི་ནི་འཁོར་ལོའི་དོན་རྣམ་པར་བཤད་པ་ལས། དྲག་པོའི་འཁོར་ལོ་བསྟན་པ་སྟེ། ཞི་བ་ལ་སོགས་པ་ནི། རྟོགས་སླ་བས་བདག་གིས་མ་བཤད་དོ། །

ལས་ཀྱི་སྔགས་ཀྱི་བྱ་བ་མདོར་བསྟན་པ།


DTG047_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་སྔགས་ལ་དམིགས་ཤིང༌། རྩ་བའི་སྔགས་མ་བསྙེན་པས་ནི་འཁྲུལ་འཁོར་མི་བྱ་སྟེ། སྦྱིན་སྲེག་དང༌། བཟླས་པ་དང་གཏོར་མ་དག་གིས་ལས་རྣམ་པ་བཅུ་ལ་སོགས་པ་བསྒྲུབ་པར་བྱའོ། །མ་མོའི་གནས་ལ་སོགས་པར་མར་ངོའི་ཉིན་ཕྱེད་ན་སོང་ལ། ཐབ་ཁུང་གྲུ་གསུམ་ཟབས་སུ་སོར་བཅུ་པ་རྒྱར་སོར་ཉི་ཤུ་པ། དབུས་ན་པདྨ་འདབ་བརྒྱད་ལ་རྡོ་རྗེ་རྩེ་ལྔ་པ་སྔོན་པོས་མཚན་པ། མུ་རན་ནང་མ་ལ་ཡང་མཚོན་ཆ། ཕྱི་མ་ལ་ཡང་སྣ་ཚོགས་པའི་མཚོན་ཆ་ཅན་དུ་དྲག་པོའི་ལྷ་དང༌། མེ་ལྷའི་ཞལ་དུ་དྲག་པོའི་སྲེག་རྫས་རྣམས་དབུལ་ལོ། །སྔགས་ཀྱང་དྲག་པོ་མཱ་ར་ཡ་ཕཊ་ཅེས་པ་དང་ལྡན་པས་སོ། །དེ་ཡང་དང་པོར་དྲག་པོའི་ཐབ་ཁུང་བྱས་ལ། དག་པོའི་བུད་ཤིང་བཅེར། ཀུ་ཤ་དགྲམ། །མཆོད་རྫས་དང་སྲེག་རྫས་བཀྲམ་ལ་རང་ཡ་མཱནྟ་ཀར་བསྐྱེད་དོ། །དེ་ནས་ཐབ་ཁུང་དུ་དྲག་པོའི་མེ་སྦར་ལ། མེ་སྦར་མ་ཐག་ཏུ་ཧཱུཾ་ཞེས་བརྗོད་ལ་ཚ་བའི་མར་ཁུ་དགང་གཟར་བདུན་ནམ་གསུམ་དབུལ་བས་མེ་ཆེར་སྦར་རོ། །དེ་མ་ཐག་ཏུ་ཐབ་ཀྱི་དབུས་སུ་ཡི་གེ་རཾ་ནག་པོ་གྱུར་པ་ལས་མེ་ལྷ་མཐིང་ནག་དྲང་སྲོང་རལ་པ་ཅན་ཕྲེང་བ་དང༌། སྤྱི་བླུགས་དང༌། །དབྱུ་གུ་གསུམ་དང༌། མི་འཇིགས་པ་སྦྱིན་པའི་ལག་པ་ཅན་རླུང་གི་མེ་བསམ་མོ། །དེ་ནས་ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ། དེ་བ་རྀ་ཥྀ་དྭི་ཛ་ས་ཏ་མ་གྲི་ཧི་ཏྭ་ཨ་ཧཱུ་ཏི་ཨ་ཧཱ་རི། ཨསྨིན་ས་ན་ནི་ཧི་ཏོ་བྷ་བཱ་ཞེས་ལན་གསུམ་བརྗོད་པས་ཐབ་


DTG047_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་གྱི་མཁའ་ལ་བྱོན་པར་བསམ། དེ་ལ་ཨརྒྷ་དང་མཆོད་པ་དབུལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྲྭཱ་ལ་ཡ། སརྦ་དུཥྚཱན་བྷསྨིན་ཀུ་རུ་ཧཱུཾ་ཕཊ། དྲྀ་ཤྱ་ཛཿ་ཧཱུཾ་བཾ་ཧོཿ་ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བརྗོད་པས་ཐབ་ཏུ་བསྐྱེད་པ་ལ་བསྟིམ། དེ་ནས་མེ་ལྷ་ཁྲོས་ཤིང་ཁ་གདངས་པ་ལ་དགང་བླུགས་ལ་སོགས་པ་སྔགས་ཀྱི་མཐར་ཆེ་གེ་མོ་མཱ་ར་ཡ་ཕཊ་དང་ལྡན་པས་རྫས་སུམ་ཆ་ཙམ་ཕུལ་ལ། མེ་ལྷའི་སྙིང་གར་ལྷ་མཆོག་བསྐྱེད། དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམས་ལ་མཆོད་པ་བསྟོད་བྱས་ནས་ཁྲོས་པའི་ཞལ་དུ་རྫས་ཕལ་ཆེར་བསྲེག་གོ །དེ་ནས་ཕྲིན་ལས་ཞུས་ལ། ཡི་གེ་བརྒྱ་པ་བརྗོད་ལ། དེ་ཨོཾ་ཨཱཿ་ཧཱུཾ་མུཿ་ཞེས་པས་སླར་གཤེགས་ནས། དམ་ཚིག་སེམས་དཔའ་བདག་ལ་བསྡུ། རྫས་ལྷག་མ་མེ་ལྷ་ལ་དབུལ་ཏེ། ལས་བཅོལ་ཏེ་བཟོད་པར་གསོལ་ལ་སླར་ཡི་གེ་གསུམ་མུཿའི་མཐའ་ཅན་གྱིས་གཤེགས་སུ་གསོལ་ལ། ཁྲག་གམ་ཆུ་ནག་པོས་མེ་བསད་དོ། །སྲེག་རྫས་ཐ་དད་པའི་སྔགས་དང་ཧོ་མ་གཟར་ལ་སོགས་པ་ནི་འདིར་མ་བཤད་དེ། གཞུང་གཞན་ལས་གསལ་བས་དེར་བལྟའོ། །ཞི་བ་ལ་སོགས་པའི་ཡང་ཅི་རིགས་སུ་སྦྱར་རོ། །འདི་ནི་ལས་ཀྱི་སྔགས་ཀྱི་བྱ་བ་མདོར་བསྟན་པའོ། །

སྙིང་པོའི་སྔགས་ཀྱི་བྱ་བ་མདོར་བསྟན་པ།


DTG047_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྙིང་པོའི་སྔགས་ལ་གནས་པའི་བྱ་བ་བཤད་དེ། སྔོན་བཞིན་དུ་ལྷའི་སྐུ་བསྐྱེད་མ་ཐག་ཏུ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པས་ཆུ་ཟླ་ལྟར་བསམས་ལ། ཡེ་ཤེས་སེམས་དཔའ་བསྟིམ་པ་ནས་དབང་བསྐུར་བའི་ངང་དུ་བྱས་ལ་འགྲོ་བ་དྲུག་ཏུ་འོད་ཟེར་དྲུག་སྤྲོས་པས་རང་རང་ལ་ལྷག་པར་ཤས་ཆེ་བའི་ཉོན་མོངས་པ་དང༌། སྡུག་བསྔལ་བསལ་བར་ཡང་དང་ཡང་དུ་བྱས་ལ། སྐྱོ་ན་གསང་སྔགས་བཟླས་ཏེ། ལྡང་བ་ན་དགེ་བ་བྱང་ཆུབ་ཆེན་པོར་བསྔོས་ལ་ཡན་ལག་དྲུག་གི་སྲུང་བ་བྱས་ལ་ལྡང་ངོ༌། །གཏོར་མ་དང་ཡི་གེ་བརྒྱ་པ་སྔོན་བཞིན་ནོ། །སྣང་བ་རྣམ་པར་དག་པའི་རྫོགས་རིམ་དང་རྟག་ཏུ་ལྡན་པར་བྱའོ། །ནུས་པ་ལྟ་ན་དེ་ཁོ་ན་ཡིད་ལ་བྱེད་པའི་རྫོགས་རིམ་ལ་ཡང་གནས་པར་བྱའོ། །


previousའཁྲུལ་འཁོར་སྒྲུབ་པ།next