Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བདུན་པ།


  collapse section
   
   
   
   
   
   
   
   
   
   
   
  collapse section
   
  collapse section
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
གཤིན་རྗེའི་དགྲ་ནག་པོའི་སྒྲུབ་པའི་ཐབས་ཀུ་མུ་དཱ་ཁ་བྱེ་བ་ཞེས་བྱ་བ།  རིན་ཆེན་འབྱུང་གནས་ཞི་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེའི་དགྲ་ནག་པོའི་སྒྲུབ་པའི་ཐབས་ཀུ་མུ་དཱ་ཁ་བྱེ་བ་ཞེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བ།next

གཤིན་རྗེའི་དགྲ་ནག་པོའི་སྒྲུབ་པའི་ཐབས་ཀུ་མུ་དཱ་ཁ་བྱེ་བ་ཞེས་བྱ་བ།
རིན་ཆེན་འབྱུང་གནས་ཞི་བ།


DTG047_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྲྀཥྞ་ལ་ནཱ་རི་སཱ་དྷ་ན་པྲོ་ཏ་ཕུལ་ལ་ཀུ་མུ་དཱ་ནཱ་མ། བོད་སྐད་དུ། གཤིན་རྗེའི་དགྲ་ནག་པོའི་སྒྲུབ་པའི་ཐབས་ཀུ་མུ་ད་ཁ་བྱེ་བ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །འབར་བའི་འོད་ཟེར་ཕྲེང་འཁྲུགས་པས། །འགྲོ་བའི་མུན་སེལ་གཤིན་རྗེའི་དགྲ། །རབ་སྣང་བཙུན་མོ་དགའ་མཛད་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །དང་པོ་རེ་ཞིག་སྔགས་པས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམས་ལ། དེའི་སྟེང་དུ་ཡི་གེ་ཡཾ་སྔོན་པོ་བལྟའོ། །དེ་མ་ཐག་ཏུ་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང་བཏང་སྙོམས་རྣམ་པར་བསྒོམས་ཏེ། དེའི་འོག་ཏུ་སྙིང་གའི་ཡི་གེ་ཡཾ་ལས་སྐྱེས་པའི་འོད་ཟེར་


DTG047_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། བླ་མ་དང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དཔལ་གཤིན་རྗེའི་དགྲ་ནམ་མཁའ་ལ་སྣང་བར་བྱས་ལ། དེ་རྣམས་ལ་མངོན་པར་འདུད་པ་དང༌། མཆོད་པ་དང་མདུན་དུ་སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། དེ་ཡོངས་སུ་བསྔོ་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། རྒྱལ་བའི་ལམ་ལ་བརྟེན་པ་དང༌། འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སླར་གཏང་བའི་བར་དུ་བསྒྲུབ་པོ། །དེ་ནས་ཡང་རྣམ་པར་ཐར་པའི་སྒོ་གསུམ་དྲན་པས་སྟོང་པ་ཉིད་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་བརྗོད་དེ། འདི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔལ་གཤིན་རྗེའི་དགྲ་སྐྱེད་པར་བྱེད་པའོ། །དེ་བཞིན་དུ་རང་བཞིན་གྱི་ལུས་དང་ངག་དང་ཡིད་དག །ཨོཾ་ཨཱཿ་ཧཱུཾ་ཞེས་པའི་ཡི་གེ་གསུམ་ཕ་དང་མའི་དབུས་ན་གནས་པ་སྟེང་དུ་ཟླ་བ་ལ་གནས་པ་བསམ་མོ། །མདུན་དུ་ཉི་མ་ལ་གནས་པའི་ཧཱུཾ་ནག་པོ་ལས་བྱུང་བའི་རྡོ་རྗེ་ང་པོ་འབར་བ་ལས། རྡོ་རྗེའི་ས་གཞི་དང་དྲ་བ་དང་གུར་རྣམས་བསྒོམ་པར་བྱ་ཞིང༌། བགེགས་མེད་པའི་སེམས་ཀྱིས་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་འབྱུང་གནས་དབུས་ན་པཾ་ལས་བྱུང་བའི་པདྨ་སྣ་ཚོགས་དང༌། ཁཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཅན་བསམས་ཏེ། དེའི་ཟླ་བ་ལ་ཡི་གེ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ་ཡི་གེ་བྷྲཱུཾ་གྱིས་བྱིན་གྱིས་བརླབས་པའོ། །དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རྣམ་པར་སྣང་མཛད་རིག་མ་དང་བཅས་པའི་ཡན་ལག་ལས་བྱུང་བའི་ཁང་པ་བརྩེགས་པ། གྲུ་བཞི་སྒོ་བཞི་པ། རྟ་བབས་བཞི་དང་ལྡན་པ། དྲ་བ་དང་དྲ་བ་ཕྱེད་པས་མཛེས་པ། སྣ་ཚོགས་པའི་རྒྱན་གནས་པ། སྣ་ཚོགས་རྡོ་རྗེ་ལ་བརྟེན་པའི་སྣ་ཚོགས་པདྨ་ལ་ཟླ་བ་དང་ཉི་མས་མནན་པ་བཅུ་བདུན་གྱིས་མཛེས་པ་རྣམ་པར་བསྒོམ་མོ། །དེའི་དབུས་སུ་ཟླ་བའི་གདན་ལ་གནས་པའི་ཡི་གེ་གསུམ་ལ་གཟིགས་ནས་བྱོན་པའི་སངས་རྒྱས་རྣམས། དབྱངས་བཅུ་དྲུག་དང་ཡ་ར་ལ་ཝ་ཌ་ཌྷ་ལྷག་པའི་གསལ་བྱེད་བཞི་བཅུའི་གཟུགས་ཉིས་འགྱུར་དུ་བྱས་པ་བྱོན་ནས།


DTG047_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་བཞིན་འོག་དང་སྟེང་དུ་ཟླ་བ་གཉིས་སུ་གྱུར་པར་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཟླ་བ་གཉིས་དང་ཡི་གེ་གསུམ་འདྲེས་པས་གང་བའི་ཟླ་བ་གསུམ་དུ་གྱུར་པ་ནི་མཉམ་པ་ཉིད་དོ། །དེ་ཡོངས་སུ་གྱུར་པ་ལས་ཡི་གེ་ཧཱུཾ་དཀར་པོས་མཚན་པའི་རྡོ་རྗེ་བསམས་ཏེ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་ངར་འཛིན་པ་ནི་སོ་སོར་རྟོག་པའོ། །ཡི་གེ་ཧཱུཾ་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པར་བྱས་ཏེ། ཡི་གེ་ཧཱུཾ་གི་ནང་དུ་སོན་པ་དང༌། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏཱ་ཏ་ཐཱ་ཨ་ཧཾ། ཞེས་ང་རྒྱལ་བྱ་བ་ནི་བྱ་བ་གྲུབ་པའོ། །ཡི་གེ་ཧཱུཾ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་སེམས་དཔའི་གཟུགས་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ། ཧཱུཾ་ལ་ཞུགས་པ་དང་ཧཱུཾ་དང་རྡོ་རྗེར་བཅས་པ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཁྲོ་བ་སྒེག་པའི་ཉམས་ཅན། གཡས་བརྐྱང་བ། རྩ་བའི་ཞལ་དང་སྐུ་ཐམས་ཅད་དཀར་བ། ཞལ་གཡས་གཡོན་སྔོ་བ་དང་དམར་བ། ཕྱག་དང་པོ་གཡས་དང་གཡོན་གྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། ཕྱག་ལྷག་མ་རྣམས་ནི་རྡོ་རྗེ་དང་རལ་གྲི་དང༌། འཁོར་ལོ་དང་པདྨ་བསྣམས་པ། དབུ་རྒྱན་དུ་མི་བསྐྱོད་པས་མནན་པ། འདི་ལྟར་བདག་ཉིད་བསྒོམ་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །འདི་ནི་དཔལ་གཤིན་རྗེའི་དགྲ་སྒོ་ངར་འཇུག་པ་རབ་ཏུ་བསྒོམ་པའོ། །དེ་ནས་རང་གི་ཡེ་ཤེས་སེམས་དཔའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་སངས་རྒྱས་སུ་བྱས་པ་དྲངས་ཏེ། རང་གི་ལུས་ལ་གཞུག་གོ །དེའི་འོག་ཏུ་ཡི་གེ་གསུམ་ཕ་དང་མའི་དབུས་ན་གནས་པ་དྲི་ཟའི་སེམས་ཅན་ལྟ་བུར་རང་གི་ཁ་ནས་ཞུགས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པ་རྡོ་རྗེའི་ལམ་ནས་བྱུང་སྟེ། རང་གི་རིག་མའི་པདྨར་ལྷུང་བ་དང༌། དེ་ལས་བྱུང་བའི་འོད་ཟེར་དམར་པོས་དེ་ལ་རེག་པས་རིག་མ་འདོད་ཆགས་ཆེན་པོས་ཞུ་ཞིང༌། བཅོམ་ལྡན་འདས་ཀྱང་ཞུ་བར་བལྟའོ། །ཞུ་བའི་སྒོ་ང་ལས་བྱུང་བའི་ཙ་རྩི་ཀཱ་ལ་སོགས་པ་བཞི་རང་རང་གི་སྟན་ལ་འཁོད་པས། བཅོམ་ལྡན་འདས་མི་བཞུགས་པར་མཐོང་བས། །ཡིད་མི་དགའ་བས་


DTG047_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་གཤིབས་ཏེ། སློང་བའི་གླུས་འདི་ལྟར་བསྐུལ་ལོ། །རྗེ་བཙུན་ཐུགས་རྗེས་ཁྲོ་བ་བཞེངས་མཛོད་ལ། །ཇོ་བོ་ད་རིང་བདུད་ལས་རྒྱལ་བའི་ཕྱིར། །སྲིད་གསུམ་ཀུན་གྱི་གཏི་མུག་མཐར་མཛོད་ཅིག །འཇིག་རྟེན་མ་ལུས་ཐུགས་ཀྱི་མགྲོན་པོས་ནས། །སྟོང་པ་ཉིད་དུ་མ་བཞུགས་རྗེ་བཙུན་བཞེངས། །འཇིག་རྟེན་བསོད་ནམས་བྱ་བའི་ཆེད་དུ་ནི། །སྟོང་པ་ཉིད་དུ་མ་བཞུགས་རྗེ་བཙུན་བཞེངས། །བྱང་ཆུབ་དངོས་ལ་འཇིག་རྟེན་མགྲོན་པོས་ན། །ཅིས་ན་བསམ་པ་མི་མངའ་རྗེ་བཙུན་བཞེངས། །དེ་མ་ཐག་ཏུ་ཙ་རྩི་ཀཱ་ལ་སོགས་པ་སྒོ་ང་ལ་ཞུགས་ཤིང་ཞུགས་མ་ཐག་ཏུ། སྒོ་ང་ཡོངས་སུ་གྱུར་པ་ལས། གཤིན་རྗེའི་དགྲ་མ་ཧེའི་སྟེང་ནས་སྣ་ཚོགས་པདྨ་ཉི་མ་ལ་གཡས་བརྐྱང་བས་གནས་པ། ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་མཐིང་ནག །ཞལ་གཡས་དང་གཡོན་དཀར་བ་དང་དམར་བ། ཕྱག་རྣམས་རྡོ་རྗེ་སེམས་དཔའི་མཚན་དང་ལྡན་པ། རུས་པའི་རྒྱན་གྱིས་སྤྲས་པ། འོད་ཟེར་མཐིང་གའི་ཕྲེང་བ་འཁྲུགས་པ། སྨིན་མ་འབར་ཞིང་ཁྲོ་གཉེར་གཙིགས་པ། ཕྱག་དང་ཞབས་ཀྱི་སེན་མོ་རྣོ་བ། གསུས་པ་ཆེ་བ། མིའུ་ཐུང་གི་གཟུགས་ཅན། སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཀླུ་ཆེན་པོ་མཐོང་བའི་དུག་ཆེན་ཕུཿ་ཞེས་ཟེར་བ་རྣམས་ཀྱིས་ཡན་ལག་རྣམ་པར་བརྒྱན་པ། འདི་ལྟར་བདག་ཉིད་རྣམ་པར་བསམས་པའི་འོག་ཏུ་བདག་ཉིད་ལ་ཆུའི་ནང་གི་ཟླ་བ་ལྟར་བསྐྱོད་པས། ཨོཾ་དྷརྨ་དྷཱ་ཏུ་སྭ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བཟླས་པར་བྱའོ། །འདི་ནི་དཔལ་གཤིན་རྗེའི་དགྲ་སྒོ་ང་ལས་བྱུང་བའི་སྒྲུབ་པའི་ཐབས་སོ། །དེ་ནས་རང་གི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། རང་གི་ཁ་ནས་ཞུགས་པ་དང༌། རྡོ་རྗེའི་ལམ་ནས་སོང་སྟེ། ཤེས་རབ་མའི་པདྨར་གནས་པའི་གོང་བུ་ལས། ཞེས་སྡང་རྡོ་རྗེ་དང༌། གཏི་མུག་རྡོ་རྗེ་དང༌། སེར་སྣ་རྡོ་རྗེ་དང༌། འདོད་ཆགས་རྡོ་རྗེ་དང༌། ཕྲག་དོག་རྡོ་རྗེ་རྣམས་ཡ་དང་ཀྵེ་དང་མ་དང་མེ་དང་ད་རྣམས་ཀྱི་ས་བོན་ལས་སྤྲོ་ཞིང༌། དེ་བཞིན་དུ་གོང་བུ་ལས་བྱུང་བའི་ས་བོན་ཡ་དང་ཙ་དང་ནི་དང་རཱ་དང་ཛ་དང་ས་དང༌། དོ་དང་རུ་རྣམས་ལས་ཐོ་བ་དང༌། བེ་ཅོན་དང༌། པདྨ་དང༌། རལ་གྲི་དང་ཙ་རྩི་ཀཱ་དང༌། ཕག་མོ་དང༌།


DTG047_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་མ་དང༌། མཛོད་ལྡན་མ་རྣམས་དབྱུང་བར་བྱའོ། །ཡང་གོང་བུ་ལས་བྱུང་བའི་ས་བོན། ན་དང་ཡོ་དང་ནི་དང་རཱ་རྣམས་ལས་གྲྭ་བཞིར་ཐོད་པ་བཞི་དབྱུང་བར་བྱའོ། །དེ་ནི་འདི་ལྟར་ས་བོན་ལས་རང་རང་གི་སྟན་གྱི་སྟེང་དུ་རང་རང་གི་རྩ་བའི་མཚན་མ་དེས་མཚན་པ་དབྱུང་ཞིང་དེ་ཡོངས་སུ་གྱུར་པ་ལས་རང་རང་གི་ལུས་སུ་གནས་པའོ། །དེ་ནས་རིམ་པ་བཞིན་དུ། ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཛིན་ཛིཀ །ཨོཾ་རཏྣ་དྷྲྀཀ །ཨོཾ་ཨཱ་རོ་ལྀཀ །ཨོཾ་པྲ་ཛྙཱ་དྷྲྀཀ །ཨོཾ་མུངྒའི་ར་དྷྲྀཀ །ཨོཾ་དཎྜ་དྷྲྀཀ །ཨོཾ་པདྨ་དྷྲྀཀ །ཨོཾ་དྭེ་ཥ་ར་ཏི། ཨོཾ་མོ་ཧ་ར་ཏི། ཨོཾ་རཱ་ག་ར་ཏི། ཨོཾ་བཛྲ་རཱ་ཏི། ཨོཾ་ཨཱཿ་ཧཱུཾ་ཞེས་པའི་སྔགས་རྣམས་ཀྱིས་སྔར་བཤད་པའི་ལྷ་རྣམས་དང༌། ཐོད་པ་བཞི་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས། རང་རེའི་སྟན་ལ་ས་བོན་ལས་བྱུང་བའི་ལུས་རྣམས་ལ་ཞུགས་པར་བལྟའོ། །ད་ནི་དེ་དག་གི་གནས་དང་སྟན་དང༌། ཁ་དོག་དང༌། ལག་ཆ་རྣམས་བཤད་པར་བྱ་སྟེ། དབུས་སུ་ནི་ཉི་མ་ལ་ཞེ་སྡང་རྡོ་རྗེ་སྔར་བཤད་པའི་མདོག་དང་ལག་ཆའོ། །སྣ་ཚོགས་རྡོ་རྗེའི་ཤར་ཕྱོགས་སུ་ནི་གཏི་མུག་རྡོ་རྗེ་ཟླ་བ་ལ་གནས་པ་དཀར་པོ། ཞལ་གསུམ་ཕྱག་དྲུག་པ། གཡས་ན་འཁོར་ལོ་དང༌། རལ་གྲི་དང༌། གཡོན་ན་རིན་པོ་ཆེ་དང་པདྨ་ཅན་ནོ། །སྣ་ཚོགས་རྡོ་རྗེའི་ལྷོའི་ཆ་ལ་ནི། ཉི་མ་ལ་གནས་པའི་སེར་སྣ་རྡོ་རྗེ་གསེར་བཙོ་མ་ལྟ་བུ། ཞལ་གསུམ་ཕྱག་དྲུག་པ། གཡས་ན་རིན་པོ་ཆེ་དང་རལ་གྲི་ཅན། གཡོན་དག་ན་འཁོར་ལོ་དང་ཆུ་སྐྱེས་འཛིན་པའོ། །སྣ་ཚོགས་རྡོ་རྗེའི་ནུབ་ཏུ་ཉི་མལ་འདོད་ཆགས་རྡོ་རྗེ་མདོག་དམར་བ། ཞལ་གསུམ་ཕྱག་དྲུག་པ། གཡས་དག་ན་པདྨ་དང་རལ་གྲི་ཅན། གཡོན་དག་གིས་ནོར་བུ་དང་འཁོར་ལོ་ཐོགས་པའོ། །སྣ་ཚོགས་རྡོ་རྗེའི་བྱང་ཕྱོགས་སུ་ཉི་མ་ལ་གནས་པའི་ཕྲག་དོག་རྡོ་རྗེ་སྐུ་མདོག་ལྗང་གུ། ཞལ་གསུམ་ཕྱག་དྲུག་པ། གཡས་དག་ན་རལ་གྲི་དང་འཁོར་ལོ་འཛིན་པ། གཡོན་དག་ན་ནོར་བུ་དང་པདྨ་འཛིན་པའོ། །འདི་རྣམས་ནི་རྩ་བའི་ཞལ་སྐུ་དང་འདྲ་བ། ཞལ་ལྷག་མ་དག་འཆད་པར་བྱེད་པ་ལྟ་བུ། ཕྱག་དང་པོ་གཉིས་ཐོད་པ་གྲི་གུག་དང་བཅས་པ། རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ་འདུག་སྟངས་དང༌། རྒྱན་ཐམས་ཅད་ཞེ་


DTG047_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་རྡོ་རྗེ་དང་འདྲ་བ། སྣ་ཚོགས་པདྨ་ལ་བརྟེན་པའོ། །ཤར་གྱི་སྒོར་རྡོ་རྗེ་ཐོ་བ་མདོག་དཀར་བ། གཡས་དག་ན་ཐོ་བ་དང་རལ་གྲི། །གཡོན་དག་ན་ནོར་བུ་དང་པདྨའོ། །ལྷོར་རྡོ་རྗེ་བེ་ཅོན་མདོག་སེར་པོ། གཡས་དག་ན་བེ་ཅོན་དང་རལ་གྲི། གཡོན་དག་ན་པདྨ་དང་འཁོར་ལོ་འཛིན་པའོ། །ནུབ་ཏུ་རྡོ་རྗེ་པདྨ་མདོག་དམར་བ། གཡས་དག་ན་པདྨ་དང་རལ་གྲི་།གཡོན་དག་ན་ནོར་བུ་དང་འཁོར་ལོ་ཅན་ནོ། །བྱང་གི་སྒོར་རྡོ་རྗེ་རལ་གྲི་མདོག་ལྗང་གུ། གཡས་དག་ན་རལ་གྲི་དང་འཁོར་ལོ་ཅན། གཡོན་དག་ན་ནོར་བུ་དང་པདྨ་ཅན་ནོ། །འདི་རྣམས་ནི་སྣ་ཚོགས་པདྨའི་ཉི་མ་ལ་བཞུགས་པ། ཞལ་རྣམས་འཆད་པར་བྱེད་པ་ལས་རྩ་བའི་ཞལ་རང་རང་གི་སྐུ་དང་འདྲ་བ། དང་པོའི་ཕྱག་ན་གྲི་གུག་དང་ཐོད་པ་འཛིན་པས། རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། ཤིན་ཏུ་འཇིགས་པར་བྱེད་པའི་གཟུགས་ཅན་ནོ། །དེ་བཞིན་དུ་སྣ་ཚོགས་རྡོ་རྗེའི་ཤར་ལྷོའི་མཚམས་སུ་རྡོ་རྗེ་ཙ་རྩི་ཀཱ་ཤ་ཆུང་བ་མདོག་དཀར་བ། གཡས་དག་ན་འཁོར་ལོ་དང་རལ་གྲི་དང༌། གཡོན་དག་ན་རིན་པོ་ཆེ་དང་པདྨ་འཛིན་པའོ། །ལྷོ་ནུབ་ཏུ་རྡོ་རྗེ་ཕག་མོ་མདོག་སེར་བ། གཡས་ན་རིན་པོ་ཆེ་དང་རལ་གྲི་འཛིན་པ། གཡོན་དག་ན་འཁོར་ལོ་དང་པདྨ་འཛིན་པའོ། །ནུབ་བྱང་དུ་རྡོ་རྗེ་དབྱངས་ཅན་མ་མདོག་དམར་མོ་གཡས་དག་ན་པདྨ་དང་རལ་གྲི་ཅན། གཡོན་དག་ན་ནོར་བུ་དང་འཁོར་ལོ་འཛིན་པའོ། །བྱང་ཤར་དུ་རྡོ་རྗེ་མཛོད་ལྡན་མ་མདོག་ལྗང་གུ་གཡས་དག་ན་རལ་གྲི་དང་འཁོར་ལོ་ཅན། གཡོན་དག་ན་ནོར་བུ་དང་པདྨ་འཛིན་པའོ། །འདི་རྣམས་ནི་ཤིན་ཏུ་གཏུམ་པའི་གཟུགས་ཅན་མ་སྣ་ཚོགས་པདྨའི་ཟླ་བ་ལ་གནས་ཤིང༌། དང་པོའི་ཕྱག་དག་གིས་གྲི་གུག་དང་ཐོད་པ་འཛིན་ཅིང༌། རང་དང་འདྲ་བའི་ཐབས་རྣམས་ལ་འཁྱུད་པ། གཡོན་བརྐྱང་བས་གནས་པ། ཞལ་གསུམ་པ་ལ་གང་གི་རྩ་བའི་ཞལ་སྔོ་བ་ནི་གཡས་པ་དཀར་བའོ། །གཡོན་པ་དམར་བའོ། །ཡང་གང་གི་རྩ་བའི་ཞལ་དཀར་བ་དེའི་ཞལ་གཡས་སྔོ་བའོ། །གཡོན་པ་དམར་བའོ། །གང་གི་རྩ་བའི་ཞལ་སེར་བ་དེའི་ནི། གཡས་དང་གཡོན་སྔོ་བ་དང་དཀར་བ་སྟེ། ལྗང་གུ་དང་དམར་བ་ཡང་དེ་བཞིན་ནོ། །གྲྭ་བཞིན་གནས་པའི་མིའི་ཐོད་པ་རྣམས་ནི་ཁ་དོག་དཀར་པོ་


DTG047_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱིས་བཀང་བའི་པདྨ་སྣ་ཚོགས་པའི་དབུས་སུ་གནས་པའོ། །དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་ལ་བསྟིམས་ཏེ། ཐམས་ཅད་ཀྱི་མིག་ལ་སོགས་པ་བྱིན་གྱིས་བརླབས་ལ་དེ་བཞིན་དུ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ནས་ཆོ་ག་ཇི་ལྟ་བས་དབང་བསྐུར་ཏེ། རྗེས་སུ་མཐུན་པར་སྤྱི་བོ་ལ་རྒྱས་གདབ་པར་བྱའོ། །དེ་ནས་མན་ངག་ཇི་ལྟ་བས་མཆོད་པ་དང༌། བསྟོད་པ་དང༌། བདུད་རྩི་མྱང་བའི་བར་དུ་བྱའོ། །དེ་ནས་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་ལ་གནས་པའི་རྡོ་རྗེ་རྩེ་མོ་ལྔ་པ་གྱེན་དུ་འགྲེང་བ་ཟླ་བ་ལ་གནས་པའོ། །དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་དབུས་སུ་ཡཾ་སྔོན་པོ་ཉིད་དེ། ཨོཾ་ཧྲཱིཿ་ཥྚྲྀཿ་ཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་བསྐོར་བ་ཡི་གེ་ཤིན་ཏུ་ཕྲ་བས་གནས་པར་བལྟས་ལ། དེ་ལས་བྱུང་བའི་གཤིན་རྗེའི་དགྲ་དབུགས་ལ་ཞོན་པས་འགྲོ་ཞིང་དེ་དང་ལྷན་ཅིག་འཇུག་པ་གསལ་བར་སྤྲོ་བར་བྱའོ། །གང་གི་ཚེ་སྐྱོ་བ་ན། རུས་པའི་རང་བཞིན་གྱི་ཕྲེང་བ་བདུད་རྩི་བཅུས་ལེགས་པར་བྱུགས་པ་བླངས་ལ། རིལ་བུ་རེ་རེ་ཞིང་ཡི་གེ་མེ་ཡོངས་སུ་འགྱུར་བའི་འདོད་ཆགས་གཤིན་རྗེའི་དགྲའི་གཟུགས་སུ་རྣམ་པར་བསམ་པའམ། མིའི་མགོ་བོ་འཕྲལ་དུ་བཅད་པ་ཁྲག་འཛག་པས་ཁྱབ་པར་བསམས་ཏེ། གཡས་པའི་མཐེ་བོ་དང་སྲིན་ལག་གིས་བཟུང་ལ། ཁྲོ་བོའི་བརྗོད་པ་ཁོ་ནས་གསང་སྔགས་བཟླས་པ་བྱའོ། །འདི་ལ་གང་གི་ཚེ་རིམ་གྱིས་ཟློས་པ་དེའི་ཚེ། ས་བོན་ཡཾ་ལས་ཞེ་སྡང་གཤིན་རྗེའི་དགྲ་ལ་སོགས་པ་རེ་རེ་ལྷ་མོ་དང་བཅས་པར་སྤྲོ་བ་དང༌། གསང་སྔགས་རེ་རེའི་ཡོངས་སུ་རྫོགས་པར་བྱའོ། །འོན་ཏེ་ཅིག་ཅར་དུ་ནི་ས་བོན་ཡཾ་ལས་ཀྱང་ཞེ་སྡང་གཤིན་རྗེའི་དགྲ་ནས། ཇི་སྲིད་མཛོད་ལྡན་མ་གཤིན་རྗེའི་དགྲའི་བར་དུ་དུས་གཅིག་ཏུ་སྤྲོ་ཞིང༌། སྔགས་ཀྱང་རེ་རེ་ཡོངས་སུ་རྫོགས་པར་བྱ་སྟེ། ཅིག་ཅར་པའི་ཕྱོགས་ལ་སྐུ་རྡོ་རྗེ་ལ་སོགས་པ་ཡང་ཡེ་ཤེས་སེམས་དཔའི་ས་བོན་དང་ལྷན་ཅིག་སྤྲོ་བའོ། །འདིར་ཡང་ཐོགས་པ་དང༌། ཤིན་ཏུ་མྱུར་བ་དང་ཤིན་ཏུ་གསལ་བ་དང༌། མི་གསལ་བ་དང༌། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་སྤངས་པའི་སྔགས་པས་ནི་གྲངས་འབུམ་གྱི་ཕྲ་མོའི་དངོས་གྲུབ་ཏུ་འགྱུར་


DTG047_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བྱེ་བས་ནི་མཁའ་ལ་སྤྱོད་པའི་དབང་པོ་ཕྱག་རྒྱ་ཆེན་པོར་གནས་པའོ། །དེ་ནས་བཟླས་པས་ཡིད་སྐྱོ་བ་ན། །ཡེ་ཤེས་འཁོར་ལོ་མདུན་ན་བཞུགས་པ་ལེགས་པར་མཆོད་དེ། བསྟོད་ཅིང་བདུད་རྩི་བཅུ་ཕུལ་ལ། ཨོཾ་ཨཱཿ་ཧཱུཾ་མུཿ་ཞེས་པས་གཤེགས་སུ་གསོལ་བར་བྱའོ། །ཡང་དམ་ཚིག་འཁོར་ལོ་བདག་ཉིད་ཀྱི་ཡཾ་གི་ས་བོན་གྱི་ནང་དུ་བཅུག་ལ། བདག་ཉིད་ཞེ་སྡང་གཤིན་རྗེའི་དགྲའི་ངར་འཛིན་པ་དང་གནས་པར་བྱའོ། །ཐུན་མཚམས་བཞི་པོ་ཐམས་ཅད་དུ་འདི་ལྟར་སྒྲུབ་པ་འདི་ནི། དཔལ་གཤིན་རྗེ་དགྲའི་ལས་རབ་ཏུ་སྒྲུབ་པ། ལས་དང་པོ་པའི་རྣལ་འབྱོར་པའི་བྱ་བའོ། །གཞན་ཡེ་ཤེས་ཅུང་ཟད་བབས་པ་དང༌། ཡེ་ཤེས་ལ་དབང་ཐོབ་པ་དང༌། ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ནི་ལེའུ་བཅུ་བདུན་པའི་རྣམ་པར་བཤད་པ་རྒྱ་ཆེར་འགྲེལ་པ་འདིར་ཡང་མ་སྨྲས་སོ། །དེ་བཞིན་དུ་བདུད་རྩི་མྱང་བ་དང༌། གཏོར་མ་སྦྱིན་པ་དག་ཀྱང༌། བདག་གིས་ལེའུ་གསུམ་པ་དང་དྲུག་པའི་རྣམ་པར་བཤད་པའི་སྐབས་སུ་གསལ་བར་བྱས་པ་ཁོ་ནས་ཤེས་སོ། །ཕྱོགས་དབང་ཟླ་བ་ཞེས་གྲགས་པ། །དཔལ་ལྡན་ཆོས་སྐྱོང་དེ་ཡི་བཀས། །གཤིན་རྗེའི་དགྲ་གང་ནག་པོ་ཡི། །སྒྲུབ་ཐབས་ཆོ་ག་རྣམས་གསལ་བ། །ཟླ་བའི་ཟེར་གྱིས་རེག་པ་ཡིས། །ཀུ་མུད་རབ་ཏུ་རྒྱས་འདྲ་བ། །འདི་ནི་རྣམ་སྦྱར་དགེ་གང་དེས། །འགྲོ་རྣམས་འཆི་བདག་ལས་རྒྱལ་གྱུར། །གཤིན་རྗེའི་དགྲ་ནག་པོའི་སྒྲུབ་པའི་ཐབས། །ཀུ་མུ་ད་ཁ་བྱེ་བ་ཞེས་བྱ་བ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།ཨཱ་ཙཱཪྻ་བི་ན་ཙནྡྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousགཤིན་རྗེའི་དགྲ་ནག་པོའི་སྒྲུབ་པའི་ཐབས་ཀུ་མུ་དཱ་ཁ་བྱེ་བ་ཞེས་བྱ་བ། རིན་ཆེན་འབྱུང་གནས་ཞི་བ།next