Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དགུ་པ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
མཚན་ཡང་དག་པར་བརྗོད་པའི་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་ཞེས་བྱ་བ།  གཉིས་མེད་རྡོ་རྗེ།
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
  collapse section
   
   
  collapse section
   
  collapse section
   
   
   
   
   
  collapse section
   
   
   
  collapse section
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   


 
previousམཚན་ཡང་དག་པར་བརྗོད་པའི་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་ཞེས་བྱ་བ། གཉིས་མེད་རྡོ་རྗེ།next

མཚན་ཡང་དག་པར་བརྗོད་པའི་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་ཞེས་བྱ་བ།
གཉིས་མེད་རྡོ་རྗེ།

དང་པོ། གསོལ་བ་བཏབ་པ་དང་བཀའ་སྩལ་པའི་ལན་དང་དེ་བཞིན་དུ་རིགས་དྲུག་སྣང་བའི་རྟོགས་པ་ཞེས་བྱ་བ།


DTG049_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །ནཱ་མ་སི་གཱི་ཏི་ཨུ་པ་དྷ་ར་བི་ཏར་ཀ་ནཱ་མ། །བོད་སྐད་དུ། མཚན་ཡང་དག་པར་བརྗོད་པའི་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་སྐུ་དང་ལྡན་པ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་མིན་པར་འབབ་པ་ཡིས། །འོད་གསལ་ལས་ནི་ཡང་དག་བྱུང༌། །སངས་རྒྱས་བྱང་ཆུབ་སེམས་རྣམས་སོ། །དེར་གནས་ཐིམ་པས་ཕྱག་འཚལ་ཏེ། །མཚན་བརྗོད་པ་ཡི་རྣམ་གྲངས་ཚིག།


DTG049_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ནི་དུ་མ་བཤད་པར་བྱ། །ཇི་ལྟར་འཁོར་ལོ་དྲུག་པ་སེམས། །རྩ་བའི་འཁོར་ལོར་དེ་ཐིམ་པས། །འགྲོ་དང་མི་འགྲོ་བར་བགྱིད་དེ། །རླུང་དང་རྣམ་པར་ཤེས་ཕྱིར་རོ། །བག་ཆགས་ཀྱིས་ནི་ལུས་སོགས་གསུམ། །ཐ་མལ་རྟག་ཏུ་འཆིང་བར་བྱེད། །མཁས་པས་རྟག་ཏུ་མི་འཆིང་སྟེ། །མྱ་ངན་འདས་པའི་བག་ཆགས་ཚུལ། །སྟོང་དང་སྙིང་རྗེ་དབྱེར་མེད་ལས། །འགྲོ་དང་མི་འགྲོ་ཡང་དག་བྱུང༌། །གཉིས་མེད་བཞི་ལས་གཟུགས་བརྙན་གྱིས། །ཕ་རོལ་དག་གི་དོན་བྱེད་པའོ། །དེ་ལྟར་ཐབས་ནི་བཞིར་བྱས་ནས། །བསམ་གཏན་རིགས་ཀྱི་མིང་ཉིད་དུ། །བྱང་ཆུབ་སེམས་དཔའ་བརྗོད་པ་ཡིན། །ཚིགས་བཅད་བརྒྱ་དང་དྲུག་ཅུ་གཉིས། །དེ་བཞིན་གཉིས་ལྷག་དེ་རྣམས་སོ། །གཞན་དག་ཀྱང་ནི་ཕན་ཡོན་གྱི། །ཚིགས་བཅད་བརྒྱ་དང་དེ་བཞིན་ཕྱེད། །སྒྱུ་འཕྲུལ་དྲ་བ་ལས་བྱུང་བའི། །རྟག་ཏུ་བསྟོད་པའི་རྒྱལ་པོ་དེ། །དུས་གསུམ་སངས་རྒྱས་རྣམས་ཀྱིས་བསྟན། །དེ་ལྟར་མན་ངག་མང་པོ་ནི། །ཐེག་བཞི་གཞན་ཡང་འཇིག་རྟེན་པའི། །བསྟན་བཅོས་སྣ་ཚོགས་ལུགས་ཉིད་དུ། །དགོངས་པའི་སྐད་ཀྱིས་བསྟན་པ་ཡིན། །རྣལ་འབྱོར་འབྱུང་བ་ཆེ་དབུས་དང༌། །གྱུར་པ་རྒྱུར་བྱས་སྤྱོད་ཡུལ་ལོ། །དེ་ལྟར་ཚིགས་བཅད་དང་པོ་སོགས། །ཡེ་ཤེས་སྐུ་ཡི་བར་དུ་ནི། །ཕྱག་འཚལ་བསྟོད་ཚིག་ཇི་སྙེད་པ། །ཨ་བ་དྷཱུ་ཏཱི་ལ་གནས་ཚིག །དེ་ནས་ཡི་གེ་སྦྱོར་བ་ཡིས། །ཚིགས་བཅད་ཚིག་ནི་མི་ཟད་པ། །རྩ་བའི་མཐའ་རུ་གནས་པ་ཡི། །འཁོར་ལོ་རྣམ་པ་དྲུག་གི་མིང༌། །དེ་ནི་ཇི་ལྟར་རྣལ་འབྱོར་ལུང༌། །མདོ་རུ་བསྡུས་ཏེ་རབ་བཤད་བྱ། །ཨ་བ་དྷཱུ་ཏཱི་ཐམས་ཅད་རྟེན། །དགའ་བ་བཅུ་དྲུག་མཚན་ཉིད་དོ། །ཨ་ཪྻ་ན་བུ་གའི་རྩ་ལམ་ནས། །ཛཱ་ལན་དྷ་རའི་བུ་གར་འཇུག །ཡེ་ཤེས་ཆོ་གའི་ནུས་པ་ལས། །འོག་ནས་སྟེང་འཇུག་ཡང་དག་རྫོགས། །ཨ་བ་དྷཱུ་ཏཱི་ལ་བརྟེན་ནས། །རྣམ་པར་ཤེས་པའི་མཚན་ཉིད་དོ། །རང་བཞིན་མང་པོ་དེ་དག་ལས། །རང་རིག་པ་ནི་མཆོག་གི་དུས། །དེ་རིམ་བྲལ་བ་མ་རུངས་པ། །དེ་ནས་དཔའ་སོགས་རོ་དགུར་ལྡན། །ངག་གི་བརྔ་རུ་བརྟགས་ལས་སྐྱེས། །ཇི་ལྟར་ཕ་ཡི་བདེ་ལས་བྱུང༌། །སྟོང་


DTG049_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྙིད་རྗེ་དབྱེར་མེད་པས། །ངག་གིས་བརྗོད་པ་ལས་མ་སྐྱེས། །ཇི་ལྟར་བདེ་ལས་དགའ་བའི་སེམས། །མེ་ལོང་ལྟར་གྱུར་གཞན་ཡང་ཁྲོ། །ལུས་འདུད་ཡེ་ཤེས་འཕགས་པས་སོ། །རབ་འདུད་སྔོན་དུ་ཆོ་ག་ཡིས། །སྲོག་དང་རྩོལ་བར་རྣམ་དཔྱད་བྱ། །བཅོམ་ལྡན་འདས་རྟག་ཏུ་སྟོང་ཉིད་དེ། །དེ་བཞིན་གཤེགས་པ་ཆོས་དབྱིངས་སོ། །ཐལ་མོ་སྦྱར་བ་སྟེང་འོག་སྦྱོར། །ཀུན་རྫོབ་བདེན་པའི་སྤྱན་སྔར་འདུག །དོན་དམ་དེ་བཞིན་ཐ་དད་མིན། །ནོར་བུའི་ནང་ཞུགས་རྣལ་འབྱོར་གྱིས། །དེ་བཞིན་ལོངས་སྤྱོད་གྲོལ་བའི་འབྲས། །དབུ་མ་ཉིད་དུ་རྣམ་དཔྱད་པར། །གྱུར་པས་བསམ་གྱིས་མི་ཁྱབ་ཐོབ། །ཉོན་མོངས་ཤིང་དོན་ཉེ་ཉོན་མོངས། །མི་ཤེས་འདམ་གྱི་རྟོག་པ་སྟེ། །དེ་དག་རྣམ་དཔྱོད་ཐོབ་པར་ནི། །རིགས་མེད་ཐམས་ཅད་ཟད་པར་འགྱུར། །གང་ཞིག་རབ་ཏུ་གསལ་བར་འགྱུར། །མར་མེ་འབར་བའི་རྩེ་ལྟར་གྱུར། །དེ་བཞིན་རྟག་ཏུ་སངས་རྒྱས་ཏེ། །ལས་ཀྱི་ཕྱག་རྒྱ་སོགས་ལས་སྐྱེའོ། །བཅོམ་ལྡན་འདས་བྷ་ག་རྣལ་འབྱོར་དང༌། །བདག་ལ་སོགས་པའི་བདེན་བཞི་ཡིས། །ཤེས་པས་ཤེས་བྱ་གསལ་བྱ་བ། །སྲིད་དང་མྱ་ངན་འདས་པ་སྤངས། །སོང་བ་རང་བཞིན་ཐ་མལ་ཀུན། །རྡོ་རྗེ་ཆེན་པོའི་ལུས་བདག་ཉིད། །རྣམ་པ་སྣ་ཚོགས་སོ་གསུམ་མཐའ། །དེ་ནི་མིང་བརྗོད་པ་རུ་བརྟགས། །དོན་ཆེན་པོ་ཡི་ཕྱག་རྒྱ་གང༌། །དེ་ནི་འདི་རུ་འཛིན་པའོ། །དུས་གསུམ་བྱ་བ་བྱེད་པ་ནི། །ཐེག་གསུམ་རྟོགས་པ་སངས་རྒྱས་སོ། །མ་ཡི་ཡི་གེ་སྦྱོར་བ་ནི། །ཡིག་བྲལ་གཞན་ཡང་མ་ཡིག་བྲལ། །དེ་ནས་སྒྱུ་འཕྲུལ་དྲ་བར་གསུངས། །ཨ་བ་དྷཱུ་ཏཱིའི་དོན་རྟོགས་པས། །བདག་ཉིད་རྟག་ཏུ་མཆོག་གིས་ཚིམ། །དེ་ལ་རང་བཞིན་མེད་པ་ནི། །མི་བདེན་པ་ལ་བདེན་ལྟར་བྱུང༌། །ཡེ་ཤེས་ཆེན་པོ་མ་ལུས་པའི། །འབྲས་བུ་རྒྱུ་ལས་ཡང་དག་བྱུང༌།། རྒྱུ་དང་འབྲས་བུ་དབྱེར་མེད་ལས། །རྣལ་འབྱོར་ལུས་ནི་འབྲས་བུ་མིན། །དེ་སྐད་བྱ་དང་མི་བྱ་ཀུན། །གང་གིས་རྡོ་རྗེ་རྡོ་རྗེ་འཆང༌། །ཤེས་བྱ་ཤེས་བྱེད་དབྱེར་མེད་པ། །ཚེ་འདི་ལ་ནི་འབྲས་ལོངས་སྤྱོད། །དེ་ལྟར་གོང་དུ་ཅི་གསུངས་པའི། །བསྡུས་པའི་དོན་འདི་བཤད་པར་བྱ། །


DTG049_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དང་པོའི་སྦྱོར་བ་ནི། །ཚིགས་སུ་བཅད་པའི་ཚིག་གཅིག་མཐར། །ཨ་བ་དྷཱུ་ཏཱི་ཐམས་ཅད་རྟེན། །དེ་ནི་རྣམ་ཤེས་མཚན་ཉིད་དོ། །རང་བཞིན་མང་པོ་དེ་དག་ཀྱང༌། །ངག་གི་བརྡ་རུ་བརྟགས་ལས་སྐྱེས། །དེ་ནས་སྙིང་གའི་ལམ་ཞུགས་ནས། །སྲོག་དང་རྩོལ་བ་རྣམས་བརྟགས་ཤིང༌། །དབུ་མ་ཉིད་དུ་རྣམ་དཔྱད་པས། །རིགས་མེད་ཐམས་ཅད་ཟད་པར་འགྱུར། །གང་ཞིག་རབ་ཏུ་གསལ་གྱུར་པ། །སྲིད་དང་མྱ་ངན་འདས་པ་སྤངས། །ཐ་མལ་དུ་གྱུར་རང་བཞིན་ཀུན། །ཐེག་གསུམ་རྟོགས་པས་སངས་རྒྱས་སོ། །མ་ཡི་ཡི་གེ་སྦྱོར་བ་ནི། །ཨ་བ་དྷཱུ་ཏཱིའི་དོན་བརྟགས་ནས། །ཡེ་ཤེས་ཆེན་པོ་མ་ལུས་པའི། །འདི་ཉིད་ལ་ནི་འབྲས་ལོངས་སྤྱོད། །དེ་དག་མགྲིན་པའི་འཁོར་ལོ་སྟེ། །ཐོག་མ་ཐ་མར་རྩ་ལས་གྲུབ། །དེ་ཉིད་ལོངས་སྤྱོད་འཁོར་ལོ་སྟེ། །གང་ནས་རྣམ་པར་ཤེས་ལ་འབབ། །ཚིགས་སུ་བཅད་པ་བཅུ་དྲུག་པོ། །ཕྱག་ན་རྡོ་རྗེས་ཐ་མི་དད། །དེ་ཉིད་གྲུབ་པས་ཐབས་སུ་བརྗོད། །གཞན་ཡང་ཤེས་རབ་བརྗོད་བྱ་སྟེ། །དེ་ནས་ཤཱཀ་ཐུབ་ཅེས་པ་ཡི། །བཅོམ་ལྡན་འདས་ཞེས་པ་ཡི་མཐར། །ནམ་མཁའ་འདི་ནི་འཁོར་ལོ་དྲུག །འཛུམ་པ་གཉིས་གཉིས་གཞན་དོན་ཏེ། །འཁོར་ལོ་དྲུག་ལ་རྩ་རེ་རེ། །འགོག་པའི་ཚུལ་གྱིས་ནམ་མཁའ་འགེངས། །ཤེས་རབ་དོན་འབྱུང་གསལ་བར་འགྲུབ། །འཇིག་རྟེན་གསུམ་ནི་རྣམ་པ་གསུམ། །ཚངས་པ་རྐང་གི་བུ་ག་འགེངས། །གྱེན་དུ་གསང་བའི་བུག་གཉིས་ནས། །གསུམ་པོས་སོ་སོ་གསུམ་སྣང་བྱེད། །དེ་ལྟར་འགྲོ་བ་རྡོ་རྗེ་འཛིན། །ལེགས་སོ་ཞེས་ནི་བརྗོད་པའོ། །སྙིང་རྗེས་འགྲོ་བ་མངོན་དུ་བྱས། །དེ་ནི་ཡན་ལག་དྲུག་བཞིའོ། །ཕྱག་རྒྱ་ཆེན་པོའི་ཡན་ལག་རྫོགས། །སྙིང་རྗེའི་དུས་ནི་བཅུ་དྲུག་པའོ། །ཡེ་ཤེས་ལུས་ཀྱི་མཚན་བརྗོད་པ། །བརྡར་བཏགས་སྦྱོར་བས་ཕ་རོལ་འགྲོ། །དེ་ནི་སྙིང་གའི་དབུས་དང་ནི། །གསང་བ་ལྟེ་བ་དཔྲལ་བ་རུ། །ཡན་ལག་དྲུག་བསམ་རྣལ་འབྱོར་གྱིས། །དེ་དག་སྟོང་པས་བ་བླ་མ། །དེ་དག་གི་ནི་མཚན་ཉིད་དོ། །དོན་ཀུན་བསྡུས་པའི་མཚན་ཉིད་དེ། །དེ་དག་དང་པོའི་ཡི་གེ་ཡིས། །ཇི་ལྟར་ཚིགས་


DTG049_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པའི་དོན། །ནམ་མཁའ་འདི་ནི་འཁོར་ལོ་དྲུག །ཤེས་རབ་དོན་འབྱུང་གསལ་བར་འགྲུབ། །གསུམ་པོས་སོ་སོར་གསུམ་སྣང་བྱེད། །དེ་ནི་ཡན་ལག་དྲུག་གི་གཞི། །ཕྱག་རྒྱ་ཆེན་པོའི་ཡན་ལག་རྫོགས། །དེ་དག་སྟོན་མས་ང་བླ་མ། །ཚིགས་སུ་བཅད་པ་དེ་དྲུག་གིས། །ཐུབ་པ་ཆེན་པོའི་བཀའ་སྩལ་ལན། །གང་ཕྱིར་ཐུབ་པའི་རྣལ་འབྱོར་དེ། །རང་རིག་པ་ནི་རྟོགས་པས་ན། །སྒྲ་བརྙན་བྲག་ཅ་ལྟ་བུ་ལས། །ཕྱག་ན་རྡོ་རྗེ་རྟོགས་པ་བྱུང༌། །གཉིས་སུ་མེད་པའི་དོན་བརྗོད་པའི། །རིག་པ་ལས་ནི་བརྗོད་པར་བྱ། །དེ་ནས་སོགས་ནས་ཆེར་གཟིགས་མཐར། །ཚིགས་སུ་བཅད་གཉིས་སྔགས་ལས་སྐྱེས། །རིགས་ཀྱི་སྒྲ་ཡིས་གཉིས་མེད་གྲུབ། །དབང་པོ་ཀུན་ནི་རིགས་ཅན་ཡིན། །འཁོར་ལོ་དྲུག་གི་ཐོག་མ་མཐར། །རླུང་དང་རྣམ་པར་ཤེས་པ་བརྟེན། །རྣལ་འབྱོར་དབང་པོས་ཕྲ་མོར་དབྱེ། །བག་ཆགས་ངན་པའི་དྲི་མ་བཅོམ། །དབང་པོའི་དབུས་ན་སྣང་བྱེད་པ། །རྟག་ཏུ་བདག་གཞན་མེད་པར་འགྲོ། །ཕྱག་རྒྱ་ཆེན་པོའི་མིང་གིས་ནི། །སྣང་ལས་རིགས་ནི་ཡང་དག་བྱུང༌། །དེ་དག་གི་ཡང་དོན་བསྡུས་པ། །ཚིགས་བཅད་ཀྱིས་ནི་བདག་གིས་བརྗོད། །འཁོར་ལོ་དྲུག་གི་ཐོག་མ་མཐར། །སྣང་ལས་རིགས་ནི་ཡང་དག་བྱུང༌། །སྟེང་འོག་རླུང་ནི་བཀག་པ་ལས། །གཉིས་དང་གཉིས་མེད་གཉིས་ཀ་མིན། །ཡེ་ཤེས་ལྟ་སྟངས་སྣང་བ་ཡིས། །རིགས་དྲུག་རྒྱུ་བ་བརྗོད་པའོ། །དེ་དག་བདག་ཡིན་བརླབས་གསལ་བ། །གྲངས་མེད་པ་ནི་རབ་ཏུ་སྤྲོ། །དེ་ལྟར་ཀུན་དོན་བདེན་པ་ཡི། །དབུས་སུ་དོན་དམ་བདེན་པ་སྟེ། །དེ་ནི་མ་སྐྱེས་པ་ཡི་ཆོས། །སྒྱུ་མ་ཡིས་ནི་ཡང་དག་བསྡུས། །གང་ཕྱིར་མངོན་པར་རྟོགས་པ་རུ། །སེམས་ཅན་རྣམས་ལ་ཡི་གེའི་དོན། །དེ་ཕྱིར་རྟག་ཏུ་རབ་བཤད་པ། །ཟབ་མོའི་མན་ངག་དབང་ལས་སོ། །ཉེ་བར་བསྡུས་པ་འདི་དག་གིས་ནི། གསོལ་བ་བཏབ་པ་དང༌། བཀའ་སྩལ་པའི་ལན་དང༌། དེ་བཞིན་དུ་རིགས་དྲུག་སྣང་བའི་རྟོགས་པ་ཞེས་བྱ་བ་སྟེ་དང་པོའོ།། །།

གཉིས་པ། སྤྱི་གཙུག་གི་འཁོར་ལོའི་རྣམ་པར་རྟོག་ཏེ་ཞེས་བྱ་བ།


DTG049_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བཅད་པ་གསུམ་བརྗོད་པས། །ཆོས་ཀྱི་ཕུང་པོ་སྟོང་ཕྲག་ནི། །བརྒྱད་ཅུ་རྩ་བཞི་གྲངས་མེད་དེ། །བསྡུས་ནས་ཉེ་བར་བརྗོད་པ་ཡིན། །འདི་འདྲའི་དེ་ཉིད་མང་པོ་དེ། །དང་པོ་ཡི་གེ་བརྡ་རུ་བྱས། །རྣལ་འབྱོར་ཆེན་པོ་བཅུ་གཉིས་ཏེ། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས། །དེ་ཡི་མཚན་ཉིད་རྒྱས་བཤད་བྱ། །ཤེས་དང་ཤེས་པར་བྱ་བའི་དོན། །གུས་པས་དེ་ཡི་མཚན་ཉིད་བཤད། །རྟག་ཏུ་གཉིས་གཉིས་སྦྱོར་བ་སྡུས་པས། །ནམ་མཁའི་བུ་གའི་དབུས་གནས་ཏེ། །ཨ་བ་དྷཱུ་ཏཱིའི་མཁའ་དྲུག་ནི། །འཁོར་ལོ་དྲུག་གི་དབུས་སུ་འདོད། །གང་ཕྱིར་བུ་ག་གཉིས་གཉིས་པོ། །དྲུག་པོ་ཉིས་འགྱུར་ལས་བཅུ་གཉིས། །དེ་ལ་དེ་དག་ས་བོན་ནི། །ཡི་གེ་གཉིས་གཉིས་རིམ་བཞིན་ཏེ། །ལྟེ་བའི་བུ་གར་ཨ་ཨཱ་དགོད། །ཨི་ཨཱི་སྙིང་གའི་བུ་ག་གཉིས་སུ། །མགྲིན་པ་དག་ཏུ་ཨུ་ཨཱུའོ། །ཨེ་ཨཻ་དབྲལ་བའི་བུ་ག་གཉིས་སུའོ། །སྤྱི་བོར་འཁོར་ལོ་ལ་ཨོ་ཨཽ། །ཨཾ་ཨཿ་གསང་བའི་བུག་གཉིས་ལ། །དེ་དག་དབྱངས་ཡིག་ཐུང་བཤད་པ། །འོག་གི་ཆ་ཡི་བུ་གར་རོ། །རིང་པོ་དེ་བཞིན་སྟེང་དུ་དགོད། །ཐབས་དང་ཤེས་རབ་ལུགས་ཉིད་དུ། །ནམ་མཁའ་དྲུག་གི་དབུས་ཉིད་དུ། །རྟག་ཏུ་སྲོག་དང་རྩོལ་བ་སྡོམ། །བཅུ་གཉིས་པ་རུ་གནས་པ་སྟེ། །ས་ཡི་རིམ་པར་ཤེས་བྱ་སྟེ། །ཕ་རོལ་ཕྱིན་པ་རྣམ་པར་དག །དེ་དག་གི་ནི་ལུགས་ཉིད་ཀྱང༌། །ཇི་ལྟར་བླ་མའི་མན་ངག་གིས། །ནམ་མཁའི་དབུས་སུ་འཛིན་ཅིང་གནས། །སྔོན་དུ་བསམ་པར་ཤེས་པར་བྱ། །གྱེན་དུ་བཟློག་ཅིང་ཐུར་དུ་ལྟ། །ཨེ་ཨོ་ཡིད་ཀྱིས་ཡང་དག་བསྡུ། །དེ་ལྟར་ཨ་ཨི་གཉིས་པོ་དེ། །ལྟེ་བ་ནས་ཐུར་གསང་གནས་གྱེན། །གཞན་ཡང་ཡི་གེ་ཨཱ་ཨོ་གཉིས།། ལྟེ་བ་དང་ནི་སྤྱི་བོར་ལྟ། །མགྲིན་ནས་ཐུར་དུ་སྙིང་ནས་གྱེན། །ཨི་ཨུ་གཉིས་པོ་བཤད་པའོ། །དེ་བཞིན་དཔྲལ་བར་ཡི་གེ་ཨེ། །མགྲིན་པར་ཨུ་ཡིག་དེ་བཞིན་ནོ། །དེ་བཞིན་ཨི་ཡིག་ཨ་ཡི་གེ། །འོག་དང་སྟེང་དུ་གཞག་པར་བྱ། །དེ་ལྟར་ཨཱ་ཨི་ཡང་དག་སྦྱོར། །ཨཱ་ཨི་དེ་བཞིན་ལུས་ཉིད་དོ། །ཨུ་ཨེ་ཨུ་ཨོ་དེ་བཞིན་དུའོ། །གཞན་ཡང་ཨེ་ཨཱ་རྟག་ཏུ་བསམ། །དེ་བཞིན་ཨོ་ཨཱ་ཡང་དག་སྦྱོར། །སྟེང་དང་འོག་ཏུ་བསམ་པར་བྱ། །ལྟ་སྟངས་སུམ་ཅུ་རྩ་དྲུག་གིས། །བླ་ན་མེད་པའི་གནས་ལ་འཇུག །དེ་དག་ལྟེ་བའི་དབུས་ཉིད་དུ། །དང་པོའི་སངས་


DTG049_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཡང་དག་གནས། །དེ་ཡི་མིང་ནི་གཞན་དག་ཀྱང༌། །འཇམ་དཔལ་གཞོན་ནུ་ཞེས་བྱར་བཏགས། །དྷཱི། གནས་པའི་སྒྲ་ཡིས་ཡང་དེ་བསྟན། །སུམ་ཅུ་རྩ་གསུམ་ཡི་གེའི་གཙོ། །ཨོཾ་ཨོཾ་ཡི་གེ་ཚངས་པའི་མཆོག །བ། གནས་པ་ཁམས་གསུམ་ཉིད་དུའོ། །ཛྲ། རོལ་པ་གང་ཕྱིར་རྟག་ཏུ་བྱེད། །ཏཱི། དྲག་པོ་དམན་པའི་ལས་འཇོམས་པ། ཀྵྞ། ཡི་གེ་ཕུན་སུམ་ཚོགས་པའོ། །དུཿ། དཀའ་བ་སྲིད་པའི་རྒྱ་མཚོ་ལས། །ཁ། ནམ་མཁའ་འདྲ་བར་སྙིང་རྗེ་དག །ཙྪེ། གཅོད་པ་སེམས་ཀྱི་བག་ཆགས་སོ། །ད། ལྟ་བ་དག་པ་མ་ལུས་པས། །པྲ། ཐ་མར་དྲི་མ་མེད་པར་གསལ། །ཛྙཱ། ཤེས་དང་ཤེས་བྱའི་ཚིག་དོན་ཏེ། །ཛྙཱ། ཡེ་ཤེས་རྣམ་ཤེས་དབྱེར་མེད་ཐིམ། །ན། མི་གནས་མིང་དང་རྣམ་པར་ཤེས། །མཱུ། རྩ་བ་ཨུ་མ་ནི་རུ་བརྗོད། །རྟ། དཀའ་ཐུབ་དེ་བཞིན་བཟླས་པའོ། །ཡེ། གང་བྱེད་གང་ཕྱིར་ཡིད་ཀྱིས་སོ། །ཛྙཱ། ཡེ་ཤེས་ལ་གོམས་རྣལ་འབྱོར་གྱིས། །ན། མི་བདེན་བདེན་པའི་རྟོག་པ་མེད། །ཀཱ། ལུས་ཀྱི་ལས་ནི་རྟག་ཏུ་བྱེད། །ཡ། གང་ལས་སངས་རྒྱས་མཆོག་འབྱུང་བའོ། །བཱ། བག་ཆགས་གང་ཕྱིར་རྟག་ཏུ་གནས། །གཱི། བརྗོད་དེ་ཐར་པའི་རྒྱུ་རུའོ། །ཤྭ། དབུགས་དབྱུང་བ་ནི་རླུང་ཆེན་པོ། །ར། བུ་གར་རྣལ་འབྱོར་སྟོབས་ཀྱིས་དབབ། །ཨ། མི་འགྱུར་བ་ཡི་གནས་སྐབས་དུས། །ར། གསང་བའི་རྣལ་འབྱོར་དུ་བརྗོད་པའོ། །པ། ཇི་ལྟར་པདྨའི་ཟེ་འབྲུའི་སྐུ། །ཙ། ཟླ་བ་འཛག་ལྟར་ཡང་དག་བྱུང༌། །ན། ཡོད་མིན་སྐྱེ་བ་ཅུང་ཟད་ཀྱང༌། །ཡ། ཐེག་པ་གསུམ་ལས་ཡང་དག་བྱུང༌། །ཏེ། དེ་ནས་གཞན་ཡང་ཐེག་གསུམ་པོར། །ན། མིང་སོགས་རྫོགས་སངས་རྒྱས་ཀྱིས་བསྡམས། །མ། རྡོ་རྗེ་ཆེན་པོའི་ལུགས་དེ་ལས། །བརྗོད་ཀྱིས་མི་ལང་སངས་རྒྱས་འབྱུང༌། །དེར་གནས་སངས་རྒྱས་ཞིང་ཉིད་དུ། །སེམས་ཅན་སྨིན་ཕྱིར་རབ་ཏུ་ཞུགས། །དེ་ལྟར་སྔགས་གྱི་ཡི་གེ་ཡིས།། དོན་གྱི་བརྡར་བཏགས་རབ་བརྗོད་པའོ། །དེ་དོན་རྟག་ཏུ་བསྒོམ་བྱ་བ། །སྙིང་ལ་འཁོར་ལོ་བརྒྱད་དྲུག་སོགས། །དེ་ཕྱིར་བྱང་སེམས་རྡོ་རྗེ་ཡི། །སྤྲུལ་པ་ཐོག་མ་ཐ་མ་ཤེས། །དེ་བཞིན་སྒྱུ་འཕྲུལ་དྲ་བ་ལས། །སྤྲུལ་པ་འབུམ་སོགས་གྲངས་མེད་དོ། །དེ་དག་བདེ་བའི་


DTG049_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སུ་སྟེ། །ཚིགས་བཅད་གསུམ་ལས་ཡང་དག་བྱུང༌། །དེ་དག་གཞན་ཡང་འདི་ལྟར་སོགས། །བསྐལ་པ་བཟང་པོ་འདི་ལས་སྐྱེས། །ཨ་ཡིག་གསུམ་ལས་ཡང་དག་རྫོགས། །བོདྷི་ཙིཏྟཱི་ཡི་གེ་དེའོ། །དེ་ལས་སྐུ་རྣམས་སྐྱེས་པ་ནི། །ཆོས་དང་ལོངས་སྤྱོད་བདེ་ཆེན་པོ། །སྣ་ཚོགས་རྣལ་འབྱོར་སྦྱོར་བ་ལས། །རྟག་ཏུ་སྤྲུལ་པ་ཉིད་ཀྱང་སྐྱེ། །གང་ཕྱིར་དེ་ནི་སྲོག་ཆེན་པོ། །མི་ཟང་སྐྱེ་བ་རྣམ་པར་སྤངས། །སེམས་ཅན་འདུལ་བའི་བསམ་པ་ཡིས། །ངག་གིས་ཐམས་ཅད་བརྗོད་པ་ཡིན། །གང་ཕྱིར་སྒྱུ་འཕྲུལ་དྲ་བ་ཙམ།། རྒྱུད་མེད་སངས་རྒྱས་རྣམས་ཀྱིས་གསུངས། །དེས་ན་ཚིགས་བཅད་དེ་གཉིས་དང༌། །སྒྱུ་འཕྲུལ་དྲ་བའི་དེ་བཞིན་གསུམ། །ལྔ་ཡིས་སྤྱི་གཙུག་འཁོར་ལོ་བཤད། །གཉིས་གཉིས་སྦྱོར་ལས་ཡང་དག་བྱུང༌། །ཡང་ནི་འདི་ལྟར་ཤེས་བྱ་སོགས། །དེ་ཡང་ཚིགས་བཅད་བཅུ་བཞི་སྟེ། །དེ་རྣམས་ཚིགས་བཅད་གཉིས་དང་ནི། །ལྷག་མ་བཅུ་གཉིས་ཀྱི་ནང་ནས། །བརྒྱད་ཀྱིས་སྙིང་གའི་འཁོར་ལོའོ། །གཞན་ཡང་བཞི་ཡིས་ཤེས་བྱ་བ། །འཁོར་ལོའི་ནང་ནས་དབྲལ་བའི་འོ། །དེ་ལྟར་ཐམས་ཅད་ཤེས་བྱ་བ། །ངག་གི་དབང་ཕྱུག་ཆོས་ཀྱི་དབྱིངས། །དོན་དམ་ལ་ནི་བསྟོད་པའོ། །ཉེ་བར་བསྡུས་པ་ལས་སྤྱི་གཙུག་གི་འཁོར་ལོའི་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་གཉིས་པའོ།། །།

གསུམ་པ། ངག་གི་དབང་ཕྱུག་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་རྟོག་ཏེ་ཞེས་བྱ་བ།


DTG049_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྙིང་གའི་བུ་ག་ཡི། །ཚིགས་བཅད་བརྒྱད་པ་བརྗོད་པར་བྱ། །སེམས་ཀྱི་ཐིག་ལེ་དག་གི་མིང༌། །དང་པོའི་མིང་ནས་ཀུན་གཞི་མཐར། །དེ་རྣམས་མིང་དུ་བཏགས་པ་ནི། །བརྒྱད་ཅུ་རྩ་དྲུག་དག་ཏུ་བརྗོད། །གཞན་དུ་གསུངས་པས་རྙེད་སླ་བས། །འདི་ནི་བདག་གིས་མ་བརྗོད་དེ། །དེ་དག་ངེས་ཚིག་ཏུ་གྱུར་པ། །ཇི་ལྟར་བསླབ་པའི་མན་དག་ལས། །ཆེན་པོ་ཆེན་པོ་ཆེན་པོ་སོགས། །ཐེག་པ་ཆེན་པོའི་ཚུལ་མཆོག་གིས། །ཇི་སྲིད་མཐའ་རུ་ཐུག་པའི་བར། །ཚིག་དག་དྲུག་ཅུ་རྩ་ལྔ་སྟེ། །རྟག་ཏུ་ཞེས་བྱ་ཆེན་པོ་དག །དེ་བཞིན་འདོད་ཆགས་ཞེ་སྡང་སོགས། །ཟླ་བ་ཉི་མའི་དབྱེ་བ་ལས། །དཀྱིལ་འཁོར་དག་ནི་དྲུག་ཅུའོ། །དེ་བཞིན་སྔར་


DTG049_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བརྗོད་པ་ལས། །རཱ་ཧུ་ལས་ནི་ལོངས་སྤྱོད་བྱེད། །དེ་དག་གིས་ནི་དང་པོའི་དོན། །ཇི་ལྟར་གསལ་བར་བརྗོད་པར་བྱ། །ཇི་ལྟར་དེ་ཡི་ལྷ་རྣམས་ནི། །ངག་གི་དབང་ཕྱུག་ཆོས་ཀྱི་དབྱིངས། །དང་པོའི་སངས་རྒྱས་སྙིང་ག་རུ། །ཡེ་ཤེས་སེམས་དཔའ་བརྗོད་པའོ། །དེ་ཡི་སྙིང་གར་ས་བོན་དག །འདོད་ཆགས་ལ་སོགས་ལྔ་ཡི་དངོས། །རེ་རེ་དག་ལ་བཅུ་གཉིས་དངོས། །ཡི་གེ་བཅུ་གཉིས་དག་ཏུ་དབྱེ། །དང་པོ་དབྱངས་ཡིག་ཐུང་ངུ་སྟེ། །གཉིས་པ་དེ་བཞིན་རིང་པོའོ། །གསུམ་པ་ཐིག་ལེར་སྦྱོར་བའོ། །ཚེག་དྲག་སྦྱོར་བ་བཞི་པ་ཡིན། །ལྔ་པ་དྲག་པོའི་ཐིག་ལེ་ཅན། །དབྱངས་ཡིག་གྲངས་སུ་ཤེས་པར་བྱ། །ཇི་ལྟར་དབུ་ཡི་རྣལ་འབྱོར་ལ། །གཟུང་བས་རྣལ་འབྱོར་ཕ་རོལ་འགྲོ། །དེ་དག་ཐུང་ངུ་ཆེན་པོ་ལྔ། །འདོད་ཆགས་ལ་སོགས་དབུ་མར་གནས། །གང་ཕྱིར་རྟག་ཏུ་རིང་པོ་ནི། །ཆེན་པོ་ཆེན་པོའི་དེ་ལྟར་བརྟགས། །གང་ཕྱིར་འདོད་ཆགས་ལ་སོགས་བཞི། །དང་པོ་སངས་རྒྱས་དེ་བཞིན་གཉིས། །ནམ་མཁའི་དཀྱིལ་འཁོར་གནས་སུ་ནི། །ཉི་མའི་ལམ་གྱི་ལྷ་རྣམས་སོ། །གཞན་ཡང་གཡོན་པའི་ལམ་གྱི་ནི། །ནམ་མཁའི་དཀྱིལ་འཁོར་དྲུག་ལ་ནི། །དང་པོའི་སངས་རྒྱས་གཉིས་དག་དང༌།། དེ་བཞིན་རྡོ་རྗེ་རྣོན་པོ་གཞན། །རྡོ་རྗེ་རལ་གྲི་ཡེ་ཤེས་སྐུ། །དག་གི་དབང་ཕྱུག་དྲུག་པའོ། །དེ་བཞིན་གཡོན་པའི་ཟླ་བ་ལས། །རླུང་གི་དཀྱིལ་འཁོར་ལྷ་རྣམས་སོ། །སྣ་ཚོགས་རྡོ་རྗེ་རྡོ་རྗེ་ལས། །བསྲུང་བ་གནོད་སྦྱིན་ཁུ་ཚུར་ཏེ། །རྡོ་རྗེ་དང་པོ་ཀུན་མིང་ལ། །དེ་བཞིན་དུ་ཡང་རྡོ་རྗེ་གར། །དེ་ལ་མེ་ཡི་དཀྱིལ་འཁོར་ནི། །ཆོས་ཀྱི་རྡོ་རྗེ་རྡོ་རྗེ་ཆོས། །དེ་བཞིན་རྣོན་པོ་རྒྱུར་སྨྲ་བ། །དེ་བཞིན་གཞན་ཡང་རྡོ་རྗེ་གླུ། །མིང་གི་དང་པོར་རྡོ་རྗེར་ལྡན། །དེ་དག་གཡོན་གྱི་ཟླ་འབབ་པའོ། །དེ་ལ་དེ་བཞིན་ཆུ་དཀྱིལ་འཁོར། །སེམས་དཔའི་རྡོ་རྗེ་རྡོ་རྗེ་སེམས།། རྒྱལ་པོ་ཚངས་པ་དེ་བཞིན་ལེགས། །དེ་བཞིན་གཞན་ཡང་རྡོ་རྗེ་སྒེག །དེ་ལས་ས་ཡི་དཀྱིལ་འཁོར་ལས། །རྡོ་རྗེ་རིན་ཆེན་རིན་རྡོ་རྗེ། །ཉི་མ་རྒྱལ་མཚན་དེ་བཞིན་བཞད། །དེ་བཞིན་གཞན་ཡང་རྡོར་ཕྲེང་མའོ། །དེ་བཞིན་གཡས་ཀྱི་ཉི་མ་ཡི། །ས་ལ་སོགས་པའི་དཀྱིལ་


DTG049_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཏེ། །སྤོས་ཀྱི་གླང་པོ་ཡེ་ཤེས་ཏོག །འབར་བའི་འོད་དང་ཉི་མའི་འོད། །དེ་བཞིན་མེ་ཏོག་རྡོ་རྗེ་ཞགས། །གཞན་ཡང་ཆུ་ཡི་དཀྱིལ་འཁོར་ལས། །དེ་བཞིན་བྱམས་པ་འཇམ་པའི་དཔལ། །དེ་བཞིན་དུ་ནི་ཐབས་ཀུན་སྐྱེ། །མྱ་ངན་མུན་པ་ཐམས་ཅད་ནི། །ངེས་པར་འཇོམས་པའི་བློ་གྲོས་གཞན། །བདུག་སྤོས་རྡོ་རྗེ་འགུགས་བྱེད་པའོ། །དེ་བཞིན་མེ་ཡི་དཀྱིལ་འཁོར་ནི། །དེ་ལ་རྒྱ་མཚོའི་བློ་གྲོས་དང༌། །དེ་བཞིན་བློ་གྲོས་མི་ཟད་རིམ། །ཟླ་བའི་འོད་དང་བདུད་རྩིའི་འོད། །དེ་བཞིན་མར་མེ་ལྕགས་སྒྲོག་མའོ། །དེ་ལ་རླུང་གི་དཀྱིལ་འཁོར་གྱི། །པྲ་ཏི་བྷ་ན་བརྩེགས་པའི་མཆོག །གནས་ཆེན་པོ་ནི་ཐོབ་པ་དང༌། །ནམ་མཁའ་མཛོད་ནི་གསུམ་པའོ། །སྒྲིབ་པ་རྣམ་པར་སེལ་བ་དང༌། །འབྱུང་བ་རྡོ་རྗེ་དྲིལ་བུ་མའོ། །དེ་ལྟར་དབུ་མའི་རྣལ་འབྱོར་གྱིས། །རཱ་ཧུ་ལ་ཡི་རྒྱུ་བར་ཤེས། །གང་ཕྱིར་རྟག་ཏུ་ཐིམ་པ་ནི། །འདོད་ཆགས་ལ་སོགས་དྲུག་ཅུ་ལྔ། །དཀྱིལ་འཁོར་རེ་རེའི་མཐའ་རུ་ནི། །ཡེ་ཤེས་ཕ་རོལ་འགྲོ་བར་ཤེས། །ཆེན་སོགས་ཚིགས་བཅད་བརྒྱད་ཀྱི་མཐའ། །བསམ་པ་ཡེ་ཤེས་རྒྱ་མཚོ་སྟེ། །དེ་བཞིན་བྱམས་སོགས་ཇི་སྲིད་པ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །བཞི་དག་སྤྱི་བོ་ནས་སྐྱེས་པའོ། །བརྒྱད་ནི་སྙིང་ག་ནང་ནས་སོ། །རྡོ་རྗེ་འཇམ་པའི་རང་བཞིན་ལ། །ཡེ་ཤེས་སྐྱེས་པའི་བསྟོང་པའོ། །གང་ཕྱིར་བརྒྱད་ཅུ་རྩ་དྲུག་ཚིག །མཐའ་རུ་བཤད་པར་ཡང་དག་གནས། །དེ་ལྟར་སྙིང་གར་འཁོར་ལོ་ཡི། །ཐིག་ལེའི་སྒྲ་ནི་ཡི་གེ་མེད། །ཉེ་བར་བསྡུས་པ་ལས་ངག་གི་དབང་ཕྱུག་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་རྟོག་གེ་ཞེས་བྱ་བ་སྟེ་གསུམ་པའོ།། །།

བཞི་པ། ཆོས་ཀྱི་དབྱིངས་ཀྱི་རྣམ་པར་རྟོག་གེ་ཞེས་བྱ་བ།


DTG049_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དབྲལ་བའི་འཁོར་ལོ་ཡི། །རྐང་གཅིག་མེད་པ་ཉི་ཤུ་ལྔའི། །ཚིགས་སུ་བཅད་པ་ཆོས་དབྱིངས་ཀྱི། །ཇི་ལྟར་རྒྱལ་བས་གསལ་བར་བྱ། །སངས་རྒྱས་རྣམ་སྣད་མཛད་ཆེན་སོགས། །དང་པོའི་མིང་དུ་བརྡར་བཏགས་པས། །མཚན་ཉིད་དུ་ནི་བརྗོད་པ་ཡང༌། །རང་ཉིད་བསྒོམ་པར་གློག་པའོ། །བདག་ཉིད་ཆོས་ཀྱི་དབྱིངས་ལྟ་བུར། །སེམས་དང་སེམས་མིན་བརྟགས་པ་མིན། །དབུ་མའི་ནང་གི་རྣལ་འབྱོར་རོ། །ཡིད་ཀྱི་


DTG049_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་བོའི་གནས་སུ་དེ། །གང་ཕྱིར་རྣམ་པར་སྣང་མཛད་ཆེ། །ལས་དག་པ་ཡི་དབྱངས་ཅན་ཡིན། །ཐེག་པ་ཆེན་པོའི་ཆོས་ཡིན་ཏེ། །སེམས་ཅན་དགོས་པའི་རྒྱུ་ཅན་དུ། །སྐྱེ་བ་མ་ཡིན་འགག་པ་མེད། །རྐྱེན་གྱི་དོན་ཕྱིར་འབའ་ཞིག་པོ། །གཟུགས་བརྙན་སྨིག་རྒྱུ་ལྟ་བུར་ནི། །མཐོང་སྟེ་སྤྱོད་ཡུལ་དངོས་མ་ཡིན། །སྐྱེས་ཀྱང་བདག་ཏུ་གྲུབ་མ་ཡིན། །དེ་ལས་མ་གཏོགས་གཞན་ཡང་མིན། །དེ་ལ་གང་ཕྱིར་བྱས་སྐྱེས་མིན། །རང་ཉིད་མ་གྲུབ་བྱེད་པོ་གང༌། །སེམས་ཅན་ཆེན་པོ་དེ་ཕྱིར་ལས། །བློ་ཡི་མིང་ཙམ་གྱིས་བྱས་པའོ། །དེས་ན་མིང་དང་ཚིག་གིས་བསྡུས། །རྣམ་སྣང་མཛད་སོགས་ཡང་དག་བྱུང༌། །དེ་ལ་སངས་རྒྱས་སེང་གེ་ཞེས་བྱའི་མིང༌། །ཐུབ་པ་ཆེན་པོ་རབ་གསལ་བྱེད། །ཐུབ་ཆེན་ཞེས་བྱ་ཐུབ་པའོ། །གསང་སྔགས་ཚུལ་ཆེན་སྐུ་སྡུད་པ། །སྐྱེ་འབྱུང་ཞེས་བྱ་མེ་ཏོག་གོ །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །དེ་བཞིན་གཤེགས་པ་སྤྱན་བཟངས་སོ། །ཕ་རོལ་ཕྱིན་བཅུ་ཐོབ་པ་ནི། །ཀུན་གྱི་དེད་དཔོན་དུ་བརྗོད་པའོ། །ཕ་རོལ་ཕྱིན་པ་བཅུར་གནས་པ། །ཕྱག་རྒྱ་ཆེན་པོའི་མིང་ཉིད་དོ། །ཕ་རོལ་ཕྱིན་བཅུ་དག་པ་ནི། །སྟོབས་པོ་ཆེ་རུ་བརྗོད་པ་ཡིན། །ཕ་རོལ་ཕྱིན་པ་བཅུ་ཚུལ་ནི། །རྒྱུ་སྐར་རྣམས་ཀྱི་རྒྱལ་པོའི་མིང༌། །ས་བཅུ་ཡི་ནི་དབང་ཕྱུག་ནི། །སྨན་ལྡན་བྱང་ཆུབ་སེམས་དཔའོ། །མགོན་པོ་ཞེས་བྱ་དེ་བཞིན་གྲགས། །ས་བཅུ་ལ་ནི་གནས་པ་པོ། །དེ་བཞིན་གཤེགས་པ་རྒྱལ་མཚན་མིང༌། །ཤེས་བཅུ་པོ་ནི་འོད་ཟེར་ཆེ། །རྣམ་དག་བདག་ཉིད་གྲོལ་ཕུང་པོ། །ཤེས་བཅུ་རྣམ་དག་འཆང་བ་ནི། །དེ་བཞིན་གཤེགས་པ་རྣམ་སྣང་མཛད། །རྣམ་པ་བཅུ་པོ་ཉི་མའི་སྙིང༌། །དོན་བཅུ་ཞེས་པ་ཟླ་བའི་མིང༌། །དོན་ཞེས་དེ་བཞིན་འོད་ཟེར་ཅན། །ཐུག་དབང་ཞེས་པ་འོད་འཕྲོ་བཟང༌། །སྟོབས་བཅུ་ཞེས་པ་མྱང་ངན་མེད། །ཁྱབ་བདག་ཅེས་པ་དེ་བཞིན་སྒེག །ཀུན་གྱི་དོན་ནི་མ་ལུས་བྱེད། །ཕྲེང་བ་འཛིན་པར་བརྗོད་པའོ། །རྣམ་བཅུ་ཞེས་པ་ཡོན་ཏན་འོད། །དབང་ལྡན་ཞེས་པ་དོན་སྟོན་པའོ། །ཆེ་ཞེས་པ་ནི་མི་མར་ལྡན། །ཐོགས་མེད་ཅེས་པར་བགྲུབ་པའོ། །སྤྲོས་མེད་བདག་ནི་སྨན་ཞེའོ། །


DTG049_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་བདག་ནི་དཔལ་ཞེས་བྱ། །དེ་བཞིན་ཉིད་བདག་མཛོད་སྤུ་ཞེའོ། །བདེན་པར་སྨྲ་བ་བརྟག་པའོ། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །དེ་བཞིན་གཤེགས་པ་དཔལ་གྱི་ལྷའོ། །གཞན་གྱི་ཚིག་མིན་མཐོང་བར་དཀའ། །གཉིས་སུ་མེད་པ་ཡོན་ཏན་ཏོག། གཉིས་མེད་ལྡན་པ་སྒྲ་གཅན་ནོ། །ཡང་དག་མཐའ་ལ་རྣམ་པར་གནས། །བྱང་ཆུབ་སེམས་དཔའ་གྲངས་ཅན་མིན། །བདག་མེད་སེང་གེའི་སྒྲ་དང་ལྡན། །དེ་བཞིན་གཤེགས་པ་ཚངས་པའི་དབྱངས། །མུ་སྟེགས་རི་དགས་ཞེས་པའི་སྒྲ། །བསྟན་པའི་མཚམས་ཞེས་བྱ་བའི་མིང༌། །འཇིགས་བྱེད་ཅེས་པ་རིགས་པར་ལྡན། །ཀུན་དུ་འགྲོ་བ་འོད་མཛད་པའོ། །དོན་ཡོད་སྟོབས་པོ་ཞེས་པ་ནི། །རི་བོ་ཆེན་པོ་ཞེས་བརྗོད་པའོ། །དེ་བཞིན་གཤེགས་བའི་ཡིད་མགྱོགས་ནི། །དེ་བཞིན་གཤེགས་པ་རྡོ་རྗེའི་མིང༌། །རྒྱལ་བ་རྒྱལ་མིང་ཞེས་པའི་མཚན། །དགྲ་རྒྱལ་ཞེས་པ་འཇིགས་མེད་པའོ། །རྣམ་པར་རྒྱལ་བའི་རིན་ཆེན་མཚན། །འཁོར་ལོས་སྒྱུར་བ་པདྨར་གསུངས། །སྟོབས་པོ་ཆེ་ནི་སྟོབས་སྡེ་ཅན། །ཚོགས་ཀྱི་གཙོ་བོ་མེ་ཏོག་འོད། །ཚོགས་ཀྱི་སློབ་དཔོན་ཡེ་ཤེས་འོད། །ཚོགས་རྗེ་ཞེས་པ་ལྷ་ཆེན་པོ། །ཚངས་པ་ཚོགས་ཀྱི་བདག་པོའོ། །བཙུགས་པ་ཆེན་པོ་སྣང་མཐའ་ཡས། །རིང་པོ་སྟེ་ནི་ཀླུས་བྱིན་ནོ། །གཞན་གྱི་ཚུལ་ནི་བསྟན་པའི་རིམ། །ཚུལ་ཆེན་པོ་ནི་དོན་ཡོད་མཐོང༌། །ཚིག་རྗེ་ཞེས་པ་དཔའ་བོ་སྦྱིན། །ཚིག་བདག་ཅེས་བ་མི་ལྟུང་བ། །ཚིག་མཁས་པ་ནི་སེང་རྒྱལ་མཚན། །ཚིག་དབང་ཞེས་པ་རྒྱལ་བའོ། །ཚིག་མཐའ་ཡས་པ་ཆོས་པའོ། །ཚིག་བདེན་པ་ནི་དཀའ་བའི་རྒྱལ། །བདེན་པ་སྨྲ་བ་དོན་འདོད་པའོ། །བདེན་པ་བཞི་ནི་ཉེར་སྟོན་པའོ། །དེ་བཞིན་གཤེགས་པ་དགའ་བ་མཛད། །ཕྱིར་མི་ལྡོག་པ་ཆུ་ཡི་ལྷ། །ཕྱིར་མི་འོང་བ་ཡོན་ཏན་ལག །བས་རུ་ཞེས་པ་ཡང་ས་པའི་སྤྱན། །འདྲེན་པ་རང་རྒྱལ་ཞེས་བྱ་བ། །དོན་ཡོད་དབྱངས་ཅན་ཞེས་པའི་མཚན། །སྣ་ཚོགས་མྱ་ངན་འདས་ལས་བྱུང༌། །ཐུགས་བཟང་པོ་ཞེས་བྱ་བར་བརྗོད། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །རྟག་ཏུ་ཟླ་བའི་མཚན་དུ་གནས། །དགྲ་བཅོམ་ཞེས་པའི་


DTG049_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོང་ཅན། །ཟག་པ་ཟད་པ་གྲགས་ཆེན་པོ། །དགེ་སློང་ཞེས་པ་གཙུག་ནོར་བུ། །འདོད་ཆགས་བྲལ་བ་ཞེས་གྲགས་པའོ། །གྲུབ་པ་ཞེས་པ་སེང་གེའི་འགྲོས། །བདེ་བ་རྙེད་པ་དང་བའི་མིང༌། །འཇིགས་མེད་ཐོབ་པ་ཞེས་པ་ནི། །དེ་བཞིན་གཤེགས་པ་རྣམ་རྒྱལ་དོན། །བསིལ་དར་གྱུར་པ་ཤེས་རབ་བརྩེགས། །རྙོག་མེད་པ་ནི་ལེགས་གནས་པའོ། །རིག་པ་སྤྱོད་པ་ཕུན་སུམ་ཚོགས། །དེ་བཞིན་གཤེགས་པ་བློ་གྲོས་མཚན། །བདེ་གཤེགས་ཤེས་པ་ཡན་ལག་སྐྱེས། །འཇིག་རྟེན་རིག་པའི་མཆོག་ཅེས་པ། །བདུད་རྩི་བློ་ཞེས་པ་ཡི་མཚན། །བདག་གིར་མི་འཛིན་གཟུགས་བཟང་པོ། །ངར་མི་འཛིན་ནི་ཡེ་ཤེས་ཅན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །དེ་བཞིན་གཤེགས་པ་འོད་ཟེར་མཚན། །འཁོར་བའི་ཕ་རོལ་མཐར་སོན་པ། །སངས་རྒྱས་བདར་བའི་དཀར་འོད་ཅན། །བྱ་བ་བྱས་པ་བཀྲ་ཤིས་ལྡན། །སྐམ་སར་གནས་པ་བདེན་པའི་ཏོག །ཡེ་ཤེས་འབའ་ཞིག་ལས་བྱུང་བ། །དེ་བཞིན་གཤེགས་པ་པདྨའི་མཚན། །ཤེས་རབ་མཚོན་ཆེན་རྣམ་འཇོམས་པ། །མི་ཡི་ཐེག་པ་ཞེས་པའི་མཚན། །དམ་ཆོས་ཞེས་བྱ་བདེ་བའི་ལག །ཆོས་རྒྱལ་ཞེས་པའི་མཚན་ཡང་ནི། །དེ་བཞིན་ཡེ་ཤེས་མཛད་པའི་བློ། །གསལ་ལྡན་ཞེས་པ་འོད་བྲལ་མིན། །འཇིག་རྟེན་སྣང་བྱེད་ཅེས་པ་ནི། །དེ་བཞིན་གཤེགས་པ་ཚངས་པས་བྱིན། །མཆོག་ནི་དེ་བཞིན་རིན་ཆེན་མཛད། །ཆོས་ཀྱི་དབང་ཕྱུག་མེ་ཏོག་ལྷ། །ཆོས་ཀྱི་རྒྱལ་ནི་ལེགས་བསམ་དོན། །ལེགས་པའི་ལམ་ནི་ཆོས་དབང་ཕྱུག །ཉེ་བར་སྟོན་པ་བློ་གྲོས་གྲགས། །དོན་ཡོད་གྲུབ་པ་རྡོ་རྗེ་ཏོག །བསམ་པ་འགྲུབ་པ་ཕན་སྒྲུབ་པའོ། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་རོལ་པའི་མིང་ཅན་ནོ། །རྣམ་པར་མི་རྟོགས་པའི་མཆོག །མི་ཟད་ཅེས་པ་དུ་མའི་ལྷ། །ཆོས་དབྱིངས་ཞེས་པ་དྲི་ཡི་ཏོག །ཆོས་ཀྱི་དབྱིངས་ནི་འོད་ཀྱི་ཚོགས། །ཆོས་དབྱིངས་དམ་པ་མི་ཟད་མིང༌། །དམ་པ་དེ་བཞིན་རིན་ཆེན་སྙིང༌། །བསོད་ནམས་ལྡན་ཞེས་བྱ་བ་ནི། །བསོད་ནམས་ལྡན་པ་གྲོང་ཁྱེར་མཐོང༌། །བསོད་ནམས་ཚོགས་ནི་ཚེས་པའོ། །ཡེ་ཤེས་ཤེས་པ་ཡིད་ཀྱི་ཡུལ། །ཡེ་ཤེས་མཛད་པ་ཡོན་ཏན་གྲོགས། །


DTG049_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཞེས་བྱ་ཟླ་བའི་དོན། །ཡེ་ཤེས་ལྡན་ནི་གསལ་བའི་རོ། །ཡོད་མེད་ཤེས་ཞེས་བྱ་བ་ནི། །དེ་བཞིན་གཤེགས་པ་སེང་གེའི་ཏོག །ཚོགས་གཉིས་ཚོགས་ནི་བསགས་པའོ། །ལུགས་ལས་བཟློག་དཔལ་ཞེས་བྱའི་མཚན། །རྟག་པ་ཞེས་བྱ་སྙིང་པོའི་དཔལ།། ཀུན་རྒྱལ་དངོས་པོའི་མཐར་སྟོན་པའོ། །རྣལ་འབྱོར་ཞེས་བྱ་ཀློག་གིའོ། །བསམ་བྱ་ཞེས་བྱ་གསེར་གྱི་སྦྱིན། །བསམ་པའི་བདག་པོ་གང་ཕྱིར་ཚིག །དེ་བཞིན་གཞན་གྱིས་མི་ཐུབ་ཏོག །སོ་སོ་རང་རིག་ཅེས་པའི་རྒྱལ། །མི་གཡོ་བ་ནི་རབ་གྲུབ་གྲགས། །མཆོག་གི་དང་པོ་བརྩོན་འགྲུས་བརྟན། །སྐུ་གསུམ་འཆང་བ་ཞེས་པའི་ཚིག །དཔེ་བྲལ་ཞེས་པ་གྲགས་པའི་མཚན། །སྐུ་ལྔའི་བདག་ཉིད་ཅན་ཞེས་པ། །སངས་རྒྱས་འཇིགས་པ་ཤིན་ཏུ་གྱུར། །སངས་རྒྱས་ཞེས་པ་དགྲ་བཅོམ་ལྷ། །དེ་ལ་ཡེ་ཤེས་ལྔ་བདག་ནི། །མར་མེ་ཆེན་པོ་ཞེས་པའི་མཚན་ཁྱབ་བདག་ཅེས་པ་འཇིག་རྟེན་འོད། །སངས་རྒྱས་ལྔ་བདག་ཅེས་བྱ་ནི། །དྲི་ཡི་བདག་པོར་གྲགས་པའོ། །ཡོན་ཏན་རྩེ་འཛིན་ཅོད་པན་ཅན། །སྤྱན་ལྔ་ཞེས་པ་མུན་བྲལ་གྱུར། །ཆགས་མེད་འཆང་བ་སེང་གེ་སྤྲེ། །སངས་རྒྱས་ཐམས་ཅད་སྐྱེད་པའོ། །དེ་བཞིན་གཤེགས་པ་རིན་ཆེན་གྲགས། །སངས་རྒྱས་སྲས་པོ་སྐྱོ་རང་བཞིན། །དམ་ཆོས་ཡིད་སྐྱེས་ཟླ་བའོ། །ཤེས་རབ་སྲིད་པ་ལེགས་པར་སྟོན། །སྐྱེ་འབྱུང་གཟུགས་བརྙན་བརྒྱན་པའོ། །སྐྱེ་གནས་ཞེས་པ་ནོར་བུ་བཟང༌། །ཆོས་ལས་བྱུང་བ་གང་ཕྱིར་ཚིག །རི་བོ་བརྩེགས་པ་ཏོག་གི་མིང༌། །འབྱུང་བ་སྲིད་སེལ་ཆོས་འབྱུང་གནས། །དེ་ལ་གཅིག་བུ་སྲ་མཁྲེགས་གཞན། །རྣམ་པར་དོན་ངེས་ཡེ་ཤེས་ཅན། །རྡོ་རྗེའི་བདག་ནི་ཆེར་སྟེར་བའོ། །སྐྱེས་མ་ཐག་ནི་རིན་ཆེན་གནས། །གང་ཕྱིར་འགྲོ་བའི་བདག་གི་ཚིག །རྒྱལ་བའི་དབང་པོ་བཏགས་པའི་མིང༌། །ནམ་མཁའ་ལས་བྱུང་སྟོན་པ་ནི། །སེང་གེ་རྣམ་གནོན་འགྲོ་བའོ། །རང་བྱུང་བ་ནི་གནས་པའི་བློ། །ཤེས་རབ་ཡེ་ཤེས་ཤེས་པ་ནི། །སྐལ་བྲལ་གདུགས་ཞེས་པ་ཡི་མཚན། །ཆེན་པོ་ཐུ་བོ་དེ་བཞིན་གཤེགས། །རྣམ་པར་སྣང་མཛད་བརྗོད་པའི་དཔལ། །འོད་ཆེན་པོ་ནི་སེང་གེའི་སྒྲ། །སྣང་


DTG049_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་ནི་རྣམ་རོལ་པའོ། །རྣམ་པར་སྣང་བ་ཀླུ་ཡི་འོད། །འགྲོ་བའི་མར་མེ་ཞེས་བྱ་ནི། །མེ་ཏོག་རི་ཞེས་བྱ་བའི་མཚན། །ཡེ་ཤེས་སྐར་མ་གླུ་དགའ་ཅན། །གཟི་བརྗིད་ཆེན་པོ་དྲི་དབང་ཕྱུག །འོད་གསལ་བ་ནི་ཤིན་ཏུ་གསལ། །རིག་སྔགས་རྒྱལ་ནི་སྟོབས་ཀྱི་ལྷ། །སྔགས་མཆོག་ཅེས་པ་ཡོན་ཏན་ཕྲང༌། །གསང་སྔགས་རྒྱལ་པོ་ཀླུ་ཡི་ཕྱག །དོན་ཆེན་བྱེད་ནི་གཟུགས་བརྙན་བརྒྱན། །གཙུག་ཕུད་ཆེན་པོ་རྒྱས་པའི་བློ། །རྨད་བྱུང་གཙུག་ནི་ཡེ་ཤེས་ཁྱབ། །དེ་བཞིན་སྣ་ཚོགས་སྟོན་པ་ནི། །བདུད་རྩི་མིག་ཅན་ཞེས་བྱའོ། །ནམ་མཁའ་བདག་པོ་བདེན་པར་སྨྲ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དེ་བཞིན་གཤེགས་པ་རབ་ཞི་བློ། །འགྲོ་ཀུན་དགའ་བའི་མིག་ལྡན་ནི། །མཐའ་།ཡས་གཟུགས་ཞེས་བྱ་བའི་མཚན། །སྣ་ཚོགས་གཟུགས་ནི་རྣམ་སྣང་མཛད། །སྐྱེས་པ་པོ་ནི་རིན་ཆེན་ཏོག །མཆོད་པ་ཞེས་བྱ་འདོད་པ་བྲལ། །གུས་པ་ལེགས་གཞིབས་ཞེས་པའི་མཚན། །དྲང་སྲོང་ཆེན་པོ་ཞེས་པའི་སྒྲ། །དོན་ཡོད་སངས་རྒྱས་རིམ་པའོ། །གཞན་ཡང་རིགས་གསུམ་འཆང་ཞེས་པ། །དེ་བཞིན་གཤེགས་པ་རྟོགས་པ་འཆང༌། །སྔགས་ཅན་ཞེས་པ་མེ་ཏོག་ཏོག །དམ་ཚིག་ཆེན་པོ་སྔགས་འཆང་བ། །མིང་ནི་རྡོ་རྗེ་དབང་རྒྱལ་པོ། །དཀོན་མཆོག་གསུམ་ཞེས་བྱ་བའི་ཚིག །སངས་རྒྱས་གཟི་བརྗིད་ཆེན་པོ་ཅན། །གཙོ་བོ་འཛིན་པ་དོན་ཡོད་མཛད། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །དོན་ཡོད་ཞགས་པ་གང་ཕྱིར་གཞན། །ཁྲོ་བོ་དབང་ཕྱུག་ཏུ་ནི་འདོད། །རྣལ་འབྱོར་དོན་གནས་ཡེ་ཤེས་ཅན། །རྡོ་རྗེ་ཞགས་པ་དེ་བཞིན་དུ། །མི་ཤིགས་གྲགས་པར་མིང་དུ་བཏགས། །འཛིན་པ་ཆེན་པོར་རྣམ་བཤད་པ། །དེ་བཞིན་གཤེགས་པ་མྱ་ངན་མེད། །རྡོ་རྗེ་ལྕགས་ཀྱུ་དྲི་མ་བྲལ། །ཞགས་པ་ཆེ་ནི་ཚ་བའི་ལྷའོ། །དེ་ལྟར་དེ་དག་མཚན་ཀུན་ནི། །ཨ་བ་དྷཱུ་ཏཱིའི་ནང་ནས་སྐྱེས། །དཀྱིལ་འཁོར་གཅིག་གི་ནང་དུ་ཡང༌། །ཞུགས་བས་སངས་རྒྱས་སྤྱོད་ཡུལ་ལོ། །སྐྱེ་དང་འགག་པ་ཤེས་པ་ལས། །ལུས་ཀྱི་སྐྱེ་སོགས་རྣམ་པར་སྤངས། །ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས། །བརྒྱ་དང་བརྒྱད་ཅུ་རྩ་གཅིག།


DTG049_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གོ །གང་ཕྱིར་ཐ་མལ་འཁྲུལ་བ་ནི། །དངོས་པོ་སྐྱེ་དང་འཇིག་ལ་སོགས། །དེ་ཉིད་སྤངས་པས་གྲོལ་བ་ནི། །མཁས་པས་སྲེད་པ་སྤངས་པས་སོ། །དེ་ལྟར་རྣམ་པར་སྣང་མཛད་རྫོགས། །སྔགས་ཀྱི་མིང་གི་སྦྱོར་བ་ནི། །དེ་རྣམས་བཤད་པར་བྱ་བ་ནི། །ཐེག་པ་གསུམ་སོགས་ཆོས་ལུགས་སུ། །སློབ་དཔོན་དུ་མ་ཡིས་ནི་གསུངས། །དེ་དག་གིས་ནི་མ་བཤད་དེ། །རོལ་པའི་རྡོ་རྗེ་འགྲེལ་པ་ལས། །མདོ་རུ་བསྡུས་པ་རྒྱུ་གཉིས་ཙམ། །དེ་ཡི་ལྷག་མ་ཤེས་པར་བྱའོ། །ཡང་ན་གཞན་དུ་བསྟན་པ་སྟེ། །འོན་ཀྱང་ཐམས་ཅད་ཡོངས་མ་རྫོགས། །གང་ཕྱིར་མཐའ་ཡས་སངས་རྒྱས་གསུངས། །ཚད་མར་ཐམས་ཅད་མི་གནས་ཏེ། །དེ་ཕྱིར་ཆོས་ནི་རྒྱལ་བ་ཡིས། །མིང་ཉིད་མང་པོ་ཆོས་མང་པོ། །ཆོས་ཀྱི་དབྱིངས་ཀྱི་དང་དུ་བཤད། །ཉེ་བར་བསྡུས་པ་ལས་ཆོས་ཀྱི་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་བཞི་པའོ།། །།

ལྔ་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བསྟོད་པའི་རྟོག་ཏེ་ཞེས་བྱ་བ།


DTG049_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ནི་མང་པོ་བསྡུས་པ་ཡིས། །རྣམ་པ་མང་པོ་བཤད་པར་བྱ། །ཅུང་ཟད་མན་ངག་གིས་ཀུན་བསྒྲུབས། །སྔོན་དུ་མེ་ལོང་ཡེ་ཤེས་ཏེ། །རྒྱུད་དང་རྒྱུད་ནང་ཐ་དད་པ། །འདིར་ནི་ཡང་དག་བསྡུས་པའོ། །ཚིགས་སུ་བཅད་པ་བཞི་ཆ་སོགས། །མཚན་ནི་བདུན་ཅུ་རྩ་གཅིག་གིས།། དེ་ཡི་ནང་ནས་ཚིགས་བཅད་གསུམ། །ཆ་ལྷག་མ་ནི་འབྲལ་བ་རུ། །ལྷག་མ་བདུན་ནི་ཡང་དག་བཤད། །ལྟེ་བའི་འཁོར་ལོའི་སྦུབས་སུ་ནི། །དེ་ཕྱིར་རྡོ་རྗེ་འཇིགས་བྱེད་སོགས། །སྒྲ་དང་ལྡན་པ་ནམ་མཁའོ། །དེ་ལྟ་བུ་ཡི་བར་དུ་ནི། །འཇམ་པའི་རྡོ་རྗེ་རྟག་ཏུ་གནས། །རྡོ་རྗེ་འཇིགས་བྱེད་རྒྱུད་ལས་ཏེ། །རྡོ་རྗེ་འཇིགས་བྱེད་ཁྲོ་བོ་ནི། །ཕྱག་དང་ཞལ་དང་ཞབས་རྣམས་ནི། །སུམ་ཅུ་རྩ་གསུམ་དགུ་བཅུ་དྲུག །དེ་ལྟར་བརྔ་ཡི་གཟུགས་དང་ནི། །རྣལ་འབྱོར་དུས་ཀྱི་བདག་ཉིད་དོ། །དགའ་བ་བཅུ་དྲུག་ཞབས་ཉིད་དོ། །བུ་ག་དགུ་ནི་ཞལ་ཉིད་དོ། །ཕྱག་ནི་ལྟ་བ་བདག་ཉིད་བཤད། །གཉིས་པོ་གཞན་ནི་ནང་སོང་བརྟག །དེ་ལྟར་གསུམ་གྱི་ནང་དུ་ནི། །ཡིད་ཀྱི་སྦྱོར་བས་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་ཞེས་པའི་མཚན། །ཁྲོ་བོ་རྣམ་རྒྱལ་རྒྱུད་ལས་ནི། །རྟོག་པ་ཕུང་པོ་མ་ལུས་པ། །གང་དུ་ལོངས་སྤྱོད་བྱ་ཕྱིར་རོ། །དེ་ལ་འདི་


DTG049_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞལ་དྲུག་པ། །ཡན་ལག་དྲུག་ཏུ་རྣམ་པར་བསྟན། །དེ་ཉིད་སྒྱུ་འཕྲུལ་དྲ་བ་རུ། །དངོས་པོ་ལྔ་བཅུ་རྩ་དྲུག་སྟེ། །གཞན་ཡང་དེ་བཞིན་བཤད་པར་བྱ། །གཉིས་བསྡོམས་གྲངས་ནི་དྲུག་ཅུ་སྟེ། །ཕྱག་དང་ཞབས་སུ་ཤེས་པར་བྱ། །ཁྲོ་བོའི་རྒྱལ་པོའི་མིང་ཉིད་དོ། །འཇིགས་པ་འགྲོ་ཀུན་དབང་བྱེད་དེ། །ཁྲོ་བོའི་གཟུགས་ནི་སྤྲོས་པས་སོ། །དེ་དག་གི་ནི་རང་བཞིན་ཀུན། །ཕྱག་ན་རྡོ་རྗེ་དབང་བསྐུར་ལས། །མིག་དྲུག་ཅེས་པ་ཁམས་དྲུག་གི །ཡེ་ཤེས་ལ་སོགས་པ་ཡི་མཐར། །ལྤགས་སོགས་ལ་ནི་དེ་ཤེས་བྱ། །གང་ཕྱིར་སྡོམ་པ་སོར་ཡང་འགྲུག། ལག་དྲུག་ཅེས་པ་དཀྱིལ་འཁོར་ཏེ། །ཟླ་བ་ཉི་མ་གཉིས་ལ་བརྟེན། །རྟག་ཏུ་ཐིམ་བར་གྱུར་པའོ། །རྡོ་རྗེ་དཀྱིལ་འཁོར་རྒྱུན་ལས་སོ། །སྟོབས་ནི་ཀུན་གཞི་རྣམ་པར་ཤེས། །སྲོག་ནི་མིང་དུ་བརྗོད་པ་ཡིན། །རྣལ་འབྱོར་རྒྱུད་ལས་སྤྱོད་པ་གསུངས། །བླ་མེད་དཔལ་གྱི་རྒྱུད་ལས་སོ། །ཀེང་རུས་མཆེ་བ་གཙིགས་པའི་སྒྲ། །དེ་ནི་ཉེ་བར་བསྟན་བྱ་སྟེ། །སྔོན་དུ་མཚེ་བ་བསྐུམ་པ་ནི། །ལྕེ་ཡིས་ཧ་ཡིག་ལ་རེག་བྱ། །ཕྱི་ནས་ལྕེས་ནི་རྐན་བསྐྱོད་གསུངས། །རྡོ་རྗེ་ཚོགས་འཐོན་རྒྱུད་ལས་སོ། །ཀེང་རུས་ཞེས་པ་བཤད་པ་ནི། །འཆི་བ་སླུ་བའི་བདག་ཉིད་དེ། །རཀྟ་འབར་བས་འཛག་པ་སྟེ། །འཁོར་ལོ་སྔོམ་པའི་རྒྱུད་ལས་སོ། །ཧ་ལ་ཧ་ལ་ཞེས་སྡོམ་པ། །ཤེས་རབ་དབུགས་ཀྱི་བར་བྱེད་པ། །གཉིས་གཉིས་སྦྱོར་བ་གསུངས་པ་སྟེ། །དོན་ཡོད་ཞགས་པའི་རྒྱུད་ལས་སོ། །གདོང་བརྒྱ་པ་ཞེས་གསུངས་པ་ནི། །རྩ་བརྒྱ་ཡི་ནི་རང་བཞིན་ཅན། །དེ་ཡི་གཙོ་བོ་སྟེང་ཉིད་དེ། །རྡོ་རྗེ་རྩེ་མོའི་རྒྱུད་ལས་སོ། །གཤིན་རྗེ་གཤེད་ནི་ཐིག་ལེ་སྟེ། །དྲུག་གི་ནང་དུ་ཡིད་ཉིད་དེ། །དེ་ཡི་མཚན་ཉིད་བཤད་པ་ཡང༌། །གསང་འདུས་ཕྱི་མའི་རྒྱུད་ལས་སོ། །བགེགས་ཀྱི་རྒྱལ་ཞེས་བྱ་བའི་མིང༌། །བདུད་རྩི་འཁྱིལ་བའི་རྣལ་འབྱོར་ཅན། །འོག་གི་སྒོ་ནས་བཀུག་པ་སྟེ། །སྒྱུ་འཕྲུལ་དྲ་སོགས་རྒྱུད་ལས་སོ། །རྡོ་རྗེ་ཤུགས་ཞེས་བྱ་བའི་མིང༌། །གང་དུ་རྟག་ཏུ་སྐྱེ་ས་བོན། །སྔོན་དུ་བདེ་བ་འདུས་པ་སྟེ། །དམ་ཚིག་ཆེན་པོའི་རྒྱུད་ལས་སོ། །གཞན་ཡང་འཇིགས་བྱེད་གསུངས་པ་ནི། །ལོག་པའི་དཔའ་བོ་རྣམ་པར་འཇོམས། །སྟེང་


DTG049_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དང་འོག་ཏུ་སོང་ཞིང་བལྟ། །གསང་དབང་ཐིག་ལེའི་རྒྱུད་ལས་སོ། །རྡོ་རྗེ་གྲགས་པ་ཞེས་བཤད་པ། །ལྟེ་བར་གཉིས་མེད་སྤྱོད་ཡུལ་ཅན། །རྟག་ཏུ་ཐབས་དང་ཤེས་རབ་ལས། །གཉིས་མེད་མཉམ་པའི་རྒྱུད་ལས་སོ། །རྡོ་རྗེ་སྙིང་པོ་ཞེས་བྱའི་ཚིག །མཚན་ཉིད་མཚན་མེད་དང་ལྡན་པ། །གཉིས་ཀ་སྤངས་པར་ཤེས་པར་བྱ། །ཟླ་གསང་ཐིག་ལེའི་རྒྱུད་ལས་གསུངས། །སྒྱུ་འཕྲུལ་རྡོ་རྗེ་ཞེས་པ་ནི། །གཉིས་གཉིས་རྫོགས་པའི་མཚན་ཉིད་ཅན། །དངོས་པོ་དངོས་མེད་ཕྱིན་བདེན། །སྒྱུ་འཕྲུལ་དྲ་བ་ལས་གསུངས་པའོ། །གསུས་པོ་ཆེ་ཞེས་བྱ་བའི་ཚིག །སྟོང་གསུམ་སྟོང་གི་ཆེན་པོར་འགྲོ་།དེ་འོག་ཡང་དག་གསུངས་པ་ཡང༌། །ཐམས་ཅད་ཡོད་མིན་ལྷག་མའོ། །རྡོ་རྗེ་བདག་ཅེས་བྱ་བའི་ཚིག །རྡོ་རྗེ་བུ་ག་གཉིས་ནས་ནི། །སྟེང་དང་འོག་ཏུ་ཡང་དག་དབབ། །རྡོ་རྗེ་ས་འོག་རྒྱུད་ལས་སོ། །རྡོ་རྗེ་སྐྱེ་གནས་ཤེས་པ་ནི། །འབྱུང་བཞི་བདག་ཉིད་ལས་བྱུང་བ། །རྟག་ཏུ་བདུད་རྩི་རྣམ་ལྔ་འཛིན། །འབྱུང་པོ་འདུལ་བའི་རྒྱུད་ལས་སོ། །རྡོ་རྗེ་སྙིང་པོ་ཞེས་བཤད་པ། །སྤྱི་བོར་དྲི་མ་མེད་པར་འགྱུར། །མི་འགྱུར་བ་ཡི་རླུང་ཉིད་དེ། །རྡོར་སྙིང་རྒྱན་གྱི་རྒྱུད་ལས་སོ། །མཁའ་འདྲ་བ་ཞེས་བྱ་བའི་མིང༌། །ཁམས་ནི་སུམ་ཅུ་རྩ་དྲུག་གྲངས། །རིགས་དང་རིགས་ནི་གཉིས་ཀ་བྲལ། །དེ་ཡང་སངས་རྒྱས་རྒྱུད་ལས་སོ། །མི་གཡོ་བྱང་ཆུབ་ས་བོན་ཏེ། །རླུང་དང་སྲོག་ནི་གཡོ་བས་སོ། །དེས་ནི་དེ་ཉིད་འཐོབ་པ་སྟེ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །རལ་པ་གཅིག་ཅེས་བཤད་བ་ཡང༌། །སྟེང་དང་འོག་གི་ལྕེ་གཉིས་གཉིས། །དེ་དག་བསྡམས་པ་གནད་ཀྱི་སྒོར། །རྡོ་རྗེ་པདྨའི་རྒྱུད་ལས་སོ། །གླང་ཆེན་ཀོ་རློན་ཞེས་པའི་ཚིག །ལྷ་ཡི་ཕྱག་རྒྱའི་སྦྱོར་བ་ཡིས། །ཨ་བ་དྷཱུ་ཏཱིར་ཡིད་སོང་ནས། །ནང་གི་བུ་གའི་དབུས་སུ་བསྒོམ། །འགྲོ་བ་དགའ་དང་བཅས་པར་བྱེད། །ལུས་དང་ངག་གཉིས་ཡང་དག་བྱུང༌། །རྟག་ཏུ་ཆོས་ཀྱི་དབྱིངས་བདག་ལས། །འཁོར་ལོ་སྡོམ་པའི་རྒྱུད་ལས་སོ། །རྣལ་འབྱོར་མ་རྣམས་གནས་ལས་སྐྱེ། །ཚོགས་ཀྱི་དབུས་ན་རོལ་པ་ཡང༌། །སྙིང་རྗེ་རོ་ཡི་སྦྱོར་བ་ལས། །བཏུབ་པ་ས་བོན་


DTG049_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་པོ། །ཧ་ཧ་ཞེས་སྒྲོགས་པ་ཡི་མིང༌། །བསིལ་བ་བཅུ་གཉིས་མཚམས་སུ་སོང༌། །དེ་ཡང་སྒྲ་མཚམས་ལྐོག་གཉིས་མཐར། །ཁྲོ་བོ་རྣམ་རྒྱལ་རྒྱུད་ལས་སོ། །དེ་ལ་གྲགས་ཆེན་ཞེས་བྱ་བ། །རང་འབྱུང་སྒྲ་ལ་བརྟེན་ནས་ནི། །མཐིལ་གཉིས་སྤྲད་པས་བདར་བ་སྟེ། །ལྕེ་དང་ལེའུ་ཆུད་ཕྲད་པས་སོ། །ཧི་ཧི་ཞེས་སྒྲོགས་ཞེས་བཤད་པ། །གོང་དུ་བཤད་པའི་ཚིག་བཞིན་ཏེ། །རྣལ་འབྱོར་གྱིས་ནི་འགྲོགས་པར་བྱེད། །ཁྲོ་ཟླའི་ཐིག་ལེ་རྒྱུད་ལས་སོ། །འཇིགས་པར་བྱེད་ཅེས་བྱ་བ་ནི། །འགོག་པ་མཆོག་གི་རིམ་པ་ལས། །ནན་ཏན་གྱིས་ནི་འདུ་བར་འགྱུར། །རྒྱུད་ཀུན་ལས་ནི་བསྡུས་ལས་གསུངས། །གད་རྒྱངས་ཞེས་པ་མཆོག་ཚིམ་པ། །ལས་ཀྱི་ཕྱག་རྒྱའི་སྦྱོར་བས་སྐྱེ། །རྒྱུན་མི་འཆད་པར་སྦྱོར་བ་ནི། །གད་མོ་ཆེན་པོ་ཞེས་བརྗོད་དོ། །ས་བོན་ཐིམ་པར་གྱུར་པའི་ཕྱིར། །ཡེ་ཤེས་གད་མོ་རྒྱ་ཆེན་པོ། །རྡོ་རྗེ་གད་མོའི་རྣམ་གྲངས་ཏེ། །ཡིད་ལྡན་རྣལ་འབྱོར་སྤྱོད་པས་སོ། །ཆེར་སྒྲོགས་ཞེས་ནི་རྣམ་བཤད་པ། །རྩ་གསུམ་དག་ནི་གང་བའོ། །ཡང་ན་ཁ་དང་ཁ་སྦྱོར་བ། །རྟག་ཏུ་ཤེས་རབ་ཀྱིས་ནི་བྱེད། །གསང་བ་ཐུན་མོང་མ་ཡིན་དཔལ། །རྒྱན་བཀོད་པ་ཡི་རྒྱུད་ལས་གསུངས། །རྡོ་རྗེ་སེམས་དཔའ་ཞེས་པའི་མཚན། །མཆོག་གི་ཚིམ་པ་བརྗོད་པའོ། །སེམས་དཔའ་ཆེན་པོ་ཞེས་གསུངས་པ། །རྒྱུན་མི་འཆད་པར་དབབ་པའོ། །དེ་བཞིན་རྡོ་རྗེ་རྒྱལ་པོ་ནི། །ས་བོན་ཐིམ་པར་བྱེད་པའོ། །གང་ཕྱིར་བདེ་བ་ཆེན་པོའི་ཚིག །རྟག་ཏུ་ཤེས་རབ་ལས་ལ་གུས། །དེ་ལྟར་རྡོ་རྗེ་སེམས་དཔའ་སོགས། །གསུམ་པོ་དག་ནི་གོ་རིམས་བཞིན། །མཆོག་གི་དང་པོ་གསུང་བ་འདུས། །དེ་བཞིན་གསང་མཛད་གཞན་ཡང་ནི། །རྣལ་འབྱོར་རྒྱུད་གསུང་ལས་གསུངས་པའོ། །དེ་དག་ཐབས་ཀྱི་མཚན་ཉིད་དེ། །འཁོར་ལོ་སྡོམ་པ་འབའ་ཞིག་ནི། །ཤེས་རབ་ཀྱི་ནི་རྒྱུད་དུ་བཤད། །དེས་ན་རྡོ་རྗེ་དྲག་ཅེས་ཏེ། །བརྗོད་པ་ལས་ཀྱི་ཤེས་རབ་ལས། །གཏུམ་པོ་འབར་བའི་སྒྱུ་མ་ནི། །རྡོ་རྗེ་རྩ་བར་ལམ་ཉིད་དེ། །དེ་ནི་མྱུར་འགྲོ་རྣལ་འབྱོར་ཏེ། །བདུད་རྩི་བཏུང་བ་སྟེང་དུ་འགྲོ། །ཡང་དག་འཇུག་ལ་བདག་ལས་མིན། །རྡོ་རྗེ་གསང་བའི་རྒྱུད་ལས་སོ། །དགའ་བ་ཆེ་ཞེས་བྱ་བའི་


DTG049_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མིང། །རང་གི་ཡེ་ཤེས་བདག་ཉིད་ཆེ། །གནས་པ་མ་ཡིན་མི་གནས་མིན། །གསང་ནོར་ཐིག་ལེའི་རྒྱུད་ལས་སོ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་པ། །བསམ་གཏན་བཞི་པའི་རྣམ་གྲངས་ཏེ། །སུཾ་བྷ་ནི་ལ་སོགས་པའི་སྔགས། །དེ་ཉིད་བསྡུས་པའི་རྒྱུད་ལས་སོ། །མཚོན་དུ་རྡོ་རྗེ་མདའ་ཐོགས་མིང༌། །དོན་ཉིད་ཀྱི་ནི་བཤད་བྱ་སྟེ། །ཇི་ལྟར་ཤུགས་ཀྱིས་སྦྱོར་གསུངས་དང༌། །དངོས་པོ་དེ་སྒོམ་གཉིས་པའོ། །དེས་ན་རྡོ་རྗེ་དང་ནི་མདའ། །རྡོ་རྗེ་མདའ་ནི་མཆོག་ཏུ་འཛིན། །དེ་དག་དགོངས་པའི་ཚིག་ཡིན་ཏེ། །དམ་ཚིག་ཆེན་པོའི་རྒྱུད་ལས་སོ། །རྡོ་རྗེ་རལ་གྲི་ཞེས་པའི་མཚན། །དེ་ཡང་གཉིས་སུ་གསུངས་པ་སྟེ། །ནམ་མཁའ་ལྔ་ཡི་དབུས་རྡོ་རྗེ། །རལ་གྲི་གསང་བའི་པདྨོའོ། །དེ་ལྟར་རྡོ་རྗེ་དང་རལ་གྲི། །གཉིས་ཀ་འཛིན་པས་ཕྱག་མཚན་ཏེ། །ཕན་ཚུན་ལས་ནི་སྲོག་འགུགས་པ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །དེ་དག་མ་ལུས་གཅོད་ཅེས་པ། །རྟོག་པ་ཡང་དག་བྱུང་བ་གཅོད། །འོད་གསལ་བར་གསུངས་བདག་ཉིད་དེ། །སེམས་དང་སེམས་བྱུང་རྟོག་པ་གཅོད། །སྣ་ཚོགས་རྡོ་རྗེ་འཆང་ཞེས་པ། །སྲོག་ལ་སོགས་པའི་རླུང་ལྔ་པོ། །རྣལ་འབྱོར་གྱིས་ནི་མ་ལུས་གཟུང༌། །མངོན་པར་བྱང་ཆུབ་རྒྱུད་ལས་སོ། །དེ་ལ་རྡོ་རྗེ་ཅན་ཞེས་པ། །ཡེ་ཤེས་དབྱེར་མེད་ངོ་བོ་སྟེ། །དེ་འཛིན་པས་ནི་རྡོ་རྗེ་ཅན། །ཡང་ན་དུ་བ་ལ་སོགས་ལམ། །རྡོ་རྗེ་གཅིག་པུ་ཞེས་བཤད་པ། །རྣལ་འབྱོར་ངོ་བོ་སྔར་གསུངས་བཞིན། །གཉིས་ཀ་ཐིམ་པར་ཐལ་བར་འགྱུར། །གཉིས་མེད་མཉམ་པའི་རྒྱུད་ལས་སོ། །གང་ཕྱིར་གཡུལ་ལས་ཞེས་པའི་ཚིག །འདོད་ཆགས་ལ་སོགས་ཉོན་མོངས་གཅོད། །རྒྱལ་བ་རྣམ་པར་རྒྱལ་བ་སྟེ། །ཁམས་གསུམ་རྣམ་རྒྱལ་རྒྱུད་ལས་སོ། །རྡོ་རྗེ་འབར་བ་མིག་མི་བཟང༌། །ནང་གི་དོན་དུ་བསྒྲུབ་པ་སྟེ། །ཇི་ལྟར་མེ་ལོང་གཟུགས་བརྙན་བཞིན། །བདེན་པ་མ་ཡིན་མཐོང་བ་ཙམ། །ཇི་ལྟར་རྨི་ལམ་དེ་བཞིན་སྣང༌། །ཇི་ལྟར་སྒྱུ་མ་དེ་བཞིན་གཞན། །དེ་ལྟར་རྡོ་རྗེ་དང་འབར་བའི། །རྡོ་རྗེ་འཇིགས་བྱེད་རྒྱུད་ལས་སོ། །དེ་ལྟ་བུ་ཡི་སྣང་བ་ནི། །མཚོ་སྐྱེས་རྡོ་རྗེ་འབར་བ་སྟེ། །རྩ་རྣམས་པདྨར་ཡང་དག་བཤད། །འབར་


DTG049_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བས་སེམས་ནི་འགུགས་པའོ། །རྡོ་རྗེ་འབེབས་ཞེས་ལ་སོགས་པ། །ཁྲོ་བོ་བཞི་ཡི་མིང་ཡིན་ཏེ། །རྟག་ཏུ་རྣལ་འབྱོར་དབང་པོ་ལས། །རྟག་ཏུ་རྡོ་རྗེ་དབབ་པར་བྱ། །དེ་བཞིན་གཞན་ཡང་འབེབས་པ་ཆེ། །སྤྱོད་ཡུལ་ཐིམ་པར་ལོངས་སྤྱོད་དོ། །མིག་བརྒྱས་ཐམས་ཅད་མཐོང་བ་དག། རིགས་མཆོག་གཉིས་སུ་མེད་པ་སྤོང༌། །རྡོ་རྗེ་མིག་ཅེས་བྱ་བའི་སྒྲ། །སངས་རྒྱས་གནས་ནི་མི་ཟད་པ། །རྣ་བས་རྣ་བར་བརྒྱུད་པ་ཡིས། །བླ་མས་སློབ་མ་ཤེས་པར་བྱ། །དེ་ལ་རྡོ་རྗེ་བ་སྤུ་སོགས། །གཉིས་སུ་དབྱེ་བར་གསུངས་པ་སྟེ། །དང་པོ་གཅིག་ནི་མི་འགྱུར་དོན། །རྣལ་འབྱོར་མ་དག་རང་ལས་སྐྱེས། །རྡོ་རྗེ་བ་སྤུ་གཉིས་པ་ནི། །རྩ་ནི་བྱེ་བ་ཕྱེད་དང་བཞི། །ཡང་ན་བརྒྱད་ཅུ་གྲངས་ཀྱིས་ཏེ། །བྱང་ཆུབ་སེམས་ཀྱི་བ་སྤུ་ལས། །མྱུ་གུ་སྐྱེད་པ་དེ་དག་གོ །ཐ་མལ་པ་ཡི་དྲི་མ་མེད། །དེ་ཡང་ལས་ལ་རབ་འཇུག་ཕྱིར། །རྡོ་རྗེ་སྤུ་ནི་གཅིག་པུ་ལུས། །དེ་ཡི་དོན་གྱི་ཁྱད་པར་ཡང༌། །རྡོ་རྗེ་དཀྱིལ་འཁོར་རྒྱལ་ལས་གསུངས། །རྡོ་རྗེ་རྩེ་ཞེས་བྱ་བའི་མིང༌། །འཛག་པ་རུ་ནི་གསུངས་པ་སྟེ། །དེ་ཡི་དུས་ཀྱི་གནས་སྐབས་ཀྱང༌། །རྡོ་རྗེ་རྩེ་མོའི་རྒྱུད་ལས་སོ། །དེ་དག་དང་འདྲ་གཞན་ཡང་ནི། །སེན་མོ་སྐྱེས་པ་བརྗོད་བྱ་སྟེ། །མི་འགྱུར་བ་ནི་འབྱུང་བ་སྟེ། །རྡོ་རྗེ་རྩེ་དེ་སྔར་གཞན་ན། །གང་ཕྱིར་རྡོ་རྗེ་སྙིང་པོའི་ཚིག །ཆོས་འབྱུང་ནང་དུ་ཐིམ་པའོ། །པགས་པ་མཁྲེགས་པ་རྣམ་བཤད་པ། །བླ་མ་བརྒྱུད་པའི་གུས་རིམ་གྱིས། །རྡོ་རྗེ་ཕྲེང་སོགས་ཤེས་པ་ནི། །རྟག་ཏུ་ཕྲ་མོ་བྱ་བ་ལས། །རྟོག་པ་ཐམས་ཅད་རྣམ་འཇོམས་པ། །དཔལ་དང་ལྡན་པའི་སྒྲར་གསུངས་པའོ། །རྡོ་རྗེ་རྒྱན་གྱིས་ཞེས་པ་ནི། །སྔོན་དུ་གསུངས་པ་རྣལ་འབྱོར་ཚུལ། །བརྒྱན་པ་སྐལ་པ་ཕུན་སུམ་ཚོགས། །ཁྲོ་བོ་རྣམ་རྒྱལ་རྒྱུད་ལས་སོ། །ཧ་ཧ་གད་རྒྱངས་ཞེས་པ་ནི། །རྟག་ཏུ་གོམས་པར་བྱ་བ་སྟེ། །སྤྱི་བོ་སོགས་ནས་ནོར་བུའི་མཐའ།། འདར་ཞིང་རྒོད་པ་ཐུབ་པའོ། །རྒྱངས་ནི་སྲོག་གི་ཐིག་ལེ་སྟེ། །དེ་དག་ཐིམ་པར་བསམ་པར་བྱ། །དུར་ཁྲོད་ས་ནི་རྐང་མནན་པས། །རྒྱངས་དང་ལྡན་པར་གནས་པ་སྟེ། །དུར་ཁྲོད་བཅུ་དྲུག་རྟག་བཤད་པ། །ཁམས་ནི་བཅུ་ཡི་བདག་ཉིད་དོ། །ཧ་ཧ་གད་རྒྱངས་སྟེང་གི་ལམ། །ལག་


DTG049_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཟངས་དཔལ་གྱི་རྒྱུད་ལས་བསྟན། །འོན་ཀྱང་དེ་ཀུན་བརྗོད་པ་ནི། །གསང་བ་ལ་སོགས་ཚིག་གི་རིམ། །ངེས་པར་གྲགས་པ་ཞེས་པའི་ཚིག །ངེས་པར་འབྱུང་ནས་འོག་ཏུ་སོང༌། །ཞུགས་པའི་སྒྲ་ནི་རྒྱུ་བ་སྟེ། །དཔའ་བོ་གཅིག་པའི་རྒྱུད་ལས་སོ། །རྡོ་རྗེ་སྒྲ་ཞས་བྱ་བ་ནི། །སྒྲ་ཡང་ཨ་བ་དྷཱུ་ཏཱིའི་དབུས། །དགོས་པ་ཐམས་ཅད་ཉན་པ་ནི། །བརྒྱ་སྟོང་བསྡུས་པའི་རྒྱུད་ལས་སོ། །ཡི་གེ་དྲུག་ཅེས་བྱ་བ་ནི། །དཀྱིལ་འཁོར་དྲུག་ཏུ་བསྡམ་བྱ་བ། །མི་འགྱུར་མཆོག་གི་རྣལ་འབྱོར་གྱིས། །ཤེས་རབ་དྲུག་གི་ཚུལ་རྒྱུད་ལས། །འཇམ་པའི་དབྱངས་ཞེས་བྱ་བའི་ཚིག །རྟག་ཏུ་འཁོར་ལོ་དྲུག་ཏུ་སྲོག །གྲུབ་པའི་རྣལ་འབྱོར་མ་ཡིན་སྡོམ། །འཕགས་པ་འཇམ་དཔལ་རྒྱུད་ལས་གསུངས། །སྒྲ་ཆེ་བ་ཞེས་བྱ་བའི་ཚིག །གཉིས་མེད་ཡེ་ཤེས་སྤྱོད་ཡུལ་ཏེ། །དེ་བས་སྤྲུལ་པ་ཐམས་ཅད་འབྱུང༌། །མངོན་པར་རྟོགས་པའི་རྒྱན་ལས་སོ། །འཇིག་རྟེན་གསུམ་ལས་བྱ་བའི་ཚིག །སེན་ཕྲ་བའི་རང་བཞིན་ཅན། །ནང་དང་ཕྱི་རོལ་དབྱེར་མེད་དེ། །འཇིག་རྟེན་གསུམ་རྒྱལ་རྒྱུད་ལས་སོ། །དེ་ནས་ཆེན་པོ་སྒྲ་གཅིག་སྟེ། །སྒོམ་པ་ཐུ་བོའི་དབུས་སུ་ནི། །སྒྲ་གཅིག་བསྟན་པའི་ཆོས་ཀྱིས་ནི། །ས་འོག་ས་སྟེངས་མཐོ་རིས་ལ། །ནམ་མཁའི་དབྱིངས་ལ་སོགས་པ་ཡི། །ཚིགས་བཅད་དུ་མས་དེ་ཉིད་སྟོན། །པདྨ་ཡོངས་རྫོགས་ནམ་མཁའ་ཡི། །ཁམས་ནི་རྣམ་ཤེས་བརྒྱད་པ་སྟེ། །རྣལ་འབྱོར་དགོངས་པའི་བར་དུ་འགྲོ། །རང་བྱུང་སྒྲ་ནི་སྒྲོགས་པའོ། །དེ་དག་དུས་ནི་བཞི་རྣམས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ཡང་ན་གཞན་དུའང་བརྗོད་པར་བྱའོ། །སྒྲ་ལྡན་ནམ་མཁའ་ཞེས་བྱ་བ། །སྔགས་ཀུན་གསུངས་པའི་མཚན་ཉིད་ཡིན། །འཇམ་དཔལ་གྱི་ནི་རྒྱུད་ལས་ནི། །རྟག་ཏུ་རྣལ་འབྱོར་པ་ཡིས་བྱ། །དེ་ལྟར་འདིར་ནི་རྣལ་འབྱོར་བཤད། །བདུན་ཅུ་རྩ་གཅིག་མིང་གིས་སོ། །ཐམས་ཅད་སྤྲོས་པའི་རྒྱུད་ཉིད་ཀྱང༌། །ཇི་ལྟར་མངོན་རྟོགས་རིམ་ལས་གསུངས། །རྣལ་འབྱོར་སྤྱོད་དང་བྱ་རྒྱུད་དག །ཤིན་ཏུ་རྒྱས་པ་ཡང་དག་བྱུང༌། །སྣ་ཚོགས་གཟུགས་ནི་ཚུལ་ཆེན་པོ། །ཡང་ན་རྣམ་པ་སྣ་ཚོགས་བྱུང༌། །མེ་ལོང་ཡེ་ཤེས་ཀྱི་ནི་སྐུའི། །


DTG049_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་རྣམ་པ་དུ་མ་བྱས། །གཞུང་ནི་གསལ་དང་མི་གསལ་བས། །ཞལ་ནས་ཞལ་དུ་བརྗོད་པར་བྱ། །དེ་ལྟར་མི་བསྐྱོད་རྡོ་རྗེ་ཡི། །ཏིང་ངེ་འཛིན་ནི་ཐམས་ཅད་གསུངས། །ཆོས་ཀྱི་དབྱིངས་སོགས་ཡེ་ཤེས་ཀྱི། །ནང་ཉིད་དུ་ནི་རྟག་ཏུ་གནས། །སྔོན་དུ་རྣལ་འབྱོར་ཡང་དག་བྱུང༌། །སངས་རྒྱས་ཀྱི་ནི་སོ་སོ་རྟོག །རབ་ཏུ་གསལ་བའི་ཡེ་ཤེས་ནི། །རབ་ཏུ་གསལ་བའི་མེ་ལོང་ངོ༌། །ཉེ་བར་བསྡུས་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བསྟོད་པའི་རྟོག་གེ་ཞེས་བྱ་བ་སྟེ་ལྔ་པའོ།། །།

དྲུག་པ། དཔྲལ་བ་དང་ལྟེ་བའི་འཁོར་ལོ་གནས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྣམ་པར་རྟོག་ཏེ་ཞེས་བྱ་བ།


DTG049_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་མཚན་གྱིས་སངས་རྒྱས་ཏེ། །དེ་ཡི་མཚན་ཉིད་བརྗོད་པར་བྱ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །རྣལ་འབྱོར་ལ་བརྟེན་རྣལ་འབྱོར་པ། །དེས་ན་བསམ་གཏན་ཡིན་པ་བས། །སངས་རྒྱས་དག་གི་ཕྲིན་ལས་མཛད། །མིང་ནི་དོན་ཅན་འདུས་ཞེས་བྱ། །གཉིས་མེད་ལ་ནི་གཉིས་འབྱུང་བ། །གཉིས་ནི་བདེན་པ་ཡོད་མ་ཡིན། །སྒྱུ་མ་ལྟ་བུར་རབ་ཏུ་གྲགས། །སེམས་ཅན་གདུལ་བའི་དོན་དུ་ནི། །སྣང་བ་གཉིས་མེད་རྒྱུ་ཅན་ནོ། །དེ་ལ་ཚིགས་བཅད་བཞི་བཅུ་དང༌། །དེ་བཞིན་དུ་ནི་གཉིས་ལྷག་གཞན། །མཚན་དག་ཀྱང་ནི་གཉིས་བརྒྱ་དང༌། །དེ་བཞིན་བདུན་ཅུ་རྩ་ལྔ་དང༌། །དེ་བཞིན་ཉིད་ཅེས་སོགས་པ་ནས། །ཡེ་ཤེས་འོད་ནི་འོད་གསལ་མཐར།། དེ་ལྟར་སྔོན་གསུངས་བདུན་པོ་དང༌། །དེ་བཞིན་གཞན་ཡང་བཞི་བཅུ་དང༌། །གཉིས་ལྷག་པར་ནི་གསུངས་པ་དང༌། །བཅོ་ལྔ་མཉམ་ཉིད་ཡེ་ཤེས་ཀྱི། །ཉེར་བསྡུས་ལྟེ་བའི་འཁོར་ལོ་ཡི། །དྲུག་ཅུ་རུ་ནི་གསུངས་པ་ཡིན། །དེ་བཞིན་ཞེས་པ་ཡེ་ཤེས་གྲགས། །ཡང་དག་པ་ཞེས་དེ་བཞིན་རྒྱལ། །བདག་མེད་ཅེས་པ་ཡོན་ཏན་འོད། །ཡང་དག་མཐར་སྒྲ་ཁྱད་པར་ཆེ། །ཡི་གེ་མེད་པ་ཟླ་བ་གང༌། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ནི། །དེ་བཞིན་གཤེགས་པ་པདྨའི་འོད། །ཟབ་མོ་ཞེས་པ་དཀའ་ཐུབ་བཟང༌། །རྒྱ་ཆེ་བ་ནི་མར་མེ་རྒྱལ། །ཆོས་ཀྱི་དུང་སྟེ་གློག་གི་ཏོག །སྒྲ་ཆེན་པོ་ནི་འོད་ཀྱི་རྒྱལ། །ཆོས་ཀྱི་གཎྜཱི་གསལ་བའི་རྒྱལ། །སྒྲ་བོ་ཆེ་ཞེས་བྱ་བའི་མཚན། །དཔེ་བྲལ་གྲགས་ཞེས་བརྗོད་པ་ཡིན། །མི་གནས་མྱ་ངན་འདས་པ་ནི། །དེ་བཞིན་གཤེགས་པ་པདྨོར་གྲགས། །ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །དེ་བཞིན་གཤེགས་པ་


DTG049_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་མཚན། །གཟུགས་མེད་པ་ནི་སྤྱན་བཟང་མཆོག །གཟུགས་བཟང་བ་ནི་གྲངས་མེད་དོན། །དམ་པ་ཞེས་པ་གྲགས་པའི་སྟེ། །སྣ་ཚོགས་གཟུགས་ནི་བསོད་ནམས་འོད། །ཡིད་ལས་སྐྱེས་པ་ཁྱད་པར་རོ། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། ཚོགས་མེད་བློ་ཅན་ཞེས་པའི་མིང༌། །གཟུགས་རྣམས་མ་ལུས་འཆང་བ་ནི། །དེ་བཞིན་གཤེགས་པ་རཱ་ཧུ་ལ། །མཚུངས་མེད་པ་ནི་ཡེ་ཤེས་འོད། །ཆེར་གྲགས་ཞེས་པ་གྲོགས་དང་ལྡན། །ཁམས་གསུམ་དབང་ཕྱུག་ཆེན་པོ་ནི། །མཚན་ནི་ཡེ་ཤེས་དབང་པོར་བཏགས། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དེ་བཞིན་གཤེགས་པ་སྐར་མའི་ཏོག །ཆོས་ཀྱི་ཏོག་ནི་རཱ་ཧུ་ལ། །དར་བ་ཆེན་པོ་སྨན་ཆེན་པོ། །འཇིག་རྟེན་གསུམ་གྱི་སྨན་པའི་རྒྱལ། །གཞོན་ལུས་བསོད་ནམས་དབང་པོ་ཡི། །གནས་བརྟན་ཞེས་པ་རྒྱུ་བའི་མཚན། །རྒན་པོ་སྐྲ་མའི་རྒྱལ་པོའོ། །སྐྱེ་དགུའི་བདག་པོ་ཞེས་པའི་མཚན། །དེ་བཞིན་གཤེགས་པ་རྒྱལ་བའི་སྒྲ། །སུམ་ཅུ་རྩ་གཉིས་མཚན་ཞེས་པ། །ཉི་མའི་འོད་ཟེར་འཆར་བའོ། །སྡུ་གུ་ཞེས་པ་ཆོས་ཀྱི་མཛོད། །འཇིག་རྟེན་གསུམ་ན་མཛེས་ཞེས་པ། །དེ་བཞིན་གཤེགས་པ་བློ་གྲོས་ལེགས། ཡོན་ཏན་སློབ་དཔོན་འཇིག་རྟེན་ཤེས། །རྒྱལ་བའི་དབང་པོས་མཚན་དུ་གྲགས། །འཇིག་རྟེན་སློབ་དཔོན་རྡོ་རྗེ་སྡེ། །འཇིགས་པ་མེད་ནི་རྡོ་རྗེ་བརྩེགས། །མགོན་པོ་སངས་རྒྱས་ལེགས་གནས་པ། །སྐྱོབ་པ་ཞེས་པ་རྒྱལ་བའི་བློ། །འཇིག་རྟེན་གསུམ་ཐོ་བ་ཚངས་པའི་དབྱངས། །སྐྱབས་ཞེས་བྱ་བ་གྲུ་ཡི་དབང༌། །སྒྲོལ་བ་ཡོན་ཏན་གསལ་དབང་ཕྱུག །གང་ཕྱིར་བླ་ན་མེད་པའི་ཚིག །མིང་གི་མངོན་པར་ཤེས་པའི་རྟོག །ནམ་མཁའི་མཐའ་ལ་ལོངས་སྤྱོད་ནི། །དེ་བཞིན་གཤེགས་པ་འོད་ཀྱི་ཏོག །ཐམ་ཅད་མཁྱེན་པའི་ཡེ་ཤེས་མཚོ། །དེ་བཞིན་གཤེགས་པ་དགེ་བའི་མཚན། །གཞན་ཡང་ཚང་པ་ཞེས་སུ་བརྗོད། །མ་རིག་ཅེས་པ་སྒྲ་མི་སྙན། །སྒོ་ངའི་སྦུབས་ནི་རོལ་པའི་གར། །ཡང་དག་འབྱེད་ནི་ཀླུས་བྱིན་ནོ། །སྲིན་པའི་དྲ་བ་བདེན་པའི་ཏོག །འཇོམས་པ་དེ་བཞིན་གཤེགས་པའི་མཚན། །ཉོན་མོངས་མ་ལུས་ཞི་བྱེད་ནི། །


DTG049_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཆན་ནི་གཞན་གྱིས་མི་ཐུབ་དབྱངས། །འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན། །སངས་རྒྱས་རིན་ཆེན་འོད་ཟེར་ཅན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །དེ་བཞིན་གཤེགས་པ་གསུང་དབྱངས་སྦྱིན། །རྫོགས་པའི་སངས་རྒྱས་རྒྱན་བྱས་ནི། །མཚན་ནི་སེང་གེ་ཞེས་བཏགས་པའོ། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །ཉི་མ་སྣ་ཚོགས་པའི་མཆན། །གསུམ་མཐའ་ཡེ་ཤེས་དཔའ་བོ་ཡི། །སེལ་བ་པདྨའི་ཕུང་པོའོ། །གསུམ་གྲོལ་ཞེས་པ་མེ་ཏོག་གོ །སྒྲིབ་པ་གསུམ་ལས་ངེས་གྲོལ་ནི། །རྣམ་པར་མནན་ཅིང་འགྲོ་བའི་དཔལ། །མཁའ་ལྟར་མཉམ་པ་ཉིད་སོང་ནི། །དེ་བཞིན་གཤེགས་པ་བསོད་ནམས་དཔུང༌། །ཉོན་མོང་དྲི་མ་ཀུན་སྤངས་ནི། །མཚན་ནི་མཆོག་ཏུ་གྱུར་པའི་བློ། །དུས་གསུམ་ཞེས་པ་གསལ་བའི་མཚན། །དུས་མེད་པར་སོང་རྟོགས་པ་ནི། །ཟླ་བའི་མར་མེ་ཞེས་པའི་མཚན། །སེམས་ཅན་ཀུན་ནི་མི་ཟད་པའོ། །གཙོ་བོ་ཆེ་ནི་བློ་བཟངས་སྤྱན། །ཡོན་ཏན་ཐོད་ཅན་རྣམས་ཀྱི་གཙུག །དེ་བཞིན་པ་ཡན་ལག་བཙུགས། །ཉོན་མོང་ཀུན་ལས་རྣམ་གྲོལ་པ། །ཤེས་རབ་ཡུ་ཞེས་བྱ་བའི་མཚན། །ནམ་མཁའ་ལྟ་བུའི་ནོར་བུ་གནས། །དེ་བཞིན་གཤེགས་པ་མཆོག་ཏུ་གྱུར། །ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །རབ་ཏུ་འཇོམས་པའི་འོད་ཟེར་མཚན། །རིན་ཆེན་ཀུན་གྱི་མཆོག་ཅེས་པ། །སངས་རྒྱས་ཤེས་པ་བྱིན་ཞེས་བྱ། །གང་ཕྱིར་ཁྱབ་པ་ཞེས་པའི་ཚིག །དེ་བཞིན་གཤེགས་པ་འཇམ་པའི་དབྱངས། །དཔལ་བསམ་ཤིང་ཆེན་ཞེས་པ་ནི། །ཚོགས་མེད་འདོད་པ་ཞེས་པའི་མཚན། །སངས་རྒྱས་པ་ཞེས་ཐུ་བོ་སྦྱིན། །བུམ་པ་བཟང་པོ་ཆེ་མཆོག་ནི། །དེ་བཞིན་གཤེགས་པ་དག་པའི་མཚན། །སེམས་ཅན་ཀུན་དོན་བྱེད་ཅེས་པ། །ཡེ་ཤེས་རྣམ་རིག་ཅེས་པའི་མཚན། །བྱེད་པ་དེ་བཞིན་གཤེགས་པའི་འོད། །ཕན་དོན་ཞེས་པ་དབང་པོ་ཡི། །སེམས་ཅན་མཉེས་གཤིན་ཞེས་པ་ནི། །དེ་བཞིན་གཤེགས་པ་ཐུགས་འཆང་བའོ། །བཟང་ངན་ཤེས་པ་ཞེས་པའི་ལྷ། །དུས་ཤེས་པ་ནི་འོད་ཟེར་བཟང༌། །དམ་ཚིག་ཅེས་པ་གཟུགས་བཟང་བའོ། །དམ་ཚིག་ལྡན་ནི་རྒྱལ་བའི་མཚན། །ཁྱབ་པ་དག་


DTG049_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་དོན་གྲུབ་མཛད། །སེམས་ཅན་དབང་པོ་ཞེས་པ་ནི། །དེ་བཞིན་གཤེགས་པ་སེང་གེ་སྟེ། །དུས་ཤེས་ཞེས་ནི་དྲི་ལྡན་ནོ། །རྣམ་གྲོལ་གསུམ་ལ་མཁས་པ་ནི། །དེ་བཞིན་གཤེགས་པ་གྲགས་པའི་མཚན། །ཡོན་ཏན་ལྡན་ནི་རྒྱལ་པོའོ། །ཡོན་ཏན་ཞེས་ནི་མཆོག་སྙིང་པོའོ། །ཆོས་ཤེས་བསོད་ནམས་འོད་ཟེར་ཅན། །བཀྲ་ཤིས་ཞེས་པ་མདོག་བཟང་པོ། །བཀྲ་ཤིས་འབྱུང་བ་ཉན་འདོད་པའོ། །བཀྲ་ཤིས་ཀུན་ཞེས་བྱ་བ་ནི། །མཚན་ནི་མར་མེའི་རྒྱལ་པོའོ། །བཀྲ་ཤིས་པ་ནི་རིན་ཆེན་བརྩེགས། །གྲགས་པ་ཞེས་བྱ་ཚོགས་མེད་ལྷ། །དེ་བཞིན་བཀྲ་ཤིས་པ་ཡི་བདག །སྙན་གྲགས་ཞེས་པ་གྲོལ་བར་འགྲོ། །དགེ་བ་གསེར་གྱི་གཙུག་ཕུད་དོ། །གང་ཕྱིར་དག་པ་ཆེན་པོའི་ཚིག །རཱ་ཧུ་ལ་ནི་བཟང་པོའི་མཚན། །དབུགས་ཆེན་ཞེས་པ་ཐུབ་པའོ། །དགའ་ཆེན་ཁྱོད་ནི་རང་བཞིན་ཐུབ། །རོལ་མོ་ཆེན་པོ་ཟླ་བའི་འོད། །བཀུར་སྟི་ཞེས་པའི་ཚིག་ཉིད་ནི། །གསེར་མདོག་བཟང་པོའི་འོད་ཅེས་བྱ། །རིམ་གྲོ་ཞེས་པ་དགེ་བའི་མཚན། །ཕུན་ཚོགས་ཡོན་ཏན་དཔའ་བོའི་ལྷ། །མཆོག་ཏུ་དགའ་བ་ཆོས་ཀྱི་གདུགས། །གྲགས་བདག་དཔལ་ཞེས་བྱ་བ་ནི། །དེ་བཞིན་གཤེགས་པ་ཡོན་ཏན་ལེགས། །མཆོག་ལྡན་འགྲོ་མིང་ཞེས་པ་ནི། །མཆོག་སྦྱིན་ཞེས་པ་ཡེ་ཤེས་རྫོགས། །གཙོ་བོ་ཞེས་པ་ཞིབ་མོའི་བློ། །སྐྱབས་ནི་འོད་ཟེར་ཀུན་འབར་བའོ། །དམ་པ་སྐྱབས་ཀྱི་སྨན་ཉིད་དོ། །འཇིགས་པ་ཆེན་པོ་དགྲ་ཞེས་པ། །རྣམ་གྲོལ་རྟོག་ཅེས་བྱ་བའི་མཚན། །རབ་ཀྱི་མཆོག་ནི་ཤེས་རབ་མཆོག །འཇིགས་པ་མ་ལུས་སེལ་བ་ནི། །དེ་བཞིན་གཤེགས་པ་ཡེ་ཤེས་རྒྱལ། །གཙུག་ཕུད་མིང་ནི་འཇིགས་པའི་གཟུགས། །ཕུད་བུ་ཞེས་པ་གློ་བུར་འཇོམས། །ལྕང་ལོ་ཅན་ནི་ཐོགས་མེད་གྲགས། །རལ་པ་ཞེས་པ་བདེན་པ་སྤུངས། །མུཉྫར་མཚན་ནི་ངག་སྙན་པའོ། །ཅོད་པན་ཅན་ནི་ངག་དབང་གྲགས། །གདོང་ལྔ་ཞེས་པ་ཆོས་ཀྱི་བརྩེགས། །གཙུག་ཕུད་ལྔ་ལྡན་གྲོལ་བའི་འོད། །ཟུར་ཕུད་ལྔ་པ་ལེགས་པར་བརྒྱན། །ཐོད་ཅེས་པ་ནི་རབ་ཞི་ལུས། །བརྟུལ་ཞུགས་ཆེན་པོ་འཆང་ཞེས་པ། །ཡིད་ཅེས་དག་


DTG049_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བའི་མཚན། །མགོ་ཟླུམ་སེང་གེ་མཆེ་བ་རྣོ། །ཚངས་པར་སྤྱོད་ནི་སེལ་བ་བོ། །བརྟུལ་ཞུགས་མཆོག་ཅེས་བྱ་བ་ནི། །འགྲོ་བ་མཆོད་བ་ཞེས་པའི་མཚན། །དཀའ་ཐུབ་ཆེན་པོ་སེང་གེ་རེག །དཀའ་ཐུབ་ཆེན་པོ་ཕྱིན་ཞེས་པ། །ཆོས་ཀྱི་མཚན་ཞེས་བྱ་བའི་མིང༌། །གཙང་གནས་ཞེས་བྱ་སྐལ་བ་བཟང༌། །གཽ་ཏམ་མི་བསྐྱོད་པ་ཡི་མདོག །དམ་པ་བྱ་ཞེས་འབར་རྒྱལ་བའི། །ཚངས་པ་ཞེས་ནི་རྟོགས་པའོ། །བྲམ་ཟེ་ཞེས་པ་སྤྱན་བཟང་ངོ༌། །ཚངས་པ་དོན་རིག་པ་ཡི་བློ། །མྱ་ངན་འདས་པ་ཚངས་པ་ནི། །འཇིགས་པ་མེད་པའི་འོད་ཟེར་མཚན། །ཐོབ་པ་ཞེས་པ་དྲི་ཡི་འོད།། གྲོལ་བ་དེ་བཞིན་དགའ་བའོ། །ཐར་པ་ཞེས་པ་དོན་ཡོད་འགྲོ། །རྣམ་གྲོལ་ཁྲོ་བོ་ཐལ་པའི་མདོག །རྣམ་གྲོལ་མཆོག་ནི་གཟུགས་ཞེས་བྱ། །ཞི་བ་དེ་བཞིན་ཉན་པའོ། །ཞི་བ་ཞེས་པ་གཙོ་བོར་གྲགས། །མྱ་ངན་འདས་པ་དྲག་པ་སྦྱིན། །མྱ་ངན་འདའ་བ་ཞེས་པ་ནི། །ཉི་མ་ལྷ་ཞེས་བྱ་བར་གྲགས། །ཞི་བ་ཞེས་པ་ཤེས་རབ་སྣང༌། །བཀྲ་ཤིས་ཞེས་བརྗོད་པ་ཡི་ཚིག །གཤིན་རྗེ་འཇོམས་པའི་ཡན་ལག་མཚན། །བདེ་སྡུག་སེལ་བ་མཐར་འགྱུར་བ། །དེ་བཞིན་གཤེགས་པ་ཤིང་རྟ་འགྲོ། །ཆགས་བྲལ་ཞེས་པ་གསེར་བཙོ་མ། །ཉོན་མོངས་ལུས་ཟད་ཅེས་པ་ནི། །སྐལ་བར་ལྡན་ཞིང་གཙུག་ཕུད་མིང༌། །ཐུབ་པ་མེད་པ་དེ་བཞིན་ཕྱུག །དཔེ་མེད་ཅེས་པ་དགའ་བ་བརྟེན། །མི་མངོན་མྱོས་པ་འཇོམས་པའོ། །མི་སྣང་བ་ནི་ཡེ་ཤེས་མཛོད། །གསལ་བྱེད་མིན་ནི་ཚངས་པའི་གྲོང༌། །དུས་མེད་ཅེས་པ་ཙནྡན་ནོ། །ཀུན་འགྲོ་ཞེས་པ་མྱ་ངན་མེད། །ཁྱབ་པ་པོ་ནི་སེང་གེ་འོད། །ཕྲ་ཞིང་ཞེས་པ་ཏོག་གི་ཡུལ། །ས་བོན་པདྨོའི་སྙིང་པོའོ། །གང་ཕྱིར་ཟག་པ་མེད་པའི་ཚིག །འོད་ཟེར་མཐའ་ཡས་ཞེས་པའི་མཚན། །རྡུལ་མེད་ཅེས་པ་ལྷ་ཡི་འོད། །རྡུལ་བྲལ་བསོད་ནམས་མེ་ཏོག་མཚན། །དྲི་མ་མེད་ནི་རིག་པའི་ཧོ་མ། །ཉེས་པ་སྤངས་པ་ཡི་ཤེས་དབང༌། །སྐྱོན་མེད་ཚངས་པ་གསལ་བའོ། །ཤིན་ཏུ་སད་པ་རིན་ཆེན་ཕྱག །བློ་གསལ་བདག་ནི་དབང་པོ་ལྡན། །ཀུན་ཤེས་ཞེས་པ་དཔེ་བྲལ་འགྲོ། །ཀུན་རིག་ཐུ་བོ་ཐེ་ཚོམ་ལྡན། །དམ་པ་ཞེས་པ་མཆོད་པའི་མཚན། །རྣམ་པར་ཤེས་པ་འབར་བའོ། །ཆོས་ཉིད་སྤངས་པ་ཞེས་


DTG049_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན། །དེ་བཞིན་གཤེགས་པ་སངས་རྒྱས་གདུགས། །ཡེ་ཤེས་ཞེས་པ་འདམ་གྱི་མཆོག །གཉིས་མེད་ཚུལ་འཆང་ཞེས་པ་ནི། །ཡེ་ཤེས་འོད་དང་ལྡན་པའི་མཚན། །མི་རྟོག་ཅེས་བྱ་གྲུབ་པའོ། །ལྷུན་གྱིས་གྲུབ་པ་རྨ་བྱའི་མཚན། །དུས་གསུམ་སངས་རྒྱས་ལས་བྱེད་ནི། །དེ་བཞིན་གཤེགས་པ་ཆོས་དང་ལྡན། །ཐོག་མ་ཐ་མ་མེད་ཅེས་པ། །ཕན་པར་ལྡན་པ་གཟུགས་ཞེས་མཚན། །སངས་རྒྱས་ཡེ་ཤེས་མཚན་དེ་བཞིན། །དང་པོ་སངས་རྒྱས་ཞེས་བྱ་བ། །གྲགས་པ་ཡི་ནི་མཚན་དུ་བརྗོད། །རྒྱུད་མེད་པ་ནི་འོད་ཟེར་འབར། །ཡེ་ཤེས་མིག་གཅིག་ཅེས་པ་ནི། །དེ་བཞིན་གཤེགས་པ་མ་ལུས་པ། །དྲི་མ་མེད་ཅེས་བྱ་བ་ནི། །བཻ་ཌཱུཪྻ་ཡི་སྙིང་པོའོ། །ཡེ་ཤེས་ལུས་ནི་རྒྱུ་སྐར་རོ། །དེ་བཞིན་གཤེགས་ནི་ལྷ་ཉིད་ལྡན། །ཚིག་གི་དབང་པོ་ཞེས་པ་ནི། །རི་བོང་ཅན་ཞེས་བྱ་བའི་མཚན། །སྨྲ་བ་ཆེ་ནི་དྲན་པའི་འོད། །སྨྲ་བའི་རྒྱལ་པོ་དགེ་བའི་འོད། །སྨྲ་བའི་སྐྱེས་བུ་ཞེས་པ་ནི། །ཡོན་ཏན་ཀུན་འབྱུང་འོད་ཟེར་མཚན། །སྨྲ་བའི་དམ་པ་ཞེས་སོགས་ནས། །ཚིགས་བཅད་ཕྱེད་ཀྱི་ནང་དུ་ནི། །རྒྱུ་དང་འབྲས་བུའི་བདག་ཉིད་དུ། །ཚིག་དབང་ཕྱུག་ནི་སྔོན་གསུངས་པ། །བདག་གིས་དེས་ན་འདིར་མ་བཤད། །གཞན་དུ་དགོངས་པ་སྣ་ཚོགས་གསུངས། །ཀུན་དུ་ལྟ་བ་ཡིད་ལེགས་པའོ། །རབ་ཏུ་དགའ་བའི་ཞེས་པ་ནི། །རིགས་ཀྱི་འོད་ཅེས་བྱ་བའི་མཚན། །གཟི་བརྗིད་ཕྲེང་བ་སྤྱད་པ་ནི། བལྟ་ན་སྡུག་ནི་ཡེ་ཤེས་མཚོ། །དཔལ་གྱི་བེའུ་ཞེས་བྱ་བ་ནི། །ཆོས་ཀྱི་དབང་ཕྱུག་རི་ཡི་མཚན། །འོད་བཟངས་སྐྲ་ལ་ལྟ་བའོ། །འབར་བའི་ཡོན་ཏན་བྱེ་བའི་སྟོབས། །ལག་པ་འོད་འབར་ཞེས་པ་ནི། །དེ་བཞིན་གཤེགས་པ་འཁོར་བའི་དབང༌། །སྨན་པ་ཆེ་ནི་ལེགས་པའི་དབྱངས། །མཆོག་ཅེས་པ་ནི་ལེགས་པར་རེག །གཙོ་བོ་དོན་གྲུབ་ཅེས་པའི་མཚན། །ཟུག་རྔུ་འབྱིན་པ་ཞེས་པ་ནི། །ཡོན་ཏན་གཟི་བརྗིད་དཔལ་གྱི་མིང༌། །དེ་ལ་བླ་ན་མེད་པའི་ཚིག །ཀུན་དུ་མཉམ་ཉིད་ཡེ་ཤེས་མཚན། །སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །བདུད་རྩི་དབྱངས་ཞེས་བྱ་བར་བརྗོད། །ཉོན་མོངས་ནད་ཀྱི་དགྲ་ཆེ་ནི། །དེ་བཞིན་གཤེགས་པ་བདེ་བར་སྣང༌། །ཐིག་ལེ་འཇིག་རྟེན་གསུམ་ཞེས་པ། །ལེགས་པའི་བློ་ཞེས་བྱ་བའི་


DTG049_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། །མཆོག་ནི་རྣམ་གྲོལ་དོན་ཙམ་མོ། །དཔལ་ལྡན་ཞེས་པ་ཁྱབ་དབང་ཕྱུག །རྒྱུ་སྐར་དཀྱིལ་འཁོར་ཞེས་པ་ནི། །རོལ་པའི་མཆོག་ཅེས་བྱ་བའི་མཚན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ནི། །ལྷག་མཐོང་ཞི་གནས་དེ་བཞིན་གཤེགས། །ཆོས་ཀྱི་རྒྱལ་མཚོན་ཆེན་པོའི་ཚོགས། །ཉེས་པ་སྤངས་ཞེས་བྱ་བར་གསུངས། །འགྲོ་ན་གདུགས་གཅིག་ཡངས་པ་ནི། །དེ་བཞིན་གཤེགས་པ་ཉི་མའི་འོད། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ནི། །བཀྲ་ཤིས་རྒྱས་པ་བློ་ཡི་མཚན། །དཔལ་ལྡན་པདྨ་གར་ཞེས་པ། །དེ་བཞིན་གཤེགས་པ་པདྨའི་མཆོག །རིན་ཆེན་གདུགས་ནི་ཉི་མའི་འོད། །དེ་བཞིན་ཁྱབ་བདག་ཆེན་པོར་བརྗོད། །སོ་སོར་གསུང་མདོག་ཅེས་པའི་མཚན། །སངས་རྒྱས་ཀུན་གྱི་རྒྱལ་བོ་ཆེ། །དེ་བཞིན་གཤེགས་པ་ལེགས་པའི་མུ། །སངས་རྒྱས་ཀུན་གྱི་དངོས་བདག་འཆང༌། །ཚོགས་ཀྱི་དབང་པོ་ཞེས་པའི་མཚན། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ནི། །འཇིགས་པ་བྲལ་བའི་མཚན་ཡིན་ནོ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །དེ་བཞིན་གཤེགས་པ་ཡེ་ཤེས་སྲེད། །རྡོ་རྗེ་རིན་ཆེན་ཞེས་པའི་ཚིག །སྤྲོས་པའི་མཚན་ཉིད་ཅེས་བྱའི་མཚན། །འོན་ཀྱང་འདི་ལས་གཞན་དུ་ནི། །དེ་བཞིན་གཤེགས་པ་དྲུག་ཏུ་གསུངས། །དབང་བསྐུར་བ་ནི་བློ་ཡི་མཆོག །རིན་ཆེན་ཀུན་བདག་དབང་ཕྱུག་ནི། །དེ་བཞིན་གཤེགས་པ་རི་བོང་ཅན། །འཇིག་རྟེན་དབང་ཕྱུག་ཀུན་བདག་ནི། །རིན་ཆེན་ཟླ་འོད་ཅེས་པའི་མཚན། །རྡོ་རྗེ་ཟླ་འོད་ཀུན་གྱི་རྗེ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། སངས་རྒྱས་ཀུན་གྱི་ཐུགས་ཆེ་ནི། །མེ་ལོང་ཆེན་པོ་ཞེས་པའི་མཚན། །སངས་རྒྱས་ཀུན་གྱི་ཐུགས་སོང་ནི། །དེ་བཞིན་གཤེགས་པ་ཚངས་པའི་དབྱངས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སྙན་པའི་གསུང་ཞེས་བྱ་བའི་མཚན། །སངས་རྒྱས་ཀུན་གྱི་གསུང་སྨྲ་ནི། །ཤེས་རབ་ཆེན་པོའི་མུ་རུ་གསུངས། །རྡོ་རྗེ་ཉི་མ་སྣང་ཆེ་ནི། །ཀུན་དུ་མཉམ་པ་བློ་ཡི་མཚན། །རྡོ་རྗེ་ཟླ་བ་དྲི་མེད་འོད། །རྡོ་རྗེ་ཚོགས་ཀྱི་བློ་ཞེས་བྱ། །ཆགས་བྲལ་ལ་སོགས་ཆགས་ཆེན་ནི། །དེ་བཞིན་གཤེགས་པ་བློ་དང་ལྡན། །ཁ་དོག་སྣ་ཚོགས་འབར་བའི་འོད། །མཚན་ནི་ནམ་མཁའི་


DTG049_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །དེ་བཞིན་གཤེགས་པ་ངག་དབང་ཕྱུག །སངས་རྒྱས་ཆོས་འཛིན་ཡང་དག་བརྗོད། །ཡོན་ཏན་ཕྱག་ཅེས་བྱ་བའི་མཚན། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །དེ་བཞིན་གཤེགས་པ་ཀུན་གྱི་དཔལ། །ཀུན་མཁྱེན་ཡེ་ཤེས་མཛོད་ཅེས་པ། །མཚན་ནི་འཕགས་པ་འདོད་པའོ། །སྣ་ཚོགས་སྒྱུ་འཕྲུལ་འཆང་ཞེས་པ། །དེ་བཞིན་གཤེགས་པ་གསལ་རྒྱལ་པོ། །རྒྱལ་པོ་ཞེས་པ་གསལ་བའི་རི། །སངས་རྒྱས་རིགས་འཆང་ཞེས་པ་ནི། །རྔ་སྒྲ་ཕུན་སུམ་ཚོགས་དབང་རྒྱལ། །ཆེན་པོ་འདོད་པའི་སྤྱན་གདོང་ཅན། །རྡོ་རྗེ་རྣོན་པོ་ཞེས་པ་ནི། །ཡེ་ཤེས་ལེགས་པ་ཞེས་བརྗོད་དོ། །རལ་གྲི་ཆེན་མོ་ཞི་གནས་མཚན། །རྣམ་དག་ཅེས་པ་ཡེ་ཤེས་བཟང༌། །ཡི་གེ་མཆོག་ནི་རབ་འདུག་མཚན། །སྡུག་བསྔལ་གཅོད་ཅེས་པ་ལ་སོགས། །ཚིགས་བཅད་ཕྱེད་དུ་གསུངས་པ་སྟེ། །དེ་ནི་ཚིག་རྐང་བཞི་ཡིན་པས། །ཆོས་ཀྱི་རྒྱལ་མཚན་བདེ་གཤེགས་སོ། །རྒྱལ་པ་འཛིན་ནི་དྲི་མ་བྲལ། །རྡོ་རྗེ་ཟབ་པོ་ཡེ་ཤེས་ཕྱུག །རྡོ་རྗེ་བློ་གྲོས་ཞེས་པའི་ཚིག །དེ་བཞིན་གཤེགས་པ་སྐར་བྲལ་སྒྲ། །དེ་བཞིན་རིན་ཞེས་བྱ་བ་ནི། །ཡོན་ཏན་གཟི་བརྗིད་འོད་ཀྱི་མཚན། །ཐམས་ཅད་ཕ་རོལ་ཕྱིན་པ་འགེངས། །དེ་བཞིན་གཤེགས་པ་དྲང་སྲོང་དབང༌། །སངས་རྒྱས་ཀུན་གྱི་རྒྱལ་ཡིན་ནོ། །བློ་གྲོས་ཕན་ཞེས་པ་ཡི་མཚན། །རྣམ་དག་ཆོས་ནི་བདག་མེད་པ། །དེ་བཞིན་སྤྲོས་པའི་འཁོར་ལོའོ། །ཡང་དག་ཡེ་ཤེས་ཟླ་འོད་སྙིང༌། །དེ་བཞིན་གཤེགས་པ་ཟླ་བའི་ཞལ། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་ནི། །བདེ་གཤེགས་ཉི་མ་ཟླ་བའོ། །རྒྱུད་ཀུན་གྱི་ནི་མཆོག་ཅེས་པ། །ཡོན་ཏན་རྒྱ་མཚོ་ཞེས་པའི་མཚན། །མ་ལུས་རྡོ་རྗེ་སྐྱིལ་ཀྲུང་ནི། །བདེ་གཤེགས་ཡོན་ཏན་བསྡུས་པའི་མཚན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང༌། །དེ་བཞིན་གཤེགས་པ་བླ་མེད་ཐོག །ཀུན་དུ་བཟང་པོ་བསོད་ནམས་ཏོག །བློ་གྲོས་བཟང་ནི་སྤོབས་པའི་ཡུལ། །ས་སྙིང་ཞེས་པ་རིགས་སྐྱེས་མཚན། །འགྲོ་བ་འཛིན་ནི་རྒྱལ་རིགས་སོ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །རྣམ་གྲོལ་དོན་བསམ་ཞེས་པའི་མཚན། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་མཚན། །གཉིས་པའི་


DTG049_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དུ་བསྟན་པ་ལས། །ཁྱད་པར་དབང་ཕྱུག་བརྗོད་པའོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །གང་ཕྱིར་དེ་ཡི་ཚིག་གཉིས་ནི། །དེ་བཞིན་གཤེགས་པ་མཆོག་གིའོ། །དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཡེ་ཤེས་སྤངས་ཞེས་པ་ཡི་མཚན། །སྐྱེ་མེད་ཆོས་ནི་སྣ་ཚོགས་དོན། །དེ་བཞིན་གཤེགས་པ་ནམ་མཁའི་ཁམས། །ཆོས་རྣམས་ཀུན་གྱི་རང་བཞིན་འཆང༌། །དེ་བཞིན་གཤེགས་པ་མཆོད་བྱེད་མཚན། །སྐད་ཅིག་ལ་སོགས་ཚིག་གཉིས་ནི། །དཔུང་ཚོགས་དཔལ་ཞེས་བྱ་བའི་མཚན། །ཆོས་ཀུན་མངོན་པར་རྟོགས་པ་ནི། །བདེ་གཤེགས་ཡོན་ཏན་ཟླ་བའི་མཚན། །ཐུབ་པ་བློ་མཆོག་འབྱུང་པོ་སེལ། །ཡང་ནི་རཱ་ཧུ་ལ་ཡི་མཚན། །མི་གཡོ་རབ་ཏུ་དང་བའི་བདག །བདུད་རྩི་འོད་ཅེས་བྱ་བར་བརྗོད། །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་འོད། །སངས་རྒྱས་ཀུན་གྱི་མངོན་སུམ་ནི། །ཟླ་བ་འདོད་པ་ཞེས་པའི་མཚན། །གང་ཕྱིར་ཡེ་ཤེས་འོད་ཀྱི་ཚིག །བློ་ལྡན་སེང་གེ་སྟོབས་ཀྱི་མཚན། །རབ་ཏུ་འོད་གསལ་ཞེས་པ་ནི། །ཡེ་ཤེས་སྐུ་ཞེས་བྱ་བར་གསུངས། །གཞན་ཡང་རྡོ་རྗེ་འཇམ་པའི་མཚན། །སངས་རྒྱས་ཀུན་ལ་ཁྱབ་པའོ། །གཅིག་དང་དུ་མའི་རང་བཞིན་ལས། །བསམ་གྱིས་མི་ཁྱབ་ཡང་དག་འབྱུང༌། །སོ་སོར་རྟོག་པའི་ཡེ་ཤེས་དང༌། །རང་རིག་ཡེ་ཤེས་སྐྱེ་བ་སྟེ། །འོན་ཀྱང་ཇི་ལྟར་ཤིང་ལས་མེ། །མ་གཙུབས་པར་ནི་འབྱུང་མི་འགྱུར། །དེ་བཞིན་ལུས་ལས་ཡེ་ཤེས་ནི། །སྲིད་པས་བསྡམས་ལས་སྐྱེ་མ་ཡིན། །དེ་ཕྱིར་བླ་མ་དམ་པ་ལས།། བསྲུབས་པས་འབྱུང་བར་ཐེ་ཚོམ་མེད། །རྣམ་པར་རྟོག་པ་ཀུན་འཇོམས་པའི། །གཉིས་མེད་པ་ནི་བསྲུབས་ལས་སྐྱེས། །དེ་ལྟར་མ་ལུས་ཕུན་སུམ་ཚོགས། །གང་ཕྱིར་པ་ནི་སྲིད་མཐར་ཕྱིན། །ཨ་ཝ་དྷཱུ་ཏཱིའི་དབུས་གནས་ཡང༌། །སངས་རྒྱས་ལ་སོགས་སྐུ་དག་འབྱུང༌། །དཀྱིལ་འཁོར་གཅིག་གི་དུས་སུ་སྟེ། །སྔར་ལ་ལྟོས་པས་གཉིས་པའོ། །དེ་དག་རྣལ་འབྱོར་མཆོག་གི་གཙོ། །དབང་པོ་འབྲིང་དང་དམན་པ་ལའོ། །དབང་པོ་མཆོག་ཏུ་གྱུར་པ་ལ། །དེ་བཞིན་ཕ་རོལ་ཕྱིན་པའི་ཐེག །མཆོག་གི་མཆོག་ཏུ་གྱུར་པ་ལ། །ཕ་རོལ་ཕྱིན་དང་གསང་སྔགས་


DTG049_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། །དེ་དག་འཁོར་ལོ་དྲུག་གི་ལམ། །སྲིད་པ་འཆིད་ལས་གྲོལ་བར་བྱེད། །ཉེ་བར་བསྡུས་པ་ལས། དཔྲལ་བ་དང་ལྟེ་བའི་འཁོར་ལོ་གནས་པ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་དྲུག་པའོ།། །།

བདུན་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མིང་བསྟན་པའི་རྣམ་པར་རྟོག་གེ་ཞེས་བྱ་བ།


DTG049_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་མིང་གི་རྣམ་གྲངས་དོན། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །བརྒྱ་ལས་བཞི་ལྷག་པ་ཡི་མིང༌། །ཚིགས་བཅད་ཉི་ཤུ་རྩ་བཞི་ཡིས། །རྣལ་འབྱོར་དང་ནི་ལྡན་པར་བརྗོད། །དང་པོར་འདོད་པའི་དོན་གྲུབ་ནས། །ནོར་བུ་ཆེན་པོ་ཞེས་པའི་མཐར། །ཇི་སྙེད་དབང་པོ་དོན་ཕྱིར་སོང༌། །སྐྱེས་སོ་ཅོག་ནི་འགག་པར་འགྱུར།། དེ་དང་ལྡན་པའི་མཚན་གསུངས་པ། །ཇི་སྐད་དུ་གསུངས་ལས་སྐྱེས་ཏེ། །འདོད་པའི་དོན་གྲུབ་ཅེས་པ་ནི། །དེ་བཞིན་གཤེགས་པ་བསྒྲུབ་པའི་དཔལ། །དམ་པ་ཡེ་ཤེས་ཉི་མའོ། །ངན་སོང་ཐམས་ཅད་རྣམ་སྤྱོད་ནི། །དོན་གྲུབ་ཅེས་ནི་བྱ་བའི་མཚན། །སེམས་ཅན་ཀུན་མཆོག་ཅེས་པ་ནི། །དེ་བཞིན་གཤེགས་པ་རི་རབ་བརྩེགས། །མགོན་པོ་ཞེས་པ་དྲག་སྦྱིན་མཚན། །སེམས་ཅན་ཀུན་རབ་གྲོལ་ཞེས་པ། །དེ་བཞིན་གཤེགས་པ་པདྨོའི་མཚན། །ཉོན་མོངས་གཡུལ་ལས་གཅིག་དཔའ་ནི། །དྲག་བཅོམ་གྲགས་ཞེས་བྱ་བའི་མཚན། །མི་ཤེས་དགྲ་ཡི་དྲེགས་འཇོམས་ནི། །དེ་བཞིན་གཤེགས་པ་ཡེ་ཤེས་སྟོབས། །བློ་ལྡན་ཞེས་བྱ་ཉོན་མོངས་འཇོམས། །སྒེག་པར་འཆང་ནི་མེ་ཞེས་པའོ། །དཔའ་བོ་མི་སྡུག་གཟུགས་འཆང་ནི། །དེ་བཞིན་གཤེགས་པ་བདེ་བའི་དྲི། །ལག་བརྒྱ་ཞེས་སོགས་ཚིག་གཉིས་ཀྱི། །དཔེ་བྲལ་བཀོད་པ་ཞེས་པའི་མཚན། །དཔལ་ལྡན་ལག་པ་ཞེས་སོགས་ནི། །དེ་བཞིན་གཤེགས་པ་རི་བོ་གྲགས། །གཅིག་སོགས་ནས་ནི་ཚིག་གཉིས་ཀྱིས། །སྲིད་པའི་མཐའ་སྟོན་པ་ཡི་མཚན། །ཚངས་སོགས་དེ་བཞིན་ཚིག་གཉིས་ནི། །དེ་བཞིན་གཤེགས་པ་ཟླ་བའི་མཚན། །གཉིས་མེད་ཆོས་ནི་རིན་ཆེན་ཟླ། །དམ་པའི་དོན་ནི་སེང་གེ་རྒྱལ། །འཇིགས་པ་མེད་ནི་བསམ་གཏན་དོན། །རྣམ་རིག་སྣ་ཚོགས་གཟུགས་དོན་ནི། །དེ་བཞིན་གཤེགས་པ་དཔེ་དང་བྲལ། །སེམས་ཤེས་པ་ནི་རྣམ་པར་རོལ། །རྣམ་ཤེས་ཡོན་ཏན་རིན་ཆེན་ནོ། །རྒྱུད་ལྡན་ཚིག་ནི་


DTG049_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྲུབ་མཚན། །དངོས་དོན་མ་ལུས་དགའ་བ་ནི། །དགྲ་བཅོམ་གྲགས་ཆེན་ཞེས་པའི་མཚན། །སྟོང་ཉིད་དགའ་བ་རིན་ཆེན་འོད། །བློ་མཆོག་ཅེས་པ་གཉིས་སུ་འདོད། །གཅིག་ནི་སྲིད་པས་བཅིངས་པ་སྟེ། །གཉིས་པ་སྤྱོད་པས་རྣམ་པར་འཁྲུལ། །སྲིད་པའི་འདོད་ཆགས་སྤངས་པ་ནི། །དེ་བཞིན་གཤེགས་པའི་མཛོད་སྤུའོ། །སྲིད་གསུམ་དགའ་བ་ཆེན་པོ་ནི། །སྤོབས་པ་གྲགས་པ་ཞེས་པའི་མཚན། །སྤྲིན་དཀར་དག་པ་ཞེས་པ་ནི། །བདེ་གཤེགས་རྡོ་རྗེ་ནོར་བུའོ། །འོད་བཟང་སྟོན་ཀའི་ཟླ་བ་ནི། །ཚེ་དཔག་མེད་ཅེས་བྱ་བའི་མཚན། །ཉི་མ་ཤར་བའི་དཀྱིལ་འཁོར་ནི། །དེ་བཞིན་གཤེགས་པ་ནོར་བུ་བཀོད། །སེན་མོའི་མདངས་ནི་ཤས་ཆེར་དམར། །དབང་པོ་ཆེན་པོ་ཞེས་པའི་མཚན། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །དེ་བཞིན་གཤེགས་པ་ཡོན་ཏན་འོད། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆད། །རི་བོ་གྲགས་པ་བརྩེགས་པའི་མཚན། །ནོར་བུ་ཆེན་པོ་འོད་དཔལ་ནི། །དེ་བཞིན་གཤེགས་པ་འོད་ཟེར་བཅུ། །སངས་རྒྱས་སྤྲུལ་པའི་རྒྱན་ལྡན་ནི། །གཉིས་དང་བྲལ་ཞེས་བྱ་བའི་མཚན། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་ནི། །དེ་བཞིན་གཤེགས་པ་ཀླུ་ཡི་སྟོབས། །རྫུ་འཕྲུལ་རྐང་པ་སྟོབས་ཆེན་ནི། །ཡིད་དུ་འོང་བ་ཞེས་པའི་མཚན། །དྲན་པ་ཆེན་པོ་འཆང་ཞེས་པ། །བདེ་གཤེགས་རིན་ཆེན་ཟླ་བ་ཡིན། །དེ་ཉིད་ཅེས་པ་ཤུགས་ཀྱི་མཚན། །དྲན་པ་བཞི་པོའི་ཏིང་འཛིན་རྒྱལ། །དེ་བཞིན་གཤེགས་པ་གསལ་བར་བྱེད། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དགའ་བའི་དབང་ཕྱུག་ཅེས་པའི་མཚན། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །བདེ་གཤེགས་གཙུག་ཕུད་འོད་ཟེར་རོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །འཇིགས་བྲལ་ཞེས་བྱ་བ་ཡི་མཚན། །རྫོགས་པའི་སངས་རྒྱས་ལམ་རིག་ནི། །བདེ་གཤེགས་ཡོན་ཏན་སྙིང་པོའོ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །དྲི་མེད་གྲགས་ཞེས་བྱ་བའི་མཚན། །ནམ་མཁའ་ལྟ་བུར་ཆགས་མེད་ནི། །དེ་བཞིན་གཤེགས་པ་གཟི་བརྗིད་ཞི། །སེམས་ཅན་ཀུན་གྱི་ཡིད་འཇུག་ནི། །གདུང་བ་གྲགས་ཞེས་བྱ་བའི་མཚན། །སེམས་ཅན་ཀུན་གྱི་ཡིད་མགྱོགས་ནི། །དེ་བཞིན་


DTG049_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ལྷ་མང་པོ། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །ལེགས་པར་མཉམ་ཞེས་པ་ཡི་མཚན། །སེམས་ཅན་ཀུན་གྱི་ཡིད་འཕྲོག་ནི། །སངས་རྒྱས་ལྔ་ཡི་འདོད་པའོ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །དེ་བཞིན་གཤེགས་པ་རིན་ཆེན་གཟུགས། །རྣམ་དག་ཕུང་པོ་ལྔ་འཆང་ནི། །རྒྱལ་བའི་སྟོབས་ཞེས་བྱ་བར་འདོད། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །བདེ་གཤེགས་སེང་གེ་གཤོག་པའོ། །ངེས་པར་འབྱུང་བ་ཀུན་ལ་མཁས། །གྲོང་ཁྱེར་ཆེར་མཐོང་ཞེས་པའི་མཚན། །དེས་འབྱུང་ཀུན་གྱི་ལམ་གནས་ནི། །དེ་བཞིན་གཤེགས་པ་བློ་གྲོས་ལེགས། །ངེས་པར་འབྱུང་བ་ཀུན་སྟོན་པ། །འཇིག་རྟེན་འོད་ཅེས་བྱ་བའི་མཚན། །ཡན་ལག་བཅུ་གཉིས་སྲིད་རྩ་འབྱིན། །དེ་བཞིན་གཤེགས་པ་རིན་ཆེན་ལྷ། །དག་པ་རྣམ་པ་བཅུ་གཉིས་འཆང༌། །སྐལ་ལྡན་ཤིང་རྟ་ཞེས་པའི་མཚན། །བདེན་བཞིའི་ཚུལ་གྱི་རྣམ་པ་ནི། །ཡང་དག་རྒྱལ་བ་ཞེས་པའི་མཚན། །ཤེས་པ་བརྒྱད་བོ་རྟོགས་པ་འཆང༌། །དེ་བཞིན་གཤེགས་པ་དགའ་བའི་བཀོད། །བདེན་པ་རྣམས་པ་བཅུ་གཉིས་སོ། །འོད་ཀྱི་མུ་ཞེས་བྱ་བའི་མཚན། །དེ་ཉིད་རྣམ་བ་བཅུ་དྲུག་རིག །དེ་བཞིན་གཤེགས་པ་དཀའ་ཐུབ་ཆེ། །རྣམ་པ་ཉི་ཤུ་མངོན་བྱང་ཆུབ། །བདེ་གཤེགས་ཟླ་བའི་མཚན་ཞེ་པའོ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །དེ་བཞིན་གཤེགས་པ་ཆོས་བརྟན་པ། །སངས་རྒྱས་གྲངས་མེད་སྤྲུལ་པ་ནི། །མི་ཐུབ་ཟླ་བ་ཞེས་པའི་མཚན། །སྐུ་ནི་བྱེ་བ་རྣམ་གྲུབ་པ། །དེ་བཞིན་གཤེགས་པ་རི་བོ་འོད། །སྐད་ཅིག་ཐམས་ཅད་མངོན་རྟོགས་ནི། །ཚངས་པའི་དབྱངས་ཞེས་བྱ་བའི་མཚན། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །དེ་བཞིན་གཤེགས་པ་བདེན་པའི་ལྷ། །སྣ་ཚོགས་ཐེག་སོགས་ཚིགས་བཅད་གཉིས། །ཡོན་ཏན་བརྩེགས་ཞེས་བྱ་བའི་མཚན། །ཐེག་པ་གསུམ་གྱི་ངེས་འབྱུང་ནི། །བདེ་གཤེགས་སེང་གེ་ཟླ་བའོ། །ཐེག་པ་གཅིག་གི་འབྲས་བུར་གནས། །ནོར་བུ་གོ་ཆ་ཞེས་པའི་མཚན། །ཉོན་མོངས་ཁམས་རྣམས་དག་པའི་བདག །དེ་བཞིན་གཤེགས་པ་ཟླ་བའི་མཚན། །ལས་ཀྱི་ཁམས་རྣམས་ཟད་བྱེད་ནི། །སྒྲ་དང་མཚུངས་


DTG049_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་མཚན། །ཆུ་བོ་རྒྱ་མཚོ་ཀུན་ལས་རྒལ། །དེ་བཞིན་གཤེགས་པ་གྲགས་ཆེན་ནོ། །སྦྱོར་བའི་དགོན་པ་ལས་རྒལ་བ། །གཟི་བརྗིད་ཤུགས་ཞེས་བྱ་བའི་མཚན། །ཉོན་མོངས་ཞེས་སོགས་ཚིག་གཉིས་ནི། །དེ་བཞིན་གཤེགས་པ་ཆོས་ཀྱི་གྲགས། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དགའ་བར་ལྡན་ཞེས་བྱ་བའི་མཚན། །དོན་ཡོད་འགྲོ་བའི་དོན་བྱེད་ནི། །དེ་བཞིན་གཤེགས་པ་དྲི་བཟང་པོ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང༌། །རི་བོའི་རྒྱལ་མཚན་ཞེས་པའི་མཚན། །རྣམ་ཤེས་དོན་ནི་དགའ་བའི་འོད། །འགོག་འཆང་ཞེས་བྱ་བ་ཡི་སྒྲ། །དེ་བཞིན་མཆོད་ཡོན་ཅན་ཞེས་བརྗོད། །སེམས་ཅན་ཀུན་ཡིད་ཡིད་ལྡན་ནི། །སྲིད་མཐའི་ནོར་བུ་ཞེས་པའི་མཚན། །སངས་རྒྱས་ཀུན་གྱི་ཐུགས་རིག་པ། །དེ་བཞིན་གཤེགས་པ་བདེན་པར་གསུངས། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །རྣམ་སྣང་མཛད་ཅེས་བྱ་བའི་མཚན།། དེ་དག་སེམས་དང་མཐུན་པར་འཇུག །རྣམ་པར་ངེས་པ་ཞེས་པའི་མཚན། །སེམས་ཅན་ཀུན་ཡིད་ཚིམ་པ་ནི། །གྲགས་པའི་མཐའ་ཞེས་བྱ་བར་བརྗོད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །དེ་བཞིན་གཤེགས་པ་ཡིད་འཆང་བ། །གྲུབ་པ་མཐར་ཕྱིན་འཁྲུལ་མེད་ནི། །སངས་རྒྱས་སེང་གེའི་འོད་ཟེར་རོ། །ནོར་བ་ཐམས་ཅད་རྣམ་པར་སྤངས། །སྲོག་དང་ལྡན་ཞེས་བྱ་བའི་མཚན། །དོན་གསུམ་ཐེ་ཚོམ་མེད་བློ་ནི། །དེ་བཞིན་གཤེགས་པ་འགྲོ་བའི་ཐེག །ཀུན་དོན་ཞེས་ནི་བྱ་བའི་མཚན། །དེ་བཞིན་གཤེགས་པ་ཐུན་ཚོད་དོ། །ཡོན་ཏན་ཀུན་གྱི་བདག་ཅེས་པ། །དེ་བཞིན་གཤེགས་པ་གྲགས་པའི་མཆོག །ཕུང་པོ་ལྔ་དོན་དུས་གསུམ་ནི། །བློ་བཟངས་བྱང་ཆུབ་སེམས་པའོ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ནོར་བུ་ཟླ་བ་ཞེས་པའི་མཚན། །སྐད་ཅིག་གིས་ནི་རྫོགས་སངས་རྒྱས། །དཀའ་ཐུབ་མི་བཟད་ཅེས་པའི་མཚན།། སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །གསལ་ལྡན་སེམས་ཅན་དོན་བྱེད་པའོ། །ལུས་མེད་ལུས་ནི་ནོར་བུས་འཁོར། །ལུས་ཀྱི་མཆོག་ནི་འཇིག་རྟེན་འདས། །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །སེང་གེ་གླང་པོ་ཞེས་པའི་མཚན། །གཟུགས་རྣམས་མ་ལུས་ཀུན་སྟོན་ནོ། །


DTG049_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཡོན་ཏན་རྒྱན་ཞེས་བྱ། །ནོར་བུ་ཆེན་པོ་རིན་ཆེན་ཏོག །དེ་བཞིན་གཤེགས་པ་རིན་ཆེན་འོད། །དེ་ལྟར་དེ་དག་གསུངས་པ་ནི། །མཚན་ནི་སྔགས་ཀྱི་ངོ་བོ་སྟེ། །དཀྱིལ་འཁོར་གཅིག་གི་སྦྱོར་བ་ལས། །སྔར་ལ་ལྟོས་པར་གསུངས་པ་ཡིན། །རྟོགས་བཅས་ཤེས་པ་མ་ལུས་པ། །རྟོག་བྲལ་བདག་ཉིད་དངོས་པོའོ། །དངོས་པོ་དངོས་པོར་མཉམ་གཞག་པས། །ཆོས་དབྱིངས་ནང་གི་སྤྱོད་ཡུལ་ལོ། །སངས་རྒྱས་བྱད་ཆུབ་སེམས་དཔའ་རྣམས། །དེ་ཉིད་དམིགས་པ་ཐིམ་པ་ནི། །ཀུན་རྫོབ་ཚུལ་ནི་རྣམ་པ་སྟེ། །དོན་དམ་གྱི་ནི་མཐའ་རུ་ཐིམ། །རང་རིག་པས་ནི་མཆོག་ཡིན་ལ། །གསང་གནས་སྤྱི་བོའི་མཐར་ལམ་སྐྱེ། །གང་ཕྱིར་འདིར་ནི་གལ་ཏེ་ནང༌། །དེ་དག་མཚན་ནི་བརྗོད་པ་ནི། །རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་སྟེ། །སྒྱུ་འཕྲུལ་དྲ་སོགས་གསུང་ཕྱིར་རོ། །ཇི་ལྟར་ནང་གི་བདག་ཉིད་དེ། །རྣལ་འབྱོར་རྟག་ཏུ་བཤད་དམ་ཅི། །འདུས་པ་ལ་སོགས་མ་གསུངས་ཕྱིར། །བཅོམ་ལྡན་འདས་ནི་བདེན་པ་མིན། །བྱ་དང་བྱེད་པ་མ་གྲུབ་པས། །རྣམ་པར་འཁྲུལ་བའི་རྣལ་འབྱོར་བསྒོམ། །དེས་ན་འདི་དག་བརྫུན་མིན་ནམ། །ཡིན་ན་དམྱལ་བར་ཡང་ནི་འགྲོ། །ཕྱིན་ཅི་ལོག་ཏུ་བསྟན་པས་ན། །བདག་དང་གཞན་དག་བརླག་པར་བྱེད། །འདི་ལྟ་བུ་ཡི་དགོངས་པར་ནི། །གྱུར་པ་དེ་ལ་བརྗོད་པར་བྱ། །གང་ཕྱིར་འདི་ནི་བསྟན་པ་སྟེ། །འཇིག་རྟེན་བྱིས་པའི་མ་ཡིན་ཏེ། །གང་ཕྱིར་སྒྱུ་འཕྲུལ་དྲ་བ་ལས། །རྒྱུད་ཀུན་གྱི་ནི་གཙོ་བོར་གསུངས། །གང་དེ་ཇི་ལྟར་སྔོན་དུ་ནི། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །ཕྱག་ན་རྡོ་རྗེ་དབང་བསྐུར་ཕྱིར། །ཆོས་དབྱིངས་དག་གི་དབང་ཕྱུག་གི །དཀྱིལ་འཁོར་ཆེན་པོར་རབ་ཏུ་བསྐོར། །ཁམས་གསུམ་དག་ཏུ་ལུང་བསྟན་པ། །དེ་ཡང་སྒྱུ་འཕྲུལ་དྲ་བའི་ཚུལ། །གསང་འདུས་ལ་སོགས་དགོངས་པས་མིན། །གལ་ཏེ་འདུ་སོགས་མ་ཡིན་ན། །འོ་ན་བཅོམ་ལྡན་བརྫུན་སྨྲ་མཛད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང༌། །རེས་འགའ་དག་ཏུ་པུ་སྟིར་གསུང༌། །ཇི་སྲིད་གསུང་འདུས་ལ་སོགས་ནས། །གང་ཕྱིར་ནམ་མཁའ་མཉམ་ལ་སོགས། །གཤིན་རྗེ་གཤེད་མཐར་སྔགས་དང་ནི། །འཁྲུལ་འཁོར་དག་སྟེ་གཉིས་ཀྱི་ཚིག །མ་ཡིན་


DTG049_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མ་གྲུབ་པར། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །དེ་ཡང་ལུང་དང་རིགས་པ་མིན། །སྒྱུ་འཕྲུལ་དྲ་བའི་སྦྱོར་བ་ནི། །གང་ཕྱིར་མཚན་ནི་བརྗོད་པ་ཡིན། །རྒྱུད་ཀུན་རྡོ་རྗེའི་ཚིག་རྣམས་ལ། །དེ་བཞིན་གཤེགས་པས་དང་པོར་གསུངས། །ཐོག་མ་མེད་ནས་མི་གནས་མིན། །འཇིག་རྟེན་པ་ལས་གྲུབ་པའི་གཏམ། །སྦྱིན་བདག་ལེན་པ་པོ་ཡི་དུས། །དབང་པོ་དང་ནི་ལྡན་པར་རོ། །ཕྱི་མའི་དུས་སུ་དག་པར་འགྱུར། །དེ་ལྟར་དེ་དག་ཚིག་མཐུན་པར། །རྡོ་རྗེ་ཅན་ཞེས་བསྟན་པ་དག །གསང་འདུས་ལ་སོགས་ནང་ནས་ནི། །གཙོ་བོར་སྒྱུ་འཕྲུལ་དྲ་བ་སྟེ། །དབང་བསྐུར་བ་ཡི་ཁྱད་པར་ཡང༌། །སྐལ་བར་ལྡན་ཡང་སྐལ་མེད་གྱུར། །གྲུབ་པས་ནང་གི་བདག་ཉིད་སྦྱོར། །མཚན་བརྗོད་པ་ལ་སོགས་པས་གསུངས། །རྣལ་འབྱོར་སྤྱོད་པ་བྱ་བ་སོགས། །དེ་བཞིན་གཞན་ཡང་རྒྱུད་ཀུན་ལས། །མཚན་བརྗོད་པ་ནི་ཐམས་ཅད་ཀྱིས། །བསྟོད་པ་ཞི་བ་མོའི་རྒྱལ་པོ་སྟེ། །གང་དེ་རྨོངས་པའི་བདག་ཉིད་དང༌། །སྙིགས་མ་ལྔ་ཡི་དུས་ཡིན་པས། །དཀའ་བའི་སེམས་ནི་འབའ་ཞིག་དག །རྟོག་གེ་སྐམ་པོའི་བདག་ཉིད་དོ། །གཞན་ཡང་རྟོག་གེ་སྐམ་པོ་ཡིས། །གལ་ཏེ་སེམས་ནི་ཞི་གྱུར་ན། །དེས་ན་ཐམས་ཅད་སངས་རྒྱས་སུ། །མངོན་སུམ་ཉིད་དུ་གདོན་མི་ཟ། །ཉེ་བར་བསྡུས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མིང་བསྟན་པའི་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་བདུན་པའོ།། །།

བརྒྱད་པ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པར་རྟོག་ཏེ་ཞེས་བྱ་བ།


DTG049_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་གཞན་ཡང་བརྗོད་བྱ་བ། །བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །གང་ཕྱིར་ཚིགས་བཅད་བཅོ་ལྡས་འདིར། །དགུ་བཅུ་རྩ་ལྔའི་མིང་ཅན་ཏེ། །འོད་གསལ་ལས་ནི་ཡང་དག་བྱུང༌། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་སོ། །དེ་དག་མཚན་ནི་བསྟན་པ་ཡང༌། །སེམས་ཉིད་སྒོམ་པར་འགྱུར་ཕྱིར་རོ། །སངས་རྒྱས་ཀུན་ཞེས་རྫོགས་པ་ནས། །དཔལ་དང་ལྡན་པ་མཆོག་མཐར་རོ། །དེ་ལ་མཚན་ནི་འདི་དག་ཀུན། །རྣལ་འབྱོར་སྒོམ་པ་པོ་ཡི་རྟགས། །སངས་རྒྱས་ཀུན་གྱིས་རྟོགས་བྱ་ནི། །དབང་དུ་བྱེད་པའི་རྒྱལ་པོར་གསུངས། །སངས་རྒྱས་བྱང་ཆུབ་ཅེས་པའི་སྒྲ། །བདུད་རྩི་རབ་ཏུ་ཞི་བའི་མཚན། །བླ་མེད་དེ་བཞིན་གཤེགས་བྱ་བ། །སངས་རྒྱས་མཉམ་པའི་བསམ་གཏན་ཅན། །ཡི་གེ་མེད་ཅིང་རྟོག་བྲལ་བའོ། །


DTG049_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ལས་བྱུང་ཞེས་པ་ནི། །དྲི་མ་རབ་ཏུ་ཞི་བའི་མཚན། །གསང་སྔགས་ཞེས་པ་རིགས་གསུམ་པ། །རྨོངས་པ་སྟོན་པའི་སངས་རྒྱས་ས། །གསང་སྔགས་དོན་ཀུན་སྐྱེད་པ་ནི། །དེ་བཞིན་གཤེགས་པ་རོལ་པའོ། །ཐིག་ལེ་ཆེན་པོ་ཞེས་བཤད་པ། །དགེ་བཟང་པོ་ཡི་མཚན་ཞེས་བྱ། །གང་ཕྱིར་ཡི་གེ་མེད་པའི་ཚིག །གཞན་ཡང་རྣམ་པའི་ཡེ་ཤེས་ཤུགས། །ཡི་གེ་ལྔ་ནི་སྨྲ་བའི་དབང༌། །སྟོང་པ་ཆེ་ནི་ལྷ་ཆེན་པོ། །ཐིག་ལེ་སྟོང་ནི་བློ་གྲོས་ཟབ། །ཡི་གེ་དྲུག་ཅེས་བྱ་བ་ནི། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །རྣམ་པ་ཀུན་ལྡན་རྣམ་མེད་ནི། །ཆོས་ཀྱི་སྟོབས་ཞེས་བྱ་བའི་མཚན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །འཇིག་རྟེན་གསུམ་མཆོད་སངས་རྒྱས་སོ། །དུས་དང་དུས་མིན་ཞེས་པ་ནི། །དེ་བཞིན་སྒྲ་གཅན་ཉི་མའི་སྙིང༌། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །དེ་བཞིན་གཤེགས་པ་རྒྱལ་མཚན་གྲོལ། །བསམ་གཏན་དུས་ཀུན་ཤེས་ཞེས་པ། །སྨན་པ་མཆོད་པའི་མཚན་ཞེས་པ། །ཏིང་འཛིན་རིགས་དང་རྒྱུད་འཛིན་པ། །དེ་བཞིན་གཤེགས་པ་མེ་ཏོག་འོད། །ཏིང་འཛིན་ལུས་ཏེ་ལུས་མཆོག་ནི། །དགེ་བའི་གཙུག་ཕུད་ཅེས་པའི་མཚན། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །དེ་བཞིན་གཤེགས་པ་བདུད་རྩི་འོད། །སྦྲུལ་པའི་སྐུ་སྟེ་སྐུ་མཆོག་ནི། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འོད། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །རྒྱ་མཚོ་བརྟན་ཞེས་བྱ་བའི་མཚན། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་ནི། །བདེ་གཤེགས་རིན་ཆེན་ཕུང་པོའོ། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །རོལ་པའི་སྟོབས་ཞེས་བྱ་བའི་མཚན། །ལྷ་ཡི་ལྷ་ནི་ཉི་མའི་མཚན། །ལྷ་ཡི་དབང་པོ་དག་པའི་འོད། །ལྷ་མིན་དབང་ནི་རིན་ཆེན་གཙུག །སྲིད་པའི་བདག་པོ་ཞེས་པ་ནི། །དཔལ་ནི་རྗེས་སུ་མཐུན་པའི་མཚན། །འཆི་མེད་དབང་པོ་སེང་གེའི་འགྲོས། །ལྷ་ཡི་བླ་མ་ཞེས་པ་ནི། །དེ་བཞིན་གཤེགས་པས་གསུངས་པའོ། །འཇོམས་བྱེད་ཅེས་པ་མེ་ཏོག་སྦྱིན། །འཇོམས་བྱེད་དབང་ཕྱུག་གྲོལ་བའི་འོད། །སྲིད་པའི་དགོན་པ་ལས་རྒལ་ནི། །དེ་བཞིན་གཤེགས་པ་པདྨོའི་མཚན། །གཅིག་ཅེས་པ་ནི་ཡེ་ཤེས་འདོར། །སྟོན་པ་རོལ་པ་བཀོད་པའོ། །འགྲོ་བའི་བླ་མ་ཞེས་པའི་ཚིག །དོན་ཡོད་གནས་པ་ཞེས་པའི་མཚན། །


DTG049_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གྲགས་ལ་སོགས་བརྟན་པའི་འོད། །ཆེ་བ་པོ་ནི་རྒྱལ་མཚན་ཏོག །བྱམས་པའི་གོ་ཆ་བགོས་པའོ། །དེ་བཞིན་གཤེགས་པ་བདེ་བའི་བསམ། །སྙིང་རྗེའི་ཡ་ལད་གྱོན་པ་ནི། །རྣམ་གྲོལ་རྒྱལ་པོ་ཞེས་པའི་མཚན། །ཤེས་རབ་རལ་གྲི་མངའ་གཞུ་ནི། །བྱང་ཆུབ་སེམས་དཔའི་ཚུལ་ཤེས་པ། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །རྒྱ་མཚོ་ཞེས་པའི་སངས་རྒྱས་སོ། །བདུད་དགྲ་ཞེས་པ་རིན་ཆེན་འཛིན། །བདུད་འདུལ་ཞེས་པ་མི་ཐུབ་པའོ། །དཔའ་བོ་འགྲོ་བ་མཉེས་པའོ། །བདུད་བཞིའི་འཇིགས་པ་སེལ་བྱེད་པ། །དེ་བཞིན་གཤེགས་པ་སྒྲ་ཆེན་པོ། །བདུད་ཀྱི་དཔུང་ལས་རྒྱལ་བྱེད་པ། །དེ་བཞིན་གཤེགས་པ་དུལ་བའི་མཚན། །རྫོགས་སངས་རྒྱས་ཞེས་མངོན་གསུངས་པ། །དཀྱིལ་འཁོར་དྲུག་པོ་དག་གི་ལྷ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །དེ་དག་ཀུན་གྱི་རྫོགས་སངས་རྒྱས། །དེ་བཞིན་གཞན་ཡང་ནང་དུ་གནས། །འཇིག་རྟེན་འདྲེན་པ་ཞེས་པའི་མཚན། །དངོས་པོ་སྲིད་པའི་དྲི་མ་སྤོང༌། །ཕྱག་ཅེས་པ་ནི་མཆོག་གི་མུ། །མཆོད་པ་ཞེས་པ་ལྷ་མང་སྒྲ། །བསྟོད་པའི་གནས་ནི་རིན་ཆེན་སྟོབས། །རྟག་ཏུ་རིམ་གྲོ་བྱ་བའི་འོས། །དེ་བཞིན་གཤེགས་པ་པདྨའི་ཕྱག །བཀུར་འོས་མཆོད་ཅེས་བྱ་བ་ནི། །དེ་བཞིན་གཤེགས་པ་དགྲ་ལས་རྒྱལ། །ཕྱག་ཅེས་པ་ནི་རྟོག་པ་གྲུབ། །བླ་མའི་རབ་ནི་ཡུལ་བཟང་པོ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མི་རྟོག་འོད་ཅེས་བྱ་བའི་མཚན། །མཁའ་ལྟར་མཐའ་མེད་རྣམ་མེད་དེ། །དེ་བཞིན་གཤེགས་པ་སེང་གེའི་སྒྲ། །གསུམ་རིག་པ་ནི་ཟླ་བ་སྨྲ། །ཐོས་པ་པོ་ནི་རྡུལ་བཀྲུས་པའོ། །གཙང་མ་ཞེས་པ་མི་གཡོའི་མཚན། །མངོན་ཤེས་དྲུག་ནི་བློ་གྲོས་མཚན། །རྗེས་དྲུག་ལྡན་ཞེས་བྱ་བའི་སྒྲ། །བསོད་ནམས་མར་མེའི་རྒྱལ་པོའོ། །བྱང་ཆུབ་སེམས་དཔའ་ཞེས་པ་ནི། །རྟོག་པའི་སྒྲ་ཞེས་བྱ་བར་བརྗོད། །སེམས་དཔའ་ཆེ་ནི་གཽ་ཏམ། །འཇིག་རྟེན་ལས་འདས་གཟི་བརྗིད་སྟོབས། །སྒྱུ་འཕྲུལ་ཆེ་ཞེས་བྱ་བའི་ཚིག །བློ་རྣམས་གཟུགས་ཞེས་བྱ་བའི་མིང༌། །ཤེས་རབ་ཕ་རོལ་ཕྱིན་མཐའ་ནི། །དེ་བཞིན་གཤེགས་པ་ཟླ་བ་བཟང༌། །ཤེས་རབ་དེ་ཉིད་ཅེས་པ་ནི། །བྱང་ཆུབ་ཡན་ལག་མེ་ཏོག་མཚན། །ཐོབ་


DTG049_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ནི་སྟོན་པའོ། །བདག་རིག་ཅེས་པ་གཟི་བརྗིད་བཟང༌། །གཞན་རིག་ཅེས་ནི་བྱ་བའི་ཚིག །ཡེ་ཤེས་གཟི་བརྗིད་སྟོབས་ཞེས་བརྗོད། །ཐམས་ཅད་ཅེས་པ་དགེ་བའི་འོད། །ཀུན་ལ་ཞེས་པ་བརྟེན་པའི་སྟོབས། །གང་ཕྱིར་གང་ཟག་མཆོག་ཅེས་པ། །ལྷ་ཡི་བུ་ཞེས་པ་ཡི་མཚན། །དཔེར་བྱ་ཀུན་ལས་འདས་པ་ནི། །དེ་བཞིན་གཤེགས་པ་རབ་ཞི་བའོ། །ཤེས་བྱ་ཞེས་པ་ཉི་མའི་ཞལ། །ཤེས་བྱའི་བདག་པོ་གྲོལ་བའི་འོད། །མཆོག་ནི་ཚུལ་ཁྲིམས་འོད་ཅེས་བརྗོད། །ཆོས་ཀྱི་སྦྱིན་བདག་ཅེས་པ་ནི། །དཀའ་ཐུབ་རྣམ་པ་ཞེས་པའི་མཚན། །གཙོ་བོ་དེ་བཞིན་རྡུལ་མེད་པའོ། །ཕྱག་རྒྱ་བཞི་ཡི་དོན་སྟོན་པའོ། །དེ་བཞིན་གཤེགས་པ་རྒྱ་མཚོའི་གསུང༌། །བསྙེན་བཀུར་གནས་ཀྱི་མཆོག་ཅེས་པ། །མིག་སྨན་ཞེས་པའི་མཚན་དུ་བརྗོད། །འགྲོ་བ་ཞེས་པ་ཀུན་ལས་རྒྱལ། །ངེས་འབྱུང་གསུམ་ནི་སེམས་ཅན་འོད། །བགྲོད་རྣམས་ཤེས་པ་དྲི་མ་མེད། །དམ་པའི་དོན་ཞེས་བྱ་བ་ནི། །དྲན་པའི་དབང་པོ་ཞེས་སུ་བརྗོད། །རྣམ་དག་དཔལ་ནི་ཞལ་རས་སྡུག །འཇིག་རྟེན་གསུམ་སྐལ་བཟང་ཞེས་པ། །རྒྱལ་མཚན་མཐའ་ཡས་ཞེས་པའི་མཚན། །ཆེན་པོ་ཞེས་པ་བློ་མཆོག་གོ །འབྱོར་པ་ཀུན་ཞེས་བྱ་བ་ནི། དེ་བཞིན་དཔུང་ཞི་རབ་ཞིའི་མཚན། །དཔལ་ལྡན་ཞེས་པ་རིན་ཆེན་འདོད། །འཇམ་དཔལ་ཞེས་པ་ཆོས་དབང་ཕྱུག །དཔལ་དང་ལྡན་པ་མཆོག་གི་མིང༌། །དེ་བཞིན་གཤེགས་པ་སྣ་ཚོགས་ལྷ། །ཀུན་གྱི་ཚིག་དོན་བརྗོད་པ་དག །མིང་ཉིད་སྔགས་ཀྱི་མཚན་དག་སྟེ། །དེ་དག་ལྟར་ན་བུ་གའི་མདའ། །སངས་རྒྱས་མཚན་ནི་སྦྱོར་ལ་སྐྱེ། །དཀྱིལ་འཁོར་གཅིག་གི་དབུས་སུ་ཡང༌། །སྔར་བཤད་ལྟོས་པས་བཞི་པའོ། །ཨ་ཝ་དྷཱུ་ལ་བརྟེན་རྣལ་འབྱོར། །ས་ལ་སོགས་པའི་དཀྱིལ་འཁོར་བཞི། །གཡས་པ་དང་ནི་གཡོན་གཉིས་ལ། །ཉི་མ་དང་ནི་ཟླ་བ་འབབ། །དཀྱིལ་འཁོར་རེ་རེ་དག་ལ་ཡང༌། །དཀྱིལ་འཁོར་བཞི་བཞི་དག་ཏུ་བརྟགས། །ཡང་ན་དབུས་ནི་གཅིག་ལ་ཡང༌། །ཁྱབ་པར་ཐམས་ཅད་སྐྱེ་བར་འགྱུར། །གོ་རིམས་ཇི་ལྟར་བཞི་འགྱུར་གྱིས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་དག་བགྲངས་པའི་ཡོན་ཏན་འགྱུར། །སྟོང་ཕྲག་


DTG049_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་རྩ་བཞིའོ། །ལྷག་མ་བརྒྱ་ཕྲག་དྲུག་པ་ནི། །དྲུག་དང་བརྒྱད་ཀྱི་གྲངས་འགྱུར་ལས། །སྟོང་ཕྲག་བརྒྱ་དང་དྲུག་བརྒྱའོ། །རེ་རེ་ལ་ཡང་གོ་རིམས་བཞིན། །བརྒྱ་ཕྲག་དྲུག་ཏུ་ཤེས་པར་བྱ། །དྲུག་བརྒྱ་དག་གི་ཡོན་ཏན་ནི། །དེ་ཀུན་སྟོན་པའི་གྲངས་ཤེས་ནི། །ཁྲི་ཕྲག་བཞི་དང་སྟོང་ཕྲག་གསུམ། །དེ་ནི་བརྒྱ་ཕྲག་གཅིག་གི་འགྱུར། །གཉིས་ཀ་བསྡོམ་པའི་གྲངས་ཉིད་ཀྱང༌། །འབུམ་ཕྲག་བཞི་བཅུ་རྩ་གསུམ་མོ། །བྱ་དང་བྱེད་པར་གསུངས་པ་སྟེ། །དེ་ལྟར་འཁོར་ལོ་དྲུག་པོ་ལ། །དབུགས་རྒྱུ་བ་ནི་ལྷ་རྣམས་སོ། །འཁོར་ལོ་གཉིས་སུ་བཤད་པར་བྱ། །གཅིག་ནི་ནང་དུ་བསྒོམ་བྱ་སྟེ། །སྤྱི་གཙུག་སོགས་ནས་གསང་བའི་མཐར། །རྒྱུད་དང་རྒྱུད་ཀྱི་ནང་དུ་གསུངས། །གཉིས་པ་རྡོ་རྗེ་དབྱིངས་ལ་སོགས། །བྱ་བ་གྲུབ་པའི་ཡེ་ཤེས་མཐར། །དེ་དག་ཇི་བཞིན་རིམ་པ་བཞིན། །མགྲིན་པ་སྤྱི་གཙུག་སྙིང་ག་དཔྲལ། །དེ་བཞིན་གསང་བ་ལྟེ་བ་རུ། །ཡང་ན་མིང་གི་རྣམ་གྲངས་ནི། །ངག་གི་དབང་ཕྱུག་ཆོས་དབྱིངས་ཀྱི། །མིང་ཅན་སྤྱི་གཙུག་འཁོར་ལོའོ། །ཆོས་དབྱིངས་རྣམ་པར་དག་པ་ཡི། །མིང་ནི་མགྲིན་པར་གསུངས་པའོ། །མེ་ལོང་ཡེ་ཤེས་སྐུ་ཡི་ནི། །ཆོས་ཀྱི་དཀྱིལ་འཁོར་འདོད་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ལྟེ་བའི་འཁོར་ལོའི་མིང་ཅན་ནོ། །དཔྲལ་བའི་འཁོར་ལོར་གསུངས་པ་ནི། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཀྱི། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །གསང་བའི་འཁོར་ལོའི་བདག་ཉིད་དོ། །དེ་ལྟར་རྣལ་འབྱོར་རྒྱུད་ཀུན་ལ། །སྟོན་པའི་རྒྱལ་པོ་ཆེན་པོས་ཁྱབ། །སྣ་ཚོགས་ཡེ་ཤེས་ལྔ་བདག་ཉིད། །སངས་རྒྱས་ལྔ་ཡི་བདག་ཉིད་དངོས། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །གོང་ནས་གོང་དུ་བརྒྱུད་པའོ། །གཞན་དག་ལྷག་མ་གཞན་ཀུན་ནི། །སློབ་དཔོན་ལ་སོགས་བདག་ཆེན་རྣམས། ཀུན་གྱིས་བསྒོམ་པར་བྱ་བ་དང༌། །བཀླགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཉེ་བར་བསྡུས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་བརྒྱད་པའོ།། །།

དགུ་པ། ཡེ་ཤེས་ལྔའི་བསྟོད་པ་དོན་བསྡུས་པ་རྣམ་པར་རྟོག་ཏེ་ཞེས་བྱ་བ།


DTG049_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྣལ་འབྱོར་དེ་དག་གི །ཡེ་ཤེས་ལྔ་པོ་བརྗོད་པར་བྱ། །ཕྱག་འཚལ་འདུད་ལ་སོགས་པ་ནས། །ཡེ་ཤེས་སྐུ་ཉིད་ཚིག་གི་མཐར། །གང་ཕྱིར་ཚིགས་


DTG049_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པའི་ཚིག །ཉི་ཤུ་བྱ་དང་བྱེད་པ་སྟེ། །བདག་ཉིད་ཆེན་པོའི་ཚིགས་བཅད་ནི། །དང་པོ་ཉིད་དུ་བྱེད་པའི་རྒྱུད། །ལྷག་མ་བཞི་ནི་གསུངས་པ་ནི། །གང་ཕྱིར་བྱ་བ་ཇི་ལྟར་རིམ། །དེ་དག་ཡེ་ཤེས་ལྔ་ཉིད་དེ། །རྒྱུ་ལ་སོགས་པ་ཇི་ལྟར་རིམ། །རྒྱུ་དང་རྐྱེན་གྱི་ཡེ་ཤེས་དང༌། །གནད་ཀྱི་ཡེ་ཤེས་དེ་བཞིན་གཞན། །སྒོམ་པའི་ཡེ་ཤེས་གསུངས་པ་དང༌། །ལྔ་པ་གྲོལ་བ་ཡེ་ཤེས་སོ། །རྒྱུ་ནི་མེ་ལོང་ཡང་དག་བཤད། །རྐྱེན་ནི་ཆོས་ཀྱི་དབྱིངས་ཉིད་དོ། །སོ་སོར་རྟོག་པ་གནད་ཀྱིའོ། །མཉམ་པ་ཉིད་ནི་བསྒོམ་པའི་མཆོག །གྲོལ་བའི་ཡེ་ཤེས་བྱ་གྲུབ་ཀྱིའོ། །དེ་ལྟར་རིམ་བཞིན་ཤེས་པར་བྱ། །རྒྱུ་ཡི་ཡེ་ཤེས་རྣམ་པ་བཞི། །ཕྱི་རོལ་དང་ནི་ནང་དུ་འདོད། །ཕྱི་རོལ་དཔེ་ཡི་མཚན་ཉིད་དེ། །ནང་ཉིད་དཔེ་ཡིས་མཚོན་པའོ། །མཆོག་སྦྱིན་རྡོ་རྗེ་འདུད་ཅེས་པ། །དགའ་བ་བཞི་ཡི་རང་བཞིན་ནས། །ཡང་དག་མཐའ་ཡི་བར་དུ་ནི། །བདེ་བའི་ལོངས་སྤྱོད་བཞི་ཡི་མཆོག །གང་ཕྱིར་སྟོང་པ་ཉིད་ཀྱི་ཚིག །རྟག་ཏུ་གཞི་ལ་དྲན་མེད་ཐོབ། །དེ་བཞིན་སྙིང་པོ་ཞེས་པའི་ཚིག །བདེ་དང་སྟོང་ཉིད་དབྱེར་མེད་པའོ། །སངས་རྒྱས་བྱང་ཆུབ་ཅེས་པ་ཡང༌། །རྣལ་འབྱོར་དག་ནི་སྔོན་བྱང་ཆུབ། །དེ་དག་དཔེ་ཙམ་གཞན་ཡོད་མིན། །བདེ་ཡང་གསུངས་ཤིང་བསྟོད་པའི་མཆོག །ཕྱག་འཚལ་འདུད་པ་རྣམ་བཞི་སྟེ། །མཆོད་དང་མཆོད་བྱའི་རང་བཞིན་ཅན། །རྟག་ཏུ་མཆོད་བྱའི་ལས་བྱ་བའང༌། །སྔར་གསུངས་མེ་ལོང་ཡེ་ཤེས་ལའོ། །དེ་བཞིན་དུ་ནི་མཆོད་པའི་མིང༌། །བླ་མ་རྡོ་རྗེ་འཛིན་པའི་དངོས། །དེ་ཉིད་འོད་གསལ་བར་ནི་བཤད། །སྟེང་འོག་སྦྱོར་ལ་ཕྱག་འཚལ་ལོ། །དེ་ལྟར་རྣལ་འབྱོར་རྣམ་གསུངས་པ། །དཔེ་ཡིས་ཉེ་བར་མཚོན་པའི་མཆོག །ཕྱི་རོལ་གཉིས་གཉིས་སྙོམས་འཇུག་པས། །གཞན་ཡང་ཤེས་རབ་ཡེ་ཤེས་སོ། །ཐབས་དང་རྒྱུ་ཡི་སྦྱོར་བས་ནི། །ཕྱི་རོལ་སྟོན་པ་མ་ཡིན་ནོ། །དེས་ན་སངས་རྒྱས་ཆགས་པ་སོགས། །བཅུ་དྲུག་པོ་ཡི་ཚིག་རྣམས་ནི།། དེ་བཞིན་དགའ་བ་བཅུ་དྲུག་སྟེ། །ཚིག་ནི་རེ་རེའི་མཐའ་ཉིད་དོ། །དེ་ལ་སངས་རྒྱས་ཆགས་པའི་ཚིག །དགའ་བ་བཞི་ཡི་མཚན་ཉིད་དོ། །རྣལ་འབྱོར་དབང་པོ་མཛད་དུས་སུ། །ཐོག་མ་ཐ་མ་དབུས་ཉིད་ཡིན། །དེ་ཡི་ཆགས་ཆེན་ཞེས་པ་ནས། །གང་དེ་བཞི་པ་ཞེས་པའི་མཐར། །གང་


DTG049_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྟག་ཏུ་ཆོས་དབྱིངས་ནི། །རྡོ་རྗེ་མཆོག་ཅེས་བྱ་བར་གསུངས། །སངས་རྒྱས་སྐུ་ཞེས་བྱ་བའི་གཞི། །ཡང་དག་མཐའ་རུ་གསུངས་པའོ། །ཆོས་ཀྱི་སྐུ་ཞེས་གསུངས་པ་ནི། །དགའ་བྲལ་བ་ནི་བཞི་པའོ། །སངས་རྒྱས་དགྱེས་པའི་ཚིག་ཉིད་ནི། །དེ་བཞིན་སྟོང་ཉིད་སྙིང་པོ་ལས། །ལྷན་ཅིག་སྐྱེས་པའི་དུས་ཉིད་དུ། །གཉིས་སྤངས་པར་ནི་གསུངས་པའོ། །དེ་བཞིན་སངས་རྒྱས་རོལ་པ་ནི། །སངས་རྒྱས་བྱང་ཆུབ་རྐྱེན་ཅན་ནོ། །དགའ་བ་ལ་སོགས་བཞི་པ་ཡི། །ལྷག་མ་ལྷག་མའི་བར་དུ་སྟེ། །གང་ཕྱིར་སངས་རྒྱས་འཛུམ་པའི་ཚིག །སོ་སོར་རྟོག་པ་གསུང་བའོ། །གནད་ཀྱི་ཡེ་ཤེས་བཤད་པ་ཡང། །བཅུ་གཉིས་དང་པོ་གནད་ཀྱི་སྒོ། །སངས་རྒྱས་བཤད་པ་ཞེས་པའི་ཚིག །ལས་ཀྱི་བྱ་བའི་རང་བཞིན་ཅན། །རྣམ་པ་གཉིས་སུ་ཡང་དག་བཤད། །ཕྱི་རོལ་དང་ནི་ནང་དུ་འདོད། །སངས་རྒྱས་ཉིད་ཅེས་བྱ་བའི་མཚན། །ལས་ཀྱི་ཕྱག་རྒྱ་ཉིད་ཀྱི་བརྔས། །དེ་ལ་ཨ་ཝ་དྷཱུ་ཏཱི་གནས། །སྲོག་དང་རླུང་དུ་རྣམ་པར་གསུངས། །སངས་རྒྱས་འབྱུང་བ་ཞེས་པའི་ཚིག །ལོངས་སྤྱོད་དུ་ཡང་གསུངས་པའོ། །སྤྲུལ་པ་དག་ནི་མ་ལུས་དང༌། །ལྷན་ཅིག་སྐྱེས་དང་ཆོས་སྐུ་མཆོག །དེ་དག་གང་ཕྱིར་མེད་ལས་བྱུང༌། །མེད་པ་རྟག་ཏུ་སྟོང་པ་སྟེ། །ཡེ་ཤེས་འབྱུང་བ་ཉིད་དུ་བཤད། །སྐུ་བཞི་པོ་དག་གྲངས་མེད་པའི། །དེ་ལ་གཞན་ཡང་སངས་རྒྱས་འབྱུང༌། །རང་བཞིན་ཉིད་ནི་སྐུ་དང་ལྡན། །ནམ་མཁའ་ཞེས་པའི་མཚན་ཉིད་ནི། །བཞི་པ་ལ་ལྟོས་ལྔ་པ་ཡི། །དེ་ཡི་རང་བཞིན་སངས་རྒྱས་ཉིད། །ནམ་མཁའ་ལས་བྱུང་རབ་བརྟགས་པ། །མཁའ་ནི་ལྷན་ཅིག་སྐྱེས་པར་བཤད། །རྣལ་འབྱོར་པ་དང་རང་ལས་སྐྱེས། །ཡེ་ཤེས་ལས་བྱུང་བ་ཡི་ཚིག །ཇི་ལྟར་སེམས་ནི་བཞི་པའི་མཐའ། །ཡོད་དང་མེད་ལས་རྣམ་པར་འདས། །རང་རིག་པ་ཡི་སངས་རྒྱས་མཆོག །སྒྱུ་འཕྲུལ་ཞེས་པའི་ཚིག་ཉིད་ཀྱང༌། །བཤད་པ་ནང་གི་བདག་ཉིད་འདོད། །རྣལ་འབྱོར་མ་རྣམས་སྒྱུ་འཕྲུལ་ཚིག །དྲ་བ་མཆོག་ཏུ་བདེ་བའོ། །སངས་རྒྱས་རོལ་པ་ཞེས་པའི་ཚུལ། །རྣལ་འབྱོར་རྒྱུད་དང་རྣལ་འབྱོར་མའོ། །ཐམས་ཅད་ལྷན་ཅིག་སྐྱེས་པ་ཙམ། །བསམ་གཏན་བཞི་ཡི་ནང་ལས་སྐྱེ། །ཐམས་ཅད་ཐམས་ཅད་ཅེས་པ་ནི། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཤེས་དང་ཤེས་བྱ་ཉིད་དུ་གསུངས། །རྡོ་རྗེ་སྙིང་


DTG049_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྩེ་མོ་ཅན། །དགའ་བ་ཞེས་པའི་མིང་ཉིད་ནི། །གསང་བའི་གནས་སུ་སྐྱེ་བ་སྟེ། །བཅུ་དྲུག་ཚིག་ཏུ་ཤེས་པར་བྱ། །དང་པོ་སོགས་ནས་གང་བའི་མཐར། །དང་པོ་རེག་པའི་དགའ་བའོ། །དེ་བཞིན་གཞན་ཡང་ཆགས་པའི་དགའ། །འདོད་པའི་དགའ་བ་གསུམ་པོ་ཡང༌། །རུས་སྦལ་དགའ་བ་མཆོག་ཏུ་འདོད། །ཟླ་བའི་དགའ་བ་དེ་བཞིན་གཤེགས། །ཀེང་རུས་དགའ་བ་དྲུག་པའོ། །བདུན་པ་རུ་ནི་གསུངས་པ་ནི། །སྒྲ་ཡི་དགའ་བ་མ་ལུས་པའོ། །འཇིགས་པའི་དགའ་བ་བརྒྱད་པར་གསུངས། །དེ་བཞིན་གཞན་ཡང་སྣ་ཚོགས་དགའ། །བཅུ་པ་བཅུ་ཡི་དགའ་བའོ།། གཞན་ཡང་སྙིང་གི་དགའ་བའོ། །བཅུ་གཉིས་པ་ནི་ནམ་མཁའི་དགའ། །དེ་དགའ་བ་དང་མཆོག་ཏུ་དགའ། །བཅོ་ལྔ་པར་ནི་གསུངས་པ་ནི། །ལྷན་ཅིག་སྐྱེས་པའི་དགའ་བར་འདོད། །བཅུ་དྲུག་པ་ཡི་མཚན་ཉིད་ནི། །དགའ་བྲལ་དུ་ནི་བཤད་པ་ཡིན། །དེ་དག་དགའ་ཆེན་བཅུ་དྲུག་ནི།། ཟླ་བ་ལྟ་བུའི་དབུས་ནའོ། །དཀར་པོའི་ཕྱོགས་ལ་ཡང་དག་བཤད། །གང་བ་གསུམ་གྱི་བྱེ་བྲག་གིས། །གོ་རིམས་ཇི་བཞིན་བཤད་པ་ཡང༌། །དགའ་བ་གསུམ་སྟེ་རྩ་གསུམ་པའོ། །ཐམས་ཅད་གཟུང་བར་ལྡན་པ་ནི། །གོ་རིམས་ཇི་བཞིན་འཕོ་བ་སྟེ། །ཤེས་རབ་དེ་ཉིད་ཁྱབ་པར་རོ། །ཐབས་ནི་བཅུ་དྲུག་གསུངས་པ་ཡང༌། །རྟག་ཏུ་སྟོང་པ་ཉིད་ལ་བཤད། །དང་པོ་སོགས་ནས་གནམ་སྟོང་བར། །གང་ཕྱིར་ཕྱག་འཚལ་བ་ཡི་ཚིག །བཅུ་དྲུག་པ་ཡི་མིང་ཅན་ནོ། །གཉིས་མེད་རྣལ་འབྱོར་ཕུན་སུམ་ཚོགས། །དཀར་ནག་ཕྱོགས་ནི་གཉིས་མེད་འདོད། །བདག་ཉིད་ཆེན་པོར་གང་སྤྱོད་དེ། །སྲིད་པ་ལས་ནི་རྒལ་ནས་འགྲོ། །ལྷན་ཅིག་སྐྱེས་པ་གཙང་བ་ཡིན། །ལྷན་ཅིག་སྐྱེས་པ་རྟོགས་པའང་ཡིན། །ལྷན་ཅིག་སྐྱེས་པ་བླ་མ་ཡིན། །མཆོད་པའི་གནས་ཀྱང་ལྷན་ཅིག་སྐྱེས། །སློབ་མ་ལྟ་བུ་མཁས་པའང་དེ། །མཆོད་པ་པོ་ནི་སྒོམ་པ་དངོས། །གང་ཕྱིར་ལྷན་སྐྱེས་གཉིས་མེད་ནི། །ལྷན་སྐྱེས་བྱ་བ་དེ་ཡི་མཆོག །ལྷན་སྐྱེས་བྱ་བ་རུ་ཡང་བཤད། །ལྡང་དང་ཉལ་ལ་སོགས་པའང་དེ། །ཇི་སྲིད་ལྷན་སྐྱེས་ཙམ་ཉིད་ལ། །སེམས་ཉིད་ངལ་སོ་སྤྱོད་ཡུལ་ལོ། །དེ་ལ་བྱ་དང་བྱེད་པ་ཡི། །གཉིས་པོ་དག་ལས་གཉིས་མེད་འབྱུང༌། །དེ་ནི་རྟོག་མེད་


DTG049_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དེ། །རྣལ་འབྱོར་མ་ཡི་ཁ་ན་ལས། །དེ་དག་དེ་རྣམས་གསུངས་པ་ནི། །བདག་ཉིད་འབའ་ཞིག་དྲན་པའོ། །ཡང་ན་དད་པ་ཅན་དག་གི །རང་གི་སློབ་མ་བརྒྱུད་པ་ལས། །མངོན་པར་དགའ་དང་ཀླགས་པ་དང༌། །མཉན་པ་དང་ནི་སྒོམ་པ་དང༌། །གཞན་དག་ལ་ནི་བསྟན་པ་སྟེ། །སྐལ་དང་སྐལ་མེད་རྣམ་དཔྱད་ནས། །དེ་དག་གསང་བའི་འཁོར་ལོ་ཡི། །ཚིགས་བཅད་དག་ལ་གོ་རིམས་བཞིན། །དགུ་པ་དག་ནི་བཅོ་ལྔ་ལྔ། །དེ་བཞིན་དུ་ནི་སྟེང་འོག་གཉིས། །གཅིག་པ་ཉིད་ནི་སྤྱི་གཙུག་དབུས། །ཀུན་བསྡུས་སུམ་ཅུ་རྩ་གཉིས་མཆོག །ཉེ་བར་བསྡུས་པ་ལས་ཡེ་ཤེས་ལྔའི་བསྟོད་པ་དོན་བསྡུས་པ་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་དགུ་པའོ།། །།

བཅུ་པ། ཕན་ཡོན་རྟོགས་པར་སླ་བ་རྣམ་པར་རྟོག་ཏེ་ཞེས་བྱ་བ།


DTG049_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཞན་ཡང་ཕན་ཡོན་ནི། །ཚིགས་བཅད་ལྔ་ཡི་ནང་དུ་སྟེ། །འདི་དེ་རྡོ་རྗེ་ལ་སོགས་པ། །བསྟོད་པ་ཡི་ནི་ནང་དུ་གསུངས། །གཞན་དག་ཀྱང་ནི་རྙེད་བླ་བ། །ཉེ་བར་བསྡུས་པར་ངས་མ་བཤད། །བླ་མ་རྡོ་རྗེ་འཛིན་པ་དང༌། །སངས་རྒྱས་གཟུགས་ནི་གྲངས་མེད་རྣམས། །བྱང་ཆུབ་སེམས་དཔའི་ཚོགས་མཆོག་ཉིད། །མ་ལུས་བདག་ལ་བཟོད་པར་གསོལ། །སྒྱུ་འཕྲུལ་དྲ་སོགས་མདོར་བསྡུས་ནས། །གླེང་གཞི་མཆོག་ཏུ་གསུངས་པ་སྟེ། །བསོད་ནམས་དེ་ཡིས་འཇིག་རྟེན་པ། །ཇི་ལྟར་དེ་བཞིན་རོལ་པར་སྨོན། །གནས་ནི་ཕྲ་བ་ཕུ་རི་རུ། །གཞན་དག་གིས་ནི་གསོལ་བཏབ་ནས། །མཚོན་མ་མཆོག་དག་མཐོང་གྱུར་པས། །གཉིས་སུ་མེད་པའི་རྡོ་རྗེས་བྱས། །ཉེ་བར་བསྡུས་པ་ལས་ཕན་ཡོན་རྟོགས་པར་སླ་བ་རྣམ་པར་རྟོག་གེ་ཞེས་བྱ་བ་སྟེ་བཅུ་པའོ།། །།མཚན་ཡང་དག་པར་བརྗོད་པའི་ཉེ་བར་བསྡུས་པ་རྣམ་པར་རྟོག་གེ་ཞེས་བྱ་བ་མཁས་པ་ཆེན་པོ་ངེས་པར་སྦྱངས་པ་དཔལ་གཉིས་སུ་མེད་པའི་རྡོ་རྗེ་ཞེས་བྱ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲཱི་བཛྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔྱལ་སེར་ཙ་བསོད་ནམས་རྒྱལ་མཚན་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་གྱིས། །གནས་མཆོག་སྨིན་ལུང་གཙུག་ལག་ཁང༌། །རྫོགས་པའི་རིམ་པའི་སྐལ་ལྡན་མང༌། །དེ་དག་དོན་དུ་ལེགས་པར་བསྒྱུར།། །།


previousམཚན་ཡང་དག་པར་བརྗོད་པའི་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་ཞེས་བྱ་བ། གཉིས་མེད་རྡོ་རྗེ།next