Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བརྒྱད་པ།


  expand section
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section
  expand section
   
   
   
   
   
  expand section
   
   
   
   
གཤིན་རྗེ་གཤེད་དམར་པོའི་རྫོགས་པའི་རྣལ་འབྱོར་ཞེས་བྱ་བ།  འཇིགས་མེད་འབྱུང་གནས་སྦས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section


 
previousགཤིན་རྗེ་གཤེད་དམར་པོའི་རྫོགས་པའི་རྣལ་འབྱོར་ཞེས་བྱ་བ། འཇིགས་མེད་འབྱུང་གནས་སྦས་པ།next

གཤིན་རྗེ་གཤེད་དམར་པོའི་རྫོགས་པའི་རྣལ་འབྱོར་ཞེས་བྱ་བ།
འཇིགས་མེད་འབྱུང་གནས་སྦས་པ།


DTG048_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། རཀྟ་ཡ་མཱནྟ་ཀ་ནིཥྤ་ན་ན་ལོ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་རྫོགས་པའི་རྣལ་འབྱོར་ཞེས་བྱ་བ། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །དེ་ལ་རེ་ཞིག་དང་པོར་བདག་གིས་སེམས་ཅན་ཐམས་ཅད་གཤིན་རྗེ་གཤེད་དམར་པོའི་གོ་འཕང་ལ་དགོད་པའི་ཕྱིར། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་བསྒོམ་པར་བྱའོ་སྙམ་དུ་བསམས་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྟོང་པ་ཉིད་རོ་གཅིག་པར་བལྟས་ཏེ། སྟོང་པ་ཉིད་ལ་རབ་ཏུ་ཐིམ་པའི་སྒོ་ནས་ཆོས་ཐམས་ཅད་བདེན་བརྫུན་གྱི་མཚན་མའི་རྣམ་པ་ཐམས་ཅད་དང་བྲལ་ཞིང་ཅིར་ཡང་མ་གྲུབ་པའི་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེའི་ངང་ལས་སྐད་ཅིག་གིས་ཇི་ལྟར་བློས་ཕྱོགས་པའི་རྒྱ་ཆེན་པོར་བར་མཚམས་མེད་ཅིང་སྙིང་པོ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ས་གཞི་འབར་བ་དང༌། དེའི་སྟེང་དུ་རབ་ཏུ་མཁྲེགས་པ་དུམ་བུ་གཅིག་ཏུ་གྱུར་པའི་སྲ་ཞིང་འབར་བའི་རྡོ་རྗེར་བ་དང༌། དེའི་སྟེང་དུ་བར་མཚམས་མེད་པར་གཅིག་ཏུ་གྱུར་པའི་རྡོ་རྗེའི་མདའི་དྲ་བ་དང༌། དེའི་འོག་ཏུ་རྡོ་རྗེའི་བླ་རེ་དང༌། དེའི་འོག་ཏུ་རྡོ་རྗེའི་གུར་འབར་བ་དང༌། དེའི་ནང་དུ་འཁོར་ལོ་རྩིབས་བཅུ་པ་སེར་པོ་གཡས་སུ་ཤིན་ཏུ་དྲག་པོར་འཁོར་བ་རྩིབས་ཀྱི་རྩེ་མོ་ལ་ཉེ་བར་གནས་པའི་ཤིན་ཏུ་འཇིགས་པའི་ཁྲོ་མོ་བཅུ་དང་བཅས་པའི་ལྟེ་བའི་ནང་དུ། རླུང་དང་མེ་དང༌། ཆུ་དང་སའི་དཀྱིལ་འཁོར་དང༌། རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་གི་དབུས་


DTG048_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྣ་ཚོགས་མཚོ་སྐྱེས་དང་ཉི་མ་ལ་གནས་པའི་མ་ཧེ་དམར་ནག་ཤིན་ཏུ་ཁྲོས་པ་རུས་རྒྱན་གྱིས་བརྒྱན་པའི་རྒྱབ་ཏུ། གཤིན་རྗེ་ཡབ་ཡུམ་ཞབས་གཡས་བསྐུམ་པ། གཡོན་བརྐྱང་བས་མནན་པའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ཉི་མ་བྱེ་བའི་འོད་ཅན། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་ཁམས་གསུམ་རྣམ་པར་འཇོམས་པའི་དབྱུག་ཏོ་དཀར་པོ་བསྣམས་པ། ཕྱག་གཡོན་ན་བདུད་མ་ལུས་པའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། བརྒྱད་གཉིས་ལོན་པའི་རྣམ་པ་ཅན། མི་མགོ་ལྔའི་ཕྲེང་བས་དཔྲལ་བར་བརྒྱན་པ། ཕྱག་རྒྱ་ལྔ་དང༌། ཀླུ་བརྒྱད་ཀྱིས་ཉེ་བར་བརྒྱན་པ། ཁྲག་འཛག་པའི་མི་མགོ་ལྔ་བཅུའི་ཕྲེང་བ་མགུལ་པར་འཕྱད་བ། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། སྨ་ར་དམར་སྐྱ་དབུ་སྐྲ་དམར་སེར་གྱེན་ལ་བརྫེས་པ། ཐུང་ཞིང་སྦོམ་པ། གསུས་པ་ཆེ་བ། ཉི་མ་ལྟ་བུའི་སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་ཁྲོ་གཉེར་ཅན་མཆེ་བ་གཙིགས་པ། ཞལ་ཅུང་ཟད་གདངས་པ། ཁྲོ་བོའི་ཚུལ་གྱིས་བཞད་པའི་ཞལ། ལྗགས་བསྒྱུར་བ། ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། ལྷ་མོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། དབུ་སྐྲ་གྲོལ་བ། ཕྱག་གཡོན་ན་གདུག་པ་བདུད་ཀྱི་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། གཡས་ན་རྡོ་རྗེ་གྲི་གུག་འཛིན་པ། མགོ་བོ་སྐམ་པོ་ལྔ་བཅུའི་ཕྲེང་བ་མགུལ་བར་འཕྱད་བ། དེ་ལས་གཞན་ཡབ་ཉིད་འདྲ་བ་ཅན་བསྒོམ་པར་བྱའོ། །དེ་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཤར་གྱི་འདབ་མ་ལ་ཉི་མ་ལ་གནས་པའི་གཏི་མུག་གཤིན་རྗེ་གཤེད་སྐུ་མདོག་དཀར་པོ། རྡོ་རྗེ་རྩི་ཀ་ནག་མོ་ལ་འཁྱུད་པ། ལྷོའི་པདྨའི་འདབ་མ་ལ་ཉི་མ་ལ་གནས་པའི་ཕྲ་མ་གཤིན་རྗེ་གཤེད་སྐུ་མདོག་སེར་པོ་རྡོ་རྗེ་ཕག་མོ་སེར་མོ་ལ་འཁྱུད་པ། ནུབ་ཀྱི་པདྨའི་འདབ་མ་ལ་ཉི་མ་ལ་གནས་པའི་འདོད་ཆགས་གཤིན་རྗེ་གཤེད་སྐུ་མདོག་དམར་པོ་རྡོ་རྗེ་དབྱངས་ཅན་མ་དཀར་མོ་ལ་འཁྱུད་པ། བྱང་གི་པདྨའི་འདབ་མ་ལ་ཉི་མ་ལ་གནས་པའི་ཕྲག་དོག་གཤིན་རྗེ་གཤེད་སྐུ་མདོག་ལྗང་གུ་ལྷ་མོ་གཽ་རཱི་ལྗང་གུ་ལ་འཁྱུད་པའོ། །གཏི་མུག་གཤིན་རྗེ་གཤེད་ལ་སོགས་པའི་དཔའ་བོ་བཞི་ནི་ཞལ་གཅིག་


DTG048_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ། ཕྱག་གཡས་རྣམས་ན་རིམ་པ་བཞིན་འཁོར་ལོ་དང༌། རིན་པོ་ཆེ་དང༌། པདྨ་དང༌། རལ་གྲི་འཛིན་པ། ཕྱག་གཡོན་ཐམས་ཅད་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ། དེ་ལས་གཞན་ཐམས་ཅད་གཙོ་བོ་དང་མཚུངས་པའོ། །རྡོ་རྗེ་ཙརྩི་ཀ་ལ་སོགས་པའི་དཔའ་མོ་བཞི་ནི་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་གྲི་གུག །གཡོན་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན་པ། སྤྱན་གསུམ་པ། མཆེ་བ་གཙིགས་པ། དབུ་སྐྲ་གྲོལ་བ་བསྒོམ་པར་བྱའོ། །མེའི་མཚམས་ཀྱི་པདྨའི་འདབ་མ་ལ། མུ་མེན་གསེར་ཆབ་ཀྱི་བུམ་པ། ཙ་ཏུར་ས་མ་ཡས་གང་བ། བདེན་བྲལ་གྱི་མཚམས་ཀྱི་པདྨའི་འདབ་མ་ལ་གསེར་གྱི་བུམ་པ་ཀ་ཏོ་རིས་གང་བ། རླུང་གི་མཚམས་ཀྱི་པདྨའི་འདབ་མ་ལ་བྱི་རུའི་བུམ་པ་སིཧླས་གང་བ། དབང་ལྡན་གྱི་མཚམས་ཀྱི་པདྨའི་འདབ་མ་ལ་དངུལ་གྱི་བུམ་པ་ག་བུར་གྱིས་གང་བ། བུམ་པ་བཞི་ཀ་འང་ཁ་ཐོད་པས་བཅད་པ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་རང་ཉིད་ལྟ་བུའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་དབྱུག་ཏོ་དཀར་པོའི་དབུས་སུ་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་དམར་པོས་མཚན་པ་བསྒོམ་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཉིད་ལ་ནི་མི་བསྐྱོད་པས་རྒྱས་བཏབ་པའོ། །གཏི་མུག་གཤིན་རྗེ་གཤེད་ལ་སོགས་པ་བཞི་ལ་ནི་གོ་རིམས་བཞིན་དུ་རྣམ་པར་སྣང་མཛད་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་དང༌། དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་སྙིང་པོ་ནི། ཨོཾ་ཧྲཱིཿཥྚྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའོ། །དེ་ལྟར་བཤད་པར་གྱུར་མོད་ཀྱང༌། །ཕུན་ཚོགས་སྐུ་ནི་དཔག་མེད་དེ། །ཆུ་ཡི་གཏེར་ལས་ཆུ་འཛིན་གྱིས། །ཆུ་བླངས་ཟད་པར་མི་འགྱུར་བཞིན། །གཤིན་རྗེ་གཤེད་དམར་པོའི་རྫོགས་པའི་རྣལ་འབྱོར་ཞེས་བྱ་བ། མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་རྫོགས་སོ།།


previousགཤིན་རྗེ་གཤེད་དམར་པོའི་རྫོགས་པའི་རྣལ་འབྱོར་ཞེས་བྱ་བ། འཇིགས་མེད་འབྱུང་གནས་སྦས་པ།next