Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དགུ་པ།


  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
  collapse section
   
   
  collapse section
   
  collapse section
   
   
   
   
   
  collapse section
   
   
   
  collapse section
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་ཞེས་བྱ་བ།  ཕྱག་ན་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   


 
previousཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་ཞེས་བྱ་བ། ཕྱག་ན་རྡོ་རྗེ།next

ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་ཞེས་བྱ་བ།
ཕྱག་ན་རྡོ་རྗེ།

དང་པོ། གླེང་གཞིའི་ལེའུའི་བཤད་པ།


DTG049_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཡཀྵ་མ་ཧཱ་རུ་དྲ་བཛྲ་ཨ་གནེ་ཛི་ཧྭ་ཏནྟྲྀ་བྲ་ཏྟི་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་བ་ཞེས་བྱ་བ། འཕགས་པ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་ཞིག་ཉོན་མོངས་སྐྱོན་གྱིས་མ་གོས་རིན་ཆེན་བཻ་ཌཱུ་ཪྻ་ལྟར་དང་ཞིང་རབ་འབར་རི་རབ་ལྟར་བརྗིད་དང༌། །འགྲོ་ལ་རིག་པས་མྱུར་བར་སྟོན་དང་ཧཱུཾ་ལས་རབ་བྱུང་སྟོང་གསུམ་སྐྲག་པར་མཛད་པ་ཉིད། །གདོང་ནས་མི་རྟོག་ཞི་བའི་དང་ལས་སྙིང་རྗེའི་སྟོབས་ཀྱིས་མཐའ་དག་སྡུད་མཛད་ཞེ་སྡང་ཆེན་པོར་གསལ། །དུས་གསུམ་སངས་རྒྱས་ཀུན་གྱི་གསང་བའི་མཛོད་དུ་རབ་གྱུར་རྡོ་རྗེ་འཛིན་པའི་བདག་ཉིད་དེ་ལ་ཕྱག་འཚལ་ནས། །རྒྱུད་ཀྱི་རྒྱལ་པོ་འགྲོ་དོན་མཛད་པ་ཉིད་ལ་ཕྱི་ནང་སྡུག་བསྔལ་ཞི་མཛད་གསང་བ་ཟབ་མོའི་དོན། བླ་མ་བརྒྱུད་པའི་སྟོབས་ལས་རང་བྱུང་བདག་ཉིད་རབ་སྦྱོར་དྲག་པོ་དེ་ཡི་བདུད་རྩིའི་འོད་ཟེར་ངེས་པར་རབ་བརྙེས་ནས། །དང་པོའི་མིང་ལ་ལག་ན་རྡོ་རྗེས་སྣང་བ་ཞེས་བྱར་འཇིག་རྟེན་ཀུན་ལས་གྲགས་པ་རབ་ཐོབ་སྟེ། །བདག་གིས་འགྲེལ་འདི་རྙེད་དང་བཀུར་སྟི་གྲགས་པ་རློམ་སེམས་ཕྱིར། །མིན་འདི་དྲན་དང་འགྲོ་ལ་ཕན་ཕྱིར་རྒྱས་བ་བྲི་བར་བྱ། །དེ་ལ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་འདིས་རིམ་པ་ཇི་ལྟ་བ་བཞིན་དུ་བླ་མའི་མན་ངག་ལ་རག་ལས་པ་རྣམས་བཤད་པར་བྱ་སྟེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ལ། ཨེ་ཝཾ་མ་ཡཱའི་བཤད་པ་ནི་འོག་ནས་རིག་པར་བྱའོ། །བདག་ནི་སྡུད་པ་པོ་ཉིད་དུ་རིག་པར་བྱ་སྟེ། དེ་ཡིས་དེའི་སྐད་ཅིག་དེ་ཉིད་ལ་ཐོས་པས་ན་ཐོས་པའི་དུས་གཅིག་ནའོ། །བཅོམ་ལྡན་འདས་ཐམས་ཅད་འབྱུང་བའི་


DTG049_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་བཙུན་མོའི་བྷ་ག་ལ་བཞུགས་ཏེ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་གར་མཁན་ཉིད་སྔ་མའི་ཆ་བྱད་རྣམས་ཡང་བདག་པར་སྤངས་ཏེ་བྷ་ག་ལ་བཞུགས་པའོ། །བཅོམ་ལྡན་འདས་མའི་སྒྲས་ནི་ཟ་བ་དང་འཇོམས་པ་ཉིད་དང་ལྡན་པར་སྟོན་ཏོ། །ཐམས་ཅད་འབྱུང་བའི་སྒྲས་ནི་འབྱུང་བ་བཞིའི་ས་བོན་རྣམས་ནམ་མཁའ་ལ་ཡང་དག་པར་བརྟེན་ཏེ་གནས་པ་དེའི་ས་བོན་གྱི་གཟུགས་དྲག་པོའི་དཀྱིལ་འཁོར་ལ་བཞུགས་ཏེ། དེ་ཉིད་བུད་མེད་ཀྱི་བྷ་ག་དང་དབྱིབས་མཐུན་པས་བྷ་ག་ལ་བཞུགས་སོ། །དེ་ལས་འགྲོ་བ་རྣམས་བྱུང་བས་ན་ཐམས་ཅད་བྱུང་བ་ཉིད་དོ། །ཡང་ན་སྟོང་པ་ཉིད་ལས་དངོས་པོ་ཐམས་ཅད་འབྱུང་ཞིང་དེའི་ངག་ལ་གནས་པས་བཞུགས་སོ། །ཡུམ་ནི་དངོས་པོ་རྣམས་བསྐྱེད་པའོ། །བཙུན་མོ་ནི་བདེ་བ་བསྐྱེད་པའི་རྒྱུ་ཡིན་ཏེ། དེ་དང་མཐུན་པར་སྟོང་པ་ཉིད་ལ་སྦྱོར་བས་བདེ་བའི་འབྲས་བུ་སྐྱེའོ། །བྷ་གའི་སྒྲས་ངེས་པའི་རྟགས་སྟོན་པའམ། ཡང་ན་གོང་མའི་སྒྲ་དང་མཐུན་པར་གདུག་པ་རྣམས་འཇོམས་པས་ན་བྷ་གའོ། །འབྱུང་བ་དང་ཡུམ་དང་བཙུན་མོའི་སྒྲ་ནི་དུས་རྣམ་པ་གསུམ་ལའང་འཇུག་སྟེ། དུས་གསུམ་དུ་ངེས་པའི་དོན་བསྟན་པ་ལའང་སྦྱར་རོ། །དེ་ན་གནོད་སྦྱིན་ལ་སོགས་པ་གདུག་པའི་རིགས་ཐམས་ཅད་དང་ཐབས་གཅིག་ཅེས་པ་ནི་ཅིའི་ཕྱིར་འདུས་ཤེ་ན། དེ་དག་འདུལ་པའི་ཕྱིར་ཉིད་ཀྱིས་བྱིན་གྱི་རླབས་ཀྱིས་བཀུག་པའོ། །དེ་ནའི་སྒྲས་ནི་ཉིད་ཀྱི་དྲུང་ན་གནས་པས་ཐབས་ཅིག་པའོ། །དེ་ནས་བཅོམ་ལྡན་འདས་དྲག་པོའི་སྐྱིལ་མོ་ཀྲུང་བཅས་ནས་ཞེས་པ་ནི། དྲག་པོ་རྣམས་བསྒྲལ་བར་བྱ་བའི་ཕྱིར་ཞབས་ཀྱི་མཐིལ་གཉིས་སྦྱར་ནས་ཚིགས་གཉིས་བཅག་པས་བཞུགས་སོ། །ཕྱག་གཡས་པ་སྟེང་དུ་བསྒྲེང༌། གཡོན་པ་ས་ལ་བསྒྲེང་ནས་སྤྱན་བཟློག་པས་ཕྱོགས་བཅུར་གཟིགས་པ་ནི་གདུག་པ་རྣམས་འདུལ་པའི་ཕྱིར་དྲག་པོའི་ཕྱག་རྒྱར་ཤེས་པའོ། །ཧཱུཾ་དང་ཧ་ནི་སྔགས་སུ་རིག་པར་བྱ་སྟེ་སྡུག་པ་དང་འཇོམས་པའོ། །ཡང་ན་ཐམས་དང་ཤེས་རབ་ཀྱི་བདག་ཉིད་ཀྱིས་འདུལ་བར་ཤེས་པར་བྱའོ། །སྒྲ་ཆེན་ཕྱུང་བ་ནི་ལྟེ་བས་ཡོངས་སུ་བསྐྱོད་པའོ། །དེ་ནས་འཁོར་ཐམས་ཅད་གཙོ་བོ་མི་སྣང་བས་ཡུན་


DTG049_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཞིག་ཏུ་བརྒྱལ་བར་གྱུར་ཏོ་ཞེས་བྱ་བ་ལ་གོང་མའི་སྔགས་ཀྱིས་བརྒྱལ་བ་ལས་ཕྱོགས་རྨོངས་པར་གྱུར་ཏེ་དེ་ཉིད་ཀྱང་མི་སྣང་བའོ། །དེའི་སྐད་ཅིག་དེ་ཉིད་བཅོམ་ལྡན་འདས་ཀྱིས་སྤྱི་པོ་ནས་སངས་རྒྱས་ཐམས་ཅད་ཀྱི་གནང་བ་ཞེས་བྱ་བ་ནི་དབུའི་གཙུག་ཏོར་ནས་ཕྱུང་བ་ལ་བྱ་སྟེ། གནང་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་དཔང་བསྐུར་བར་བྱས་ནས་གསང་བའི་བདག་པོར་གནང་བ་བྱིན་ཏེ་བསྒོ་བའོ། །སྔགས་རྣམ་པ་གསུམ་གྱི་བདག་པོ་ཞེས་བྱ་བ་ནས། རྒྱ་མཚོར་བཞུགས་སོ་ཞེས་བྱ་བའི་བར་ལ་སྔགས་རྣམ་པ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་ལས་སྔགས་ཐམས་ཅད་འབྱུང་བས་དེའི་བདག་པོ་ཡིན་པར་བསྟན་པ་དང༌། རིག་སྔགས་དང༌། གསང་སྔགས་དང༌། གཟུགས་སྔགས་གསུམ་གྱི་བདག་པོ་ཡིན་པར་བསྟན་པའོ། །ཕྱག་བརྙན་ཞེས་པ་ནི་དང་པོའི་ཚིག་ལ་འཇུག་པ་དང་ཕོ་ཉ་ཡིན་པར་བསྟན་པའོ། །ཁ་དོག་སྔོན་པོའི་སྒྲས་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ཉིད་དང༌། ཉེས་པའི་སྐྱོན་གྱིས་མ་གོས་པར་བསྟན་པའོ། །ལྷག་མ་ནི་གོ་སླའོ། །ནམ་མཁའི་ལྡིང་གཤོག་པ་བསྐྱོད་ནས་ཞེས་བྱ་བ་ནས། རང་གི་བདག་པོའི་ལག་པར་སླར་སོང་ངོ་ཞེས་བྱ་བའི་འབར་ལ་ནམ་མཁའ་ལྡིང་གི་བདག་པོའི་རྒྱན་བླང་པའི་ཕྱིར་རྒྱ་མཚོར་ཞུགས་ཏེ། ཀླུ་རྣམས་ཀྱི་གཟུགས་བརྙན་བསྒྱུར་ནས་སྦྲུལ་གྱིས་སྐུ་ལ་རྒྱན་ཆ་བདུན་དུ་བརྒྱན་པའོ། །ནམ་མཁའ་ལྡིང་ཡང་དེ་ཉིད་ཀྱི་བྱིན་གྱིར་རླབས་ཀྱིས་བསྐྱེད་པ་སྟེ། སླར་བདག་པོའི་ཕྱག་མཚན་དུ་གནས་པའོ། །དེ་ནས་གནོད་སྦྱིན་བྱེ་བ་ཕྲག་བཅུ་དང་ཞེས་པ་ནས། མདུན་དུ་སྙིང་པོ་དང་ལྡན་པའི་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ་ཞེས་བྱ་བའི་བར་དུ་གོ་སླ་བས་འདིར་མ་བཤད་དོ། །དེ་ཉིད་ནི་བདེ་བར་གཤེགས་པའི་བཀའ་ལ་རག་ལས་པར་མ་གྱུར་བའི་གང་ཟག་ཁ་ཅིག་ན་རེ་གནོད་སྦྱིན་དངོས་ཡིན་པར་འདོད་ན་དེ་ནི་བཀའ་ལ་རྨོངས་པར་གྱུར་པས་དེ་ལྟར་མི་བལྟའོ། །དེ་ནི་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་འབྱུང་བ་དང་མཐུན་པར་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དངོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་དང་


DTG049_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་གཟིགས་ནས་བར་སྣང་དུ་ཡང་སྤྱན་གྱིས་འཁོར་བར་གཟིགས་སོ་ཞེས་བྱ་བ་ནི་ནམ་མཁའ་དང་ས་ལ་གཟིགས་པ་དང་བར་སྣང་དུ་ཡང་གཟིགས་པ་ནི་ཕྱོགས་བཅུ་ན་གནས་པའི་གདུག་པ་མ་ལུས་པ་འདུལ་པར་བསྟན་པའོ། །དེ་ནས་ཁཾ་བྲུཾ་སཾ་ཞེས་པའི་སྔགས་བརྗོད་པ་ནི། ཁཾ་གི་སྙིང་པོས་སྟེང་གི་ཕྱོགས་སུ་འདུལ་པའོ། །བྲུཾ་གྱི་སྙིང་པོས་འོག་གི་ཕྱོགས་སུ་འདུལ་བར་བསྟན་པའོ། །སཾ་གི་སྙིང་པོས་ཕྱོགས་མཚམས་བརྒྱད་པོ་འདུལ་བར་བསྟན་པའོ། །དེ་ནས་ཕྱག་ན་རྡོ་རྗེ་སྟན་ལ་ས་ལངས་ཏེ། རྡོ་རྗེ་ཐལ་མོ་རང་གི་སྙིང་གར་སྦྱར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ། རྡོ་རྗེ་ཐལ་མོ་ནི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱའོ། །དེ་ཉིད་ཐུགས་ཀར་སྦྱར་ནས་བཅོམ་ལྡན་འདས་ལ་འོག་ནས་འབྱུང་བའི་ཚིག་གསོལ་བའོ། །ཀྱེ་མ་བཅོམ་ལྡན་འདས་ལ་གསང་བ་དྲག་པོའི་དོན་བདག་དང་སེམས་ཐམས་ཅད་ལ་སྨན་པའི་ཕྱིར་ཞུ་ན་ཅི་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་གནད་ཞེས་བྱ་བ་ལ། དང་པོའི་ཆིག་ལ་ཀྱེའི་སྒྲ་དང་ལྡན་པ་ནི་ཤིན་ཏུ་ངོ་མཚར་དུ་གྱུར་པའོ། །གསང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ལ་ཤིན་ཏུ་གསང་བར་གྱུར་པའི་ཕྱིར་གསང་བའོ། །དྲག་པོ་ནི་གདུག་པའི་ཆོགས་འདུལ་བ་དང༌། གཞན་ཡང་ཤིན་ཏུ་དྲག་པོའི་ཆོས་ཉེ་བར་སྟོན་པས་ན་དེའི་དོན་ཉིད་དང༌། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་རྒྱས་པར་གསོལ་བའོ། །ཅང་མི་གསུང་ཞེས་བྱ་བ་ལ་སོགས་པ་ལ། ཅང་མི་གསུང་པ་ནི་སྒྲའི་དོན་ལས་ཟབ་མོའི་དོན་རྒྱས་པར་གསུང་བར་རིག་པར་བྱའོ། །གདུག་པའི་ཚོགས་འདུལ་བ་ཞེས་བྱ་བ་ནི་བླ་མའི་ངག་ལས་ཤེས་པར་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་ལག་ན་རྡོ་རྗེ་ལ་གཟིགས་ཏེ། བྱེད་པ་གཡོན་པ་ཆུའི་སྙིང་པོ་ནས་དངས་ཏེ་ཞེས་བྱ་བ་ནི། གཟིགས་པ་ནི་ཞུ་བ་པོའི་རེ་བསྐོང་བའི་རྟགས་སོ། །བྱེད་པ་ཞེས་བྱ་བ་ནི། ལས་ཀྱི་སྒྲ་དོན་ལ་ཉེ་བར་སྦྱོར་བ་ཞེས་བྱ་སྟེ་ལུས་ཀྱི་ཡན་ལག་རྣམས་ལས། ལག་པས་བྱ་བ་བྱེད་ཅེས་འབྲུ་མང་པོ་པ་ཀུན་དུ་རྒྱུའི་སྒྲ་ཡིན་ཏེ།


DTG049_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བ་ལ་རིག་བར་བྱའོ། །ཆུའི་སྙིང་པོ་ནས་དྲང་བ་ནི་རྔའི་སྒྲ་ལ་ཉེ་བར་སྦྱོར་བ་སྟེ། ཀ་ཏ་ལའི་སྒྲ་གང་འོག་དང་སྡེ་བར་ལྡན་པ་དང༌། སྟོབས་ཆེ་བའི་ཕྱིར་དང༌། གཅིག་ལ་གྲོགས་ཀྱིས་སྒྲོགས་པས་ཆུ་ཤིང་ནི་མཛུབ་མོའོ། །སྙིང་པོ་ནས་དྲངས་པ་ནི་ཀུན་རྫོབ་ཏུ་དྲག་པོའི་སྙིང་པོ་ཉིད་དེ། དེའི་ཐད་ཀ་ནས་དྲངས་ནས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས་གནས་པའོ། །བྱེད་པ་སྐྱེད་པ་ཆུ་ཤིང་སྒྲ་དང་བཅས་པས་བརྐྱང་སྟེ་གནས་སོ་ཞེས་བྱ་བ་ནི་དེ་ལ་ཡང་གོང་མའི་སྒྲ་སྦྱོར་གྱིས་མཇུག་སྟེ། སྐྱེས་པ་ནི་དྲག་པོའི་སྒྲ་དང་ལྡན་པ་དང་སྟོབས་ཆེ་བའི་ཕྱིར་ཏེ། གཡས་པ་ལ་རིག་པར་བྱའོ། །སྒྲ་དང་བཅས་པ་ནི་རང་གི་རིགས་ལ་དང་པོ་དང་གཉིས་པའི་སྦྱོར་བའི་སྒྲ་དང་བཅས་པའོ། །བརྐྱང་བ་ནི་དངོས་སུ་སྟེ། དེ་ཡང་གནས་ནི་སྒོའི་ཐད་དཀར་གནས་པའོ། །དེ་ནས་ཕྱག་ན་རྡོ་རྗེས་ཕྱག་རྒྱ་དེ་ཉིད་ཡང་དག་པར་རིག་སྟེ་ཞེས་པ་ནི། དེའི་དོན་བརྡའི་སྒོ་ནས་རིག་ནས་ཚིག་བརྗོད་པའོ། །ཁྱེད་ལ་སོགས་པའི་འཁོར་དག་ཅེས་པ་ནས་སྔ་མ་བཞིན་དུ་འཁོད་དོ་ཞེས་པའི་བར་ལ། དྲག་པོའི་ཆོས་སྟོན་པས་དེ་དང་མི་མཐུན་པ་རྣམས་དེའི་སྐད་ཅིག་དེ་ལ་མི་ཐོས་པར་བྱ་བའི་ཕྱིར་བརྗོད་པའོ། །སྒྲ་གནས་ཀྱི་ཁུང་བུར་སྒྲིབ་བྱེད་ཀྱི་ཚིག་སོང་སྟེ་ཞེས་བ་ནི། སྒྲ་གནས་པ་ནི་རྟེན་བྱེད་པའི་ཕྱིར་རྣ་བ་ལའོ། །ཁུང་བུར་ནི་དངོས་སོ། །སྒྲིབ་བྱེད་ཀྱི་ཚིག་ནི་ཚིག་དེ་དངོས་ལ་བྱ་སྟེ། །ཅིའི་ཕྱིར་སྒྲིབ་པར་བྱེད་ཅེ་ན། གཉིས་ཀྱིས་བྱིན་གྱི་རླབས་ཀྱིས་བཅིངས་པ་གཉིས་ཀྱིས་ཡང་དག་པར་གནས་བཅིངས་ནས་ཏེ། བསྒྲིབས་ནས་འཁོད་པའོ། །འཁོང་བ་ནི་དེ་དང་འདྲའོ། །སྔ་མ་ནི་དང་པོ་ལ་འདུས་བཞིན་དུའོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་བ་དེ་ཁོ་ན་ཉིད་སྣང་བ་ནས་བྱ་བ་ལས་ལེའུ་དང་བོའི་བཤད་པའོ།། །།

གཉིས་པ། ངེས་ཚིག་གི་ལེའུའི་བཤད་པ།


DTG049_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕྱག་ན་རྡོ་རྗེ་ཡིས། །ཞེས་བྱ་བ་ནས། མཚན་མ་ངེས་པར་བཤད་པར་བྱ། །ཞེས་པའི་བར་དུ་ནི་སྤྱི་དོན་རྒྱས་པར་ཞུ་བ་གསོལ་བ་དང༌། ནན་ཏན་དུ་བྱ་བ་གནང་བ་ལ་ལེགས་པར་བྱིན་པ་དང༌། ལག་ན་རྡོ་རྗེ་ཉིད་ཀྱི་རྒྱུད་བཤད་པར་མཚོན་པ་དང༌། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བཤད་པར་དམ་བཅའ་བར་


DTG049_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །བ་ནི་རྣམ་པར་སྣང་མཛད་དེ། ཛ་ནི་མི་བསྐྱོད་ཐུབ་པའོ། །ར་ནི་རིན་ཆེན་ཀུན་འབྱུང་སྟེ། །ཞེས་བྱ་བ་ལ་སྐུ་གསུང་ཐུགས་རྣམ་པ་གསུམ་ལ། རྡོ་རྗེའི་ཚིག་ཉེ་བར་སྦྱར་བ་སྟེ། སྐུ་གསུམ་ལ་སྒྲའི་སྦྱོར་བའི་སྒོ་ནས་གང་གཞིའི་ཡི་གེ་ལ་གྲོགས་ཉེ་བར་བརྟགས་པར་སྐུ་གསུམ་ལ་འཇུག་པའོ། །མེ་ལྕེའི་ཡིག་འབྲུ་གསུམ་པ་ལ། །དང་པོའི་གཙོ་བོ་བཤད་བྱ་བ། །ཞེས་བྱ་བ་ནི་འོག་ཏུ་བཏགས་པའི་འཁོར་མ་གཏོགས་པར་དང་པོ་ཡང་ཡིན་ལ་གཙོ་བོ་ཡང་ཡིན་པས་དང་པོའི་གཙོ་བོའོ། །དེ་དག་ཡོངས་སུ་འཆད་པས་བཤད་པར་བྱ་བར་སྦྱར་རོ། །པ་ནི་རྡོ་རྗེ་འཇོམས་བྱེད་མ། །ན་ནི་པདྨ་འཇོམས་བྱེད་མ། །ཨི་ནི་ཀུན་འགྲོ་འཇོམས་བྱེད་མ། །ཞེས་བྱ་བ་ལ། དེ་ཡང་དང་པོ་མཐུན་པར་གཞིའི་ཡི་གེ་ལ་གྲོགས་ཉེ་བར་སྦྱར་བས་ཤེས་པར་བྱ་སྟེ། འཇོམས་པར་བྱེད་པའི་སྒྲ་ནི་གྲོགས་དང་བསྡོངས་པས་འོག་བཏགས་གསུམ་པོ་ཡོད་པས་ན། འོག་བཏགས་གསུམ་པོའི་མིད་མཐར་སྦྱོར་ཞེས་པའོ། །ཨེ་ནི་ཀུན་དུ་གོ་བྱེད་དེ། །མ་ནི་སྨིན་པར་བྱེད་པ་སྟེ། །ཝཾ་ནི་ཀུན་ནས་སྡུད་པ་ཡིན། །ལ་ནི་ཡོངས་སུ་བརྟེན་པའི་ལས། །ཡ་ནི་ཡང་དག་བསྐྱོད་པར་བཤད། །གོ་འབྱེད་གཉིས་དང་སྟེང་གནས་པའི། །སྣ་ལྡན་དག་ཏུ་ཤེས་པར་བྱ། ཞེས་བྱ་བ་ལ། རང་བཞིན་གྱིས་གྲུབ་པའི་ས་བོན་ས་བོ་ན་སྔར་ཡོངས་སུ་གསུངས་ཏེ། མེ་དང༌། ཆུ་དང༌། ས་དང༌། རླུང་དང༌། ནམ་མཁའི་འབྱུང་བར་རྒྱུད་གཞན་དང་མཐུན་པར་ཤེས་པར་བྱ་སྟེ། ངེས་ཚིག་ཀྱང་བཤད་པའི་ཕྱིར་རོ། །དེ་ལ་རྒྱུད་འདིར་མ་གསུངས་མོད་ཀྱང་སྒྲོལ་མ་ལ་སོགས་པ་ལྷ་མོ་ལྔ་དང༌། དགའ་བ་བཞི་དང༌། །སྡེ་པ་ལ་སོགས་པ་མཐའ་དག་རྒྱས་པར་ཤེས་པར་བྱའོ། །དེ་ལ་ངེས་པར་འབྱུང་བས་ན། ཀུན་སྣང་གང་ཡིན་དངོས་དང་སྦྱར། །བསམ་པའི་དངོས་ལ་འཇུག་རྣམས་ཀྱི། །ཡན་ལག་རྣམས་ལ་ཐམས་ཅད་དུ། །གོང་དུ་སྨོས་པ་བརྗོད་པ་ཡིན། །ཞེས་བྱ་བ་ལ། དེ་ཞེས་པ་ནི་གོང་དུ་སྨོས་པའི་ས་བོན་རྣམས་སོ། །དེ་ལ་དངོས་པོ་ཐམས་ཅད་ཡང་དག་པར་འབྱུང་བས་ན། དེ་ལས་པེས་པར་འབྱུང་བར་སྦྱར་རོ། །ཀུན་དུ་སྣང་བ་ནི། ཀུན་དུའི་སྒྲས་བདག་དང་


DTG049_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་རྒྱུད་ལ་ཡང་དག་པར་འཇུག་སྟེ། འདི་ལྟར་སྣང་བ་ནི་གཡོ་བ་དང་མི་གཡོ་བའོ། །དེའི་དངོས་ལ་སྦྱར་བ་དང་བསམ་པའི་དངོས་པོ་ནི་རྣལ་འབྱོར་པ་གང་ཞིག་ཆོས་ཉིད་བསྒོམ་པའོ། །དེ་ཡང་སྐྱེས་བུའི་སྤྱིའི་སྒྲ་འབྲུ་མང་པོ་པར་སྦྱར་བར་བྱའོ། །ཡན་ལག་དེའི་ལས་ལ་འཇུག་པའི་ཡན་ལག་གམ། ཐབས་སུ་གསུངས་པས་ན་ཡན་ལག་ཐབས་རྣམས་སུ་སྦྱར་རོ། །གོང་དུ་སྨོས་པས་ནི་གོང་མའི་ས་བོན་ལ་སྦྱར་བར་བྱའོ། །དོན་དུ་གསལ་བར་ཟློས་པ་ཡི། །ཚིག་ནི་རྒྱས་པར་བརྗོད་མི་དགོས། །ཞེས་བྱ་བ་ནི་འདི་སྐད་བདག་གིས་ཐོས་པའི་དུས་ཏེ། དེའི་ཚིག་ལ་གསལ་བར་བརྗོད་མི་དགོས་པའོ། །ལས་ལས་སྐྱེས་པའི་གཟུགས་རྣམས་ལ། །དྲག་པོ་ཡོངས་སུ་སྟོན་པ་དང༌། །གནོད་སྦྱིན་ཅི་ཆོན་ཐོགས་རྣམས་ལ། །གཙོ་བོའི་དོན་དུ་བཤད་པས་ན། །ཚིག་ཏུ་ངེས་པར་ཡང་དག་བརྗོད། །ཅེས་བྱ་བ་ནི་ལས་ལས་གྲུབ་པ་ནི་གནོད་སྦྱིན་ཏེ། དེ་རྣམས་ཀྱི་གཟུགས་སོ། །དྲག་པོ་ཡོངས་སུ་སྟོན་པ་ནི་སྔགས་དང་ཕྱག་རྒྱ་དང་ཐབས་རྣམས་དྲག་པོའི་སྟོན་པའོ། །སུ་ལ་སྟོན་ཞེ་ན། ལས་ལས་གྲུབ་པའི་གཟུགས་དྲག་པོའི་རིགས་ཐམས་ཅད་ལའོ། །གནོད་སྦྱིན་བེ་ཅོན་ཐོགས་པ་ལ་སོགས་པ་གནོད་སྦྱིན་གྱི་རིགས་ཐམས་ཅད་ལ་གཙོ་བོ་ལག་ན་རྡོ་རྗེ་ཉིད་གཙོ་བོར་བཤད་ཅིང་སྦྱོར་བས་ན་གཙོ་བོའི་དོན་དུ་ཡོངས་སུ་ཤེས་པར་བྱའོ། །ཚིག་ཏུ་ངེས་པར་བརྗོད་པ་ནི་ངེས་པའི་ཚིག་རྒྱུད་ལ་ཡང་དག་པར་གོང་འོག་དང་སྦྱར་ཏེ་གསུངས་པ་དང་གསུང་བར་སྦྱར་རོ། །ཁྱོད་ཀྱི་ཚུལ་འཆང་རབ་དགའ་བས། །དེ་ཉིད་རིགས་སུ་འབྱུང་བ་སྟེ། །ཀུན་ཀྱང་ནག་པོའི་ལས་ལ་དགའ། །གནང་བ་དག་པར་མི་མཐོང་ཞིང༌། །དེ་ཉིད་ལ་ནི་ངེས་པར་བརྗོད། །ཅེས་བྱ་བ་ནི་ཁྱོད་ཀྱི་ཚུལ་འཆང་ཞེས་པ་ནི་ལག་ན་རྡོ་རྗེ་ཉིད་ཀྱི་ཚུལ་འཆང་བའོ། །རབ་དགའ་ནི་གདུག་པ་གཞན་རྣམས་སོ། །དེ་ལ་རབ་ཏུ་དགའ་བས་གདུག་པ་གཞན་རྣམས་དེ་ཉིད་གནོད་སྦྱིན་གྱི་རིགས་སུ་འབྱུང་བར་སྦྱར་རོ། །དེ་དག་ཐམས་ཅད་ནག་པོའི་ལས་སྡིག་པ་ལ་དགའ་བས་སྣང་བ་ནི་ཡེ་ཤེས་ལ་སྦྱར་ཏེ། དེ་དག་ཐམས་ཅད་


DTG049_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་མཐོང་བཞིན་དུ། དེ་ཉིད་ནི་སྡིག་པ་ལ་གྲོལ་བ་དང༌། ཐར་པར་ལྟ་བ་དེ་ཉིད་ལ་ངེས་པར་བརྗོད་པའམ་འདོད་པའོ། །གོང་དུ་བསྟན་པ་གང་ཡིན་པ། །སོ་སོར་དག་ལ་གདོན་མི་ཟ། །སྦྱོར་བ་སྣ་ཚོགས་ངེས་བསྒྲུབས་ནས། །རྣལ་འབྱོར་པ་ནི་སྣ་ཚོགས་པ། །མངོན་དུ་རྒྱས་ཤིང་ངེས་པར་གསལ། ཞེས་བྱ་བ་ལ། གོང་དུ་བསྟན་པ་ནི་འདི་ཉིད་དུའོ། །གང་ཡིན་པ་ནི་སྦྱོར་བ་དང་ཐབས་རྣམས་སུ་སྦྱར་རོ། །སོ་སོ་དག་ལ་ནི་གདུག་པའི་རིགས་རང་རང་ལའོ། །གདོན་མི་ཟ་བ་ནི་ཐེ་ཚོམ་མེད་པར་འགྲུབ་པར་སྦྱར་རོ། །སྦྱོར་བ་སྣ་ཚོགས་པ་ནི་འདིར་བསྟན་པ་རྣམས་ཏེ། དེ་དག་ངེས་པར་བསྒྲུབས་པས་སྣང་བ་ཡེ་ཤེས་དང༌། འབྱོར་བ་སྣ་ཚོགས་པ་རྣམས་མངོན་པར་འགྲུབ་ཅིང་ངེས་པར་གསལ་བའོ། །སྣང་བ་ཆེན་པོ་བདག་མེད་པར། །བརྒྱུད་པས་ཡོངས་སུ་འགྲུབ་པ་ཡིན། །ཞེས་བྱ་བ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ཆོས་ཉིད་སྟོང་པ་ཉིད་བདག་དང་གཞན་དུ་མི་དམིགས་པའི་ཕྱག་རྒྱ་ཉིད་གནང་བ་དང༌། གནང་བ་ཉེ་བར་ཐོབ་པས། བརྒྱུད་པས་འགྲུབ་པའོ། །ཀུན་རྫོབ་གོང་མའི་དངོས་པོ་ལྟར། །བརྟན་པ་ལྟ་བུར་རབ་ཏུ་མཐོང༌། །དོན་དམ་འོག་མའི་སྒྲ་ལྟ་བུར། །ཉོན་མོངས་ཀུན་སྲེག་རང་བཞིན་གྱིས། །འོད་གསལ་བ་རུ་གནས་པ་ཡིན། །ཞེས་བྱ་བ་ལ། ངེས་པའི་ཚིག་སྒྲ་སྦྱོར་གྱི་སྒོ་ལས་དོན་དམ་པ་དང༌། ཀུན་རྫོབ་གཉིས་ལ་ཡང་དག་པར་སྦྱར་ཏེ་གསུངས་པ་ལས། གོང་མའི་དངོས་པོ་ནི་སྣ་ཚོགས་དང༌། བརྟན་པ་མི་འཇིག་པར་མཐོང་བས་ན། ཀུན་རྫོབ་གོང་མའི་ཚིག་ཏུ་སྦྱར་རོ། །དོན་དམ་པ་ནི་ཉོན་མོངས་པའི་བུད་ཤིང་རྣམས་བསྲེགས་པའི་ཚུལ་དུ་སྦྱངས་པ་དང༌། རྣམ་པར་རྟོག་པ་མེད་པས་རང་བཞིན་གྱིས་འོད་གསལ་པར་གནས་པས་ན་འོག་མའི་དགྲ་ལྟ་བུར་ཤེས་པར་བྱའོ། །སྙིང་པོ་དོན་དམ་ལ་འཇུག་པ། །ཕྱི་རིམ་ཀུན་རྫོབ་ལ་བརྟེན་པ། །དང་པོར་སངས་རྒྱས་མི་གནས་ཤིང༌། །སྔ་མ་བྱ་བའི་སྦྱོར་བས་བརྩོན། །ཞེས་བྱ་བ་ལ། སྙིང་པོ་དོན་དམ་པའི་ནི་བསྒྲུབ་པའི་བྱ་བའི་དངོས་པོ་བརྟན་པ་མི་འཇིགས་པ་ལ་བྱ་སྟེ། དེ་ལ་འཇུག་པར་འདོད་པས་ཕྱི་རིམ་ཞེས་བྱ་བ་ནི་གསོག་དང་


DTG049_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གསོབ་ཏུ་གྱུར་པ་དངོས་པོ་ཇི་ལྟ་བ་བཞིན་དུ་ལས་དང་པོ་པ་རྣམས་ཀྱིས་ཐབས་ལ་མཁས་པས་ཡོངས་སུ་བསྒྲུབ་པར་བྱའོ། །དང་པོར་སངས་རྒྱས་མི་གནས་པ་ནི་ཐེག་པ་ཆེན་པོའི་སྔགས་ལ་ཞུགས་པ་ཙམ་གྱིས་རྨོངས་པ་ཁ་ཅིག་སངས་རྒྱས་པར་འདོད་དེ། དེ་ལྟ་བུའི་ང་རྒྱལ་ལ་བརྟེན་ནས་ཐབས་ཀྱི་ཡན་ལག་མ་ཤེས་པས་ངན་འགྲོར་ལྟུང་བར་འགྱུར་རོ། །དེ་ནས་སྔ་མའི་བྱ་བ་ལས་དང་པོ་པ་རྣམས་ཀྱི་ཐབས་ཀྱི་སྦྱོར་བ་རིམ་པ་ཇི་ལྟ་བ་བཞིན་དུ་བརྩོན་པར་བསྒྲུབ་པར་སྦྱར་རོ། །དབང་ཐོབ་པ་ལ་རློམ་སེམས་བྱེད། །བླ་མའི་མན་ངག་ངེས་པ་ལས། །བླ་མ་ཉིད་ལ་ཅི་ནུས་ཀྱིས། །ཡང་དག་པར་ནི་མཆོད་པར་བྱ། །ཞེས་བྱ་བ་ལ། དབང་ཐོབ་པ་ཙམ་དག་ལ་བདག་རྡོ་རྗེ་སེམས་དཔར་ཁ་ཅིག་རློམ་སེམས་པར་བྱེད་དེ། དེ་ལྟར་རློམ་སེམས་པར་ནི་མི་བྱ་བར་བླ་མ་དམ་པའི་མན་ངག་ངེས་པར་རྙེད་པ་རྟོག་པ་དང་བྲལ་བའི་རིམ་པ་ཇི་ལྟ་བ་བཞིན་དུ་ཐབས་ཀྱི་ཡན་ལག་ཡང་དག་པར་ཤེས་པར་བྱས་ནས། བླ་མ་དམ་པ་ལ་བུ་དང་ཆུང་མ་དང་རིན་པོ་ཆེ་སྣ་ཚོགས་པས་ཡོངས་སུ་མཆོད་པར་བྱའོ། །ཅིའི་ཕྱིར་མཆོད་ཅེ་ན། བླ་མ་ལས་དངོས་གྲུབ་ཐོབ་པར་གསུངས་པས་དངོས་གྲུབ་ཉེ་བར་བྱ་བའི་ཕྱིར་མཆོད་པའོ། །རྡོ་རྗེ་ངོ་བོ་ཀུན་འབྱུང་དང༌། །གདུག་པ་ཐམས་ཅད་སྲེག་ཕྱིར་དང༌། །དངོས་ལ་འཇུག་བ་ངེས་པའི་སྒྲས། །གོང་མའི་ཚིག་ཏུ་བརྗོད་པ་ཡིན། །ཞེས་བྱ་བ་ལ། རྡོ་རྗེ་ངོ་བོ་ཀུན་འབྱུང་བ་ནི་སྔགས་རྣམ་པ་གསུམ་དང༌། ཕྱག་རྒྱའི་སྙིང་པོ་ཡེ་ཤེས་ཀྱི་ཐབས་དང༌། དེ་ཁོ་ན་ཉིད་ཐམས་ཅད་འབྱུང་བས་ན་ངོ་བོ་ཀུན་འབྱུང་ངོ༌། །གདུག་པ་ཐམས་ཅད་མ་ལུས་པར་སྐྲག་ཅིང་རླག་པར་བྱེད་དེ། སྲེག་པས་ནི་སྲེག་པ་སྟེ་དངོས་པོ་འདི་ཉིད་དོ། །དངོས་པོ་ཉིད་ལ་མཐུན་པའི་ངེས་པའི་སྒྲ་སྦྱར་ན་གོང་མའི་རྡོ་རྗེ་མེ་ལྕེར་གསུངས་བར་སྦྱར་རོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་བ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་གཉིས་པའི་བཤད་པའོ།། །།

གསུམ་པ། དཀྱིལ་འཁོར་དང་ལྷ་ཡི་ལེའུའི་བཤད་པ།


DTG049_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སྡོན་ལག་ན་རྡོ་རྗེ་ཡིས། །ཞེས་པ་ནས། ལྷ་ཡི་སྦྱོར་བ་བཤད་པར་བྱ། །ཞེས་བྱ་བའི་བར་དུ་ནི། ལག་ན་རྡོ་རྗེ་གང་དག་སྒྲུབ་པའི་


DTG049_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་དཀྱིལ་འཁོར་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་ཡང་དག་པའི་དོན་དངོས་པོར་གྱུར་ན་ཁ་དོག་དང་དབྱིབས་དང་ལྷ་དང་སྔགས་ལ་སོགས་པ་མེད་དེ། འོ་ན་ཡང་འགྲོ་བའི་རྟོག་པ་བསལ་བ་དང༌། ལས་དང་པོ་པས་སྒྲུབ་པའི་ཐབས་སུ་བཤད་པར་དམ་བཅས་པར་ཤེས་པར་བྱའོ། །གང་ཞིག་མོས་པར་བྱེད་པ་ཡིས། །ཁྲུ་གསུམ་དཀྱིལ་འཁོར་ཕྱོགས་བཞི་པ། །ནགས་སམ་དུར་ཁྲོད་ཁང་སྟོང་དམ། །གཙུག་ལྷག་ཁང་དང་མཆོད་རྟེན་ནང༌། །དེ་དག་རྣམས་སུ་ངེས་པར་བརྩམ། །ཞེས་བྱ་བ་ལ། མོས་པར་རམ་གྲུབ་པར་བྱེད་པའི་གང་ཟག་གིས་ཕྱོགས་བཞི་རུ་ཁྲུ་གསུམ་གསུམ་པའི་དཀྱིལ་འཁོར་གནས་གོ་སླ་བ་རྣམས་སུ་ངེས་པའམ། གདོན་མི་ཟ་བར་བརྩམ་པར་བྱ་བར་སྦྱར་བར་བྱའོ། །དང་པོ་བསྙེན་པ་རབ་གནས་པས། །བུ་མོ་བཅུ་དྲུག་སྟོན་མོ་བྱས། །བདག་གིས་ཞག་གསུམ་ཁྲུས་བྱ་ཞིང༌། །སྤྱི་བོ་ལྐོག་མ་སྙིང་ག་རུ། །གསང་བ་གསུམ་གྱི་ཡི་གེ་བརྟག །ཅེས་བྱ་བ་ལ་དང་པོ་བསྙེན་པ་ལ་བུ་མོ་ལོ་བཅུ་དྲུག་ལོན་བརྒྱལ་རིགས་སམ་བྲམ་ཟེའི་རིགས་སམ། །རྗེའུ་རིགས་ལ་གཟུགས་དང་ཁ་དོག་ཕུན་སུམ་ཚོགས་པར་ལྡན་པ། ཞི་བ་བྱང་ཆུབ་ཀྱི་སེམས་ལ་ལྷག་པར་ཆགས་པ་ལ། བདག་གི་སྔགས་ཆུ་དང་ལྡན་པའི་བུམ་པས་ཁྲུས་ཉི་མ་གསུམ་དུ་བྱས་ལ། ཙནྡན་དམར་པོའི་ལྡེ་གུས་གནས་རྣམ་པ་གསུམ་པོ་རུ་གསང་བ་གསུམ་གྱི་ཡི་གེའི་གདན་ཐིག་ལེ་ལེགས་པར་བསྐུ་བར་བྱའོ། །དེ་ཡང་བ་བ་སི་ཏ་བཛྲ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཡོངས་སུ་བསྐུས་ལ། སྐུ་གསུང་ཐུགས་ཀྱི་ཡི་གེ་བརྟན་པར་བྱ་བར་འབྲེལ་ཏོ། །རྣམས་སུ་བཅོས་པའི་གོས་ཉིད་ལ། །གུར་གུམ་ཐིག་ལེས་ངེས་བཏབ་སྟེ། །དེ་ཉིད་ལ་ནི་བསྐོན་པར་བྱ། །ཞེས་བྱ་བ་ལ། གོས་སྔོན་པོ་ལ་གུར་གུམ་གྱི་ཐིག་ལེས་གནས་བཅུ་བདུན་དུ་བསྐུ་བར་བྱའོ། །སྐྱེས་པ་དང་ནི་སྤྲད་མི་བྱ། །ཞེས་པ་ནས། གནས་གང་ཡིན་པར་བདག་ལ་གཏད། །ཅེས་པའི་བར་ལ་སྐྱེས་པ་དང་ནི་སྤྲད་མི་བྱ་ནི་དེའི་བར་དུའོ། །དཀར་གསུམ་ནི་འོ་མ་དང་ཞོ་དང་འབྲས་གསུམ་མོ། །དེ་ཡོངས་


DTG049_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསལ་ལ་སྙིང་པོ་ནི་འདི་ཡིན་ཏེ། དེ་ཡིས་འབུམ་དུ་བཟླས་པའོ། །ཨོཾ་ཨ་མྲྀ་ཏེ་སིདྡྷ་བཛྲ་ཧཱུཾ་ཞེས་བསྔགས་ལ། རང་གི་སྔགས་བུ་མོའི་ཁར་བཏབ་པ་དང༌། དེ་ཉིད་ལ་ཡང་བསླབ་པའོ། །དེ་ནས་བསྙེན་པ་རྫོགས་པ་དང༌། །བུ་མོ་ལ་ཉོས་ཤིག་དང་ལོངས་ཤིག་པའི་ཚིག་བརྗོད་ནས། ཀུན་འདུས་པ་ནི་ཚོང་འདུས་སོ། །དེར་མི་སྒེག་པར་དངོས་པོ་གང་ཡིན་པ་ཉོས་ལ། རིགས་མཐུན་པ་ནི་གོས་སྔོན་པོ་དེར་གཏུམས་ལ། གནས་ནི་གང་ན་གནས་པའི་ས་རུ། བདག་ནི་སྒྲུབ་པ་པོ་ལ་ག་ཏད་པར་འབྲེལ་ཏོ། །དེ་ཡིས་ཞག་གསུམ་སྦྱོར་བ་ཡིས། །ཕྱག་རྒྱ་ངེས་པ་ཉིད་དང་ཡང༌། །སྙིང་པོ་གང་གི་སྦྱོར་བ་ཡིས། །དྲི་ཆུ་བཏབ་ལ་གྲངས་ཚད་དུ། །ཕྱིན་པར་ཡང་དག་བཟླས་པར་བྱ། །ཞེས་བྱ་བ་ལ། དེ་ཡིས་ཞེས་པ་ནི་རྣལ་འབྱོར་བའོ། །རྣལ་འབྱོར་པས་ནི་བའི་རྣམ་པ་ལྔ་ལ་སོགས་པ་ལ་ཞག་གསུམ་གྱི་བར་དུ་བདག་གི་ཕྱག་རྒྱ་ནི་རྡོ་རྗེ་རྩེ་གཅིག་པའོ། །ལྷའི་སྙིང་པོ་ཀུན་ལ་གྲངས་ཉི་ཤུ་རྩ་གཅིག་ཏུ་ཡང་དག་པར་བཟླས་ལ། དྲི་ཆུས་ཀུན་ལ་ཕོག་པར་གཏོར་བར་བྱ་བར་འབྲེལ་ཏོ། །ལྷག་མ་ནི་གོ་སླ་བས་འདིར་མ་བཤད་དོ། །དང་པོར་བྱང་ཤར་མཚམས་ཉིད་ནས། །ཀུན་བརྟེན་ཁ་དོག་རིགས་མཐུན་བླང༌། །ཡོངས་སུ་བསྡུས་བྱས་ཉིད་དུ་ངེས། །གཉིས་པ་གཉིས་པར་ཡང་དག་ལྡན། །གསུམ་པ་གཅིག་གིས་ཚད་བྱས་ལ། །ཞེས་བྱ་བ་ལ། བྱང་ཤར་མཚམས་ནས་ཀུན་བརྟེན་པའི་སྟོབས་དང་ལྡན་པའི་སྒྲ་རྟགས་ཀྱིས་དབྱེ་བས་འཇུག་སྟེ་ས་ལ་ངེས་པའོ། །ས་ཁ་དོག་རིགས་མཐུན་པ་ནི་སྔོན་པོར་ཤེས་པར་བྱའོ། །ས་དེ་ཡོངས་སུ་བསྡུས་པ་ལ་དཀྱིལ་འཁོར་ངེས་པར་བྱ་བར་འབྲེལ་ཏོ། །གཉིས་པ་གཉིས་པར་ཡང་དག་ལྡན་པ་ནི། །རབ་འབྲིང་ཐ་མའི་ཚད་ལ་བྱ་སྟེ། རབ་ནི་གོང་དུ་བསྟན་པར་ཟད་དོ། །འབྲིང་ནི་གཉིས་པ་སྟེ་ཁྲུ་གཉིས་པ་ལས་བྱས་པའོ། །གསུམ་པ་གཅིག་པ་ནི་ཁྲུ་གཅིག་པ་ལ་ངེས་པར་བྱའོ། །དེ་ལྟར་ཚད་དུ་བྱས་པ་ལས། །ཤིན་ཏུ་མཉམ་པར་འཐས་པར་བྱ། །དེ་ཉིད་རྗེས་སུ་འཇུག་པ་ཡིས། །དང་པོར་སྲད་


DTG049_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གང་ཡིན་པས། །ཁ་དོག་སེར་པོས་ཐིག་གདབ་བྱ། །ཞེས་བྱ་བ་ལ། རབ་འབྲིང་ཐ་མའི་ཚད་དུ་བྱས་པ་ལས་མཉམ་པ་དང་འཐས་པ་དང་ལེགས་པར་བྱས་ལ་དེ་ཉིད་རྗེས་སུ་འཇུག་པ་ནི་གང་ཟག་རྣལ་འབྱོར་བའོ། །དེ་ཡི་དང་པོ་སྲད་བུ་ནི། །བུ་མོས་བཀལ་བའི་དགུ་སྒྲིལ་ལོ།། ཁ་དོག་སེར་པོ་ནི་ཡུང་བ་ལ་སོགས་ཕ་གང་ཡང་རུང་བའི་ཐིག་གདབ་པར་སྦྱར་རོ། །དཀྱིལ་འཁོར་དགུ་རུ་ངེས་པ་ལས། །འབྲུ་དང་ས་དང་རིན་ཆེན་གང༌། །ཕྱེ་མ་ཉིད་དུ་བཏགས་པ་ཡིས། །དཀྱིལ་དུ་པདྨ་བཅུ་དྲུག་པ། །འདབ་མར་ལྡན་པར་བྲི་བར་བྱ། །ཞེས་བྱ་བ་ལ། ཐིག་བཏབ་པའི་ལེ་ཚེ་དགུ་ལ་དཀྱིལ་དུ་རྒྱལ་པོ་དང༌། བློན་པོ་དང༌། བྲམ་ཟེ་དང༌། དམངས་རིགས་ལ་རིམ་པར་སྦྱར་ལ། རིན་པོ་ཆེ་མུ་ཏིག་ལ་སོགས་པས་ཟི་བ་དང༌། འབྲས་བཏགས་པ་ལ་རྣམས་ལ་སོགས་པས་ཁ་དོག་བསྒྱུར་བ་དང༌། ས་ཁ་དོག་ལྔ་པ་ལ་ཞིབ་པར་བཏགས་པས་པདྨ་བཅུ་དྲུག་དང་ལྡན་པ་བྲི་བར་སྦྱར་བར་བྱའོ། །ཤར་དང་ལྷོ་དང་ཞེས་བྱ་བ་ནས། ཀུན་ཀྱང་སྟག་གི་པགས་པ་ཡིས། །སྨད་ནི་ཡོངས་སུ་དཀྲིས་པ་ཡིན། །ཞེས་བྱ་བའི་བར་ནི་གོ་སླ་བས་འདིར་མ་བཤད་དོ། །དེ་སྟེང་གདན་ནི་རབ་གནས་པས། །གཙོ་བོ་ཉིད་ལ་ཉི་ཟླ་ཡིས། །ཕྲག་པ་ལ་ནི་འཁོར་བར་རྒྱུ། །ཚངས་པ་དབང་པོ་ལྷ་ཆེན་གཉིས། །ཞབས་ཀྱིས་ཡོངས་སུ་མནན་པ་ཡིན། །ཞེས་བྱ་བ་ལ། ལྷའི་བུ་ཉི་མ་དང་ཟླ་བ་གཉིས་ཕྲག་པ་ལ་རྒྱུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བར་གཤེགས་པས་ལུང་གཉིས་སུ་གསུངས་ཏེ། གཅིག་ནི་ལག་ན་རྡོ་རྗེའི་སྐུས་རི་རབ་ཀྱི་རྐེད་པར་སླེབ་པས་ཉི་མ་དང་ཟླ་བ་ཡང་རི་རབ་ཀྱི་རྐེད་པ་ནས་རྒྱུ་བས་ལག་ན་རྡོ་རྗེའི་ཕྲག་པ་ལ་ཕོག་པའོ། །གཅིག་ནི་འཇིག་རྟེན་པ་རྣམས་ལ་ཕྲིན་ལས་རྣམ་པ་གཉིས་ཀྱིས་འདུལ་བ་དང༌། ཐབས་དང་ཤེས་རབ་ཏུ་ལྡན་པས་ཨཱ་ལི་ཀཱ་ལི་སྙོམས་པར་འཇུག་པའི་དོན་གསུམ་དུ་རིག་པར་བྱའོ། །དེ་ཡང་ལུང་གང་ལས་གྲུབ་ཅེ་ན་རིམ་པ་ཇི་ལྟ་བ་བཞིན་དུ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དང་ལག་ན་རྡོ་རྗེ་བདེ་བར་རོལ་བའི་རྒྱུད་དང་ལག་ན་རྡོ་རྗེ་ཡུམ་ལྕང་ལོ་མའི་རྒྱུད་ལས་རིག་པར་བྱའོ། །ཚངས་པ་དང་


DTG049_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་གཉིས་སྲིད་པ་དང༌། མྱ་ངན་ལས་འདས་པའི་རྟགས་སུ་བརྟེན་ནས་དེ་གཉིས་ཀ་ལ་མི་གནས་པ་དང༌། ཡང་ན་རྟོག་པ་དང་མི་རྟོག་པ་གཉིས་ཀ་ལ་མི་གནས་པའི་རྟགས་དང༌། ཡང་ན་བདུད་ཀྱི་སྙིང་ག་ཉམས་དགའ་བར་བཅོམ་ལྡན་འདས་རོལ་བས་བཞུགས་པའོ། །ཤར་གྱི་ལྷ་ཆེན་རྣམ་རྒྱལ་ཉིད། །ཀེང་རུས་སྟེང་ན་གནས་པ་བཞིན། །གཞན་ཡང་དེ་ལྟར་གནས་པ་ཡིན། །ས་བོན་གནས་པ་གང་ཡིན་པ། །སྒྲ་དང་བཅས་པས་ཤེས་པར་བྱ། །ཞེས་བྱ་བ་ལ། ཤར་ན་བཞུགས་པའི་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་ཀེང་རུས་སྐམ་པོའི་སྟེང་ན་བཞུགས་པ་བཞིན་དུ་ནག་པོ་ཆེན་པོ་ལ་སོགས་པའང་ཀེང་རུས་སྐམ་པོའི་སྟེང་ན་བཞུགས་པར་འབྲེལ་ཏོ། །དེ་ཡང་ཅིའི་ཕྱིར་ཀེང་རུས་སྐམ་པོའི་སྟེང་ན་བཞུགས་ཤེ་ན། ཐམས་ཅད་ཀྱང་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་དང༌། སྒྲའི་སྦྱོར་བས་ཀ་རང་ཀ་ལ་གདུག་པ་རྣམས་སྐྲག་པར་བྱ་བའི་ཕྱིར་དང༌། དྲག་པོའི་ལས་སུ་སྦྱོར་བས་ན་ཀེང་རུས་ལ་བཞུགས་པའོ། །ས་བོན་གནས་པ་དེ་ནི་དེ་དག་ཐམས་ཅད་སྐྱེད་པའི་ས་བོན་ལ་བྱ་སྟེ་ཡིག་འབྲུ་རྣམས་སོ། །སྒྲ་དང་བཅས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་གར་མཁན་གྱི་ཞལ་ནས་སྒྲ་དང་བཅས་པར་ཕྱུང་བའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ས་བོན་གྱི་ཡི་གེ་རེ་རེ་ལ་འོད་ཟེར་རིགས་མི་འདྲ་བ་རེ་རེ་དང༌། སྒྲ་མི་འདྲ་བ་རེ་རེ་ཡང་དག་པར་ཕྱུང་སྟེ་བསྒྲགས་པར་སྦྱར་རོ། །དང་པོ་གཙོ་བོ་སྐྱེད་བྱེད་གང༌། །ཧཱུཾ་ལས་ངེས་པར་རྫོགས་བྱ་ཞིང༌། །གཞན་རྣམས་འདི་ལས་འབྱུང་བར་བསམ། །ཞེས་བྱ་བ་ལ། དང་པོར་གཙོ་བོ་ཕྱག་ན་རྡོ་རྗེ་ཉིད་ཀྱི་བསྐྱེད་པར་བྱ་བའི་ས་བོན་དུ་ཧཱུཾ་ནག་པོ་ལས་ཡང་དག་པར་ཤེས་པར་བྱའོ། །གཞན་རྣམས་འདི་ལས་ཞེས་པ་ནི་འོག་ནས་འབྱུང་བའི་ས་བོན་བཅུ་དྲུག་པོ་རིམ་པ་ཇི་ལྟ་བ་བཞིན་དུ་ཁམས་གསུམ་རྣམ་པར་རྒྱལ་བ་ནས། ཤ་ཟ་མའི་བར་དུ་ཁ་དོག་མི་འདྲ་བ་ནི་བླ་མའི་ངག་ལས་ཡོངས་སུ་རིག་པར་བྱ་ཞིང་དེ་རྣམས་ལས་འབྱུང་བའམ་བསྐྱེད་པར་འབྲེལ་ཏོ། །ལྷག་མ་ནི་གོ་སླའོ། །དེ་ལས་རགས་པ་གང་ཞིག་གིས། །བར་འཕྲ་ངེས་པར་བསྐྱེད་པར་བྱ། །དང་པོར་ཀུན་ཀྱང་


DTG049_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བརྩིགས་པ་ཡིས། །བཾ་ལས་གྱུར་པ་སྣ་ཚོགས་པ། །ཡང་དག་པར་ནི་བསྐྱེད་པར་བྱ། །དེ་འོག་ཀཾ་ལས་རབ་སྐྱེས་པ། །སྐམ་པོར་ཡོངས་སུ་བརྟགས་པ་ཡིན། །ཞེས་བྱ་བ་ལ། རགས་པ་ནི་སྐུ་ཉིད་དོ། །བར་འཕྲ་ནི་དང་པོར་གཅིག་པའི་བཾ་དམར་པོ་ལས་བྱུང་བའི་པདྨ་འདབ་མ་བཅུ་དྲུག་པ་སྣ་ཚོགས་པ་བསྐྱེད་པར་བྱའོ། །དེ་འོག་ཅེས་པ་ནི། དེའི་རྟིང་ལ་བྱུང་བས་དེའི་འོག་སྟེ། དེའི་སྟིང་དུ་ཀཾ་དཀར་པོ་ལས་ཡང་དག་པར་བྱུང་བའི་ཀེང་རུས་སྐམ་པོ་རབ་ཏུ་གནས་པའོ། །ལྷག་མ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དེ་དག་རྣམས་ནི་རབ་བ་རྫོགས་པའི། །སྐུ་རུ་ཡོངས་སུ་རྫོགས་བྱས་ལ། །བདག་གིས་རྣལ་འབྱོར་ཡང་དག་བསྒྲུབ། །ཅེས་བྱ་བ་ལ། དེ་དག་གི་ནི་གོང་དུ་སྨོས་པའི་གདན་དང་ཡིག་འབྲུ་དང་བླ་མའི་ང་ལ་སོགས་པའི་ལས་རྫོགས་པའོ། །སྐུ་རུ་ནི་རང་རང་གི་ཆོ་ག་གསུམ་ལས་རང་རང་གི་སྐུར་རྫོགས་པར་བྱས་ལ་ཞེས་པར་འབྲེལ་ཏོ། །དེ་ནས་བདག་རྣལ་འབྱོར་བས་མཆོད་པ་ལ་སོགས་པའི་རྣལ་འབྱོར་ཡང་དག་པར་སྒྲུབ་པར་འབྲེལ་ཏོ། །དེ་ནས་སྔགས་པ་བློ་ལྡན་པས། །རིགས་སུ་ངེས་པ་གང་ཡིན་པ། །ཐབས་འདི་ལ་ནི་འཇུག་བར་བྱ། ཞེས་བྱ་བ་ནི་རིགས་རྣམ་པ་ལྔ་ལས་མི་འདའ་བས་རིགས་ཀྱི་རྗེས་སུ་འབྲང་བས་རྣལ་འབྱོར་ཡང་དག་པར་བསྒྲུབ་པར་གསུངས་ཏེ། སུ་ཡིས་ཤེ་ན། སྔགས་པ་ཤེས་རབ་ཅན་གྱིས་སོ། །དེ་ཡང་སྤྱིར་རིགས་ལ་བརྟེན་ཏེ་བསྒྲུབ་པར་གསུངས་སོ། །ཐབས་ནི་འོག་ནས་སྟོན་པ་རྣམས་ལ་འཇུག་པར་འབྲེལ་ཏོ། །ཀུན་ལ་འཇུག་པར་འགྱུར་བ་ཡི། །ཁྱབ་པའི་བདག་པོ་ཆེན་པོ་ནི། །རིགས་ཀྱི་གཙོ་བོས་སྤྱི་ལ་ཁྱབ། །ཅེས་བྱ་བ་ནི་སྤྱིར་ཁྱབ་པ་རྣམ་པ་གསུམ་གྱིས་ཡོངས་སུ་སྟོན་ཏེ་སྐུ་གསུང་ཐུགས་ཀྱིས་ཁྱབ་པའོ། །ཀུན་ལ་འཇུག་པ་ནི་ལས་ཀྱི་བྱ་བ་ཐམས་ཅད་ལའོ། །ཁྱབ་པའི་བདག་པོ་ནི་རིགས་ཀུན་ལ་འཇུག་པ་དང༌། གཙོ་བོ་དང་བདག་པོར་འབྲེལ་བས་ན་བདག་པོར་འབྲེལ་ཏོ། །རིགས་ཀྱི་གཙོ་བོ་ནི་རིགས་ཐམས་ཅད་དེ་ལས་འབྱུང་བས་ན་གཙོ་བོ་ཡིན་ཏེ་དེ་ཡིས་ཀུན་ལ་ཁྱབ་པར་འཇུག་པར་


DTG049_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའོ། །མདུན་ནི་རྡོ་རྗེའི་རིགས་ཡིན་ཏེ། །ལྷ་མིན་ལ་སོགས་ངེས་པར་འཇིགས། །གཡས་ནི་རིན་ཆེན་རིགས་ཡིན་ཏེ། །ཤ་ཟ་ལ་སོགས་ཡང་དག་འཇིགས། །རྒྱབ་ན་གནས་པ་གང་ཡིན་བ། །པདྨའི་རིགས་སུ་ཡང་དག་ལྡན། །ནོར་ལ་སོགས་པ་གང་དགོས་པ། །རེ་བ་བཞིན་དུ་སྐོང་བར་བྱེད། །གཡོན་ན་གནས་པ་གང་ཡིན་པ། །ལས་ཀྱི་རིགས་ཀྱི་ངེས་པ་ལས། །ཀླུ་དང་གནོད་སྦྱིན་ལ་སོགས་པ། །མ་རུངས་པ་རྣམས་ཡོངས་སུ་འཇིགས། །ཞེས་བྱ་བ་ལ། མདུན་ནི་ཤར་དུ་རིག་པར་བྱ་སྟེ། ཁམས་གསུམ་རྣམ་པར་རྒྱལ་པོ་ནི་རྡོ་རྗེའི་རིགས་སུ་ངེས་བས་ཚངས་པ་དང་ལྷག་མ་ཡིན་རྣམས་འཇིགས་པའོ། །གཡས་པ་ནི་ལྷོར་རིག་པ་སྟེ། ནག་པོ་ཆེན་པོ་རིན་པོ་ཆེའི་རིགས་སུ་ངེས་པས་གཤིན་རྗེ་དང་ཤ་ཟ་རྣམས་འཇིགས་པའོ། །རྒྱ་བ་ནི་ནུབ་ཡིན་ཏེ་རྣམ་ཐོས་སྲས་པདྨའི་རིགས་སུ་ངེས་ཏེ། ནོར་དང་བཞོན་པ་ལ་སོགས་པ་རྣམས་ངེས་པར་སྟེར་བ་དང་གནོད་སྦྱིན་རྣམས་འདུལ་བར་གསུངས་སོ། །གཡོན་ནི་བྱང་དུ་རིག་པར་བྱ་སྟེ། བདུད་རྩི་ཐབ་སྦྱོར་གྱིས་ཀླུ་དང་ཡང་མ་རུངས་པ་རྣམས་ཡོངས་སུ་འཇིགས་པར་གསུངས་སོ། །གཞན་ཡང་ལྷག་མ་ཐམས་ཅད་ཀུན། །ཕོ་ཉའི་ཚུལ་དུ་ངེས་པར་གནས། །ཞེས་པ་ནི་རྡོ་རྗེ་གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཕོ་ཉའི་ཚུལ་དུ་ཡང་དག་པར་གནས་པར་འབྲེལ་ཏོ། །དང་པོ་ཉི་མ་ཤར་བ་ནས། །ལས་ཀྱི་སྦྱོར་བ་སྣ་ཚོགས་པ། །སོ་སོ་དག་པ་སྙིང་པོ་ནི། །གང་དུ་འབུམ་པས་རབ་རྫོགས་པ། །བརྒྱ་རྩ་བརྒྱད་དུ་ངེས་པར་བཟླས། །ཞེས་པ་ལ་དཀྱིལ་འཁོར་བྲི་བའི་སྔ་དྲོ་ཚོན་རྩི་ལྔ་ལ་ལས་ཀྱི་སྦྱོར་བ་སྣ་ཚོགས་པ་ཞེས་བྱ་བ་བརྗོད་དེ། དེ་ལ་སྙིང་པོ་བརྒྱ་རྩ་བརྒྱད་ཡང་དག་པར་བཟླས་ཞེས་པ་ནི། གོང་གི་བསྙེན་པའི་དུས་སུ་སྙིང་པོ་འབུམ་ལ་སོགས་པ་བཟླས་པའོ། །དེ་ནས་སྔ་དྲོའོ་དུས་སུ་བརྒྱ་རྩ་བརྒྱད་བཟླས་པས་སྦྱོར་བ་བྲི་བར་བྱའོ། །ཧཱུཾ་གི་སྒྲ་དང་རབ་ལྡན་པས། །བདག་ཉིད་ཁ་ནས་མེ་འབར་གསལ། །ཕྱག་རྒྱ་གནང་བར་རབ་བཅས་ཏེ། །དེ་ཉིད་སྟང་སྟབས་བསྐྱོད་པ་ཡིས། །གདུག་པ་ཐམས་ཅད་སྐྲག་བྱེད་པ། །བདེ་གཤེགས་མངོན་པར་དགྱེས་པར་བྱ།།


DTG049_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། སྔ་དྲོའི་དུས་སུ་རྒྱན་ཆ་ལྔ་ལ་སོགས་པ་ཡོངས་སུ་བགོས་ལ། རྡོ་རྗེ་དྲིལ་བུ་ངེས་པར་བཟུང་སྟེ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཁ་ནས་མེ་འབར་བར་བསམས་ལ། ཕྱག་རྒྱ་ནི་གར་གྱིས་ཡང་དག་པར་བྱས་ལ། དེ་ཉིད་ཅེས་པ་ནི། དོན་དམ་པ་གཉིས་ལ་སྒྲ་རྣམ་པ་གཉིས་འཇུག་སྟེ། རྣལ་འབྱོར་པ་དེ་ཉིད་ཀྱིས་ལག་ན་རྡོ་རྗེ་དེ་ཉིད་ཀྱི་སྟང་སྟབས་བྱ་བར་གསུངས་པ་སྟེ། གཡས་པ་བརྐྱང་ལ་གཡོན་པ་ངེས་པར་བཀུག་ནས། རྡོ་རྗེ་རྒྱ་གྲམ་འགྲོས་ཀྱིས་ཕྱོགས་བཞིར་བསྐྱོད་པས་གདུག་པ་ཅན་ཐམས་ཅད་སྒྲག་པར་འགྱུར་བ་དང༌། བདེ་བར་གཤེགས་པ་རྣམས་གར་གྱིས་མངོན་པར་དགྱེས་པའོ། །རྡོ་རྗེ་དྲིལ་བུ་བཟུང་བྱས་ནས། །ཁྲོ་བོའི་ཆ་ལུགས་གང་ཡིན་པས། །ཕྱོགས་རྣམས་རྨོངས་པར་བྱེད་པ་ཡིན། །ལྷ་མོའི་གཟུགས་འཆང་གང་ཡིན་པས། །གཞན་གྱི་སེམས་ཀྱང་འཕྲོག་པར་བྱེད། །ཅེས་པ་ལ། དུས་རྣམ་པ་གཉིས་ཀྱི་སྦྱོར་བས་གསུངས་པ་ཡིན་ཏེ། བགེགས་བསྐྲད་པ་དང་མཆོད་པ་ཉིད་ལ་སྦྱོར་བ་གསུངས་སོ། །དེ་ལ་ཁྲོ་བོའི་སྟང་སྟབས་ཀྱིས་རྡོ་རྗེ་དང་དྲིལ་བུ་བཟུང་པས་ཁ་ནས་ཧཱུཾ་འབར་བས་ཡང་དག་པར་བསྐྱོད་པས་གདུག་པ་རྣམས་བསྒྱེལ་ཏེ། ཅིའི་ཕྱིར་འཁྲུགས་ཤེ་ན་བརྒྱལ་བས་སོ། །བརྒྱལ་བས་ཤར་ཕྱོགས་ལ་སོགས་པ་མི་ཤེས་སོ། །ལྷ་མོའི་གཟུགས་སུ་བདག་ཉིད་ཡང་དག་པར་བསྒྲུབས་ལ་གནས་པར་བྱ་སྟེ། ཇི་ལྟ་བུ་ཞེ་ན། ལས་ཀྱི་ལྷ་མོ་སྣ་ཚོགས་པ། །དབུ་རྒྱན་དང་གདུ་བུ་དང༌། སྟོད་གཡོགས་ལ་སོགས་པ་རྒྱན་ཆ་བཅུ་གཅིག་གིས་ཡང་དག་པར་བརྒྱན་ལ། ནུ་མ་ཅུང་ཟད་འབུར་བར་བྱ་སྟེ། མཆོད་པའི་རྫས་ཐམས་ཅད་རྡོ་རྗེའི་གླུ་དང༌། གར་དང༌། ཕྱག་རྒྱ་ལ་སོགས་པས་ཡང་དག་པར་མཆོད་པ་དང༌། འདོད་པ་ཡོན་ཏན་ལྔས་སྐུ་ལ་ཡོངས་སུ་མཆོད་པར་བྱའོ། །དེའི་གཟུགས་ཀྱིས་ལྷ་རྣམས་མཉེས་པ་དང༌། འཇིག་རྟེན་པ་རྣམས་དབང་དུ་སྡུད་པར་འབྲེལ་ཏོ། །རེ་མིག་རྣམས་ཀྱི་བར་གང་ཡིན། །མེ་ལྕེའི་ཕྲེང་བས་ཡོངས་སུ་བྲི། །འཁོར་ལོའི་འོག་ཏུ་གནས་བྱ་བ། །ཆོས་འབྱུང་ཕྱག་རྒྱ་ངེས་པར་བྲི། །


DTG049_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ། དང་པོར་དཀྱིལ་འཁོར་བྲི་བའི་སྐབས་སུ་ཤེས་པར་བྱ་སྟེ། རེ་མིག་ནི་དཀྱིལ་འཁོར་ལྔ་ལ་བྱ་སྟེ། དེའི་བར་དག་མེའི་འོད་ཀྱིས་བྲི་བར་འབྲེལ་ཏོ། །འཁོར་ལོ་ནི་དཀྱིལ་འཁོར་ལ་ཤེས་པར་བྱ་སྟེ། དེའི་འོག་ཏུ་ཆོས་འབྱུང་གི་ཕྱག་རྒྱ་གྲུ་གསུམ་པ་མཚན་མ་ཀུན་ལ་ཁྱབ་པར་བྲི་བར་བྱ་བར་འབྲེལ་ཏོ། །དེ་ཡང་ཅིའི་ཕྱིར་ཆོས་འབྱུང་གི་ཕྱག་རྒྱ་བྲི་ཞེ་ན། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་པའོ། །ཐབས་དང་ཤེས་རབ་ལྡན་པ་དང༌། །ཀུན་འབྱུང་ཡུམ་དུ་ངེས་པར་གསལ། །རྟེན་འབྲེལ་ཡང་དག་འབྱུང་བ་ཡིན། །ཀུན་རྫོབ་ལ་ནི་དོན་དམ་བརྟེན། །དོན་དམ་ཉིད་ལ་ཀུན་རྫོབ་ཡང༌། །བརྟེན་པ་ཉིད་དུ་འགྱུར་བ་ཡིས། །དེ་བས་གནང་བ་མི་གསལ་བར། །ཆོས་འབྱུང་ཕྱག་རྒྱ་ངེས་པར་བྲི། །རྒྱས་པ་ལ་སོགས་མ་ཡིན་གྱི། །དྲག་པོའི་དཀྱིལ་འཁོར་ཡིན་པ་དང༌། །དེ་བཞིན་དབྱིབས་སུ་རབ་གསལ་བས། །དྲན་དང་བཅས་པས་བྲི་བར་བྱ། །ཞེས་བྱ་བ་ལ། ཆོས་ཐམས་ཅད་ཐབས་དང་ཤེས་རབ་ཏུ་འབྲེལ་བར་གནས་པ་དང༌། ཆོས་ཐམས་ཅད་དེ་ལས་འབྱུང་བས་ན། དེ་ཡང་དག་པར་བྲི་བར་འབྲེལ་ཏེ། ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་སུ་དངོས་པོ་ཀུན་གྲུབ་པས་བྲི་བར་བྱའོ། །ཇི་ལྟར་རྟེན་ཅིང་འབྲེལ་ཞེ་ན། །ཀུན་རྫོབ་ལ་ཞེས་པ་གསུངས་ཏེ། ཀུན་རྫོབ་ལ་དོན་དམ་པ་བརྟེན་པ་དང༌། དོན་དམ་པ་ལ་ཀུན་རྫོབ་བརྟེན་པའི་ཕྱིར་ཏེ། ཆོས་འབྱུང་ནི་དོན་དམ་པའི་ཕྱག་རྒྱ་ཡིན་པ་དང༌། དཀྱིལ་འཁོར་ནི་ཀུན་རྫོབ་ཀྱི་ཕྱག་རྒྱ་ཡིན་པར་འབྲེལ་ཏོ། །ཡང་ན་དྲག་པོའི་དཀྱིལ་འཁོར་ཡིན་པར་གསུངས་པས། སྐབས་འདིར་ཡང་དྲག་པོའི་སྐབས་ལ་བབ་པས་ན། དེ་ལ་ཡང་དབྱིབས་མཐུན་པའི་ཕྱིར་སྣང་བ་མི་གསལ་བར་བྲི་བར་བྱའོ། །སྣང་བ་མི་གསལ་བ་ནི་གོང་དུ་བསྟན་པར་ཟད་དོ། །དེ་བས་ན་རྣམ་པ་ཐམས་ཅད་དུ་ཡང་རྣལ་འབྱོར་པས་ཆོས་འབྱུང་བའི་ཕྱག་རྒྱ་མཉམ་པར་གཞག་ཅིང་དྲན་པ་དང་བཅས་པས་བྲི་བར་གསུངས་སོ། །མཐུ་དང་ལྡན་པའི་གང་ཟག་ལ། །སྟོབས་ནི་ཤིན་ཏུ་ངེས་པར་སྐྱེད། །དཀྱིལ་འཁོར་ལྷ་ཉིད་མངོན་བསྒྲུབས་པས། །ལུས་ལ་གཟི་བརྗིད་འཇུག་


DTG049_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཞེས་བྱ་བ་ལ། མཐུ་ཞེས་པ་ནི། ཨ་ནུ་བྷ་བའི་སྦྱོར་བས་སྐབས་མང་པོ་ལ་འཇུག་སྟེ། སྐབས་འདིར་ནི་སྔོན་གྱི་ལས་འཕྲོ་དང་ལྡན་པ་ལ་བྱའོ། །དེ་དང་ལྡན་པའི་གང་ཟག་ལ་ནི་ཕྱག་ན་རྡོ་རྗེའི་སྟོབས་སུ་སྐྱེ་བར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མངོན་པར་བསྒྲུབས་པས་ནི། ལུས་ནི་བདག་གི་ཕུང་པོའི་རྒྱུད་ལ་གཟི་བརྗིད་ཡེ་ཤེས་འཇུག་པར་གསུངས་སོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བཞེས་བྱ་བ་ལས་ལེའུ་གསུམ་པའི་བཤད་པའོ།། །།

བཞི་པ། མཆོད་པའི་ལེའུའི་བཤད་པ།


DTG049_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་ཞེས་བྱ་བ་ནས། ཐབས་དེ་གང་ལགས་གསུང་དུ་གསོལ་ཞེས་པའི་བར་དུ་ནི་གོ་སླའོ། །ནང་གི་བདག་ཉིད་ཅན་དང་ཡང༌། །ཕྱི་ཡི་ཁྲུས་སོགས་རབ་བྱས་ལ། །རབ་གསལ་ལ་སོགས་རྒྱུན་ཆད་ནས། །གང་ཡང་རུང་བའི་ལོ་ཉིད་ལ། །སྟོན་ཟླ་བ་ནས་བརྩམས་ལ། །ལྷ་མིན་ལྷ་དང་མེ་ཏོག་མཛེས། །དྲག་པོའི་དང་པོ་འདི་ཉིད་ལ། །བདག་གིས་ངེས་པར་སྦྱོར་བ་བརྩམ། །ཞེས་བྱ་བ་ལ། དང་པོར་ནང་གི་བདག་ཉིད་ནི་ནང་སྟེ། ཕྱི་རོལ་གྱི་དངོས་པོར་མི་འཛིན་པ་དང༌། བདག་དང་གཞན་དུ་མི་རྟོག་པ་དང༌། སྟོང་པ་དང་མི་སྟོང་པའི་མཐའ་གཉིས་དང་བྲལ་བའོ། །ཕྱིའི་ཆོས་དང་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་བྱེད་པས་ཁྲུས་མཆོག་ཏུ་གསུངས་སོ། །ཕྱིའི་ཁྲུས་ནི་གོ་སླའོ། །ཁྲུས་རྣམ་པ་གཉིས་བྱས་ནས་རབ་གསལ་ལ་སོགས་ཞེས་སྨོས་ཏེ། ཤེས་རབ་གསལ་བས་ན་རབ་གསལ་ལོ། །དེ་ཡང་ཤེས་པ་ལྔ་དང་རྒྱུན་ཆད་མེད་པ་ནི། རྣམ་པར་བཟའ་བར་མི་བྱ་བ་དང༌། སོགས་པ་ནི་མྱོས་འགྱུར་ཡང་ལོངས་སྤྱད་པར་མི་བྱའོ། །གང་ཡང་རུང་བ་ནི་བྱི་བ་ལ་སོགས་པའི་ལོ་གང་ཡང་རུང་བའོ། །སྟོན་ཟླ་རབ་པ་སྨོས་པ་ནི་སྟོན་ཟླ་ར་བ་ལ་མེ་ཏོག་དང་ལོ་ཏོག་ཀུན་དུ་རྒྱས་པས་དེའི་ཕྱིར། དེ་ནས་བརྩིས་པའི་ལྷ་མ་ཡིན་གྱི་བླ་མ་དོན་ཐམས་ཅད་ཀུན་དུ་འགྲུབ་པ་དང༌། མེ་ཏོག་མཛེས་བཀྲ་ཤིས་བར་གསུངས་པ་དེ་དང༌། དྲག་པོ་བྱ་བ་ནི་འོད་ཟེར་དྲག་པོ་ཕོ་གང་ལ་ཡོད་པ་ལ་དྲག་པོ་ཞེས་སྨོས་པའོ། །དང་པོའི་ཞེས་བྱ་བ་ནི་ཆ་བཞིར་བགོས་པའི་དང་པོའོ། །དེ་གསུམ་ཡོངས་སུ་འཇོམས་པས་ན་བདག་རྣལ་འབྱོར་པས་སྦྱོར་བ་ཡང་དག་པར་བརྩམ་པར་


DTG049_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་གསུངས་སོ། །དེ་ནས་བདག་ཉིད་ལུས་ཉིད་ལ། །རྒྱན་ཆ་ལྔ་ཡིས་རབ་བརྒྱན་ཏེ། །ལུས་ལ་གོས་དག་སྔོན་པོ་ཉིད། །བླ་གོས་སྨད་གཡོགས་ཡང་དག་བཅིངས། །སྤྱི་བོ་ལ་སོགས་གནས་ལྔ་རུ། །སྤྲུལ་གྱིས་ཡོངས་སུ་བཅིང་བར་བྱ། །རང་ཉིད་དཀྱིལ་འཁོར་ཤར་སྒོ་རུ། །འདུག་པས་སྦྱོར་བ་བརྩམ་པར་བྱ། །ཞེས་བྱ་བ་ལ། རྣལ་འབྱོར་པའི་ལུས་ལ་དབུ་རྒྱན་ལ་སོགས་པ་ལྔས་བརྒྱན་པར་བྱའོ། །སྟོད་གཡོགས་སྔོན་པོས་ལུས་ལ་བགོ་བར་བྱ་བ་དང༌། སྲོག་སྲོང་བའི་སྤྲུལ་ལམ། ཡང་ན་ཤིང་ཤུན་ལས་གཟུགས་བྱས་པ་སྔ་མའི་རྒྱན་ཆའི་རྩར་བཅིང་བར་སྦྱར་རོ། །བདག་ཉིད་ཤར་གྱི་ཕྱོགས་སུ་འདུག་པས་ལས་བྱ་བར་འབྲེལ་ཏོ། །དེ་ནས་དང་པོར་བླ་རེ་གང༌། །ཞེས་བྱ་བ་ནས། གོས་སར་ཡང་དག་གཙང་བར་བྱ། །ཞེས་བྱ་བའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །དེ་ནས་སྔགས་པ་བློ་ལྡན་པས། །བདག་ཉིད་བསྲུང་བའི་འཁོར་ལོ་བརྩམ། །རང་གི་ཕྱི་རོལ་མཚམས་རྣམས་སུ། །མི་འགྱུར་བས་ནི་བསིལ་ལྡན་བསྒོམ། །དེ་སྟེང་སྡུད་པའི་དངོས་པོ་གང༌། །ཁ་དོག་ནག་པོ་ཡང་དག་བསམ། །དེ་ལས་ཁྱབ་བྱེད་རིགས་ལྔ་བ། །ཡང་དག་པར་ནི་བསམ་པར་བྱ། །དེ་དག་ཡོངས་སུ་རྫོགས་བྱས་པས། །བདུད་རྩི་འཁྱིལ་བར་བདག་བསམས་ཏེ། །རྡོ་རྗེ་སྡིགས་མཛུབ་ཕྱག་རྒྱ་ཡིས། །སྔགས་བཟླས་པ་ཡིས་བགེགས་བསྐྲད་བྱ། །རིགས་གཙོའི་རྩེ་མོ་དེ་ཉིད་ལ། ཀཾ་ལས་ལུས་སྐྱོབ་བསམ་བྱས་ཏེ། །སྤྱི་བོར་གནས་པར་ཁྱབ་པར་བསམ། །ཞེས་བྱ་བ་ལ། སྐབས་འདིར་དང་པོར་འཇུག་པའི་ལས་ལ། བདག་ཉིད་ལ་བསྲུང་བའི་འཁོར་ལོ་བྱ་བར་གསུངས་ཏེ། དེའི་དང་པོར་བླ་མའི་མནན་ངག་ལས་ཡང་དག་པར་ཤེས་པར་བྱ་བ་ནི། །རྒྱུད་ལས་འབྱུང་བས་བདག་གིས་དོན་གསལ་བར་བརྗོད་པ་ནི་འགལ་བ་ཡོད་པའི་ཕྱིར་ཏེ། མི་གོ་བ་ཡིན་བའོ། །དེ་ནས་ཞེས་པ་ནི་ཚིག་གི་ལྷག་མ་ལུས་པ་དང༌། གཞན་ཉེ་བར་སྟོན་པའི་ཚིག་སྟེ། སྔགས་པ་ཤེས་རབ་ཅན་གྱིས་བསྲུང་བའི་འཁོར་ལོ་བྱ་བར་སྟོན་པའོ། །རང་གི་ཕྱི་རོལ་ནི་རང་གི་རྒྱུད་ལས་མ་གཏོགས་པའི་ཕྱི་རོལ་ལོ། །མཚམས་ནི་རྒྱུད་ལས་མ་གཏོགས་པ་དང༌། ཕྱི་


DTG049_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་དངོས་པོའི་མཚམས་སུ་མི་འགྱུར་བ་ནི་ཡི་གེ་དང་པོའོ། །བསིལ་ལྡན་ནི་འོད་ཟེར་ཁ་དོག་དཀར་པོ་དང་ལྡན་པའོ། །དེའི་སྟེང་ནི་བསིལ་ལྡན་གྱི་སྟེང་དུ། སྡུད་པའི་དངོས་པོ་ནི། ཐུགས་ཀྱི་ཡི་ག་ལ་ཁ་དོག་ནག་པོར་བསམ་པར་བྱ་བར་འབྲེལ་ཏོ། །དེ་ལས་ནི་སྡུད་པའི་དངོས་པོ་ལ་སྟེ། ཁྱབ་བྱེད་ནི་ཀུན་དུ་ཁྱབ་པར་བྱེད་པ་དང༌། མི་འཇིགས་པའི་གནས་པ་ལ་བྱ་སྟེ། དངོས་པོ་དེ་རིགས་ལྔས་པའི་འཁོར་ལོའི་རིགས་ལ་སོགས་པ་དང་ལྡན་པའོ། །དེ་ཡང་དག་པར་བསྒོམ་པར་འབྲེལ་ཏོ། །དེ་དག་ཡོངས་སུ་རྫོགས་པ་ནི། །གོང་དུ་སྨོས་པའི་ཆོ་ག་རྣམ་པ་གསུམ་པའོ། །དེ་གསུམ་རྫོགས་པ་ལས་བདག་ཉིད་ཁྲོ་བོ་བདུད་རྩི་ཐབས་སྦྱོར་དུ་ཡང་དག་པར་བསམ་པར་བྱ་སྟེ། སྐུ་མདོག་ལྗང་གུ་ཕྱག་གཉིས་པ་ལ་ཐལ་མོ་ཕན་ཚུན་དུ་བསྣོལ་བ་ནི། དམ་ཚིག་གི་ཕྱག་རྒྱ་བཅས་ལ། དེ་ནས་ལས་ཀྱི་ཕྱག་རྒྱ་ནི། །གཡོན་པ་དཀུར་བརྟེན་ཏེ་གཡས་པ་ནི། རྡོ་རྗེ་བཅིང་བའི་ཕྱག་གིས་སྡིགས་མཛུབ་ཏུ་བྱས་ལ། སྔགས་འདིས་བགེགས་བསྐྲད་པར་བྱའོ། །ཨོཾ་བིགྷྣཱཾ་ཀྲོ་དྷ་ཡ་ཧཱུཾ་ཕཊ། རིགས་གཙོའི་རྩེ་མོ་ནི་གོང་མའི་རིགས་ལྔ་ལས་མ་གཏོགས་པའི་ནང་གི་རྒྱུད་ཀྱི་རིགས་ལྔ་པ་དང་པོའི་རྩེ་མོ་ལ་ཡི་གེ་ཀཾ་དཀར་པོ་ལས་ལུས་སྐྱོབ་པར་བྱེད་པ་ཡོངས་སུ་བསམ་པར་བྱས་ལ། སྤྱི་བོ་ནས་རྩེ་མོ་ཡང་དག་པར་བཙུགས་ཏེ། ཨོཾ་བཛྲ་ཀ་པ་ཙ་ཧཱུཾ་ཕཊ་སྭཱཧཱ། ཞེས་པའི་སྔགས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་བསམ་མོ། །དེ་ཡང་འོད་ཟེར་གདུག་པ་དང་བཅས་པ་འབར་བར་བསམ་པར་འབྲེལ་ཏོ། །འདིས་ནི་སའི་ཆོ་ག་དང་ཐིག་གི་ཆོ་ག་གཉིས་ཡོངས་སུ་རྒྱས་པར་སྟོན་པའི་སྐབས་ཏེ། དེ་ནས་གཏོར་མ་ཞེས་བྱ་བ་ནས། ཕྱོགས་བཞི་མཚམས་སུ་ངེས་པར་གདབ། །ཅེས་པའི་བར་དུ་གོ་སླ་བས་འདིར་མ་བཤད་དོ། །ཁ་ནས་ཧཱུཾ་གི་སྒྲ་འབར་ཞིང༌། སྣ་ཚོགས་རྡོ་རྗེའི་གར་ཐབས་ཀྱིས། །ལན་གསུམ་བར་དུ་བསྐོར་བ་བྱ། །དེ་ནས་གདུག་པ་གང་ཡིན་པས། །ཕྱོགས་བཞི་དག་ཏུ་སོང་བ་ལ། །ས་ཕྱོགས་ངེས་པར་གཙང་བར་འགྱུར། །ཞེས་བྱ་བ་ལས། ཁ་ནས་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པའི་སྒྲ་དྲག་པོ་དག་ཕྱུང་བས་གདུག་པ་རྣམས་ཀྱི་ཁ་


DTG049_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེ་འབར་བ་མཐོང་བའོ། །སྣ་ཚོགས་རྡོ་རྗེ་གར་ཐབས་ནི། །ལག་པ་གཡས་པར་བེ་ཅོན་སྔོན་པོ་བཟུང་ནས། གཡོན་པ་རྡོ་རྗེ་ཐོགས་པས་སྙིང་གར་བཟུང་ལ། རྐང་པ་གཡོན་པ་ལྟེ་བར་གནས་ཏེ། གཡས་པ་ཕྱོགས་བཞི་རུ་རྡོ་རྗེ་རྩེ་གསུམ་པའི་གོམ་པ་འདོར་བ་དང༌། དེ་དང་མཐུན་པར་བེ་ཅོན་གྱིས་ཐབས་དང༌། ཤེས་རབ་ལ་བསྐོར་བས་ས་ལ་གདབ་པར་བྱའོ། །དེ་ནས་གོམ་པ་གཅིག་གིས་བར་དུ་གསལ་བར་འབྲེལ་ཏོ། །དེ་ལྟར་ཡན་ལག་གསུམ་གྱི་བར་དུ་བསྐོར་བས། གདུག་པ་རྣམས་ཕྱོགས་གཞན་དུ་བྱེར་ཏེ། །ས་ཕྱོགས་དེ་གདུག་པས་གཙང་བར་གྱུར་པར་འབྲེལ་ཏོ། །དེ་ནས་ཐིག་སོགས་བཏབ་པ་ཡིས། །ཞེས་པ་ནས། ཤེས་རབ་ཐབས་ཀྱིས་གསལ་བར་བརྟགས། །ཞེས་པའི་བར་དུ་ནི། །སྟ་གོན་གྱི་ཆོ་ག་རྒྱས་པར་བསྟན་པར་རིགས་པ་ནི་རྒྱུད་གཞན་དང་མཐུན་པར་འབྲེལ་ཏོ། སངས་རྒྱས་དཀྱིལ་འཁོར་བཞེངས་བྱའི་ཕྱིར། །བདག་གིས་དྲག་པོ་དང་པོ་ལ། །ཕྱེ་མ་ལྔ་དང་སྔགས་དག་དང༌། །ཕྱག་རྒྱ་བཅས་པས་བྱིན་གྱིས་བརླབ། །ཅེས་བྱ་བ་ལ། བདག་རྣལ་འབྱོར་པས་འོད་ཟེར་དྲག་པོ་དང་བཅས་པའི་དང་པོའི་ཉི་མ་ཤར་པའོ། །ཕྱེ་མ་ནི་རབ་འབྲིང་ཐ་མ་གསུམ་གྱིས་ཕྱེ་མའོ། །དེ་ལ་སྔགས་ནི་འདི་དག་གོ །དཀར་པོ་ལ་སོགས་པ་ཐམས་ཅད་ལ། རིམ་པ་བཞིན་དུ་རིན་པོ་ཆེ་འབར་བའི་ཕྱག་རྒྱ་བཅས་ལ། ཨོཾ་སྭ་སྟི་མུཀྟི་བྷ་བ་ཏི་ཧཱུཾ། ཨོཾ་པི་ཏ་ཨུ་དྷ་ར་བྷ་ར་ན་བྷ་བ་ཏི་ཧཱུཾ། ཨོཾ་རཀྟོ་བོ་བ་ལ་བྷ་བ་ཏི་ཧཱུཾ། ཨོཾ་ཧ་རི་ཏ་མ་ར་ཀ་ཏ་བྷ་བ་ཏི་ཧཱུཾ། ཨོཾ་ཀྲྀཥྞ་ཀཾ་ཀ་ནི་བྷ་བ་ཏི་ཧཱུཾ། ཞེས་བྱིན་གྱིས་བརླབ་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ། མུ་ཏིག་དང༌། གསེར་དང༌། བྱི་རུ་དང༌། སློག་བཙོང་དང༌། མུ་མེན་དུ་བརླབ་པར་སྦྱར་རོ། །དེ་ནས་སྣོད་དག་ཐོད་པ་ལ། །བྱས་པས་རྡོ་རྗེའི་ཕྱག་རྒྱ་རབ། །དེས་པས་ལས་ཀྱི་སྦྱོར་བ་བརྩམ། །ཕྱོགས་སུ་ལེགས་པར་བསྐོར་བ་ཡིས། །དབུགས་རྒྱུ་བ་ཡི་དངོས་པོ་གང༌། །ཡི་གེ་མངོན་པར་གསལ་བ་ཡིས། །རྒྱུན་མི་འཆད་པར་བྲི་བར་བྱ། །ཞེས་བྱ་བ་ལ། སྣོད་ནི་ཐོད་པའི་དུམ་བུ་ལས་བྱས་པས་ཕྱེ་མ་དེར་བླུགས་པར་བྱ་བར་འབྲེལ་ཏོ།།


DTG049_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྱག་རྒྱ་ནི་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང༌། གུང་མོ་མཐེ་བོང་སྦྱར་བའི་བར་ནས་ཚོན་རྩི་དགྱེ་བར་བྱ་སྟེ། མཛུབ་མོ་བརྐྱང་པའོ། །དེ་ཡིས་རབ་ཏུ་གསུངས་པས་སྦྱོར་བ་ནི་བྲི་བར་བྱའོ། །ཕྱོགས་སུ་ལེགས་པར་བསྐོར་བ་ཡིས། །ཞེས་པ་ནི། ཕྱོགས་སུ་གཡས་ཕྱོགས་སུ་མ་འཁྲུལ་བར་བྲི་བར་འབྲེལ་ཏོ། །དབུགས་རྒྱུ་བའི་དངོས་པོ་ནི་བླ་མའི་མན་ངག་གིས་ཤེས་པར་བྱ་སྟེ། སྡུད་པའི་དངོས་པོའོ། །དེའི་ཡི་གེ་མངོན་པར་གསལ་བ་ནི་མངོན་པ་ནི་ས་ལ་ཕྲེང་བར་འབྱུང་བའོ། །གསལ་བ་ནི་སྒྲ་དག་པར་བརྗོད་པ་ཉིད་དོ། །དབུགས་རྒྱུན་མི་འཆད་པར་བྲི་བར་འབྲེལ་ཏོ། །སྐབས་ཀྱི་སྐད་ཅིག་ཤེས་པ་ལས། །བར་དུ་ཁྲོ་གཉེར་བསྟན་པར་བྱ། །དང་པོ་ནག་པོ་བྲི་བྱ་ཞིང༌། །གཉིས་པ་དཀར་པོ་ངེས་པར་དགྱེ། །གསུམ་པ་ཉིད་ལ་སེར་པོ་སྟེ། །བཞི་པ་དམར་པོ་ཡང་དག་ལྡན། །ལྔ་པ་ལྗང་གུ་བྲི་བྱ་ཞིང༌། །དྲུག་པ་ཁ་དོག་སྣ་ཚོགས་རྒྱས། །ཞེས་བྱ་བ་ལ། སྐབས་ནི་ཕྱོགས་དང་མཚམས་སུ་བབ་པ་ལའོ། །ཕྱོགས་གང་ཡང་རུང་བ་དང་མཚམས་སུ་བབ་ན་ཧཱུཾ་ཕཊ་ཅེས་པའི་སྔགས་བཏོན་ལ། ཁྲོ་གཉེར་སྟོན་པར་འབྲེལ་ཏོ། །ལྷག་མ་ནི་གོ་སླའོ། །དྲུག་པ་ཁ་དོག་སྣ་ཚོགས་རྒྱས། །ཞེས་བྱ་བ་ནི། ཁ་དོག་སྣ་ཚོགས་ཕན་ཚུན་དུ་བསྲེས་ནས་དམར་སྐྱ་ལ་སོགས་པར་སྦྱར་བ་ལ་བྱའོ། །དཀྱིལ་འཁོར་ལས་ཉིད་རྫོགས་པ་དང༌། །རྫས་སུ་ཡང་དག་ལྡན་བྱས་ཏེ། །གྲུ་བཞི་དག་ཏུ་བྱང་ཤར་གྱི། །མཚམས་ནི་ས་གང་བུ་མོ་ཡིས། །བླངས་པ་ལས་བྱས་མཆོད་རྟེན་ནི།། སྔོན་པོ་བཞི་དག་ཡོངས་སུ་གཞག །དེ་ཡི་འཁོར་ལོའི་རྩེ་མོ་ལ། །གོང་གི་སྲད་དུ་གདགས་བྱ་སྟེ། །མེ་ཏོག་སྔོན་པོའི་ཕྲེང་བ་ཡིས། །འཁོར་བར་ཡོངས་སུ་བརྒྱན་པར་བྱ། །བུམ་པ་སྔོན་པོ་བཅུ་བདུན་ཉིད། །མཐའ་ཡི་ཕྱོགས་སུ་ངེས་པར་གཞག །ཅེས་བྱ་བ་ལ། དཀྱིལ་འཁོར་བྲི་བ་རྫོགས་པ་དང༌། །འདི་ནས་མར་མཆོད་པའི་རྫས་བཤམ་པ་གསུངས་ཏེ། དཀྱིལ་འཁོར་གྱི་ཟུར་བཞི་དག་ཏུ། བྱང་ཤར་མཚམས་ནས་བུ་མོས་ས་སྔོན་པོ་བླངས་པ་ལ། སྐུ་གདུང་རྒྱར་སོར་བཅུ་གཉིས་པ་ལས། དཔང་དུ་སོར་ཉི་ཤུ་རྩ་བཞི་པ་བྱས་ལ།


DTG049_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འཁོར་ལོའི་རྩེ་མོ་ལ་ཚོན་སྐུད་སྣ་ལྔས་བརྒྱན་པ་སྟེ། མེ་ཏོག་གིས་ཡོངས་སུ་བྲེ་བར་འབྲེལ་ཏོ། །བུམ་པ་སྔོན་པོས་བསྐུས་པའི་ལྷའི་གྲངས་སུ་སྦྱར་བས། དཀྱིལ་དུ་གཅིག་དང་ཕྱོགས་མཉམ་པར་བཀོད་པའོ། །སྨན་དང་སྤོས་དང་ཞེས་པ་ནས། །ལུས་ལ་མངོན་པར་ཕྱོགས་པས་གཞག །ཅེས་པའི་བར་དུ་གོ་སླའོ། །དེ་ནས་སྔགས་པ་བློ་ལྡན་པས། ཞེས་པ་ནས། ཕྱི་མ་རྣམས་ཀྱིས་སྣང་མི་བྱ། །ཞེས་པའི་བར་དུ་ནི། བཅུ་བདུན་བཅུ་བདུན་དུ་རྫས་ཀུན་ལ་ཤེས་པར་བྱའོ། །དེ་ལ་གདུགས་དང་རྒྱལ་མཚན་དང༌། བ་དན་ནི་བུམ་པ་ལ་གཟུགས་པར་བྱའོ། །ཕྲེང་བ་ནི་བེ་ཅོན་ལ་གདགས་པར་བྱ་བ་དང༌། ཚངས་པའི་སྐུད་པ་ནི་རལ་གྲིའི་རྩེ་མོ་ལ་གདགས་པར་བྱའོ། །བདག་པོ་ནི་ལག་ན་རྡོ་རྗེ་དངོས་ཏེ། དེའི་ན་བཟའ་དར་རམ་རས་ས་མ་སྣམ་བུ་ལ་གུར་གུམ་གྱི་ཐིག་ལེ་ཡོངས་སུ་བྲིས་ལ་དབུལ་བར་བྱའོ། །ཡོལ་བ་སྔོན་པོས་དཀྱིལ་འཁོར་བསྐོར་བར་བྱ་བ་དང༌། བླ་རེས་སྟེང་ནས་ཕུབ་ནས་གཞན་ལ་སྣང་བར་མི་བྱ་བར་འབྲེལ་ཏོ། །གལ་ཏེ་སྣང་བར་གྱུར་པ་ན། རང་གི་ལུས་ནི་མ་གཏོགས་པའི། །གཞན་རྣམས་བརླག་པར་འགྱུར་བ་ཡིན། །དེ་བས་ལེགས་པར་བསྒྲིབས་པ་ཡིས། །ཕྱི་རོལ་གཞན་ལ་བསྟན་མི་བྱ། །ཞེས་བྱ་བ་ལ། གལ་ཏེ་གཞན་རྣམས་ཀྱིས་མཐོང་བར་འགྱུར་བ་ན། རང་གི་ལུས་ནི་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རིམ་པ་དང་དབང་ལེགས་པར་ཐོབ་པ་ལ་བྱ་སྟེ། དེ་མ་ཡིན་པ་རྣམས་བརླག་པར་འགྱུར་བ་ནི། དམ་ཚིག་ལས་འདས་པས་ནད་དང་གདུག་པས་འཚེ་བར་བྱེད་དོ། །དེ་བས་ན་བདག་རྣལ་འབྱོར་པས་ལེགས་པར་བསྒྲིབས་པས་ཅི་ནས་ཀྱང་ཕྱི་རོལ་གཞན་ལ་བསྟན་པར་མི་བྱ་བར་སྦྱར་རོ། །གང་ཟག་གཅིག་པུ་གནས་པ་ཡིས། །ལས་ཀྱི་སྦྱོར་བ་འདི་བརྩམ་བྱ། །ཞེས་པ་ལ། མི་མང་པོ་རྣམས་ཡོངས་སུ་མི་བསྙེན་པར་བདག་ཉིད་གཅིག་པུས་འོག་ནས་འབྱུང་བའི་ལས་རྣམས་སྤྱད་པར་གསུངས་སོ། །ཕྱག་དག་སྔོན་དུ་འགྲོ་བ་ཡིས། །མཆོད་པའི་ལས་ལ་མཉམ་པར་གཞག །བདག་ཉིད་ལས་ཀྱི་ཕྱག་རྒྱས་གནས། །བསམ་པ་སྔོན་དུ་གྱུར་པ་ཡིས། །ཀུན་གྱི་འབྲས་བུ་གང་


DTG049_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ། །བདག་གིས་གསལ་བ་རབ་ཏུ་བརྟག །སྔགས་དང་ཕྱག་རྒྱ་རབ་ལྡན་པའོ། །མཆོད་པ་འདི་དག་ངེས་པ་ལས། །བགེགས་བསལ་ཡེ་ཤེས་རབ་དབབ་པའི། །རྣལ་འབྱོར་རྫོགས་པས་ཡང་དག་གནས། །རང་རང་རིགས་ཀྱི་ཕྱག་རྒྱ་ཡིས། །སྔགས་བཟླས་པ་ཡིས་དབུལ་བར་བྱ། །ཞེས་བྱ་བ་ལ། འདི་ནས་མར་མཆོད་པའི་རིམ་པར་གསུངས་ཏེ། དང་པོར་བླ་མའི་མན་ངག་གིས་སྤྱན་དྲང་བར་བྱ་བ་དང༌། ཚིག་གིས་ཀྱང་འདི་ལྟར་སྤྱན་དྲང་བར་བྱའོ། །ཨོཾ་བདེ་གཤེགས་གཙོ་བོ་ཀུན་ཁྱབ་དང༌། །ལྷ་རྣམས་ཕྱོགས་སུ་འཁོར་བ་རྣམས། །བདག་དང་སེམས་ཅན་རྒྱུད་སྦྱངས་ཕྱིར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཞེས་བརྗོད་ལ་སྤྱན་དྲང་པར་བྱའོ། །དེ་ནས་བཞུགས་སུ་གསོལ་བ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱས་ལ། དེ་ནས་ཕྱག་འཚལ་བ་དང༌། མཆོད་པའི་ལས་ལ་མཉམ་པར་གཞག་པ་ནི་ཡང་དག་པར་སྤྱད་པར་བྱ་སྟེ། བདག་ཉིད་ལས་ཀྱི་ཕྱག་རྒྱ་ནི། །དངོས་པོ་མ་བསྒྱུར་པར་དམ་ཚིག་སེམས་དཔའི་ངོ་པོས་གནས་པ་ལ་བྱའོ། །བསམ་པ་སྔོན་དུ་གྱུར་པའི་གང་ཟག་རྣལ་འབྱོར་པས་དམིགས་པར་བྱ་སྟེ། ཀུན་གྱི་འབྲས་བུ་ནི་སྟོང་པ་ཉིད་ལ་བདག་གིས་གསལ་བར་སྐད་ཅིག་ཡུན་རིང་བར་རབ་ཏུ་བརྟག་པར་འབྲེལ་ཏོ། །སྔགས་དང་ཕྱག་རྒྱ་ནི་འདི་ལྟར་སྦྱར་ཏེ། སྔགས་ནི་འོག་ནས་སྟོན་ཏོ། །ཕྱག་རྒྱ་ནི་དང་པོར་གར་གྱིས་སྐུ་གསུང་ཐུགས་སུ་ངེས་པར་སྦྱར་ནས། བསམ་པས་ཀྱང་མཆོད་པའི་སྤྲིན་རྒྱས་པར་སྤྲོས་ལ། པདྨ་ཁ་འབུས་ལྟར་བྱས་ལ། སྤྱི་བོའི་སྟེང་དུ་གནས་པ་དང༌། གཡས་གཡོན་གྱི་མཐེབ་སྲིན་ངེས་པར་སྦྱར་ལ་འདུད་དེ། གཞན་རྣམས་བཀུག་པས་གཡོན་པའི་མཛུབ་མོ་བསྒྲེང་ནས་སྣའི་ཐད་ཀར་གནས་པ་དང༌། གཡས་གཡོན་གུང་མཐེབ་སྦྱར་ནས་སྣ་སྤྲད་དེ། མཛུབ་མོ་གཉིས་ཀྱིས་ཀྱང་བསྒྲེང་བས་སྣ་སྤྲད་པར་བྱས་ནས། གཞན་རྣམས་ཡོངས་སུ་བརྐྱང་ནས་མིག་གི་ཐད་ཀར་གནས་པ་དང༌། མཐེབ་སྲིན་གཉིས་སྦྱར་བས་སྟེང་དུ་བསྟན་ཏེ། སྙིང་གར་གནས་པ་དང༌། ལག་པ་གཉིས་ཀྱིས་ཐི་པ་ལྟར་སྦྱར་ནས། སྣ་སྒོའི་ཐད་ཀར་གནས་པ་དང༌། ལག་


DTG049_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་བསྐོར་ཏེ། མཐེ་བོང་གཉིས་ཅུང་ཟད་བསྣོལ་ཏེ། གུང་མོ་གཉིས་ཅུང་ཟད་བརྐྱང་བས་ཁ་སྦྱོར་དུ་གནས་ཏེ། རྣ་བ་གཡས་པའི་ཐད་ཀར་གནས་ཏེ། གཟུང་བ་དང༌། གར་གྱི་ཕྱག་རྒྱ་དངོས་དང༌། ཕྲེང་བ་འཛིན་པའི་ཚུལ་དང༌། འཁྱུད་པའི་ཕྱག་རྒྱ་དང༌། སྣ་ཚོགས་པའི་ཕྱག་རྒྱ་ཡང་དག་པར་བཅས་ལ་དབུལ་བར་སྦྱར་རོ། །དེའི་དད་པོར་བགེགས་ནི་དྲི་ཚུལ་སྔགས་ཀྱིས་བཏབ་ལ་བསྐྲད་བ་དང༌། ཡེ་ཤེས་དབབ་པས་ཡོངས་སུ་གཟུང་བའོ། །དེ་ཡི་སྔགས་དང་མཆོད་པ་དང༌། སྡིག་པ་བཤགས་པའི་ཕྱག་རྒྱ་ཡིས། །ཡང་དག་པར་ནི་བཤགས་པ་ནི། །ཕྱག་རྒྱ་གསུམ་ལས་ཤེས་པར་བྱའོ། །སྔགས་ནི་པ་པ་དྷེ་ས་ན་ལ་སོགས་པའི་སྔགས་ཀྱིས་ཡང་དག་པར་ཤེས་པའོ། །སྡིག་བཤགས་པ་ནི་སྨྲེ་སྔགས་ཞེས་བྱ་ནས། །གནས་བཞིའི་བར་དུ་ནི་གོ་སླ་བས་མ་བཤད་དོ། །གོང་དུ་བསྟན་པའི་ཕྱག་རྒྱ་ནི། སྐབས་འདི་དག་ཏུ་བསམ་པར་བྱ། །དང་པོ་རྒྱུད་ལས་སྐྱེས་པ་ལས། །ཕྱི་ནས་རིང་པོ་མི་གནས་ཤིང༌། །རང་བཞིན་དུ་ནི་འོད་གསལ་བསྒོམ། །ཞེས་བྱ་བ་ལ། ཡན་ལག་བདུན་རྣམ་པར་དག་པར་བསྒོམ་པ་དང༌། སྤྱད་པ་ལས་དང་གོང་དུ་བསྟན་པ་ནི། སྟོང་པ་ཉིད་སྐབས་འདིར་བསྒོམ་པར་གསུངས་སོ། །དང་པོ་རྒྱུ་ལས་སྐྱེས་ཞེས་བྱ་བའི་ཚིག་འདི་ནི་སྐབས་གཉིས་སུ་ཤེས་པར་བྱ་སྟེ། གཅིག་ནི་བདུན་རྣམ་པར་དག་པ་དང༌། སེམས་ཙམ་དུ་དམིགས་པའི་རྒྱུ་ལས་སྐྱེས་པ་ལས། ཕྱི་ནས་སྟོང་པ་ཉིད་སྔ་མའི་དངོས་པོར་མི་གནས་པར་རང་བཞིན་དུ་འོད་གསལ་བར་བསྒོམ་པའོ། །གཅིག་ནི་དཀྱིལ་འཁོར་གྱི་རྒྱུ་ཡི་རྒྱུ། །དེ་ལས་སྐྱེས་པ་ནི་སྒྲའི་སྦྱོར་བས་བསྡུས་པ་ལ་འཇུག་པས། རྒྱུའི་འབྲས་བུ་སྟོང་པ་ཉིད་ཀྱིས་གཤེགས་སུ་གསོལ་བར་འབྲེལ་ཏོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ལས་ལེའུ་བཞི་པའི་བཤད་པའོ།། །།

ལྔ་པ། ནང་དང་སྔགས་ཀྱི་ལེའུའི་བཤད་པ།


DTG049_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕྱག་ན་རྡོ་རྗེ་ཡིས། །གསང་བའི་མགོན་ལ་འདི་སྐད་གསོལ། །བསམ་པ་རབ་ཏུ་རྫོགས་པ་ཡིས། །ནང་གི་རྣལ་འབྱོར་གསུང་དུ་གསོལ། །ཞེས་བྱ་བ་ལ། ལག་ན་རྡོ་རྗེ་གསང་བའི་མགོན་ནི་གསང་བ་རྣམ་པ་གསུམ་གྱི་བདག་པོར་གྱུར་པ་སྟེ། དེ་མགོན་དུ་ཇི་ལྟར་འོང་ཞེ་ན། གསང་བ་དང་ལྡན་པ་


DTG049_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསང་བའི་མགོན་ནོ། །དཔེར་ན་རལ་གྲིའི་འཁོར་ལོ་མཁས་པའི་མི་ལ། རལ་གྲིའི་མགོན་པོ་ཞེས་ཟེར་བ་དང་འདྲ་བར། སྐབས་འདིར་ཡང་གསང་བའི་དོན་རྒྱས་པར་སྟོན་པའི་སྐབས་སུ་བབ་པ་དང༌། དེ་དང་ལྡན་པས་གསང་བའི་མགོན་ནོ། །དེ་ལ་བསམ་པ་རབ་ཏུ་རྫོགས་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར། འདིས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགོས་པ་ཐམས་ཅད་འགྲུབ་པའི་ཐབས་ནང་གི་རྣལ་འབྱོར་གསུང་བར་ཞུ་བར་འབྲེལ་ཏོ། །བདེ་གཤེགས་གསང་བས་བཀའ་སྩལ་པ། །གང་གིས་བསྒྲུབ་པར་བྱ་བ་ལ། །ཐབས་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། བདེ་བར་གཤེགས་པ་ཡང་དག་པའི་དོན་གསང་བ་དང་ལྡན་པས། བདེ་བར་གཤེགས་པ་གསང་བའོ། །དེ་ཡིས་ཡོངས་སུ་གསུང་བ་ནི་འོག་མ་རྣམས་སོ། །གང་གིས་ཞེས་པ་ནི་གང་གིས་བསྒྲུབ་པར་བྱ་བ་ལ། ཐབས་ཁྱད་པར་ཅན་གྱིས་དངོས་གྲུབ་བསྒྲུབ་པའོ། །ཐོབ་བ་ནི་མྱུར་བའི་སྒྲ་དང་ལྡན་པའོ། །དང་པོར་ཤེས་རབ་ཅན་དག་གིས། །བདག་གིས་དངོས་པོར་སྣང་པ་ལས། །དེ་ཉིད་སྣང་ལ་མཆོག་ཉིད་ལས། །འོད་ཟེར་བསིལ་ལྡན་ཡང་དག་བསམ། །ཞེས་བྱ་བ་ལ། དང་པོར་ཤེས་རབ་ཅན་རིགས་དང་ལྡན་པ་ལས། བདག་གིས་དངོས་པོར་སྣང་བ་ནི་བདག་ཏུ་སྣང་བའོ། །དེ་ཉིད་ནི་སྒྲའི་སྦྱོར་བས་བདུན་པ་ལ་སོགས་པའི་སྒྲ་ལ་མངོན་པར་ཞེན་པ་ཡིན་ཏེ། རྫིང་བུ་ལ་འཇུག་པའོ། །རྫིང་བུའི་ནང་ན་འོད་ཟེར་བསིལ་ལྡན་ནི་ཆུ་ཤེལ་བསམ་པའོ། །འདི་ནས་མར་ནི་ཕྲན་ཚེགས་སུ་བྱ་སྟེ། དེ་ལས་གོང་ནི་ཆུ་ཤེལ་ལས་གོང་དུ་སྟེ། དབུགས་རྒྱུ་བ་ནི་ཁ་སྦྱོར་སྤུ་གུ་ཅན་ནོ། །དེ་བསམས་ལ་དེ་ལས་གསལ་ལྡན་ནི་མེ་ལོང་སྟོང་སྟེ། མེ་ལོང་ལ་རྡོ་རྗེ་ལ་སོགས་པའི་ཕྲེང་བ་ལྔ་དང་ལྡན་པའོ། །དེ་སྟོང་པ་དཔེ་ནི་རྣམ་པར་རྟོག་པ་དང་བྲལ་བའི་རིལ་སོང་བས་གཟུགས་བང་མ་དང༌། སྟོང་འཇོམས་མ་ལ་སོགས་པའི་རིག་མ་ལྡས་ཏེ་ལ་ལེན་པའོ། །མི་འཆི་བ་ནི་དབུགས་ཏེ། དུས་འགྱུར་ནི་དུས་ཀྱི་སྐད་ཅིག་འགྱུར་བའོ། །དེ་ཡིས་འཛིན་པ་ཅན་ལ་བྱིན་པར་བསམས་པ་སྟེ། འཛིན་པ་ཅན་ནི་བརྐམ་པའོ། །དེ་ནས་སྔགས་འོག་མ་འདིས་རབ་ཏུ་གནས་པར་བྱས་ནས། བདག་ཉིད་


DTG049_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུ་ལྡན་པ་ནི་ལྕགས་ཏེ། ཐོ་བས་བདག་པོ་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་ནི་རྗེས་སམ་རྟགས་གསལ་བར་སྦྱར་རོ། །སྔགས་ནི་ཨོཾ་ཨ་བྷི་ཥིཉྩ་ཞེས་པ་ནས་སྟུ་སྟི་མ་ཧཱུཾ་ཞེས་པའི་བར་དུའོ། །བདག་ཉིད་དངོས་པོ་ལ་བརྟེན་ནས། །མཚན་མར་མི་གསལ་མ་སྐྱེས་པའི། །གདོད་ནས་གྲུབ་པར་བསམ་བྱ་སྟེ། །སངས་རྒྱས་དངོས་ལ་རབ་སྦྱོར་བས། །དང་པོར་དངོས་དག་བསམ་བྱ་སྟེ། །བདག་ཉིད་གོང་གི་གཟུགས་གནས་ལ། །སྟེང་དུ་མི་འདྲ་དངོས་པོར་བསྒོམ། །ཞེས་བྱ་བ་ལས། བདག་ཉིད་དངོས་པོ་ནི་རྫིང་བུའོ། །རྫིང་བུ་ལ་ཡོངས་སུ་བརྟེན་ཏེ། མཚན་མར་མི་གནས་པ་དང༌། གདོད་ནས་གྲུབ་པ་དང༌། མ་སྐྱེས་པ་གསུམ་རྫིང་བུ་རུ་བསམ་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སངས་རྒྱས་དངོས་ལ་རབ་སྦྱོར་བས། །ཞེས་གསུངས་པ་སྟེ། གང་ཟག་སངས་རྒྱས་ཉིད་ལ་རབ་ཏུ་དང་བས། །དངོས་པོར་རྫིང་བུ་ཉིད་བསམ་པར་བྱས་ལ། བདག་ཉིད་གོང་གི་གཟུགས་གནས་ལ་ཞེས་པ་ནི། སྔ་མའི་མི་དངོས་སུ་ཡང་དག་པར་གནས་ཏེ། སྟེང་དུ་མིག་འདྲ་བའི་དངོས་པོ་ནི་མེ་ཤེལ་དུ་ཤེས་པར་བྱ་སྟེ་སྟེ་རྫིང་བུའི་སྟེང་དུའོ། །དེ་ལས་གོང་དུ་གྱུར་པ་ཡིས། །འཇིགས་བྱེད་རིགས་དགུ་ངེས་པར་བསྒོམ། །མིག་འདྲའི་སྦུ་གུར་རབ་འབྱར་བས། །སྙིང་པོའི་སྟེང་དུ་གསལ་བར་སྣང༌། །ཞེས་བྱ་བ་ལ། དེ་ལས་ནི་མེ་ཤེལ་ལས་གོང་དུ་གྱུར་པའོ། །འཇིགས་བྱེད་ནི་སྟ་རི་ལ་བྱ་སྟེ། རིགས་དགུ་ནི་སྟ་རིའི་ལོགས་ཐིག་ལེ་དགུ་བྲིས་པ་བསམ་པར་བྱའོ། །དེ་ཡང་གད་དུ་གནས་ཤེ་ན། །མིག་འདྲའི་བུ་གུར་རབ་འབྱར་བས། །ཞེས་གསུངས་ཏེ། མེ་ཤེལ་གྱི་མིག་ལ་འབྱོར་བར་བསྒོམ་པའོ། །སྙིང་པོ་སྟེང་ནི་མེ་ཤེལ་གྱི་སྙིང་པོའི་སྟེང་ངོ༌། །གསལ་བར་སྣང་བ་ནི་ཆུད་པར་སྣང་བར་འབྲེལ་ཏོ། །སྙིང་པོའི་སྟེང་དུ་ཆུ་བསྒྲུབ་པས། །ཡན་ལག་སྟོང་དང་ལྡན་པ་ཉིད། །སྤུ་ན་ལ་ཕྱོགས་པར་ཁ་བལྟས་ནས། །བདག་ལས་གོང་དུ་གྱུར་པ་ཡི། །ཞེས་བྱ་བ་ལ། སྙིང་པོ་ནི་མེ་ཤེལ་ཏེ། དེའི་སྟེང་དུ་ཆུ་བསྒྲུབས་པ་ནི་ཉ་ལ་བྱ་སྟེ། ཉའི་ཁ་ནས་ཡན་ལག་བརྒྱད་དང་ལྡན་པའི་ཆུ་འབབ་པ་ལ་བྱའོ། །སྤུན་ལ་ཕྱོགས་པ་ནི་མི་མཐུན་པས་ཟླ་བ་ཉ་ལ་བྱ་སྟེ། དེ་ལ་ཕྱོགས་པར་ཁ་བལྟས་པའོ། །དེ་ལ་ཁ་བལྟས་ནས། བདག་ལས་


DTG049_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་གྱུར་ན་ནི་ཐོད་པ་ལ་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། ཧཱུཾ་གཉིས་ལས་བསྒྲུབས་ཏེ་མེའི་ངེས་པར་གསལ་བྱེད་སྦར་བ་ལས། དངོས་པོར་སྙིང་པོར་རབ་སོང་བས། །དེ་ལས་མི་འཆི་འོད་ལྡན་པས། །འཇོམས་བྱེད་སྟེང་ན་རབ་གནས་པའི། །མིག་འདྲའི་ཡན་ལག་བརྒྱད་དང་ལྡན།། འཇོམས་བྱེད་མིག་འདྲར་གར་མ་འབྱོར། །ཞེས་གསུངས་ཏེ། ཐོད་པ་ནི་ཧཱུཾ་གཉིས་ལས་གྲུབ་པ་ཡིན་པས་ན། ཧཱུཾ་གཉིས་ལས་བསྒྲུབས་པས་སོ། །དེས་པར་གསལ་བྱེད་སྦར་བ་ལས། ཐོད་པ་ལས་མེ་སྦར་བ་ལས། དངོས་པོ་ནི་དངོས་པོ་ཐམས་ཅད་ལ་བྱ་སྟེ། དེ་རྣམས་ཀྱི་སྙིང་པོ་ནི་ནམ་མཁའོ། །དེ་པས་ནི་ནམ་མཁའ་ལ་མེ་ལྕེ་སོད་བས། ནམ་མཁའ་ལས་མི་འཆི་བར་བྱེད་པའི་སྨན་རེག་འོད་དང་ལྡན་པ་མཐོང་བར་བྱེད་དེ། དེ་ཡི་འཇོམས་བྱེད་ནི་སྟ་རི་སྟེ། སྟ་རི་ལ་གནས་པའི་མིག་འདྲ་བ་ནི་མེ་ཤེལ་ཏེ། དེ་ལ་ཡན་ལག་བརྒྱད་དང་ལྡན་པའི་སྨན་གནས་པས་ན། ཡན་ལག་བརྒྱད་དང་ལྡན་པར་འབྲེལ་ཏོ། །འཇོམས་བྱེད་སྟ་རི་དང་མིག་འདྲར་མེ་ཤེལ་དུ་གར་མའམ་དམ་པོར་སྦྱོར་ཏེ། སྤྱིར་གནས་པ་ནི་ཐམས་ཅད་དུ་ཡང་དག་པར་འབྱོར་པའོ། །ཐབས་དང་ཤེས་རབ་གསུམ་དུ་ངེས། །དངོས་པོ་གསུམ་དུ་རབ་ངེས་ཏེ། །སྙིང་པོའི་སྟེང་ན་གནས་པ་ཡིན། །མིག་འདྲའི་སྟེང་ན་ངེས་པར་སོང༌། །ཞེས་བྱ་བ་ལས། ཐབས་སྟ་རི་དང་ཤེས་རབ་མེ་ཤེལ་གསུམ་དུངས་པར་གནས་པར་སྦྱར་རོ། །དངོས་པོ་གསུམ་ནི་སྟ་རི་དང༌། མེ་ཤེལ་གཉིས་ལ་དངོས་པོ་གསུམ་སྟེ། དེ་གསུམ་ལ་བརྒྱུད་ནས་སྙིང་པོ་ནི་རྫིང་བུ་ལ་བྱ་སྟེ། རྫིང་བུའི་སྟེང་ན་གནས་པའི་མེ་ཤེལ་ལ་ངེས་པར་སོང་བར་འབྲེལ་ཏོ། །རང་གི་གར་མའི་ཁྱོན་ཙམ་ལ། །སྐད་ཅིག་བྱེ་བྲག་བཅུ་དྲུག་པའི། །ཐབས་སུ་ཡོངས་སུ་རྫོགས་པ་ཡིས། །དང་པོའི་དངོས་པོ་བརྟག་མི་བྱ། །ཞེས་བྱ་བ་ལ། རང་གི་གར་མ་ནི་སྐབས་འདིར་སོ་གཉིས་སྦྱར་བ་ལ་བྱ་སྟེ། སོ་གཉིས་བསྣམས་པའི་ནང་གི་ཁྱོན་ཙམ་ལ། སྐད་ཅིག་བྱེ་བྲག་བཅུ་དྲུག་ནི། །དབྱུ་གུའི་ཆ་ཡིས་ཡོངས་སུ་བརྩིས་ལ། དེའི་ཐབས་ཀྱིས་ཡོངས་སུ་རྫོགས་པའོ། །གང་ལ་རྫོགས་ཤེ་ན་སྨན་ལ་རྫོགས་པའོ། །དང་པོའི་དངོས་པོ་ནི་མེ་ཤེལ་ལ་སོགས་པ་སྟེ། དེའི་ཡོངས་སུ་མི་རྟག་


DTG049_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྫོགས་པ་གཉིས་ལ་མེ་འབར་བས། །རིམ་པ་དེ་གཉིས་མི་གནས་ཤིང༌། །དངོས་པོར་སྣང་བ་གང་ཡིན་པ། །མར་མེའི་རྩེ་མོ་ལྟ་བུ་སྟ། །ཕྱི་ནས་དེ་ནི་འོད་གསལ་བའོ། །ཞེས་བྱ་བ་ལ། རྫོགས་པ་ཉིད་ནི་གོང་མའི་སྨན་རྫོགས་པའོ། །དེ་ལས་མེ་འབར་བས་རིམ་གྱིས་དེ་རྣམས་དངོས་པོར་མི་གནས་པའོ། །དངོས་པོ་སྣང་བའི་སྨན་ལ་བྱ་སྟེ། དེ་ཡང་མར་མེའི་རྩེ་མོ་ལྟར་རིམ་པས་ཕྲ་བར་བསམས་ཏེ། ཕྱི་ནས་རང་བཞིན་གྱིས་འོད་གསལ་བའོ། །དངོས་པོ་རབ་ཏུ་བ་རྟག་བྱ་བ། །རིམ་པ་གསུམ་ལས་རབ་རྫོགས་ཡིན། །སྟེང་དུ་བཾ་ཉིད་རབ་འབར་དང༌། །ཧཱུཾ་ལས་སྐྱེས་པ་ཐུག་པའི་སྐུ། །ཡང་དག་པ་རུ་བརྟག་པར་བྱ། །འོན་ཀྱང་གོང་མའི་ས་བོན་ལས། །བསྐྱེད་པར་བྱ་བ་ཁོ་ན་ཡིན། །ཞེས་བྱ་བ་ལ། དང་པོར་དེ་དག་རྣམ་པར་རབ་ཏུ་བརྟས་པ་ནི། སྟེང་ཞེས་པ་སྟེ། རྫིང་བུའི་སྟེང་དང༌། སྟ་རིའི་སྟེང་སྟེ། དེ་གཉིས་ནི་པཾ་ལས་བསྐྱེད་པར་བྱའོ། །ཧཱུཾ་ལས་སྐྱེས་པ་ནི་སྟ་རི་སྟེ། ཐུབ་པའི་སྐུའོ། །འོག་ཅེས་བྱ་བ་ནི་རྫིང་བུའི་འོག་ན་གནས་པའི་མེ་ཤེལ་ནི་གོང་མའི་ས་བོན་ལས་བསྐྱེད་པར་གསུངས་སོ། །སེམས་དཔའ་གཉིས་སུ་ངེས་པ་ལས། །འཁོར་ལོ་སྤྲོས་པས་ཆར་ལྟ་བུའོ། །ལོ་ཏོག་ཤིན་ཏུ་སྨིན་བྱེད་པ། །སྐྱོན་རྣམས་བསལ་ནས་དེ་བཞིན་དུ། །སླར་ཡང་ངོ་བོ་ཡང་དག་གནས། །ཞེས་བྱ་བ་ལ། སེམས་དཔའ་གཉིས་ནི་གོ་སླ་སྟེ། ཡེ་ཤེས་དང་དམ་ཚིག་སེམས་དཔའོ། །འཁོར་ལོ་སྤྲོས་པ་ནི་ཕྱོགས་བཅུ་རྣམས་སུ་སྟེ། དེ་ཡང་དང་པོ་ནམ་མཁའ་ལས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ལ་སོགས་པ་མ་ལུས་པར་བྱས་ནས། དེ་ནས་དམ་ཚིག་གི་འཁོར་ལོ་མྱུར་དུ་གཞུག་པའོ། །ལོ་ཏོག་ལྟ་བུའི་སེམས་ཅན་ལ། །ཆར་ལྟ་བུའི་འཁོར་ལོ་སྤྲོས་པས། སྐྱོན་རྣམས་དང་བྲལ་ཏེ། སླར་དེའི་ངོ་བོར་གནས་པའོ། །དེ་ལྟར་གསལ་བར་མ་འཁྲུལ་བར། །སྐྱོན་གྱིས་མ་གོས་དྲི་མེད་དོ། །ཞེས་བྱ་བ་ནི། གོང་མ་ལྟར་གསལ་ཞིང་མི་སྣང་བར་བསྒོམས་ན། འཁོར་བའི་བག་ཆགས་ཀྱི་སྐྱོན་གྱིས་མི་གོས་ཏེ། ནམ་མཁའ་དངས་པ་ང་ལྟར་དྲི་མ་མེད་པར་གསུངས་སོ། །དེ་ཡང་ལས་ཀྱི་སྦྱོར་བ་ལས་ཡང་དག་པར་གསུངས་སོ། །མཁའ་


DTG049_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞེན་པའི་སེམས་ཀྱིས་སུ། །རྡོ་རྗེ་ལམ་དུ་རབ་ཞུགས་ནས། །ནོར་བུ་དྲི་མེད་ཟླ་བ་ཡི། །ལས་ཀྱི་སྦྱོར་བ་སྣ་ཚོགས་པར། །མཉམ་པར་སྦྱོར་བས་བདེ་བའི་མཆོག །མི་འཛག་གནས་དང་ལྡན་པར་འགྱུར། །ཞེས་བྱ་བ་ལ། ནམ་མཁའ་ལ་ཡང་དག་པར་ཞེན་པ་སྟེ། ནམ་མཁའ་དང་དབྱིབས་མཐུན་པའི་ཆོས་འབྱུང་ངོ༌། །དེ་ལ་ཞེན་པས་ནོར་བུ་འབར་བ་དང༌། ཟླ་བ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་དུ་ཡོངས་སུ་ཞུགས་པས། ལས་ལ་སྦྱོར་བ་དང་མཉམ་པར་སྦྱར་བས་བདེ་བའི་མཆོག་ཅིར་ཡང་མི་རྟོག་པ་སྐྱེས་ནས་ཕྱིས་མི་འཛག་པར་འབྲེལ་ཏོ། །མཁས་པ་སངས་རྒྱས་བདེ་བས་བདེ། །ལུས་ལ་ཆགས་པར་མི་ལྟ་ཞིང༌། །སེམས་ལ་ཆགས་པ་ཆེན་པོར་སྐྱེད། །ཅེས་བྱ་བ་ལ། ལུས་དངོས་པོར་སྣང་བའི་དབྱིབས་དང༌། །བ་དོག་ལ་ཆགས་པར་མི་ལྟ་བར་སེམས་ནི་ཡེ་ཤེས་ཏེ། ཡེ་ཤེས་ཀུན་ནས་ཞེན་པའམ། ཡང་དག་པར་ཆགས་པར་ལོངས་སྤྱོད་པའོ། །དེ་ལྟར་སྤྱད་པས་མཁས་པ་དེ་ཉིད་སངས་རྒྱས་ཀྱི་བདེ་བ་དངོས་ཡོན་པས་ན། བདེ་བས་བདེ་བར་འབྲེལ་ཏོ། །དེ་འདྲའི་སྤྱོད་པས་ཡོངས་བསྡུས་ནས། །གང་ཞིག་མྱ་ངན་འདས་པ་ལས། །མཆོད་གྱུར་མི་གནས་མྱ་ངན་འདས། །ཞེས་པ་ནི། །གང་ཟག་རྣལ་འབྱོར་པ་གང་ཞིག་གིས་གོང་དུ་བསྟན་པའི་སྦྱོར་པ་དེ་ལྟར་བུས་བདག་གི་རྒྱུད་ཡོངས་སུ་བསྡུས་ན། མི་དེ་མྱ་ངན་འདས་པ་ལ་མཆོག་ཏུ་གྱུར་པའི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །ལ་ལ་མངོན་པར་མི་གནས་ཤིང༌། །ཀུན་དུ་མངོན་པར་བསྒྲོད་པས་ནི། ཡེ་ཤེས་རྡོ་རྗེ་གོ་འཕང་ཉིད། །བརྒྱུད་པས་མངོན་དུ་བྱེད་པ་ལ། །ཞེས་བྱ་བ་ལ། ས་ནི་བཅུ་གཅིག་ལ་སོགས་པ་སྟེ། དེ་ལའང་མི་གནས་པ་དང༌། གཞན་ཐམས་ཅད་ལ་མངོན་པར་མི་དགའ་བས། ཡེ་ཤེས་རྡོ་རྗེ་ནི་ཕྱག་རྒྱ་ཆེན་པོ་ཉིད་དོ། །དེའི་གོ་འཕང་ཡང་ཀུན་དུ་བརྒྱུད་པས་མངོན་དུ་བྱེད་ན། ཞེས་པ་ནི་གང་བསྒྲུབ་པར་བྱ་བ་གཞན་དཀའ་སླ་མེད་པར་གསུངས་པའོ། །འདི་ནི་རྫས་ལ་སོགས་པ་ཡི། །འདི་ཡི་དངོས་གྲུབ་གང་ཡིན་པ། །ངེས་པར་འགྲུབ་པ་སྨོས་ཅི་དགོས། །ཤེས་རབ་ཅན་གྱིས་ལས་འདི་ལ། །ཆགས་པ་ཆེན་པོ་ཡང་དག་འགྲུབ། །ཅེས་བྱ་བ་ལ། འདི་ཞེས་བྱ་བ་ནི་


DTG049_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདི་ལ་སྟེ། ཚེ་འདིའི་རྫས་ནི་དངུལ་ཆུ་དང་རལ་གྲི་གྲུབ་པར་འཇིག་རྟེན་འདིའི་དངོས་ཐུབ་གང་ཡིན་པ་རྣམས་ངེས་པར་རམ་གདོན་མི་ཟ་བར་སྨོས་ཅི་དགོས་པར་འབྲེལ་ཏོ། །ཤེས་རབ་ཅན་བློ་དང་ལྡན་པས་འདི་ལྟ་བུ་ལ་ཆགས་སམ་ཞེན་པ་ཆེན་པོས་ཡང་དག་པར་བསྒྲུབ་པར་བྱའོ། །ལུས་ལ་མེ་འབར་ཆེན་པོ་ཡིས། །སྙིང་པོ་འདི་ཉིད་བཟླས་པ་ལས། །རང་ཉིད་པདྨ་གསང་བ་ཡིས། །དྲག་པོའི་རྟགས་སུ་ངེས་སོང་སྟེ། །དེ་བཞིན་རྟག་ཏུ་བསྒྲུབ་པར་བྱ། །ཞེས་བྱ་བ་ལ། ལུས་ལ་མེ་འབར་བ་ནི་ལག་ན་རྡོ་རྗེའི་རིགས་ཏེ་གཟི་བརྗིད་ཆེན་པོ་དང་ལྡན་པའི་ཕྱིར་རོ། །དེའི་སྙིང་པོ་འོག་ནས་འབྱུང་བ་འདི་ཉིད་བཟླས་པའི་ཐབས་ནི་རང་ཉིད་པདྨ་དང་གསང་བའི་ཁ་སྦྱོར་བར་བྱས་ལ། དྲག་པོའི་རྟགས་ནི་ཐ་མ་མེའི་དཀྱིལ་འཁོར་ལ་བྱ་སྟེ། དེ་ལྟར་བརྒྱུད་པས་རྟག་ཏུ་བཟླས་པ་བྱ་བར་འབྲེལ་ཏོ། །དེ་ལ་ཨོཾ་བྷྱོ་བྷྱོ་ཞེས་པ་ནས་རཱ་ཛྙཱ་པ་ཡ་ཏིའི་བར་དུ་ནི་རྩ་བའི་སྔགས་སུ་ཤེས་པར་བྱའོ། །ཨོཾ་དཾཥྟྲ་ཀ་ར་ལོ་ཞེས་པ་ནས། བྷ་ཀྵ་ཡ་ཞེས་པའི་བར་དུ་ནི། རྐང་པ་བརྒྱད་པའི་སྔགས་སོ། །ལྷག་མ་ནི་རིམ་པ་ཇི་ལྟ་བ་བཞིན་རྣམ་པར་རྒྱལ་བ་ལ་སོགས་པའི་སྙིང་པོའོ། །དེའི་ལྷག་མ་བདུན་དོན་བསྒྲུབ་པ་དང༌། བསྲུང་བའི་ལས་དང༌། ས་ཚོན་བྱིན་གྱིས་བརླབ་པ་དང༌། དྲི་ཆུ་སྔགས་པ་དང༌། སྲད་བུ་སྔགས་པ་དང༌། བུ་མོ་སྔགས་པ་དང༌། བདེ་བྱེད་སྔགས་པའི་སྔགས་ཏེ། དེ་ཡང་སྐབས་ཀྱི་དུས་སུ་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དེ་ནས་ཕྱོགས་བཅུར་འཁྲུགས་པ་ལས། ཡི་གེ་ངེས་པར་གང་ཡིན་པ། །བླ་མའི་མན་ངག་རབ་གསལ་བས། །གཅིག་ཏུ་བསྡུས་ནས་བཟླས་པར་བྱ། །ཞེས་བྱ་བ་ལ། རྩ་བའི་སྔགས་བསྟོད་པ་ལ་སོགས་པ་དང༌། བཟླས་པ་ཉིད་སྙིང་པོའི་སྔགས་ཕྱོགས་ཀུན་དུ་འཁྲུགས་པ་དེ་རྣམས་ཡི་གེའི་ཕྱོགས་གཅིག་ཏུ་བསྡུས་ནས་བཟླས་པ་ངེས་པར་བྱ་བ་ནི། བླ་མའི་མན་ངག་ལས་ཤེས་པར་བྱའོ། །རང་འབྱུང་སྔགས་པ་བདག་ཉིད་ལ། །གྲངས་ཚད་གཟུང་བ་གང་ཡིན་པ། །རིགས་ཀྱི་དབང་གིས་ངེས་པར་བཤད། །ཅེས་བྱ་བ་ལ་རྣལ་འབྱོར་པའི་འཁོར་བ་ལས་རབ་ཏུ་བྱུང་བའི་སྔགས་པས། བདག་ཉིད་


DTG049_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་གྲངས་ཚད་ནི་ཕྲེང་བ་སྟེ། དེ་ནི་རིགས་ཀྱི་དབང་གིས་ཡང་དག་པར་བ་ཤད་པ་ལས་ཤེས་པར་བྱ་བ་ནི་དྲག་པོ་ལ་སོགས་པའི་ལས་ལ་རང་རང་གི་ཕྲེང་བས་འོག་ནས་འབྱུང་བས་བཟླས་པར་གསུངས་སོ། །ཀུན་དུ་སྣང་བ་གང་ཡིན་པས། །རིགས་སུ་བསྡུས་ནས་ངག་གི་ཡང༌། །སྤྱོད་ཡུལ་མ་ཡིན་ཐ་མ་ཉིད། །ཅེས་པ་ནི། ཀུན་དུ་སྣང་བའི་ལུས་ལ་འཇུག་པ་དང༌། རིགས་སུ་བསྡུས་པའི་ངག་གི་བཟླས་པ་དང༌། ཐ་མལ་པ་ནི་ཡིད་ཀྱི་བཟླས་པར་གསུངས་པ་སྟ། དེ་ཡང་སྐྱེས་བུ་དགུག་པའི་དོན་ལ་ལོག་པར་བསྐོར་བའི་སྒྲས་ཡང་མ་ནི་བྱེད་པ་ལ་འཇུག་པའོ། །དྲག་པོའི་སྙིང་པོ་ཉིད་དང་ཡང༌། །རང་བཞིན་རྡོ་རྗེ་བཟླས་པ་ཡིས། །རིགས་གསུམ་ཡང་དག་བཟླས་པ་ནི། །ཞེས་བྱ་བ་ནི། སྤྱིར་བཟླས་པ་རྣམ་པ་གསུམ་དུ་གསུངས་ཏེ། དྲག་པོའི་བཟླས་པ་དང༌། རང་བཞིན་གྱི་བཟླས་པ་དང༌། རྡོ་རྗེའི་བཟླས་པ་དང་གསུམ་དུ་གསུངས་ཏེ། དེའི་རིགས་གསུམ་ནི་སྐུ་གསུང་ཐུགས་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང་གསུམ་དུ་གསུངས་སོ། །གོང་མའི་སྔགས་ལ་རབ་བསྔགས་པས། །མཐའ་རུ་ཀུན་ལ་ཧཱུཾ་གིས་བརྒྱན། །དེ་མཐར་སྐྲོད་པའི་ཚིག་དག་གིས། །ཡོངས་སུ་བརྒྱན་པ་ངེས་པར་བཟླས། །གང་དང་གང་ལ་ལས་སྦྱོར་བ། །དེ་དང་དེ་ལ་མན་ངག་གིས། །མངོན་པར་ཤེས་པར་ཡང་དག་བཤད། །ཅེས་བྱ་བ་ལ། གོང་མ་རྣམས་ཀྱི་སྔགས་ལ། སྡུད་པ་ལ་ནི་ཧཱུཾ་གདགས་སོ། །སྐྲོད་པ་ལ་ཕཊ་ཀྱི་སྒྲ་ཡོངས་སུ་གདགས་སོ། །དེ་ལ་སོགས་པ་གསོད་པ་དང༌། བཅིང་བ་དང༌། སྨྱོ་བ་རྣམས་ལ་རང་རང་གི་སྔགས་ཀྱིས་སྦྱར་བ་ནི་བླ་མ་ལས་ཤེས་པར་བྱ་བར་འབྲེལ་ཏོ། །བཟླས་པ་ཕུན་སུམ་ཚོགས་ལྡན་པས། །རབ་འབྲིང་ཐ་མར་ལྡན་པ་ཡི། །དང་པོར་སྦྱོར་བ་ངེས་པ་དང༌། །ཐ་མ་ལས་ལ་འཇུག་པ་ལ། །གྲངས་དང་ཆ་རུ་རྣམ་པར་ལྡན། །སྤྱོད་ཡུལ་བསྡུས་པར་ངེས་བསལ་བར། །བདག་གིས་ངག་ལ་བརྟན་པར་བྱ། །ཞེས་བྱ་བ་ལ། ཕུན་སུམ་ཚོགས་པ་ནི་དམིགས་པ་དང༌། ཚད་དང༌། ཕྲེང་བ་དང༌། གང་ལས་དྲང་པ་རྣམས་དང་ལྡན་པའོ། །རབ་ནི་འབུམ་མོ། །འབྲིང་ནི་ཁྲིའོ། །ཐ་མ་ནི་སྟོང་དུ་ཤེས་པར་བྱའོ། །དང་པོར་སྦྱོར་བ་ནི་བསྙེན་པའི་ཚད་དང༌། ཐ་མར་


DTG049_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལ་འཇུག་པ་ནི་དེའི་དུས་ལ་སྦྱོར་བའོ། །སྤྱོད་ཡུལ་བསྡུས་པ་ནི་ལུས་དང་དག་དང༌། ཡིད་ཀྱི་སྤྱོད་ཡུལ་མཐུན་པར་ངེས་པར་སྦྱར་བའོ། །ངག་ལ་བརྟག་པ་ནི་ཀུན་ལ་འཇུག་པའི་སྒྲས་འཇུག་པའོ། །དང་པོར་སྲིད་པ་ཆགས་པ་དང༌། བར་དུ་གང་ཞིག་གནས་པ་ཉིད། །ཐ་མར་འཇིག་པ་གང་ཡིན་པས། །སྔགས་རྣམས་ཐམས་ཅད་རྒྱས་པར་གསུངས། །ཞེས་བྱ་བ་ལ། སྲིད་པ་ཆགས་པ་དང༌། བར་དུ་གནས་པ་དང༌། ཐ་མར་འཇིག་པ་ལ་སྦྱར་ཏེ། སྔགས་ཐམས་ཅད་ལས་དང་པོ་དང༌། བར་དང་ཐ་མའི་རིམ་པས་འབྱུང་བར་གསུངས་སོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འབྱུང་བ་ལྔ་དང་རབ་ལྡན་ནས། །དེ་ལ་ཆོས་རྣམས་ཐམས་ཅད་པ། །ཡོངས་སུ་བསྡུས་པས་ཡང་དགག་གནས། །དེ་དང་སྦྱོར་དང་དང་པོའི་དོན། །འདི་ལས་སྒྲུབ་པར་འགྱུར་བ་གང༌། །ལས་རྣམས་སྣ་ཚོགས་གང་ཡིན་པ། །གདོན་མི་ཟ་བར་འགྲུབ་པ་ཡིན། །ཞེས་བྱ་བ་ལ། ཡི་གེ་གང་ལས་འབྱུང་བ་ལྔའི་ས་བོན་ཡང་དག་པར་གནས་པས། འབྱུང་བ་ལྔ་དང་ལྡན་པའོ། །འབྱུང་བ་ལྔ་ལས་ཆོས་ཐམས་ཅད་བསྐྱེད་པར་གསུངས་ཏེ། དེ་བས་ན་འདིར་ཡང་དང་པོའི་ཡི་གེ་ལྔ་པོ་སྨོས་པ་ནི། དེ་ལས་ཡོངས་སུ་འབྱུང་བར་བྱའོ། །དེའི་དོན་དངོས་པོ་ཐམས་ཅད་ལ་རྒྱས་པར་བྱ་བ་དང༌། དེའི་དོན་ཤེས་པ་དེ་སྒྲུབ་པ་ནི་ལས་སྣ་ཚོགས་པ་ཐམས་ཅད་གདོན་མི་ཟར་སྦྱོར་བའོ། །དེ་དག་ལ་སོགས་པ་ནང་དང་སྔགས་ཀྱི་ལེའུ་ཐམས་ཅད་དུ་ཡང་དག་པར་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །སྒྲ་ཇི་བཞིན་པ་དང་ཇི་བཞིན་པ་མ་ཡིན་པ་ལས། ཇི་བཞིན་མ་ཡིན་ཕའི་སྒྲ་ལོག་པར་གོ་བར་བྱའོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་བ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་ལྔ་པའི་བཤད་པའོ།། །།

དྲུག་པ། དབང་གི་ལེའུའི་བཤད་པ།


DTG049_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་གོས་སྔོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །སེམས་ཅན་སྨིན་པར་བྱ་བ་ཡི། །འཇུག་པའི་ཐབས་ཉིད་གསུང་དུ་གསོལ། །ཞེས་བྱ་བ་ལས། སེམས་ཅན་སྨིན་པར་བྱ་བའི་འཇུག་པའི་ཐབས་ཡོངས་སུ་ཞུས་པའོ། །ཀུན་མཁྱེན་མགོན་པོས་བཀའ་སྩལ་པ། །དང་པོར་ས་བརྟག་ལ་སོགས་པ། །ངེས་པར་གོང་དུ་བསྟན་པ་ལྟར། །ལས་རྣམས་ངེས་པར་


DTG049_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱ། །ཞེས་བྱ་བ་ལ། ཀུན་དངོས་པོ་མ་ལུས་པར་ཐམས་ཅད་མཁྱེན་པ་ཡང་ཡིན་ལ། ལྷ་ལ་སོགས་པའི་མགོན་པོ་ཡང་ཡིན་པས་ཀུན་མཁྱེན་མགོན་པོའོ། །དེའི་ཡོངས་སུ་བཤད་པར་གསུངས་ཏེ། ས་བརྟག་པ་དང༌། བསླང་བ་ལ་སོགས་པ་དཀྱིལ་འཁོར་དང༌། མཆོད་པའི་སྐབས་སུ་བཤད་པ་ལྟར་མ་ལུས་པར་རྫོགས་པར་བྱ་བར་གསུངས་སོ། །ས་ཕྱོགས་དབེན་པའི་ཁྱིམ་རྣམས་སུ། །བ་ཡི་རྣམ་ལྔ་ལ་སོགས་དང༌། །རྣམས་སོགས་མདུན་དུ་ངེས་པར་སྦྱར། །ཐ་མའི་ཚུལ་དུ་རབ་བྱས་ལ། །གུར་གུམ་ཆུ་ཡིས་ཡོངས་སུ་གདབ། །ཅེས་པ་ནི། བའི་རྣམ་ལྔ་ལ་སོགས་པ་རྣམས་ཀྱིས་ལེགས་པར་བྱུགས་ལ། ཐ་མའི་ཚད་ནི་ཁྲུ་གང་གིས་ཡང་དག་པར་བྱས་པའོ། །དེ་གང་དུ་བྱ་ཞེ་ན། ས་ཕྱོགས་དབེན་པའི་ཁྱིམ་དུའོ། །ཞལ་ཟས་སྣ་ཚོགས་ཞེས་པ་ནས་སེམས་བསྐྱེད་པ་དང་ཞེས་བྱ་བའི་བར་དུ་ནི་གོ་སླ་བས་མ་བཤད་དོ། །གསང་བ་གསུམ་གྱི་གནས་རྣམས་སུ། །དྲི་ཡི་ཐིག་ལེ་རྡོ་རྗེ་དང༌། །བཅས་པའི་གུང་མོས་ངེས་པར་བསྐུ། །མི་འགྱུར་གསུམ་ལས་སྐུ་གསུམ་དུ། །སྔགས་འདི་དག་གིས་བྱིན་གྱིས་བརླབ། །ཅེས་པ་ལ། གསང་བ་གསུམ་ནི་དཔྲལ་བ་དང༌། ལྐོག་མ་དང༌། སྙིང་ག་གསུམ་དུ་དྲིའི་ཐིག་ལེ་རྡོ་རྗེ་དང་བཅས་པའི་གུང་མོས་བསྐུས་ལ། དེའི་སྟེང་དུ་དང་པོའི་ཡི་གེ་གསུམ་ལས་མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། སྣང་བ་མཐའ་ཡས་གསུམ་དུ་ཡང་དག་པར་བརྟགས་ལ་སྔགས་འདིས་བྱིན་གྱིས་བརླབ་པོ། །ཨོཾ་ཏྲི་མ་ཏ་བི་ཤོ་དྷ་ཡ་ཧཱུཾ། དེ་ནས་སོ་ཤིང་དག་ལ་ནི།། ཞེས་པ་ནས། ཡང་དག་པར་ནི་སྦྱོར་བ་བརྩམ། །ཞེས་པའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །སྔགས་གཉིས་པོ་ནི་གོང་མར་ཤེས་པར་བྱའོ། །རང་བཞིན་མི་གནས་དགོས་པ་ཡིས། །ཀུན་རྫོབ་དྲི་མ་སྤང་པར་བྱ། །ཞེས་བྱ་བ་ནི། དབང་ནོད་པའི་དུས་སུ་སློབ་མ་ཁྲུས་ཡང་དག་པར་བྱེད་དུ་གཞུག་པའོ། །དེ་ནས་སྣ་ཚོགས་ཞེས་བྱ་བ་ནས་མཆོད་པར་བྱ་ཞེས་པའི་བར་དུ་ནི་གོ་སླའོ། །དེ་ཉིད་གཟུགས་ལ་རབ་ཏུ་ཡང༌། །གནས་པའི་བདག་ཉིད་དེ་ཉིད་དུ། །ཡང་དག་པར་ནི་བསྐྱེད་པར་བྱ། །ཞེས་པ་ནི། དེ་ཉིད་ནི་ཕྱག་ན་རྡོ་རྗེ་ཉིད་དེ། དབང་གི་དུས་སུ་ལག་ན་རྡོ་རྗེའི་


DTG049_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བྲིས་སྐུའམ། འཇིམ་པའམ། ལུགས་སུ་བླུགས་པའི་གཟུགས་ལ་མཆོད་པས་ཡང་དག་པར་མཆོད་ལ། རིམ་པ་ཇི་ལྟ་བ་བཞིན་དུ་ཡང་རབ་ཏུ་གནས་པར་བྱས་ལ། ཕྱི་ནས་ཆོ་ག་གསུམ་ལས་བདག་ཉིད་དེའི་སྐུར་ཡང་དག་པར་བསྐྱེད་པར་བྱའོ། །པདྨ་ཉིད་ལས་གོས་ལ་སོགས། །ཞེས་པ་ནས། རགས་པ་རྣམ་པར་དག་པར་འདོད། །ཅེས་པའི་བར་དུ། མིག་བཀབ་པས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཡང་ད་པར་ནང་དུ་བཅུག་ལ། ཡོལ་པའི་ཕྱི་རོལ་གནས་བས་རང་གི་འབྱོར་བས་ཡོན་ཁས་ལེན་དུ་གཞུག་པ་དང༌། དེ་ནས་སྣང་བ་ཇི་ལྟ་བུ་ལ་དངོས་གྲུབ་བརྗོད་པ་དང༌། སྔགས་ཀྱིས་མེ་ཏོག་དོར་དུ་བཅུག་ལ། ལྷ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་བསྟན་པ་དང༌། དེ་ནས་སེམས་བསྐྱེད་པ་ལ་སོགས་པ་བྱས་ནས། རྣམ་པར་རྒྱལ་པའི་བུམ་པའི་ཆུས་དབང་བསྐུར་བར་བྱའོ། །དེ་ཡང་དང་པོར་རིམ་པ་ཇི་ལྟ་བ་བཞིན་དུ་ཅོད་པན་ལ་སོགས་པའི་དབང་རིམ་པར་བསྐུར་བ་དང༌། སློབ་དཔོན་ཡང་བུམ་པར་ཤེས་པར་བྱས་ལ། དེ་ཡིས་བསྐུར་བ་ནི་ལུས་ཏེ། ལུས་རྣམ་པར་དག་པར་གསུངས་སོ། །དེ་ནས་ཕྱག་རྒྱ་བཅས་པ་ལས། །བྱང་ཆུབ་སེམས་ལྡན་མ་ཉམས་པས། །བདག་དང་གཞན་རྣམས་གང་རུང་བཅས། །བདེ་བ་མངོན་དུ་རབ་སྤྱད་དེ། །བསམ་པས་ཡང་དག་སྦྱང་བྱས་ནས། །ཐབས་དང་ཤེས་རབ་ཕྱག་རྒྱ་ཡིས། །དེ་ཡི་ཁ་རུ་སྦྱིན་པར་བྱ། །ཞེས་བྱ་བ་ལ། ཕྱག་རྒྱ་ནི་ལས་རྣམ་པ་གཉིས་ཀྱིས་ཡང་དག་པར་སྤྱད་པར་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཕོ་ཉ་དང་དངོས་པོ་ལ་ཞེན་པ་ནི། ཤེས་རབ་མ་གཟུགས་དང་ཁ་དོག་ཕུན་སུམ་ཚོགས་པ་ལ་ཕྱག་རྒྱ་བཅས་ཏེ། དེ་ཡང་བདག་རང་གིའམ། གཞན་གྱི་ཡང་རུང་སྟེ། བདག་བྱང་ཆུབ་ཀྱི་སེམས་མ་ཉམས་པས། བདེ་བ་མངོན་དུ་སྤྱད་ལ། དེ་བསམས་པ་དང་ལག་པ་གཉིས་ཀས་སྦྱངས་ཏེ། ཐབས་བདག་དང་ཤེས་རབ་ཀྱི་ཕྱག་རྒྱ་གཉིས་ཀས་དེའི་པདྨར་སྦྱིན་པར་གསུངས་ཏེ། དེ་ནི་གསང་བའི་དབང་ཡིན་པས། །དེའི་འོག་ཅེས་པ་ནི་ངག་སྟེ། དེ་རྣམ་པར་དག་པར་གསུངས་སོ། །རྣལ་འབྱོར་དང་མི་དམིགས་པ་ལ་འཇུག་པ་ནི་


DTG049_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ཤེས་པར་བྱའོ། །ནང་དུ་ཤེས་པའི་སྒོ་དག་ལ། །དེ་ལ་མི་བརྟེན་བདག་ཉིད་གནས། །ཞེས་གསུངས་པ། རྟགས་དང་མིང་འདྲ་བ་དེ་ལ་བརྟེན་ནས། བདག་ཉམས་པར་འགྱུར་བའི་ཕྱིར། བླ་མའི་ངག་ལས་ཡང་དག་པར་ཤེས་པར་བྱའོ། །དེ་ནས་བདག་གི་དངོས་པོ་གང༌། །བུ་མོ་མདོག་བཟངས་སྔོན་མོ་ལ། །གང་དང་ལྡན་བའི་ཡང་བས་བསྐྱོད། །ཆོ་གས་ཡང་དག་གཟུང་བྱས་ལ། །ཐབས་གཉིས་རབ་སུ་བསྐྱོད་པ་ཡིས། །སྣ་ཚོགས་དངོས་པོ་གནས་པ་ཡིས། །དེ་འོག་སོར་བཞི་གཞལ་བྱས་ནས། །ཤེས་རབ་གཉིས་ལ་མནན་པ་ཡིས། །བདེ་བ་དཔག་ཏུ་མེད་པ་མྱོང༌། །དེ་མྱོང་སྐད་ཅིག་རྫོགས་པ་ཡིས། །དེ་ལ་བལྟ་པ་ཡིན་པར་བསྟན། །དེ་ཡིས་ཤེས་རབ་ཡེ་ཤེས་ཀྱི། །དབང་ཉིད་མངོན་པར་རྫོགས་པར་འགྱུར། །ཞེས་བྱ་བ་ལ། དེ་ཡང་གོང་མའི་ལམ་གྱིས་ཤེས་པར་བྱ་སྟེ། བདག་གང་ཟག་རྣལ་འབྱོར་པས། །དངོས་པོ་བུ་མོ་མདོག་དང་ལྡན་པ་སྔོན་མོ་ཉིད་ལ། གར་དང་ལྡན་པ་ནི་སྒེག་པ་ལ་སོགས་པ་དང་ལྡན་པའོ། །གཞན་ཡང་རོལ་པའི་སྐབས་སུ་སྒྱུར་རྩལ་བཅུ་དང་ལྡན་ཞིང༌། དེ་ལ་ཡང་བག་དང་ལྡན་པའོ། །དེ་ལ་ཆོ་ག་ནི་སྔགས་བཟླ་བ་དང་བསམ་པས་ཡོངས་སུ་བཟུང་བ་ལ་བྱའོ། །ཐབས་ནི་གོ་སླའོ། །དེའི་སྣ་ཚོགས་དངོས་པོ་གནས་པ་ནི། བུ་ག་འཕྲེད་ལ་ཡོད་པའི་སའོ། །དེ་ནས་སོར་བཞི་གཞལ་བ་དང༌། ཤེས་རབ་མ་གཉིས་ལ་མནན་ཅིང་མཉམ་པར་སྦྱར་བས། དེའི་མོད་ལ་བདེ་བ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །དེ་མྱོང་བའི་སྐད་ཅིག་ཐ་མ་ལ་དཔེའི་ཡེ་ཤེས་ཡིན་པར་བསྟན་པ་སྟེ། དེ་ཡེ་ཤེས་དངོས་མཚོན་པའི་ཕྱིར་དེ་གསུངས་པའོ། །དེ་ཡིས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་སྟེ། སེམས་རྣམ་པར་དག་པར་འགྱུར་བའོ། །བཞི་པ་ཆོས་ཉིད་མངོན་རྟོགས་དབང༌། །མེད་པ་མངོན་པར་སྣང་བར་འགྱུར། །དེ་ཡི་སྤྱི་ལ་ཁྱབ་གནས་ཏེ།། རང་ལ་ཡོད་བཞིན་ངེས་པར་རྨོངས། །ཞེས་བྱ་བ་ལ། བཞི་བའི་དབང་ཆོས་ཉིད་མངོན་པར་རྟོགས་པ་ཞེས་བྱ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། ཤེས་རབ་ཡེ་ཤེས་ལ་སོགས་པའི་དབང་རྣམས་རྟོགས་པའམ། གསལ་བར་བྱེད་པ་ཡིན་ནོ། །མེད་པ་མངོན་པར་སྣང་བ་ནི། །ཡོད་པའི་


DTG049_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། མེད་པའི་ཡོད་པ་དང༌། མེད་པ་ལ་སྣང་བ་དང༌། ཡོད་པ་མི་སྣང་བར་སྦྱར་རོ། །དེ་ཡང་ཇི་ལྟ་བུ་སྙམ་པ་ལ། རང་ལ་དེས་པར་ཡོད་བཞིན་དུ། །བདག་རྨོངས་པ་སྟེ། གདོད་ནས་ཡེ་ཤེས་ཡོད་པ་ལ་མ་རིག་པས་ཡང་དག་པར་བསྒྲིབས་པའོ། །དེ་མངོན་པར་རྟོགས་པས་ནི་མངོན་པར་རྟོགས་པའི་དབང་ངོ༌། །ཅི་དེ་ལོགས་ཤིག་པའམ། སྤྱི་ལ་ཁྱབ་སྙམ་པ་ལ། དེ་ཡིས་སྤྱིལ་ཁྱབ་གནས་ཏེ། །ཞེས་གསུངས་ཏེ། དེ་ནི་དབང་ཐམས་ཅད་ལ་སྤྱི་ལ་ཁྱབ་པར་གནས་པའོ། །སྔགས་རྣམ་པ་གཉིས་པོ་ནི། གཞུག་པ་དང་མེ་ཏོག་དོར་བའི་སྔགས་སུ་རིག་པར་བྱའོ། །སངས་རྒྱས་ཀུན་གྱི་ཕྱག་བརྙན་པར། །དེ་ཉིད་དུ་ནི་སློབ་མ་བསྒྲུབ། །དར་ལ་སོགས་པ་སྔོན་པོ་ཡིས། །སློབ་མ་ཉིད་ལ་དབང་བསྐུར་བྱ། །ཞེས་བྱ་བ་དང༌། ལག་ན་རྡོ་རྗེ་དངོས་སུ་སློབ་མ་བསྒྲུབ་པ་ལ་ཐུན་མོང་གི་དབང་མ་གཏོགས་པ་དབང་ལྔས་སློབ་མ་བསྒྲུབ་བར་གསུངས་ཏ། དར་རམ་རས་སོགས་སྔོན་པོ་ཚད་མེད་པ་ལ་སྔགས་འོག་མ་ཉིད་དང༌། ཕྱག་རྒྱ་དང་པོ་དང༌། གཉིས་པས་བཟུང་ལ་བསྐོན་པར་བྱ་བར་འབྲེལ་ཏོ། །མཁའ་ལྡིང་སྔོན་པོ་འདབ་རྒྱས་ལ། མགུལ་དུ་དང་དཔྱངས་བཅིངས་པ་ཡིས། །བུ་ཉིད་ལ་ནི་ངེས་པར་སྦྱིན། །ཞེས་བྱ་བ་ནི་ཤོག་བུ་ལ་ནམ་མཁའ་ལྡིང་གི་གཟུགས་བྱས་ལ་སློབ་མ་ལ་སྔགས་དང་བཅས་པས་སྦྱིན་པར་འབྲེལ་ཏོ། །དངོས་གྲུབ་སྣ་ཚོགས་གྲུབ་པ་དང༌། །ཞེས་པ་ནས། ཕྱར་ཏེ་བྱེད་པ་པོ་ལ་གཞག །ཅེས་བྱ་བའི་བར་ལ། གདོན་ཐམས་ཅད་ཞི་བར་བྱ་བའི་ཕྱིར་ཤིང་ལ་བེ་ཅོན་ཁྲུ་དོ་པ་བྱས་ལ། རྩེ་མོ་སྦོམ་པ་དང། རྩ་བ་ཕྲ་བ་རྣམས་ཀྱིས་ཡོངས་སུ་བྱུགས་ཏེ། དེའི་རྩེ་མོའི་ཕྱོགས་སུ་མེ་ཏོག་སྔོན་པོའི་ཕྲེང་བས་བཅིངས་ཏེ། ལག་པ་གཡས་པའི་མཐེ་བོང་དང༌། གུང་མོ་ལ་སོགས་གསུམ་དུ་སྦྱར་བས་བེ་ཅོན་བཟུང་སྟེ། གཡོན་པས་དཀུ་ལ་ཡོངས་སུ་བརྟེན་པས། བེ་ཅོན་སྤྱི་བོའི་སྟེང་དུ་བཟུང་བས་སྔགས་བཟླས་ཏེ། སློབ་མའི་ལག་པ་གཡས་པར་སྦྱིན་པའོ། །དེ་ནས་རས་བལ་གསར་བ་ལས་སྐུད་པ་བཞིན་དུ་ཡང་དག་པར་བཀལ་ཏེ། རྩ་བའི་སྔགས་དང་དྲི་ཆུས་ཡང་དག་པར་བསངས་ཏེ། ལྷས་མར་བྱས་ཏེ། གཡས་པས་སྟེང་དུ་དྲངས་གཡོན་པ་ས་ལ་བཙུགས་


DTG049_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པས། འོག་མའི་སྔགས་བཟླས་པས་གང་ཤར་བཅིང་བར་བྱའོ། །དེ་ཅིའི་ཕྱིར་བཅིང་ཞེ། ཚངས་པ་ཆེན་པོ་ལག་ན་རྡོ་རྗེ་མཐོང་བར་བྱ་བ་དང༌། མཆོད་པ་རྣམས་བསྡུ་བའི་ཕྱིར་བཅིང་བར་བྱའོ། །དེ་ཡང་ཁྲོ་གཉེར་གཡོན་དུ་ཕྱོགས་པས་སྦྱིན་པར་འབྲེལ་ཏོ། །སྔགས་ནི་རྒྱུད་ནས་འབྱུང་བར་ཤེས་པར་བྱའོ། །དེའི་ལག་པ་བསྒོམ་བྱས་ལ། །དེ་ཡི་ལག་པའང་བསྒོམ་བྱ་སྟེ། །ཞེས་བྱ་བ་ལ། བདག་དང་དེའི་ལག་པ་གཉིས་ཀ་ཁུ་ཚུར་བརྩེགས་མ་ལ་སྦུ་གུར་བྱ་སྟེ། དྲག་པོའི་ཕྲེང་བ་ནང་ནས་བཏོན་པ་འོག་ནས་འབྱུང་བའི་སྙིང་པོ་འདི་ཉིད་ལན་གྲངས་བརྒྱ་རྩ་བརྒྱད་དུ་བཟླས་ལ་སྙིང་པོ་སྦྱིན་པར་བྱའོ། །སྙིང་པོ་ནི་རྒྱུད་ལས་འབྱུང་བའོ། །དེ་ནས་ལེགས་པའི་མཚན་མ་ལ། །ཆོས་ལ་དབང་སོགས་མི་གནས་ན། །འཇུག་པར་འགྱུར་བ་ག་ལ་སྲིད། །ཅེས་བྱ་བ་ལ། ལེགས་པའི་མཚན་མ་ནི་གང་ཟག་འཇུག་པ་པོ་སྟེ། དེ་ལ་དབང་དང་དམ་ཚིག་ཏུ་མི་ལྡན་ན་ཆོས་འདི་ལ་འཇུག་པ་མི་སྲིད་དོ། །མི་སྲིད་པ་ནི་སྟོབས་ལ་འཇུག་པའི་སྒྲས་གཞུག་པར་མི་བྱ་བར་འབྲེལ་ཏོ། །རྒྱུད་གཞན་ལ་ནི་སྤྱིར་དབང་གནས། །དེས་ནི་ཀུན་ལ་འཇུག་པར་འགྱུར། །སྤྱི་ཉིད་དབང་ལ་མི་ལྟོས་པར། །འདི་ཉིད་ལ་ནི་རྟོགས་པའི་མཆོག་དེ་ཡིས་འཇུག་པ་ཁོ་ན་ཡིན། །ཞེས་བྱ་བ་ལ། བདེ་བར་གཤེགས་པས་གསུངས་པའི་རྒྱུད་གཞན་ཐམས་ཅད་ལ་སྤྱིའི་དབང་གིས་འཇུག་པར་གསུངས་ཏེ། འདི་ལ་ནི་སྤྱིའི་དབང་ལ་མི་ལྟོས་པར་འདི་ཉིད་ལ་རྟོག་པའི་མཆོག་འདི་ཁོ་ན་ལ་བྱ་བར་གསུངས་སོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣད་བ་ཞེས་བྱ་བ་ལས་ལེའུ་དྲུག་པའི་བཤད་པའོ།། །།

བདུན་པ། ཀླུ་གདུག་མདངས་འཕྲོག་གི་གདོན་འདུལ་བའི་ལེའུའི་བཤད་པ།


DTG049_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་གོས་སྔོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །གང་དག་ཀླུ་ཡིས་ཟིན་པ་ལ། །ཐབས་དེ་གང་ལགས་གསུང་དུ་གསོལ། །ཞེས་པ་ནི། སེམས་ཅན་ལ་ཕན་གདགས་པའི་ཕྱིར་ལས་རྣམ་པ་བཞི་རུ་གསུངས་ཏེ། གང་དུ་བསྡུས་པའི་ཐབས་ངེས་པར་བསྟན་པར་གསུངས་སོ། །ཀུན་མཁྱེན་གཙོ་བོ་ཞེས་པ་ནས། །བུ་མོ་ལ་ནི་ཡོངས་སུ་བསྔགས། །ཞེས་བྱ་བའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །རྒྱན་ཆ་ལྔ་ཡིས་རྒྱན་བཏགས་ལ། །རྐང་པའི་རྒྱུད་


DTG049_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལོར་བཏགས་ཏེ། །ལག་པའི་རྒྱུད་པར་དབང་སྒྱུར་དུ། །ཡན་ལག་གནས་པས་ཕྱག་རྒྱ་བཅས། །ཞེས་བྱ་བ་ལ། བུ་མོ་ལ་དབུ་རྒྱན་ལ་སོགས་པ་ལྔས་ཡང་དག་པར་བཏགས་ལ། རྐང་པའི་རྒྱུད་མར་ནི་གོམ་པའི་འགྲོས་སོ། །ལག་པའི་རྒྱུད་མར་ནི་ཕྱག་རྒྱ་བཅས་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན། ལག་པ་གཉིས་ཕུན་ཚུན་དུ་ནང་ནས་ནང་དུ་བསྐོར་ཞིང་ཡང་དག་པར་གནས་པའོ། །ཀླུ་ཡི་མཚན་མ་གང་ཡིན་པའི། །དངོས་པོ་གང་ལ་རབ་སྦྱར་ནས། །གཙོ་བོ་ཀུན་འབྱུང་མཆོག་ཉིད་ལ། །འཁོར་རྣམས་བརྒྱད་ཀྱིས་ངེས་བསྐོར་ཏེ། ཞེས་བྱ་བ་ནི། ཀླུའི་མཚན་མ་ནི་ཀླུའི་མིང་ལ་བྱ་སྟེ། དངོས་པོ་གང་ནི་ཀུན་འབྱུང་བའི་ཡི་གེའོ། །གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་ས་བོན་བརྒྱད། །དེ་ལ་རབ་ཏུ་སྦྱར་ནས་འཁོར་བརྒྱད་ནི། །ནཱ་ག་བ་ཤི་ཀ་ར་ཡཾ་ཧཱུཾ་ཞེས་བྱ་བར་ཡང་དག་པར་བསྐོར་བ་སྤྱད་པའོ། །ནུབ་ཏུ་དངོས་པོ་སྟོན་བྱེད་པ། །གྲུ་བཞི་པ་དག་རབ་ཏུ་གདགས། །དེ་ཉིད་ས་རུ་རབ་ཏུ་ཐོབ། །དེ་སྟེང་ཅི་ནུས་སྦྱོར་བ་བསྒྲུབ། །ཅེས་བྱ་བ་ལ། ནུབ་ནི་སྐྱེས་བུ་ལ་འཇུག་པའི་སྒྲ་རྒྱབ་ལ་འཇུག་སྟེ། རྒྱབ་ཏུ་དངོས་པོ་འདིས་ལས་བྱ་སྟེ། ས་དེ་རྟེན་པར་བྱེད་པའི་སྣོད་ཕ་ཚེ་ཡོངས་སུ་གདགས་པར་བྱ་བའོ། །དེ་ཉིད་ས་ནི་ནའི་སྟེང་དུ་ཕྱིན་པས་ཐོབ་པའོ། །དེ་སྟེང་ཞེས་པ་ནི། ནའི་སྟེང་ནས་ས་ཅི་འབྱོར་པའམ། ནུས་བས་བླང་བར་བྱ་བར་འབྲེལ་ཏོ། །དེ་ཐོབ་རབ་ཏུ་བྲལ་བ་ལས། །དེ་ཡི་ཕྱོགས་སུ་མི་བལྟ་ཞིང༌། །དྲག་པོ་ཆེན་པོའི་སྔགས་བཟླས་བྱ། །ཞེས་པ་ནི། ས་དེ་ཐོབ་པ་ལས་བདག་དེ་དང་བྲལ་བར་བྱས་ལ། སའི་ཕྱོགས་སུ་མི་ལྟ་བར་བདུད་རྩི་འཁྱིལ་བའི་སྔགས་བཟླས་པར་བྱའོ། །དེ་ཉིད་བདག་གིས་མཐོང་བ་ལས། །ལེགས་སོ་སྙམ་པའི་ཚིག་ཀྱང་བརྗོད། །དེ་ནས་ས་ཕྱོགས་རབ་དབེན་པར། །བདག་གིས་སྦྱོར་བ་ལེགས་བརྩམ་བྱ། །ཞེས་པ་ལ། དེ་ཞེས་པའི་བུ་མོ་དེ་བུ་མོ་བདག་གིས་ས་བླངས་ནས་འོང་པ་མཐོང་བ་དང་ལེགས་སོ་ཞེས་བྱ་བའམ། ཡང་ན་རྗེས་སུ་ཡི་རང་བའི་ཚིག་གིས་བརྗོད་པར་བྱའོ། །དེ་ཀུན་ནས་དབེན་པའི་ས་རུ་བདག་རྣལ་འབྱོར་པས་དཀྱིལ་འཁོར་ལ་སོགས་པའི་སྦྱོར་བས་བརྩམ་པར་གསུངས་སོ། །རྒྱར་ནི་ཁྲུ་དོ་ངེས་པ་ལས། །ཞེས་པ་ནས།


DTG049_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་ནི་བསྐོར་བར་བྱ། །ཞེས་པའི་བར་ནི་གོ་སླ་བས་འདིར་མ་བཤད་དོ། །སྔུན་དུ་སོར་བརྒྱད་བསྐོར་བ་ནི། །མདོག་དམར་ཀུན་ནས་ཟླུམ་པར་བྱ། །དེ་སྟེང་ཀླུ་རིགས་དྲུག་པོ་དག །ཉ་དང་སྦལ་པ་ལྕོང་མོ་དང༌། །སྦྲུལ་དང་རྩངས་པ་ཆུ་སྲིན་དང༌། །མི་དང་རུས་སྦལ་བ་ལང་དང༌། བྱི་ལ་ནོར་བུ་རྒྱལ་འབུད་རྣམས། །གཙོ་བོའི་ཆ་ཡིས་གཟུང་བྱས་ནས། །ཤུལ་དུ་དྲག་པར་དྲངས་བྱས་ལ། །ཞེས་བྱ་བ་ལ། སྔོན་དུ་ནི་དཀྱིལ་འཁོར་ཆེན་པོའི་ཡང་སྔུན་དང༌། བདག་གི་ཡང་སྔུན་དུ་སོར་མོ་བརྐྱང་བ་ནི་མཐོ་སྟེ། མཐོ་གང་ཟླུམ་པོར་བསྐོར་བར་བྱས་ལ། །ཁ་དོག་མཚལ་ལ་སོགས་པས་ཡོངས་སུ་བྱུག་པར་བྱ་བའོ། །དེའི་སྟེང་དུ་ཀླུ་བ་སུ་ཏ་རིགས་དྲུག་པོ་རྣམས་བག་ཟན་ལས་གཟུགས་བྱ་སྟེ། ཤུལ་དུག་གི་ཤུལ་ནས་དྲག་པར་དྲངས་ནས་བཀུག་པའོ། །དེ་ཡང་ཅི་ཀུན་ནམ་འོན་ཏེ་འགའ་མཉམ་པ་ལས། །གཙོ་བོའི་ཆ་ཡིས་གཟུང་བྱས་ནས། །ཞེས་གསུངས་ཏེ། གཙོ་བོ་ནི་ཟུང་དུ་བསྡེབས་པའི་དང་པོ་རྣམས་སོ། །མ་ཏུ་ལུང་ཀའི་ཕྱེ་མ་ཡིས། །གཞི་བཀང་རིགས་མཐུན་དངོས་པོ་ནི། །རབ་ཏུ་གསལ་བར་བྱ་བ་ཡིན། །ཞེས་པ་ལ། མ་ཏུ་ལུང་ཀའི་ཤིང་གི་ལོ་མའི་ཕྱེ་མས་དེའི་སྟེང་ཡོངས་སུ་བཀང་ལ། རིགས་མཐུན་པ་ནི་ལི་ཁྲིའི་ཕྱེ་མས་གསལ་བར་བྱས་པ་ནི་མཚམས་ཡོངས་སུ་གཅད་པར་བྱ་བར་གསུངས་སོ། །མཚན་མོ་དྲག་པོའི་གཏོར་མ་ལ། །སྣང་བ་ཞི་བ་དེས་པར་བྱ། །བཟླས་པའི་སྔགས་ནི་རབ་འབར་བས། །དྲག་པོའི་ཕྲེང་བ་གཟུང་བྱས་ནས། །གྲུ་དག་སྔོན་པོས་ཕུབ་བྱས་ཏེ། །ཞེས་བྱ་བ་ལ། མཚན་མོ་ལ་དྲག་པོའི་གཏོར་མ་གཏང་བར་བྱ་བ་དང༌། ཉིན་མོ་ལ་ཞི་བའི་གཏོར་མ་གཏང་བར་གསུངས་པ་དང༌། དྲག་པོའི་ཕྲེང་བས་དྲག་པོའི་རིགས་ལ་ཉེ་བར་བཟུང་སྟེ། བཟླས་པའི་སྔགས་བཟླས་པར་འབྲེལ་ཏོ། །གུར་སྔོན་པོས་ནི་དཀྱིལ་འཁོར་ཕུབ་པར་གསུངས་སོ། །ཇི་སྲིད་དེ་ཉིད་མ་རྫོགས་པར། །བདག་གིས་བལྟ་བར་མི་བྱ་ཞིང༌། །དྲག་པོ་ཉིད་ལ་མངོན་པར་བཟླས། །ཞེས་བྱ་བ་ལ། བཟླས་པའི་སྔགས་འབུམ་དུ་མ་རྫོགས་པར་བདག་གིས་དཀྱིལ་འཁོར་བལྟ་བར་མི་བྱ་བ་དང༌། དྲག་པོ་ཉིད་ནི་དྲག་པོ་ཉིད་ལ་ངེས་པར་བཟླས་པར་འབྲེལ་ཏོ། །དེ་ཡི་


DTG049_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རིམ་དག་ལ་ནི། །ཞེས་པ་ནས། རབ་འབྲིང་ཐ་མར་ཡང་དག་ལྡན། །ཞེས་པའི་བར་དུ་གོ་སླའོ། །བདག་གིས་གཙོ་བོའི་ཆ་ལུགས་ལ། །སྔགས་དང་ཕྱག་རྒྱ་ཡང་དག་བགོ །བཟླས་པའི་གྲངས་སུ་རྫོགས་བྱས་ལ། །ནད་པ་དེར་ནི་བཀུག་བྱས་ཏེ། །ཞེས་བྱ་བ་ལ། བློ་གོས་ལ་སོགས་པ་ལ་སྔགས་ཀྱིས་བསྔགས་ལ། གོན་པའི་དུས་སུ་བཛྲ་པཱ་ཎི་ཧཱུཾ་ཞེས་པས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་རྒྱན་ཆ་བདུན་དུ་བགོ་བར་གསུངས་སོ། །བཟླས་པའི་གྲངས་འབུམ་དུ་ཐིམ་པར་བྱ་ལ་ནང་པ་དེར་ཞེས་པ་ནི་དཀྱིལ་འཁོར་གྱི་རྩར་བཀུག་པར་འབྲེལ་ཏོ། །དེ་ཡང་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ཡང་དག་པར་གནས་པར་བྱའོ། །དངུལ་གྱི་རྫིང་བུ་ཉིད་དུ་ཡང༌། །བྲང་གི་ས་བོན་དཀར་པོ་ཡིས། །ཡོངས་སུ་གང་བར་བྱ་བར་ཡིན། །ཞེས་བྱ་བ་ལ། དངུལ་གྱི་རྫིང་བུ་ནི་གཞོང་པ་ལ་བྱ་སྟེ། དེ་དང་བྲང་གི་ས་བོན་ནི་ནུ་ཞོས་ཡོངས་སུ་གང་བར་འབྲེལ་ཏོ། །རྫོགས་པའི་སྒྲ་ལྡན་བཅུ་དྲུག་གིས། །ལྕགས་ཀྱི་སྐམ་པས་ཀ་བི་ཙའི། །ཤིང་དག་སོར་ནི་བཅུ་གཉིས་པར། །ཡོངས་སུ་གཅད་པར་བྱས་པ་ལས། །སྔགས་ཀྱིས་མངོན་པར་བཟླས་བྱ་སྟེ། །དེ་ཉིད་དག་ཏུ་སྤང་བར་བྱ། །ཞེས་བྱ་བ་ལ། རྫོགས་པའི་སྒྲ་དང་ལྡན་པ་ནི་པུ་རུ་ཥའི་སྒྲས་བྱེད་པ་ལ་འཇུག་པ་དང༌། བསྲུང་བྱ་ལ་ངེས་པའི་སྒྲ་སྦྱར་བས་ནི་སྐྱེས་བུ་ལ་འཇུག་སྟེ། སྐྱེས་པ་ལོ་བཅུ་དྲུག་ལོན་པས། ལྕགས་ཀྱི་སྐམ་པ་ངེས་པར་བཟུང་ནས། །དེ་ཡིས་ཤིང་ཀ་བི་ཙའམ། །བལ་པོ་སེའུའི་ལྕུག་མ་ལས་སོར་བཅུ་གཉིས་པ་བཅད་ནས་དེ་ཉིད་དྲག་པའི་སྔགས་ཀྱིས་བཏབ་ལ། འཁོར་གཞོང་དེ་ཉིད་དུ་སྦང་བར་འབྲེལ་ཏོ། །རྨ་བྱའི་མདོངས་ལ་ཞེས་པ་ནས། །རིགས་དྲུག་པོ་ལ་ངེས་པར་གདབ། །ཅེས་པའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །དེ་ནས་དེ་ཉིད་སྙིང་གར་ནི། །ཐིག་ལེ་དྲུག་ཏུ་ངེས་པར་བྲི། །དེ་སྟེང་རིགས་དྲུག་བསམ་བྱས་ནས། །གཡོན་ན་གནས་པའི་ང་རྒྱལ་མཆོག །སྔགས་ཀྱིས་མངོན་པར་བསྐུལ་བྱས་པས། །དྲག་པོའི་ཤུགས་ཀྱིས་རབ་སོང་སྟེ། །རྔམ་པའི་ཞལ་དུ་ངེས་པར་བསྟབས། །ཞེས་བྱ་བ་ལ། དེ་ནས་དེའི་སྙིང་ག་ནི་ནད་པའི་སྙིང་ག་ལ་སོར་བཞིས་པར་ཆོད་པར་བྱས་ལ།


DTG049_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་ཏུ་ཙནྡན་གི་ཐིག་ལེ་དྲུག་བསྐུ་བར་བྱས་ཏེ། དེའི་སྟེང་དུ་དང་པོའི་གཙོ་བོ་རྣམས་གསལ་བར་བསམ་པའོ། །དེ་ནས་གཡོན་ན་གནས་པ་ནི་ནམ་མཁའ་ལྡིང་སྟེ། དེ་ནི་ང་རྒྱལ་གྱི་རང་བཞིན་ཡིན་པས། དེ་སྔགས་ཀྱིས་ཡང་དག་པར་བསྐུལ་བས་ཤུགས་དྲག་པོ་དང་ལྡན་པར་དེར་སོང་སྟེ། དེ་དག་ངེས་པར་བླངས་ནས་རྔམ་པ་ལག་ན་རྡོ་རྗེའི་ཞལ་དུ་ངེས་པར་བསྟབས་པས་གསོལ་བར་བསམ་པར་འབྲེལ་ཏོ། །དེ་ལྟར་བསམ་པ་རབ་བརྟན་པས། །ཡོངས་སུ་བསྒོམ་པར་བྱ་བ་ཡིན། །དེ་ཡིས་དེ་ལ་གནོད་བྱེད་པ། །སྐད་ཅིག་ཙམ་ཡང་མི་གནས་ཤིང༌། །མྱུར་བར་སྐྲག་པར་ཕྱོགས་བཅུར་འབྲོས། །ཞེས་བྱ་བ་ལ། གོང་དུ་བསྟན་པ་དེ་ལྟར་བསམ་པ་རབ་ཏུ་བརྟན་པར་བསྒོམས་པས། བསམ་པ་དེའི་སྟོབས་ཀྱིས་ནད་པ་དེ་ལ་གནོད་པའི་བགེགས་དེ་ཤིན་ཏུ་སྐྲག་པས་མྱུར་པར་ཕྱོགས་བཅུར་འབྲོས་པར་སྦྱར་རོ། །དེ་ལ་གོང་དུ་སྔགས་རྣམ་པ་མང་པོར་གསུངས་པ་ཐམས་ཅད་ནི་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ལས་ཤེས་པར་བྱའོ། །ཨོཾ་བཛྲ་ཀྲོ་དྷ་ཞེས་པ་ནས། བི་དྷྭ་ནྶ་ན་ཧཱུཾ་ཕཊ། ཅེས་པའི་བར་ལ་བླ་མའི་མན་ངག་ལས་ཡང་དག་པར་ཤེས་བྱའོ། །བཞིན་ནི་རབ་ཏུ་འབར་བ་དང༌། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱིས། །འབྲུག་སྒྲར་ལྡན་པས་ཡོངས་སུ་གཏུབ། །ཅེས་པ་ནི། དེའི་ཕྱི་ནས་བདག་རྣལ་འབྱོར་པས་ཞེ་སྡང་དྲག་པོ་བསྐྱེད་ལ་བཞིན་ཁྲོ་གཉེར་བཟློག་པས་ཁ་ནས་སྔགས་གོང་མས་འབྲུག་སྒྲ་དྲག་པོ་བརྗོད་དེ། སེང་ལྡེང་གི་ཕུར་པས་རིགས་དྲུག་པོ་ཡང་དག་པར་གཏུབ་པར་འབྲེལ་ཏོ། །དེ་ནས་དྲག་པོའི་སྲས་ཀྱིས་སུ། །ཞེས་པ་ནས། །དེ་ཡང་རྟག་ཏུ་ངེས་པ་ཡིན། །ཞེས་པའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །དང་པོར་རབ་ཏུ་འབྱོར་པ་ལས། །ནང་གི་བགེགས་ཉིད་བསལ་བ་ཡིས། །ཕྱི་ནས་ཕྱི་ཡི་ནད་བསལ་བ། །སྨན་ལ་སོགས་པའི་སྦྱོར་བ་ཡིས། །མཁས་པས་ཕྱི་ཡི་ནད་བསལ་ཏེ། །ཞེས་བྱ་བ་ལ། དང་པོ་ནི་བསྒྲུབ་པ་དང༌། བསྙེན་པ་རྣམས་ཡོངས་སུ་འབྱོར་བ་ལས་ནང་གི་བགེགས་བསལ་བར་བྱ་སྟེ། ཕྱི་ནས་ཕྱིའི་ནད་བསལ་བར་བྱ་བའི་ཕྱིར་སྨན་སྣ་ཚོགས་པའི་སྦྱོར་བས་རྟེན་ཅིང་འབྲེལ་པར་འབྱུང་བའི་སྟོབས་ལ་བརྟེན་ནས་མཁས་པས་ནད་བསལ་བར་གསུངས་


DTG049_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་སྨན་ནི་འདི་དག་གོ །བརྒྱལ་ཀ་ལ་སོགས་སྨན་རྣམས་ཀྱིས། །མར་ནག་ཉིད་ལ་ངེས་བཏབ་ལ། །ཞག་གྲངས་བདུན་ནི་མནན་པ་ཡིས། །སྦུ་ཆུང་ལེགས་པར་ཁྱབ་པར་སྣང༌། །ཞེས་བྱ་བ་ལ། བརྒྱལ་ཀ་ཞེས་པ་ནི་སྒྲའི་སྟོབས་ལས་རྣམ་པར་གཅོད་པ་ལ་བྱ་སྟེ། རྣམ་པར་གཅོད་པ་ལྔ་ཏིལ་མར་གྱི་ནང་དུ་བླུགས་ཏེ། ཞག་གྲངས་བདུན་དུ་ཡོངས་སུ་མནན་པ་ལས་དེའི་ཁ་རུ་སྦུ་ཆུང་མུ་ཏིག་ལྟ་བུས་ཀུན་ལ་ཁྱབ་པར་མཐོང་བ་དང༌། ཁ་བསངས་ལ་ཁྱིམ་གཙང་མར་གཞག་གོ །དེ་ནས་སྦྱོར་བ་འདིས་ཡང་དག་པར་བྱ་སྟེ། འདི་སྐད་གསུངས་སོ། །སུག་པ་ལ་སོགས་གཙང་སྦྱར་བས། །གོང་དུ་སྔགས་ཀྱིས་བསྙེན་པར་གནས། །འོད་ཟེར་དཀར་པོ་ཡོངས་གནས་པའི། །ཉི་མ་ཉིད་ལ་ཁྲུས་བྱས་ཏེ། །དྲི་མ་དག་པར་བསལ་བ་ལ། །དྲུག་སྦྱར་ངེས་པར་བསྐུ་བར་བྱ། །ཞེས་པ་ལ། སུག་པ་དང༌། སྤུ་དང༌། ཙནྡན་དང༌། སྦྲང་རྩི་ལ་སོགས་པ་དྲུག་གིས་ཡང་དག་པར་སྦྱར་བར་བྱ་ལ། གོང་དུ་གོང་གི་སྔགས་ཀྱི་བསྙེན་པས་སྔགས་ཀྱི་ཆུ་ལ་འབུམ་དུ་ཡོངས་སུ་བཏབ་པས་དེ་ནས་འོད་དཀར་པོ་གང་ལ་ཡོད་པ་དེ་ལ་འོད་ཟེར་དཀར་པོ་ཅན་ཏེ། དེ་ཡོངས་སུ་རྫོགས་པའི་ཉི་མ་དང་པོ་ལ་ཁ་ཤར་དུ་བལྟས་ཏེ། སྔགས་ཀྱི་སྦྱོར་བས་ཁྲུས་བྱ་བར་འབྲེལ་ཏོ། །དེ་ནས་དྲི་མ་དག་པ་ལ། དྲུག་སྦྱོར་ནི་རྣམ་གཅོད་ལྔ་དང་ཏིལ་མར་དང་དྲུག་ཏུ་སྦྱར་བར་བྱ་སྟེ། དེ་ཡི་ལུས་ལ་བསྐུ་བར་བྱའོ། །དེ་འོག་མཆོག་གི་སྨན་ཉིད་གང༌། །གྲགས་ལྡན་ཆེན་པོ་སྲང་གཅིག་ནི། །ལེགས་པར་བསྐོལ་བས་ཁ་ཉིད་དུ། །ཞག་དག་ངེས་པར་འཆགས་པར་འགྱུར། །དེ་ཡིས་ལུས་ལ་བསྐུ་བྱ་ཞིང༌། །ཚིགས་མ་ཞོ་གསུམ་བཟའ་བར་བྱ། །ཞེས་བྱ་བ་ལ། དེའི་འོག་ཏུ་མཆོག་གི་སྨན་ཉིད་ཀྱིས་སྦྱར་བར་གསུངས་ཏེ། དེ་ཡང་གང་ཞེ་ན་གྲགས་ལྡན་ཆེན་པོ་ནི་འཇིག་རྟེན་པ་ཀུན་ལ་གྲགས་པའི་རིགས་སྡུད་དོ། །དེ་སྲང་ནི་བདེ་སྤྱོད་གཅིག་གོ །དེ་ངེས་པར་བཞུ་བ་ལས་མར་ཁ་རུ་འཆགས་ཏེ། མར་ངེས་ལུས་ལ་བསྐུ་བ་དང༌། དེའི་ཚིགས་མ་ཞོ་གསུམ་ཟ་རུ་གཞུག་པར་བྱའོ། །སྙིང་པོ་གསུམ་ལ་ཤ་བཙོས་ཏེ། །ཁུ་བ་ངེས་པར་གཏང་བར་བྱ། །ཞེས་པ་ལ། སྙིང་པོ་གསུམ་ནི་པདྨ་དང༌། །ཨུཏྤ་ལ་དང༌།


DTG049_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ག་གེ་སར་གསུམ་གྱི་སྙིང་པོ་ལ་བྱ་སྟ། དེ་རྣམས་ཉྭ་ཤའི་ནང་དུ་བཙོས་ལ། དེ་ཡི་ཁུ་བ་ངེས་པར་བླུད་པར་བྱའོ། །གནམ་སྒྲོ་ནག་པོ་ཟུར་གསུམ་པ། །རྩེ་མོ་ཤིན་ཏུ་རྣོ་བ་ལ། །རི་མོ་སྣ་ཚོགས་ཡོད་གྱུར་པ། །བརྒྱ་དག་ཤིན་ཏུ་གདུས་བྱས་ལ། །བཅུ་དྲུག་ཆ་རུ་ངེས་པར་བསྐོལ། །དེ་ཡིས་ལུས་ལ་བསྐུ་བ་དང༌། །ཁ་རུ་ངེས་པར་བླུད་པར་བྱ། །ཞེས་བྱ་བ་ནི། གནམ་སྒྲོ་ནི་གོང་ཀའི་ས་ལ་བྱ་སྟེ་དེ་ཁ་དོག་ནག་པོ་ཟུར་གསུམ་པ་དང་ལྡན་པའི་རི་མོ་སྣ་ཚོགས་པ་དང་ལྡན་པ། སྐམ་པོར་གྱུར་པ། བརྒྱ་ནི་ཤིན་ཏུ་གདུས་པར་བྱ་སྟེ། དེ་ཡང་ཚད་ཇི་ཙམ་དུ་བསྙམས་པ་ལ། བཅུ་དྲུག་ཆ་རུ་ཞེས་གསུངས་པ་སྟེ། བྲེ་བཅུ་དྲུག་ལ་བྲེ་གང་དུ་བསྐོལ་ཏེ། དེ་ཡིས་ལུས་ལ་བསྐུ་བ་དང༌། ཁ་རུ་ཡང་བླུད་པར་སྦྱར་རོ། །དེ་ཡིས་ཀུན་ཀྱང་སྐྱུག་འགྱུར་ཏེ། །ནད་ནི་ངེས་པར་འབྱུང་བར་འགྱུར། །ཞེས་པ་ནི། དེ་བླུད་པས་ནང་ན་གནས་པའི་ནད་སྐྱུག་པར་འགྱུར་བ་དང༌། འབྱང་བར་འགྱུར་བས་ན་འཚོ་བར་འགྱུར་པར་སྦྱར་རོ། །དྲི་ཞིམ་སྣ་ཚོགས་སྦྱར་བ་ཡིས། །ཆང་དུ་ཞག་བཅུ་ངེས་པར་སྦང༌། །དེ་ནས་སྔོན་པོར་གྱུར་པ་དང༌། །ལན་ཚྭ་ཕུལ་གང་ངེས་པར་གདབ། །དེ་བཏབ་ཞག་བཞི་སྤང་བྱས་ནས། །བཅུ་བཞི་པ་ལ་ལོ་མར་ཉིད།། ཕུལ་དོ་དང་ནི་བསྲེས་བྱས་ལ། །སྦུ་བ་དངས་པར་ཡང་དག་བསྐུལ། །དེ་ཡིས་ལུས་ལ་བསྐུ་བ་དང༌། །སུམ་གཉིས་ནང་དུ་ངེས་པར་བླུད། །ཅེས་བྱ་བ་ལ། དྲི་ཞིམ་པོ་སྣ་ཚོགས་པ་ནི་ག་པུར་ལ་སོགས་པ་བཅུ་བདུན་ནོ། །དེ་རྣམས་སྲང་གསུམ་གསུམ་དུ་སྦྱར་ཏེ། ཆང་གི་ནང་དུ་ཞག་བཅུའི་བར་དུ་སྦངས་ལ། དེ་ནས་ལན་ཚྭ་ཕུལ་གང་བླུགས་ན་ཞག་བཞིའི་བར་དུ་གཞག་པར་བྱའོ། །དེ་ནས་ལོ་མར་ཕུལ་དོ་དང་བསྲེས་ལ། །བསྐོལ་བའི་སྦུ་བ་དངས་པར་སྦྱར་རོ། །དེ་ཡང་དང་པོར་ཆང་ནི་དོར་ཤེས་པར་བྱའོ། །མར་ནི་དེའི་ལུས་སུམ་ཆ་བསྐུ་བར་བྱ་བ་དང༌། ཁར་སུམ་གཉིས་བླུང་པར་བྱའོ། །སྦྱོར་བ་དེ་ལ་རབ་བརྟེན་ན། །གདོན་མི་ཟ་བར་འཚོ་བར་འགྱུར། །ཞེས་གསུངས་ཏེ། དེ་ལྟ་བུའི་སྦྱོར་བ་དེ་ལ་བརྟེན་ནས་ངེས་པར་བྱས་ན་ཤ་བརྩེགས་ཞེས་བྱ་བའི་ནད་གདོན་མི་ཟ་བར་འཚོ་བར་གསུངས་ཏེ། བདག་གིས་ཀྱང་


DTG049_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་འཚོ་བར་མཐོང་བའི་ཕྱིར་ངེས་པར་འགྲུབ་པའོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་བདུན་པའི་བཤད་པའོ།། །།

བརྒྱད་པ། ཚངས་པ་སྲིན་པོའི་གདོན་འདུལ་བའི་ལེའུའི་བཤད་པ།


DTG049_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལག་ནས་རྡོ་རྗེ་ཡིས། །ཞེས་པ་ནས། ཐ་མལ་བ་ཡི་འགྲོ་བ་མིན། །ཞེས་པའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །བྲམ་ཟེའི་སྔགས་དང་མི་བཟད་པ། །ཡང་ན་དྲག་པོའི་སྒྲ་ལྡན་པ། །སྟོན་མོ་བཅུ་བཞི་བྱས་པ་ལས། །ཞག་གསུམ་པར་དུ་དཀར་གསུམ་ཟས། །རྒྱུན་མི་འཆད་པར་སྦྱིན་པར་བྱ། །ཞེས་བྱ་བ་ལ། བྲམ་ཟེ་སྔགས་པ་མི་བཟད་པ་ནི་བུ་མོ་རྒྱལ་རིགས་ཅན་ལ་བྱ་སྟེ། ཅིའི་ཕྱིར་སྔགས་པ་མི་བཟད་ཅེ་ན། བྲམ་ཟེའི་རྒྱུད་དང་སྲོང་མངོན་པར་རྟོགས་པ་ལས་འདི་སྐད་འབྱུང་ངོ༌། །རྒྱལ་རིགས་བུ་མོ་བཅུ་བཞི་མ། །དམར་སེར་མདོག་ཏུ་འདུག་པ་ལ། །འཇིག་རྟེན་འདི་དང་འདས་པ་ཡི། །དངོས་གྲུབ་བདེ་བ་ཐམས་ཅད་གནས། །ཞེས་འབྱུང་བས་ན། རྒྱལ་པོའི་བུ་མོ་ལོ་བཅུ་བཞི་ལོན་པའམ། ཡང་ན་དྲག་པོའི་སྒྲ་དང་ལྡན་པའི་སྐྱེས་པ་ལ་བྱ་སྟེ། དེ་ཡང་ལོ་ནི་བཅུ་བཞི་ལོན་པ་ལ་བྱ་སྟེ། ཞག་གསུམ་གྱི་བར་དུ་ཟས་དཀར་གསུམ་བྱིན་ལ། བདག་གི་འོག་ནས་འབྱུང་བ་རྣམས་སྒྲུབ་པར་འབྲེལ་ཏོ། །རིག་བྱེད་སྔགས་སུ་ལྡན་པ་ཉིད། །དེ་ལ་བསླབ་པར་བྱ་བ་ཡིན། །ཚངས་པའི་སྐུད་པས་སྟོད་དཀྲིས་ལ། །གོས་དག་དཀར་པོ་ཡོངས་སུ་བསྐོན། །ཞེས་པ་ནི། རིག་བྱེད་ཀྱི་སྔགས་འོག་ནས་འབྱུང་བ་དེ་ཁྱེའུ་ལ་བསླབས་ཏེ། ཚངས་པའི་སྐུད་པ་དཀར་པོ་ལ་སྦོས་ཆུས་བཏབ་སྟེ། སེ་རལ་ཁར་བཅིངས་ནས་གོས་དཀར་པོ་བསྐོན་པར་བྱའོ། །སྤྱི་བོར་ཐོར་ཅོག་བཅིང་བྱ་སྟེ། །ལག་པ་གཡས་བཞི་པ་ཉིད་ལ། །དཀྲི་ཞིང་དངོས་པོ་ཡོངས་སུ་བསྡམ། །ཞེས་བྱ་བ་ནི། སྤྱི་བོར་སྐྲའམ་ཡང་ན་རས་ལས་ཐོར་ཅོག་བཅིངས་ཏེ། ལག་པ་གཡས་པའི་སོར་མོ་བཞི་པ་ལ་ཀུ་ཤས་ཡོངས་སུ་བསྡམས་ནས། ཤར་ཕྱོགས་སུ་གཏང་བར་བྱའོ། །ཤར་ཕྱོགས་དག་ཏུ་སོང་བ་ལས། །ཤིང་ཆེན་རྩ་ནས་ཁྲུ་གང་ཉིད། །འོག་ནས་བརྐོས་པའི་ས་བླང་བྱ། །དེ་སྟེང་རས་ཡུག་དཀར་པོ་ཡིས། །ཐོབ་པའི་ཕྱོགས་སུ་མི་ལྟ་ཞིང༌། །ཤར་


DTG049_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཁྲོ་བོའི་སྔགས་བཟླས་བྱ། །ཞེས་བྱ་བ་ལ། ཁྱེའུ་དེ་ཤར་ཕྱོགས་སུ་སོང་བ་ལས། ཤིང་ཆེན་པོའི་རྩ་བ་ནས་ཁྲུ་གང་འོག་ཏུ་བརྐོས་པའི་ས་བླངས་ནས། རས་དཀར་པོའི་ཕ་ཚེའི་ནང་དུ་བླུགས་ཏེ། ཕྱིར་འོངས་པ་ལས་ཕྱི་མིག་མི་ལྟ་བར་ཁམས་གསུམ་རྣམ་པར་རྒྱལ་པའི་སྔགས་འོག་ནས་འབྱུང་བ་བཞིན་བཟླས་པར་བྱའོ། །དེ་ནས་དེ་ཉིད་མཐོང་བ་དང༌། །ཧ་ལ་ཧ་ལའི་སྒྲ་ཡང་བརྗོད། །ཅེས་པ་ནི། དེ་ཉིད་ནི་ཁྱེའུ་སྟེ། ཁྱེའུ་དེ་མཐོང་བ་དང༌། རྣལ་འབྱོར་པས་ཧ་ལ་ཧ་ལ་ཧཱུཾ་ཞེས་བྱ་བའི་སྔགས་བཟླ་བར་བྱའོ། །བ་ཡི་རྣམ་ལྔ་ཉིད་དང་ཡང༌། །ཞེས་པ་ནས། མཐའ་མ་ཡོངས་སུ་འཁོར་བར་བྱ། །ཞེས་པའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །སྟེང་ཡང་ཕུབ་པས་ཡུངས་ཀར་ལ། །སྔགས་བཟླས་པ་ཡིས་ཡོངས་སུ་བསྣུན། །གཏོར་མ་སྟོབས་རྣམས་སྐྱེད་བྱེད་དང༌། །མཆོད་པ་ལྔ་ཡིས་དུས་གཉིས་སུ། །ཡང་དག་པར་ནི་མཆོད་པར་བྱ། །ཞེས་བྱ་བ་ལ། སྟེང་དུ་ཕུབ་པ་ནི་སྐྱེར་པའི་ཕུར་པས་ཕུབ་ལ། འོག་ནས་འབྱུང་བའི་སྔགས་ཀྱིས་ཡུངས་ཀར་ལ་བསྔགས་ལ། ཚངས་པའི་གཟུགས་ལ་བརྡེག་པར་གསུངས་སོ། །གཏོར་མ་ལས་སྣ་ཚོགས་འགྲུབ་པར་བྱེད་པ་དང༌། སྟོབས་སྐྱེད་པར་བྱེད་པ་ཡིན་པས་དེ་དང་མཆོད་པ་རྣམ་པ་ལྔ་ནི་ལྷ་རྣམས་ལ་ཉིན་མཚན་གཉིས་ལ་ཉིན་ལན་ཅིག་མཚན་ལན་ཅིག་དབུལ་པར་བྱ་སྟེ། གཏོར་མ་ནི་སེམས་ཅན་ཐམས་ཅད་ལའོ། །རང་ཉིད་སྔ་མའི་ཚུལ་གནས་ལ། །ཡིད་ཆེས་ཕྲེད་བ་རྣམས་བཟུང་བས། །དྲག་པོའི་རིགས་ལ་རྩ་བའི་སྔགས། །ཚད་དུ་ཕྱིན་པར་ཡོངས་སུ་བཟླས། །ཞེས་བྱ་བ་ལ། རང་ཉིད་སྔ་མའི་ཚུལ་ནི་ལག་ན་རྡོ་རྗེ་ཉིད་ཀྱི་ཚུལ་དུ་གནས་པར་བྱས་ལ། ཡིད་ཆེས་ནི་མི་ལ་བྱ་སྟེ། མི་རུས་ཀྱི་ཕྲེང་བ་དྲག་པོའི་རིགས་སོར་མོ་ལྔ་པ་ལས་ཡོངས་སུ་བཟུང་ནས་རྩ་བའི་སྔགས་རྣམས་ཚད་འབུམ་དུ་ཕྱིན་པར་བཟླས་པར་འབྲེལ་ཏོ། །དེ་མཐར་སྙིང་པོ་མ་ལུས་པར། །བརྒྱ་རྩ་བརྒྱད་དག་བཟླས་པར་བྱ། །དེ་ཡི་མཐའ་རུ་བཟླས་བྱ་བ། །དེ་ཡི་སྲོག་སྙིང་ངེས་པར་བཟླས། །ཞེས་པ་ལ། རྩ་བའི་སྔགས་ཐིམ་ནས་ལྷ་ཐམས་ཅད་ཀྱི་སྙིང་པོ་རེ་རེ་ལ་བརྒྱ་རྩ་བརྒྱད་དུ་བཟླས་པར་འབྲེལ་ཏོ། །


DTG049_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མཐར་ཚངས་པ་སྲིན་པོའི་སྲོག་སྙིང་བཟླས་པར་བྱའོ། །སྐྱེར་པའི་ཚེར་མར་རབ་སྦངས་ལ། །དཀྱིལ་འཁོར་མཐའ་རུ་གནས་པར་བྱ། །དེ་ནས་འགུགས་པའི་སྔགས་བཟླས་པ། །ཚད་དུ་ངེས་པར་ཐེམ་བྱས་ལ། །ཞེས་བྱ་བ་ལ། སྐྱེར་པའི་ཚེར་མ་བམ་པོར་སྦངས་ལ་མིའི་སྐྲས་ཡོངས་སུ་བཅིངས་ལ་དཀྱིལ་འཁོར་གྱི་རྩར་གཞག་པའོ། །དེ་ནས་ཚངས་པ་འགུགས་པའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པའོ། །དེ་ཉིད་འོངས་པར་མ་གྱུར་ན། །ཞེས་པ་ནས། བདག་ཉིད་སྙིང་ལས་ཆུང་དུ་ཡིན། །ཞས་བྱ་བའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །འོན་ཏེ་འགྲོ་བར་མི་འགྱུར་ན། །བདག་གི་སྦྱོར་བ་འདི་བརྩམ་བྱ། །ཞེས་བྱ་བ་ནི་འདི་ལྟར་ཤེས་པར་བྱའོ། །འོངས་པར་གྱུར་ན་གོང་མའི་སྔགས་དང་ཕྱག་རྒྱས་དགུག་པ་དང༌། བཀུག་ནས་རིམ་པའི་སྦྱོར་བས་མདུན་དུ་གནས་པར་བྱ་བ་དང༌། འོངས་པའི་རྟགས་བརྟན་པ་དང༌། དང་ལ་ཞི་པའི་ཚིག་གིས་གདགས་པར་བྱས་ལ། གལ་ཏེ་སོང་ན་རྣལ་འབྱོར་པས་སྙིང་ལས་ཆུང་དུས་གནས་པར་བྱའོ། །གལ་ཏེ་འགྲོ་བར་མི་འགྱུར་ན། འོག་ནས་འབྱུང་བའི་སྦྱོར་བར་བརྩམ་པར་གསུངས་པ་ནི་འདི་ལྟར་རོ། །སྐུད་པ་སྣ་ལྔར་ལྡན་པ་ལ། །ཁྲོ་བོའི་སྔགས་ཀྱིས་རབ་བསྔགས་ཏེ། །ཞགས་མིག་དམ་པོས་ནད་པ་བཅིངས། །ལྕགས་ཀྱུས་སྙིང་ནས་དྲངས་བྱས་ནས། །གཡོན་དུ་རྡོ་རྗེ་གཟུང་བྱས་ནས། །གཡས་པས་ཡིད་ཆེན་ཕྲེང་བ་ལ། །ལུས་ངག་ཡིད་གསུམ་རབ་དྲག་པ། །སྔགས་སོགས་ཡོངས་སུ་བཟླས་པར་བྱ། །ཞེས་བྱ་བ་ལ། ཚོན་སྐུད་སྣ་ལྔ་ལ་རྣམ་པར་རྒྱལ་བའི་སྔགས་ཀྱིས་བསྔགས་ལ། སྲད་བུ་དེ་ཡིས་ནད་པ་དེའི་སྐེ་ལ་ཞགས་མིག་གིས་བསྡམས་ཏེ། ལྕགས་ཀྱུ་དང༌། རྡོ་རྗེ་དང༌། ཞགས་པ་གསུམ་ལག་པ་གཡོན་པས་བཟུང་ལ། གཡས་པས་མི་རུས་ཀྱི་ཕྲེང་བས་དྲག་པོའི་རིགས་ལ་བཟུང་བས་སྔགས་འོག་མ་རྣམས་བཟླས་པར་བྱའོ། །ཕྱག་རྒྱ་ལྔ་ཡིས་བསྡམས་བྱས་ལ། །དེ་ཉིད་ལ་ནི་ཡོངས་སུ་དབབ། །ཅེས་པ་ནི། ཞགས་པ་ལ་སོགས་པ་ལྔས་ཡང་དག་བར་བཅིངས་ལ། དེ་ཉིད་གཟུགས་ལ་ཡང་དག་པར་དབབ་པའོ། །


DTG049_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྐྱེར་པའི་བམ་པོ་ལ། །ཞེས་པ་ནས། གསང་བའི་དོན་དུ་ཁ་དགབ་བྱ། །ཞེས་པའི་བར་དུ་ནི་གོ་སླའོ། །དང་པོ་ནས་སྔགས་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ལས་ཞེས་པར་བྱའོ། །ཨོཾ་བྷུ་ར་ཊ་ཞེས་པ་ནས་ཕཊ་གསུམ་པོའི་བར་དུ་ནི་སྔགས་སུ་རིག་པར་བྱའོ། །དེ་བསྲེགས་བདག་གི་ལུས་ངག་ནི། །ཚིག་པས་དེ་ལ་འགྱོད་པའི་ངག །བདག་གིས་ངེས་པར་བརྗོད་པར་བྱ། །དེ་ཡིས་དེ་ལ་ལུས་ལ་སོགས། །གདོན་དང་བྲལ་བས་ཞི་བར་འགྱུར། །ཞེས་པ་ལ། ཚངས་པ་དེ་བསྲེག་པས་ལུས་ངག་རྣམས་ཚིག་པས། །དེ་ལ་ནི་ཚངས་པ་ལ་སྟེ། འགྱོད་པའི་ཚིག་གིས་རང་ལ་གནོད་པ་རྣམས། །བྱས་པས་རང་ཉིད་སྡུག་བསྔལ་མྱོང༌། །དེ་མྱོང་དགའ་བར་ཚོར་རམ་འདི། །ཞེས་བྱ་བ་ལ་སོགས་པའི་ཚིག་བརྗོད་པར་བྱའོ། །གོང་མའི་སྦྱོར་བས་ནད་པ་དེའི་སྡུག་བསྔལ་དང་བྲལ་ནས་ཞི་བར་སྦྱར་རོ། །དེ་ནས་ཐལ་བས་ནད་པ་ལ། །ལུས་ལ་བསྐུས་ནས་སྲུང་པ་ཡི། །འཁོར་ལོ་འདི་ལྟར་གདགས་པར་བྱ། །ཞེས་བྱ་བ་ལ། ཚངས་པའི་གཟུགས་བསྲེགས་པའི་ཐལ་བས་ལུས་ལ་བསྐུས་ན་གདོན་རྣམས་འཇིགས་པས་ཕྱིས་མི་འཇུག་པར་འགྱུར་རོ། །དཔེར་ན་བྱ་རོག་བསད་པའི་རོ་ཤིང་བ་ཀ་ཏི་བསྲུང་བའི་ཁར་བ་ཞག་པས། བྱ་རོག་གཞན་མ་རྣམས་བས་དེ་འོད་བའི་བསམ་པས་སྐྲག་སྟེ། ཤིང་དེ་ལེགས་པར་བསྲུང་པའོ། །དེ་བཞིན་དུ་བགེགས་རྣམས་ཐལ་བ་ལ་སྔགས་དང་བླ་མའི་མན་ངག་གིས་བཏབ་པས་སྐྲོད་པ་སྟེ། ཕྱིས་མི་འཇུག་པར་འབྲེལ་ཏོ། །སྲུང་བའི་འཁོར་ལོ་ནི་འོག་ནས་འབྱུང་བ་སྟེ་གོ་སླའོ། །ཁམས་གསུམ་རྣམ་པར་རྒྱལ་འབར་བའི། །ཞེས་པ་ནས། ཕྱག་རྒྱ་བཅས་པས་སྔགས་པ་ཡིན། །ཞེས་པའི་བར་དུ་ནི་ཕྱི་ནས་སྔགས་པ་ལ་ལུས་ལ་གཟི་བྱིན་བསྐྱེད་པར་བྱ་བའི་དོན་ཏོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བླ་མ་རྡོ་རྗེ་འཛིན་པ་ལ། །གུས་པ་ཡིས་ནི་སངས་རྒྱས་བདེ། །ཞེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། བླ་མ་རྣམ་པ་གསུམ་ལ་མཆོད་པ་དང༌། ཕྱག་བཙལ་བ་ལ་སོགས་པ་གུས་པར་བྱས་པས་འབྲས་བུ་སངས་རྒྱས་པས་བདེ་བའི་འབྲས་བུ་ཐོབ་པར་གྱུར་པ་ཁོ་


DTG049_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ནའོ། །མཆོད་པ་རབ་ཏུ་རྒྱས་པ་ཡིས། །སྔོན་དུ་བསྙེན་པ་ཡོངས་སུ་བསྒྲུབ། །ཅེས་བྱ་བ་ནི། སྤྱིར་ཁྱབ་པར་གནས་པ་དང་རྣམ་པར་རྒྱལ་བའི་བསྒྲུབ་པ་དང༌། གོང་དུ་བསྙེན་པ་ཡོངས་སུ་སྒྲུབ་པར་འབྲེལ་ཏོ། །ཁམས་གསུམ་རྣམ་པར་རྒྱལ་ཞེས་བྱ། །ཞེས་པ་ནས། སྟག་གི་པགས་པས་སྨད་དཀྲིས་བྱ། །ཞེས་པའི་བར་དུ་ནི་གོ་སླའོ། །དོན་དང་ལྡན་པའི་སྙིང་པོ་བསམ། །ཁྲག་གིས་དོན་ཡང་བསྐུས་བྱས་ལ། །ནག་པོར་གཏོགས་པའི་འཕྲོ་བ་བརྒྱད། །ཡོལ་བའི་མིང་ལ་ཞུགས་བྱས་ལ། །སྐར་མ་དག་ལ་ངེས་པར་བསྒོམ། །ཞེས་བྱ་བ་ལ། དོན་དང་ལྡན་པའི་སྙིང་པོ་ནི། །བླ་མའི་མན་ངག་ལས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ས་བོན་གྱི་གཞི་ངེས་པར་བསྐྱེད་པར་བྱའོ། །ཁྲག་ནི་མིའི་ཁྲག་གིས་ལུས་བསྐུས་ནས་ནག་པོར་གཏོགས་ནག་པོར་གཏོགས་པ་སྟ། དེའི་ཚེས་བརྒྱད་ལ་མིག་དམར་གྱི་སྐར་མ་ལ་རྣལ་འབྱོར་པས་ཞུགས་ལ་སྐུར་མ་ལ་ཡོངས་སུ་བསྒོམ་པར་བྱའོ། །ཆང་འདུ་བ་ལ་གནས་བྱས་ལ། །ཤེས་རབ་ཟུང་དུ་འབྲེལ་བ་ཡིས། །སྐར་མ་ཉིད་ལ་མཉམ་སྦྱར་ལ། །བརྒྱད་པ་ཡི་ནི་སྔགས་བཟླས་བྱ། །ཞེས་བྱ་བ་ལ། ཆང་འཚོང་མའི་ཁང་པར་གནས་བྱས་ལ། བུ་མོ་གཞོན་ནུ་མ་ལོ་སུམ་ཅུ་ལས་མི་རྒན་པ་གཉིས་ལ་ཆོགས་ཡོངས་སུ་བཟུང་ལ། གཡས་དང་གཡོན་དུ་བསྙེན་པས་སྐར་མ་མཉམ་པར་སྦྱར་ཏེ། ཐབས་དང་ཤེས་རབ་ཀྱི་འཁོར་ལོ་བརྒྱུད་པས་སྔགས་བཟླས་པར་གསུངས་སོ། །ཞག་གྲངས་བརྒྱ་རྩ་བརྒྱད་པ་ཡིས། །ཞེས་པ་ནས། སྙིང་དུ་སྡུག་པར་ངེས་པ་ཡིན། །ཞེས་བྱ་བའི་བར་དུ་གོ་སླའོ། །མཁའ་འགྲོ་མ་སོགས་ཕྲ་མེན་མས། །བདག་ལ་ལུས་ནི་ངེས་པར་སྟོན། །ཞེས་བྱ་བ་ནི། མཁའ་འགྲོ་མ་དང་ཕྲ་མེན་མ་ལ་སོགས་པས་སྣ་ཚོགས་པའི་གཟུགས་སྟོན་པ་ན་རྣལ་འབྱོར་གྲུབ་པ་ཡིན་པས་ན་བདག་གིས་འཇིགས་པ་བསྐྱེད་པར་མི་བྱའོ། །དེའི་དགོངས་པ་ཇི་ལྟ་བུར་འགྲུབ་ཅེ་ན། སྡུག་བསྔལ་རྟག་ཏུ་མི་འབྱུང་ཞིང༌། །ལྷ་མིན་ལ་སོགས་གདུག་པ་ཡིས། །མེ་ཡི་ཕུང་པོར་མཐོང་བ་ཡིན། །ཞེས་པ་ནི། ཚེ་འདི་དང་པ་རོལ་དུ་སྡུག་བསྔལ་མི་འབྱུང་བ་དང༌། ལྷ་མ་ཡིན་


DTG049_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་གདུག་པ་ཐམས་ཅད་ཀྱིས་མེའི་ཕུང་པོར་མཐོང་བའོ། །བདག་ལ་སྡིག་པ་དམར་པོས་འཇུས། །དེ་ལས་འཇིགས་པ་བསྐྱེད་མི་བྱ། །བདག་ལ་གདུག་པ་སྣ་ཚོགས་པས། །གནོད་པ་སྣ་ཚོགས་བྱེད་པ་ན། །དེ་ལ་འཇིགས་པ་མི་བསྐྱེད་ཅིང༌། །སེམས་དགའ་བ་ཡིས་ཡོངས་སུ་མཆོད། །ཅེས་བྱ་བ་ལ། སྡིག་པ་དམར་པོ་འཇིགས་པའི་གཟུགས་བདག་ལ་སྙིང་གར་འཇུས་པ་ན་སྐྲག་པར་མི་བྱེད་པ་དང༌། བདག་ལ་གདུག་པ་སྣ་ཚོགས་པ་གནོད་པའི་ལས་བྱེད་ན། དེ་ལ་བག་ཚའི་སེམས་མི་བསྐྱེད་མཆོད་པས་དགའ་བར་བྱ་བར་སྦྱར་རོ། །དེ་ནི་དངོས་གྲུབ་ཡིན་པས་ན་དགའ་བའི་སེམས་བསྐྱེད་པའོ། །དེ་ལ་སྤྱོད་པའི་སྔགས་ནི་འདི་ལ་རིག་པར་བྱའོ། །ཨོཾ་ཀ་པ་ལ་ཞེས་པ་ནས། ས་མ་ཡ་ཞེས་པའི་བར་དུ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དངོས་གྲུབ་བསྒྲུབ་པའི་སྔགས་སུ་ཤེས་པར་བྱའོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།

དགུ་པ། གཤིན་རྗེ་བྲང་དམར་གྱི་གདོན་འདུལ་བའི་ལེའུའི་བཤད་པ།


DTG049_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་གོས་སྔོན་གྱིས། །ཞེས་པ་ནས། ཐབས་འདི་ཡང་དག་སྦྱར་བར་བྱ། །ཞེས་བྱ་བའི་བར་དུ་ནི་གོ་སླའོ། །རང་གི་སྦྱོར་བས་གཟུང་བྱས་ནས། །དྲག་པོའི་སྒྲ་ལྡན་ཉི་ཤུ་པ། །ཤིན་ཏུ་དཔའ་ཞིང་དད་ལྡན་པ། །སྟོབས་ལྡན་གཏུམ་པའི་བདག་ཉིད་ཅན། །ཞག་དྲུག་བར་དུ་བསྙེན་བྱ་བ། །ཞེས་པ་ནི་རང་གི་སྦྱོར་བས་གཟུང་བ་ནི་འོག་ནས་འབྱུང་བ་སྟེ། དེ་ཡིས་ཡོངས་སུ་གཟུང་བར་འབྲེལ་ཏོ། །དྲག་པོའི་སྒྲ་དང་ལྡན་པ་ནི་སྐྱེས་པ་ལ་བྱ་སྟེ། སྐྱེས་པ་ལོ་ཉི་ཤུ་ལོན་པ་ཤིན་ཏུ་དཔའ་བ་དང་ལྡན་པ་སྟོབས་ཆེ་བ། གཏུམ་བག་ཅན་ལ་བདག་རྣལ་འབྱོར་པས་ཞག་དྲུག་གི་བར་དུ་བསྙེན་པར་སྦྱར་རོ། །ཤ་ལྔ་ལ་སོགས་ཆང་བྱིན་ལ། །དེ་ལའང་སྔགས་ཀྱིས་ངེས་བཏབ་ནས། །ཤ་གོས་ཁྲ་པོས་ཡོངས་སུ་བསྐོན། །ཞེས་བྱ་བ་ལ། མི་ལ་སོགས་པའི་ཤ་ལྔ་དང༌། །ཆང་ལ་སྔགས་འོག་མ་བཏབ་ལ་སྦྱིན་པའོ། །ཤ་གོས་ནི་སྨད་གཡོགས་ལ་བྱ་སྟེ། དེ་ཁྲ་བོར་བསྐོན་པར་འབྲེལ་ཏོ། །མེ་ཏོག་ཕྲེང་བས་བརྒྱན་བྱས་ལ། །སྔགས་འདི་དག་གིས་འབུམ་དུ་བཟླས། །དེ་ནས་དེ་ཡི་གཡས་ཉིད་དུ། །ཞགས་པ་ངེས་པར་བསྐུར་བྱས་ལ། །ག་ས་ག་སའི་སྙིང་པོ་བརྗོད། །གཡོན་དུ་


DTG049_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ལྡུགས་བྱེད་པ། །ཡིད་ཆེན་ལས་ནི་རབ་ཏུ་བརྩམས། །ཞེས་པ་ནི་གོ་སླའོ། །ནག་པོར་གཏོགས་པའི་གསུམ་པ་ལ། །སྐར་མ་ཉིད་ལ་རབ་བསྐུལ་ཏེ། །མཉམ་པ་ཡིས་ནི་བླང་བར་བྱ། །ཞེས་བྱ་བ་ལ། །ནག་པོར་གཏོགས་པའི་ཚེས་གསུམ་གྱི་མཚན་མོ་གཏང་བར་བྱ་བའོ། །དེ་ནས་དེ་ཡིས་མཉམ་པ་ཡིས་ནི་དུར་ཁྲོད་ཀྱིས་ལས་བྱ་སྟེ་དེ་ཡིས་བླང་བར་བྱའོ། །ཅིའི་ཕྱིར་མཉམ་ལ་ཞེས་བྱ་ཞེ་ན། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་ཡིན་པས་ན་མཉམ་པའོ། །དེ་ཐོབ་སྔགས་པ་བློ་ལྡན་པས། །ཞེས་པ་ནས། འབུམ་དུ་ཚང་བར་བཟླས་པར་བྱ། །ཞེས་པའི་བར་དུ་གོ་སླ་བས་འདིར་མ་བཤད་དོ། །བདག་ཉིད་སྔ་མའི་དབྱིབས་གནས་ཏེ། འབོར་གཉིས་རུས་པའི་ཕྲེང་བ་ལ། །དྲག་པོའི་རིགས་ལ་གཟུང་བྱ་སྟེ། །རྩ་བའི་སྔགས་དང་མགོན་པོ་སོགས། །ཐིམ་པར་བཟླས་ཞེས་བྱ་བ་ལ། བདག་ཉིད་ལག་ན་རྡོ་རྗེ་སྔ་མའི་གཟུགས་སུ་གནས་པར་བྱས་ལ། འབོར་གཉིས་ཞེས་བྱ་བ་ནི་རྔ་མོ་ལ་བྱ་སྟེ། །འབོར་གཉིས་དང་ལྡན་པའི་ཕྱིར་རོ། །དེའི་རུས་པ་ལས་བྱས་པའི་ཕྲེང་བ་བཟུང་སྟེ། དྲག་པོའི་རིགས་ལ་རྩ་བའི་སྔགས་དང༌། །མགོན་པོ་ནག་པོའི་སྔགས་རྣམས་གྲངས་སུ་ཐིམ་པར་བཟླས་པར་སྦྱར་རོ། །མཆོད་པ་རྣམ་པ་ལྔ་དག་དང༌། །ཞེས་པ་ནས། དེ་སྟེང་དར་གྱིས་ངེས་པར་གདིང༌། །ཞེས་པའི་བར་དུ་ནི་གོ་སླའོ། །དེ་ལྟར་ཞག་གྲངས་སུམ་ཅུའི་བར། །ཡོངས་སུ་བསྙེན་པར་བྱ་པ་ལས། །ནད་པའི་གོས་ལ་སོགས་བ་དང༌། །ཁ་འཕྲོ་ལ་སོགས་བདག་གི་རྣམས། །སྣོད་དུ་ཐམས་ཅད་བ་སོགས་བྱ་སྟེ། །སྔགས་ཆེན་གྱིས་ནི་ཡང་དག་བསྔགས། །ཞེས་བྱ་བ་ནི། ཟླ་བ་ནི་ཟླ་བ་གཅིག་ཏུ་གོང་དུ་བསྟན་པ་ལྟར་བསྙེན་པས་ནད་པའི་ཁ་འཕྲོ་དང༌། གོས་ཀྱི་སྣལ་མ་དང་དྲི་མ་ལ་སོགས་པ་རྣམས་ཟངས་ཀྱི་སྣོད་དུ་བ་སོགས་ལ། སྔགས་ཆེན་པོ་ནི་གཙོ་བོའི་སྔགས་ཀྱིས་ཡང་དག་པར་བསྔགས་ལ། གཏོར་མ་གཏང་བར་འབྲེལ་ཏོ། །དེ་ལྟར་བསྙེན་པ་རྫོགས་པ་དང༌། །ནད་པ་ཡོངས་སུ་བཀུག་བྱས་ལ། །ཐལ་མོ་ཡོངས་སུ་སྦྱར་བྱས་ཏེ། །སེམས་བསྐྱེད་པ་དང་སྐྱབས་འགྲོ་བྱ། །ཞེས་བྱ་བ་ལ། །བསྙེན་པ་


DTG049_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ནས་ནད་པ་བཀུག་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། །གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སྔོམ་པ་ནོད་པ་ལ་སོགས་པ་བྱས་ལ་གསོ་བར་བྱ་བར་འབྲེལ་ཏོ། །རྡོ་རྗེ་འབར་བའི་ལྕགས་ཀྱུ་ཡིས། །དེ་ཡི་སྙིང་ལས་དྲངས་བྱས་ལ། །ཧཱུཾ་ཛ་ཕཊ་ཀྱི་སྒྲ་ཡང་བསྒྲགས། །ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་དང༌། །ཁྲོ་བོའི་གཟུགས་དང་དྲག་པོའི་སྒྲས། །གཡས་པར་ཕྲེང་བ་ཐོགས་བྱས་ལ། །གཡོན་པས་རལ་གྲི་འབར་བ་གཟུང༌། །ནག་པོ་ཆེན་པོ་རབ་རྦད་ལ། །དེ་ཡི་ཕུང་པོ་འཇོམས་པར་བསམ། །ཞེས་བྱ་བ་ལ། ལག་པ་གཡོན་པས་ལྕགས་ཀྱུ་དང༌། །རལ་གྲི་བཟུང་ནས་གཡས་པ་ཕྲེང་བ་བཟུང་སྟེ། ཞེ་སྡང་ཆེན་པོར་བསྐྱེད་ལ་བཞིན་བཟློག་ནས། དང་པོར་ཛ་ཞེས་པའི་ངག་དྲག་པོར་བཏོན་ཏེ། །ནག་པོ་ཆེན་པོ་རྡབ་ལ་གཤིན་རྗེ་འཇོམས་པར་བསམ་པའོ། །དེ་ནས་སྔགས་པ་ཟློ་ལྡན་པས། །ཞེས་པ་ནས། །ཕྱི་ནས་བགེགས་མི་འཇུག་པ་ཡིན། །ཞེས་པའི་བར་ནི་གོ་སླའོ། །དེ་ལ་གོང་དུ་སྔགས་སྨོས་པ་ཐམས་ཅད་ནི་རིམ་པ་ཇི་ལྟ་བས་འདི་ལས་ཤེས་པར་བྱའོ། །ཨོཾ་ཕཊ་ཕཊ་ཅེས་པ་ནས། རཀྵ་རཀྵ་སྭཱ་ཧཱ་ཞེས་པའི་བར་ལ་སྔགས་རྣམས་རིག་པར་བྱའོ། །དེ་ལྟར་གནོད་པ་ངེས་བསལ་ནས། །རྣལ་འབྱོར་པ་ལ་གནོད་བྱེད་པའི། །དངོས་པོ་གང་དག་གསད་བྱའི་ཕྱིར། །ནག་པོ་ཆེན་པོ་དེ་བསྒྲུབ་བྱ། །ཞེས་བྱ་བ་ལ། ཕན་པ་དང་གནོད་པ་རྣམ་པ་གཉིས་ཀྱིས་གནོད་པར་བྱེད་པ་རྣམ་པ་གཉིས་བསལ་ཏེ། གོང་དུ་བསྟན་པ་དེ་ལྟར་བྱས་པས་སེམས་ཅན་ནད་པ་ལ་གནོད་པའི་བགེགས་བསལ་བར་སྦྱར་རོ། །འདི་ནས་མར་ལ་རྣལ་འབྱོར་པ་ལ་གནོད་པར་བྱེད་པའི་གང་ཟག་བསྟན་ཏེ། འདི་ལྟར་གོ་བར་བྱའོ། །རྣལ་འབྱོར་པ་ལ་གནོད་པར་བྱེད་པའི་དགྲ་གསད་པར་བྱ་བའི་ཕྱིར་ནག་པོ་ཆེན་པོ་བསྒྲུབ་པར་བྱ་བར་འབྲེལ་ཏོ། །སྙིང་རྗེ་ཆེན་པོས་སྦྱོར་བ་བརྩམ། །ཤིན་ཏུ་བརྟགས་ལ་མངོན་པར་བསྒྲུབ། །ཕྲ་མོ་ཙམ་ལ་བྱ་བ་མིན། །བསྟན་པ་ཡོངས་སུ་འཇིག་ལ་སོགས། །ཞེས་བྱ་བ་ལ། སྙིང་རྗེ་ཆེན་པོ་ནི་མི་དེས་གཞན་བསྟེན་ནས་སྡིག་པའི་ལས་མང་པོར་བསྔགས་པས་དེ་ཡུན་རིང་དུ་གནས་ན་དེ་ཉིད་ལ་གནོད་པས། །བདག་


DTG049_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྙིང་རྗེ་རབ་བལྟས་པས། །དེ་གསད་པའི་སྦྱོར་བ་བརྩམ་པར་བྱའོ། །ཤིན་ཏུ་བརྟགས་པ་ནི་དེ་ལྟ་བུའི་མི་བརྟག་པར་བྱའོ། །ཕྲ་མོ་ཙམ་ལ་བྱ་བ་མིན་པ་ནི་རང་གི་ཆེད་དམ་རྫས་ཕྲ་མོ་ཙམ་ལ་བྱ་བ་མིན་པའོ། །ཇི་ལྟ་བུ་ལ་བྱ་ཞེ་ན། བསྟན་པ་དངོས་སུ་འཇིག་པ་ལ་བྱ་བར་གསུངས་སོ། །དེ་ཡང་གནས་ཇི་ལྟ་ཇི་ལྟ་བུར་བྱ་སྙམ་པ་ལས། དངོས་པོར་གཙུག་ལག་ཁང་ཆེན་ནམ། །མཆོད་རྟེན་ཁང་སྟོང་ཆེན་པོའམ། །རབ་ཏུ་སྔགས་པས་དུར་ཁྲོད་མཆོག །བདག་གིས་ནག་པོ་ཆེན་པོ་ཡི། །གཟུགས་བརྙན་ལེགས་པར་བྲིས་པ་ལས། །ཞེས་བྱ་བ་ལ། གཙུག་ལག་ཁང་ཆེན་པོ་དང༌། མཆོད་རྟེན་དང༌། ཁང་པ་སྟོད་པ་དང༌། དུར་ཁྲོད་རྣམས་སུ་མཆོག་ཡིན་པར་གསུངས་པས་དེ་རུ་བདག་གིས་ནག་པོ་ཆེན་པོའི་གཟུགས་བརྙན་གོང་ནས་འབྱུང་བ་བཞིན་དུ་བྲིས་ལ་བྱ་བར་འབྲེལ་ཏོ། །མཆོད་པ་སྣ་ཚོགས་འབྱོར་བ་དང༌། །རབ་གསལ་ལྔ་ཡི་དུད་པ་དང༌། །མི་འཆི་ལྔ་ཡི་དུད་པ་ཡིས། །ཞག་བདུན་བར་དུ་བདུན་པར་བྱ། །ཞེས་བྱ་བ་ལ། །མཆོག་པ་སྣ་ཚོགས་པ་ནི་ཅི་འབྱོར་པའི་མེ་ཏོག་ལ་སོགས་པ་སྟེ། དེས་མཆོད་པར་གསུངས་སོ། །རབ་གསལ་ལྔ་ནི་མི་ལ་སོགས་པའི་ཤ་ལྔའོ། །མི་འཆི་ལྔ་ནི་སྟོབས་མཆོག་པ་ལ་སོགས་པ་སྟེ། །དེ་རྣམས་ཀྱི་དུད་པས་ཞག་བདུན་གྱི་བར་དུ་དེའི་གཟུགས་བརྙན་བདུག་པར་བྱའོ། །དང་པོར་གཞི་མའི་དངོས་པོ་དང༌། ཡིད་ཆེན་པགས་པ་ངེས་པ་ལས། །དེ་ལས་བྱུང་བ་གང་ཡིན་པ། །ཡང་དག་པར་ནི་བྲི་པར་བྱ། །ཞེས་བྱ་བ་ལ། །གཟུགས་བརྙན་བྲི་པའི་གཞི་ནི་ཡིད་ཤས་ཆེ་པའི་ཕགས་པ་བྱ་བ་དང༌། དེ་བྲི་པའི་ཚོན་རྩི་ནི། །དེ་རང་ལས་བྱུང་པའི་ཁུ་བ་དང་སྣག་ཚ་བསྲེག་ལ་བྲི་པར་བྱའོ། །དེ་ནས་གནས་གང་ཡིན་པ་རུ། །སྐར་མ་དག་ལ་ཡོངས་མཆོད་པ། །རབ་གསལ་ལྔ་དང་མི་འཆི་ལྔ། །གཞན་ཡང་རབ་གསལ་སྣ་ཚོགས་པ། ཡང་དག་པ་རུ་མཆོད་པར་བྱ། །ཞེས་པ་ནི། གནས་གཙུག་ལག་ཁང་ལ་སོགས་པ་རུ་མི་ལ་སོགས་པའི་རབ་གསལ་ལྔ་དང༌། སྟོབས་མཆོག་ལྔ་ལ་སོགས་པའི་མི་


DTG049_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་ལྔ་དང༌། གཞན་ཡང་རབ་གསལ་སྣ་ཚོགས་པས་སྐར་མ་ལ་མཆོད་པར་འབྲེལ་ཏོ། །དཔའ་བོ་སྣ་ཚོགས་འབྱོར་པ་དང༌། །མཆོད་པ་སྣ་ཚོགས་ཅི་འབྱོར་པས། །ཟླ་གསུམ་བར་དུ་མཆོད་བྱ་ཞིང༌། །རང་ཉིད་ཆ་ལུགས་བསྒྱུར་བ་ཡི། །ལུས་ལ་ཁྲག་གིས་རྣམ་པར་བསྐུ། །ཞེས་བྱ་བ་ལ། དཔའ་བོ་ནི་དཔའ་བར་བྱེད་པའི་རྒྱུ་ལ་དཔའ་བོ་ཞེས་ཟེར་ཏེ། དེ་བས་ན་སྣ་ཚོགས་པས་མཆོད་པ་དང༌། གཞན་ཡང་མཆོད་པ་སྣ་ཚོགས་པས་ཟླ་བ་གསུམ་གྱི་བར་དུ་བདག་ཆ་ལུགས་ནག་པོར་བསྒྱུར་ལ། ལུས་ལ་ཁྲག་གིས་བསྐུས་ནས་མཆོད་པར་སྦྱར་རོ། །རླག་བྱེད་དངོས་པོ་གང་ཡིན་པ། །འབར་བའི་དཀྱིལ་འཁོར་ཕྱོགས་ཀུན་དུ། །སྟོད་ཀྱི་ཚོགས་གཉིས་བཀུག་པ་ཡིན། །ཡོངས་སུ་བྲི་བར་བྱ་བ་ཡིན། །དེ་ཡི་ནང་དུ་དངོས་པོ་གང༌། །ཡང་དག་པར་ནི་བླུགས་བྱས་ལ། །ཞེས་བྱ་བ་ལ། སྟོད་ཀྱི་ཚིགས་གཉིས་ནི་གྲུ་མོ་གཉིས་བཀུག་པར་འབར་བའི་དཀྱིལ་འཁོར་ཟུར་གསུམ་པ་བྲི་བར་བྱས་ལ། དེའི་ནང་དུ་ཕྱོགས་ཀུན་ཁྱབ་པར་རླག་པར་བྱེད་པ་དང༌། འདར་ཤ་དང༌། མགོ་ཆོ་བ་དང་གསུམ་བསྲེག་པས་བླུགས་པར་བྱ་བར་འབྲེལ་ཏོ། །གང་ལ་དམིགས་པར་བྱ་བ་ཡིས། །དངོས་པོ་ཡང་དག་དེར་བསམ་བྱ། །སྔགས་དང་ཕྱག་རྒྱ་སྦྱོར་ཤེས་པས། །གསལ་བར་དམིགས་ཏེ་དབུལ་བྱར་བྱ། །ཞེས་བྱ་བ་ལ། །གང་ལ་དམིགས་པར་བྱ་བ་ནི་གནོད་པར་བྱ་པ་སྟེ། དེའི་དངོས་པོ་དེ་རུ་བསམས་ལ། སྔགས་འོག་མ་དང་ཕྱག་རྒྱ་བཅས་ལ་ནག་པོ་ཆེན་པོ་ལ་དབུལ་བར་བྱ་བར་འབྲེལ་ཏོ། །གཏོར་མ་ཉིད་ལ་སྣ་ཚོགས་པའོ། །དངོས་པོ་ཡོངས་སུ་བླུགས་བྱས་ལ། །མཚན་མོ་ཕྱེད་བས་ཡོངས་སུ་གཏང༌། །ཞེས་བྱ་བ་ནི་གོ་སླའོ། །དེ་ཡི་ཐུགས་ཀ་ཉིད་ནས་ནི། །ཐུགས་ཡིག་བསྡུ་བ་ཡོངས་སུ་བསམ། །འདི་ཡི་སྟོད་ཀྱི་ཆ་གང་ལ། །མི་འགྱུར་གནས་པ་རབ་ཏུ་བསྒོམ། །ཞེས་བྱ་བ་ལ། དེ་ཞེས་པ་ནི་ནག་པོ་ཆེན་པོ་སྟེ། །དེའི་ཐུགས་ཀ་ནས་ཐུགས་ཀྱི་ཡི་གེ་སྡུད་པའི་དངོས་པོ་བསམ་པ་དང༌། འདི་ཞེས་བྱ་བའི་རྣལ་འབྱོར་པའི་རོ་སྟོད་སྙིང་ག་ལ་མི་འགྱུར་པ་གནས་པའི་ཡི་གེ་བསྒོམ་པར་བྱའོ། །འདི་


DTG049_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་དགོས་པ་ནི་ཁ་དོག་ཇི་ལྟ་བུ་སྙམ་པ་ལ། དེ་གཉིས་དཀར་དང་ནག་པ་སྟེ། །འདི་ལས་འབྲེལ་པར་གྱུར་པ་ཡིས། །དང་པོ་ནག་པོ་དེ་ཉིད་ལས། །དངོས་པོ་དཀར་པོ་གང་ཡིན་པ། །སྟོབས་སྐྱེད་གསལ་བར་གནས་པར་བྱ། །ཞེས་གསུངས་ཏེ། དེ་ཡང་ཇི་ལྟ་བུ་སྙམ་པ་ལ་འདི་ལྟར་ཤེས་པར་བྱའོ། །སྡུད་པ་དང་གནས་པའི་ཡི་གེ་གཉིས། །སྡུད་པ་ནི་གནག་ལ་གནས་པ་ནི་དཀར་པོའོ། །འདི་ལས་ཞེས་པ་ནི་རྣལ་འབྱོར་པས་འདི་ལ་འགྲེལ་པར་འགྱུར་པས། །སྡུད་པ་པོ་ཡི་དངོས་པོ་ནས། །གནས་པའི་དངོས་པོ་ལ་སྟོབས་སྐྱེད་པར་བྱེད་པའི་དངོས་པོ་ནི་ནག་པོས་གནས་པར་བྱ་བར་འབྲེལ་ཏོ། །དེ་ལྟར་སྐད་ཅིག་དུ་མ་ཡིས། །ཞེས་པ་ནས། ངེས་པ་ཉིད་དུ་འགྲུབ་པ་ཉིད། །ཅེས་པའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །དེ་འགྲུབ་བསྒྲུབ་བྱ་གང་ཡིན་པ། །དེ་ཉིད་རྣམ་གསུམ་བསྲེས་པ་ཡིས། །ཆག་གང་བ་ཡི་དབྱིབས་བྱས་ལ། །ཞེས་བྱ་བ་ལ། དེ་འགྲུབ་ཅེས་པ་ནི་ནག་པོ་ཆེན་པོ་དེའོ། །དེ་བསྒྲུབ་པ་དང༌། དེ་ཉིད་རྣམ་གསུམ་བསྲེས་པ་ལ་བྱའོ། །དེ་ཉིད་རྣམ་གསུམ་ནི་རང་བྱུང་རྣམ་པར་གསུམ་ལ། ཆགས་གང་བའི་གཟུགས་བྱ་བར་འབྲེལ་ཏོ། །དེ་ཡི་དཀྱིལ་དུ་སྲོག་སྙིང་གཞུག །དེ་ནས་ནག་པོ་ཆེན་པོ་ལ། །མ་ཉེས་པ་ཡི་ཚིག་འདི་བརྗོད། །ནག་པོ་ཆེན་པོ་ཉིད་ལ་བསྟབས། །ཞེས་བྱ་བ་ལ། དེ་ནི་ཆག་གང་བའི་གཟུགས་བྱས་ལ། དེའི་དཀྱིལ་འཁོར་དུ་དེའི་སྲོག་སྙིང་བཅུག་ལ། རང་གིས་མ་ཉེས་པའི་ཚིག་སྐད་དྲག་པོ་བཏོན་ཏེ། །ནག་པོ་ཆེན་པོ་ལ་བསྟབས་པར་འབྲེལ་ཏོ། །ཇི་ལྟར་བསྟབས་ཤེ་ན། འདི་ལྟར་བསྟབས་པར་གསུངས་སོ། །དེ་ཡི་སྔགས་དག་བཟླས་པ་ཡིས། །རབ་གསལ་ལྔ་དང་མི་འཆི་ལྔ། །དཔའ་བོ་ལ་སོགས་ཐམས་ཅད་ཀྱིས། །ཡོངས་སུ་སྦྱར་བ་དེ་ཉིད་གསུམ། །དངོས་པོ་གང་ཉིད་ལ་སོགས་པ། །མཚོན་གྱིས་ཡོངས་སུ་གཏུབ་པར་བྱ། །ཞེས་བྱ་བ་ལ། དེའི་སྔགས་ནི་དྲག་པོ་ཆེན་པོའི་སྔགས་བཟླས་པས། །རབ་གསལ་ལྔ་དང༌། །དཔའ་བོ་ལ་སོགས་པ་ཐམས་ཅད་དད། །དེ་ཉིད་གསུམ་ནི་དུག་ལ་


DTG049_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་གསུམ་དུ་སྐྱར་ལ། དངོས་པོ་གང་ནི་དགྲ་བོའི་གཟུགས་རལ་གྲིས་ཡོངས་སུ་གཏུ་བས་ལ་བསྲེག་པར་བྱའོ། །དེ་ནས་མེ་ནི་རབ་སྦར་བས། །སྔགས་དང་ཕྱག་རྒྱ་རབ་ལྡན་པས། །ལུས་ངག་ཡིད་གསུམ་དྲག་པོ་ཡིས། །ལས་ཀྱི་སྦྱོར་བ་ངེས་པར་སྤྱད། །ཅེས་བྱ་བ་ལ། དྲག་པོའི་ཤིན་ལ་མེ་ལེགས་པར་སྦར་ལ། སྔགས་འོག་མ་དང་ཕྱག་རྒྱ་བཅས་པས། །ལུས་ཁྲོ་བོའི་ཆ་ལུགས་སུ་བསྒྱུར་ལ། །ངག་སྔགས་དྲག་པོ་ལྡན་པས་སེམས་ཞེ་སྡང་ཆེན་པོར་བསྐྱེད་ལ། དེ་རྣམས་སྲེག་བླུགས་སྟོང་དུ་ཚང་བར་བྱའོ། །སྔགས་རྣམས་ནི་འོག་མ་འདི་ལས་རིག་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཡཱ་ཞེས་པའི་ནས་སྭཱ་ཧཱ་ཞེས་པའི་བར་དུ་གོ་བར་བྱའོ། །དེ་ནས་སྔགས་པ་ཡོངས་རྟོགས་པས། །ཞེས་པ་ནས། གོང་མའི་སེམས་ཀྱིས་ཡང་དག་སྦྱར། །ཞེས་པའི་བར་དུ་གོ་སླ་བསམ་མ་བཤད་དོ། །དེ་ལ་བླ་མའི་མན་ངག་གིས། །ཡང་དག་པར་ནི་དབྱེ་བར་བྱ། །བླ་མ་ཉིད་ལ་ཅི་ནུས་པས། །ཡོངས་སུ་མཆོད་པས་མན་ངག་བྲལ། །ཞེས་བྱ་བ་ལ། དེ་ལ་ཞེས་པ་ནི་གོང་དུ་སྨྲས་པའི་སྦྱོར་བ་རྣམས་ལ་སྟེ། །སྦྱོར་བ་དེ་རྣམས་ལ་བླ་བའི་མན་ངག་གིས་རིམ་པ་ཇི་ལྟ་བཞིན་དུ་ཐབས་དང་མན་ངག་རྣམས་ཀྱིས་ཡང་དག་པར་དབྱེ་བའོ། །བླ་མ་ལ་ཇི་ལྟར་བྱས་པས་དབྲལ་སྙམ་པ་ལ་ཅི་ནུས་པས་ཡོངས་སུ་མཆོད་པས་དབྲལ་བར་སྦྱར་རོ། །འདིས་ནི་ངེས་པར་འགྲུབ་པས་ན། །ཡིད་ཆེས་པ་ཡིས་ཡོངས་སུ་འགྲུབ། །ཅེས་པ་ནི། །སྦྱོར་བ་གོང་མ་དེས་ངེས་པར་འགྲུབ་པས་ན་བདག་གིས་ཡིད་ཆེས་པས་ཡོངས་སུ་འགྲུབ་པར་འབྲེལ་ཏོ། །ཡིད་ཆེས་པ་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཤེ་ན། ཡིད་མ་ཆེས་པར་སོམ་ཉི་ཟ་བས་མི་འགྲུབ་པར་གསུངས་སོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་དགུ་བའི་བཤད་པའོ།། །།

བཅུ་པ། གནོད་སྦྱིན་གདོང་སེར་གྱི་གདོན་འདུལ་བའི་ལེའུའི་བཤད་པ།


DTG049_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་ཞེས་པ་ནས། །ཐབས་འདི་ཡང་དག་བརྩམས་པར་བྱ། །ཞེས་པའི་བར་ནི་གོ་སླ་བསམ་བཤད་དོ། །དྲག་པོའི་སྒྲ་དང་རབ་ལྡན་པའི། །ཁ་དོག་སེར་བ་སུམ་ཅུའི་གཟུགས། །སྟོབས་དང་ལྡན་ཞིང་རབ་ཏུ་གུས། །


DTG049_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སུ་སྦྲང་རྩི་ཟར་བཅུག་ལ། །ཞག་བདུན་བར་དུ་ངེས་པར་བསྙེན། །ཞེས་བྱ་བ་ལ། དྲག་པོའི་སྒྲ་དང་ལྡན་བ་ནི་སྐྱེས་པའོ། །ཅིའི་ཕྱིར་དྲག་པོའི་སྒྲ་དང་ལྡན་ཞེ་ན། །ཡི་གེ་ངེས་པར་སྦྱོར་བ་ཡི། །ཕོ་ཡི་རྟགས་ནི་འཛིན་པས་ན། །དྲག་པོའི་སྒྲ་དང་ལྡན་པའོ། །སྐྱེས་པ་ལ་སུམ་ཅུ་ལོན་པ་ལ་ཁ་དོག་སེར་པོ་སྟོབས་དང་ཉམས་རྩལ་ཆེ་བ། །རབ་ཏུ་གུས་པར་ལྡན་པ་ལས། །ཟས་རྣམས་ལ་སྦྲང་རྩི་བསྲེས་ཏེ། ཟས་བྱིན་ཞིང་ཞག་བདུན་གྱི་བར་དུ་རྣམ་ཐོས་སྲས་ཀྱི་སྔགས་ཀྱིས་བསྔགས་ལ། །སྤྱི་བོར་མེ་ཏོག་བོར་བར་བྱས་ལ་བསྙེན་པར་བྱའོ། །གོས་དག་ལྗང་གུ་བསྐོན་བྱས་ལ། །ཞེས་པ་ནས། སྙིང་པོ་ཉིད་ཀྱང་གདོན་བྱ་ཞིང༌། །ཞེས་པའི་བར་དུ་ནི་གོ་སླའོ། །དེ་ཐོབ་བྱང་ཕྱོགས་ཁྲོ་བོ་ཡི། །སྔགས་བཟླས་པ་ཡིས་ཕྱིར་མི་བལྟ། །ཞེས་བྱ་བ་ནི། དེ་ཞེས་པ་ནི་ས་ལ་བྱ་སྟེ། །ས་དེ་ཐོབ་པ་དང། བྱང་ཕྱོགས་ན་གནས་པའི་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་ཤིན་ཕྱི་མིག་མི་ལྟར་འོང་བའོ། །སྔགས་མ་བཟླས་ནས་སྐྱོན་ཅི་ཡོད་ཅེ་ན། གནོད་སྦྱིན་གྱིས་གནོད་པར་བྱེད་པའི་ཕྱིར་རོ། །དེ་ནས་སྔགས་པ་ཟློ་ལྡན་པས། །ཞེས་པ་ནས། ཡོངས་སུ་གཏང་བར་བྱ་བ་ཡིན། །ཞེས་པའི་བར་དུ་ནི་གོ་སླ་བའོ། །སྒྲ་སྐད་ཆེན་པོའི་རུས་པ་ལས། །ཕྲེང་བ་བྱས་པས་དྲག་པོའི་རིགས། །དེ་ཉིད་ལ་ནི་བཟུང་བ་ཡིས། །རྩ་བའི་སྔགས་སོགས་འབར་བ་བཟླ། །ཞེས་བྱ་བ་ལ། སྒྲ་སྐད་ཆེན་པོ་ནི་བོང་དུ་སྟེ། དེའི་རུས་བ་ལས་ཕྲེང་བ་བྱས་ལ། སོར་མི་དྲག་པོའི་རིགས་ལ་བཟུང་བས་ལག་ན་དྲོ་རྗེའི་རྩ་བའི་སྔགས་དང༌། རྣམ་པར་རྒྱལ་བ་ལ་སོགས་པའི་སྔགས་རྣམས་ཚད་དུ་ཕྱིན་པར་བཟླས་པར་འབྲེལ་ཏོ། །དེ་དག་གོང་དུ་ཐིམ་འགྱུར་བས། །ལུས་ངན་སྲས་པོའི་སྔགས་བཟླས་པས། །དེ་ཡང་གོང་མའི་ཚད་ཉིད་དུ། །ཕྱིར་པས་ཡོངས་སུ་བཟླས་པར་བྱ། །ཞེས་བྱ་བ་ལ། དེ་དག་ཅེས་པ་ནི་རྩ་བའི་སྔགས་ལ་སོགས་པ་ལ་བྱ་སྟེ། དེ་དག་གོང་དུ་ཐིམ་པ་ལས། །ཕྱི་ནས་རྣམ་ཐོས་སྲས་ཀྱི་སྔགས་གོང་མའི་ཚད་དུ་ཕྱིན་པར་བཟླས་པར་སྦྱར་རོ། །ཡིད་ཆེན་ཕུར་བུ་སོར་


DTG049_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ། །ཞེས་པ་ནས། སྔགས་ཆུ་ཡིས་ནི་ཁྲུས་བྱས་ཏེ། ཞེས་བྱ་བའི་བར་དུ་ནི་བཤད་དུ་མེད་པའི་ཕྱིར་མ་བཤད་དོ། །ལུས་ངག་ཡིད་གསུམ་དྲག་པོ་ཡིས། །དངོས་པོ་ཡོངས་སུ་བཅིང་བྱས་ལ། །ཁྲུ་གང་བརྐོས་པའི་ནང་དུ་གཞག །ཕུར་བུས་སྟེང་དུ་གཟིར་བྱས་ལ། །ཕཊ་ཀྱི་སྔགས་ཀྱིས་ཡང་དག་མནན། །ཞེས་བྱ་བ་ལ། ལུས་ཁྲོ་བོའི་གཟུགས་སུ་བསྒྱུར་ལ། །ངག་དྲག་ཅིང་གཏུམ་པ་དང༌། ཡིད་ཞེ་སྡང་ཆེན་པོར་ཡང་དག་པར་བསྐྱེད་ལ། །དངོས་པོ་ནི་བྲིས་སྐུ་དེའི་གཟུགས་བྱས་ཏེ། དེ་ཡང་དག་པར་སྐུད་པས་བཅིངས་ལ། དང་པོའི་ཁུང་གུ་ཁྲུ་གང་བ་རུ་བཅུག་ལ། མི་ནུས་ཀྱི་ཕུར་བུས་སྟེང་དུ་བཙུགས་ལ། ཕཊ་ཉི་ཤུ་རྩ་བཞི་བཟླས་པས་མནན་པར་འབྲེལ་ཏོ། །དེས་ནི་ཞེས་པ་ནས། ཕྱི་ནས་མི་འཇིག་པ་ཡང་ཡིན། །ཞེས་པའི་བར་དུ་ནི་གོ་སླའོ། །གོང་དུ་སྨོས་པའི་སྔགས་རྣམས་ནི་རིམ་པ་ཇི་ལྟ་བུ་བཞིན་དུ། ཨོཾ་བཻ་ཤྲ་བ་ཎ་ཡེ་ཞེས་པ་ནས་ཧཱུཾ་ཞེས་པའི་བར་གྱིས་ཤེས་པར་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བདག་ལ་སོགས་པ་ཕཊ་གནོད་གཉིས། །ཡོངས་སུ་སྦྱར་བ་ཡང་དག་བཤད། །དེ་ཉིད་ལུས་ངན་སྲས་པོ་ལ། །གང་བསྟབས་ངེས་པར་དེ་ཉིད་འཇིག །ཅེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བདག་ལ་སོགས་པ་རྣམས་ལག་གནོད་པ་དང༌། ཕན་པར་གྱུར་པའི་སྒྲུབ་པ་ཡང་དག་པར་བཤད་པར་བྱ་བར་གསུངས་ཏེ། དེ་ཡང་ལུས་ངན་སྲས་པོ་ལ་ཡོངས་སུ་བསྟབས་ངེས་པར་འཇིག་སྟེ། སྒྲའི་སྦྱོར་བས་བསྟབས་པ་དང༌། །འཇིག་པ་དང་ནི་དོན་གཉིས་ལ་འཇུག་གོ །དེ་ཡང་ཇི་ལྟ་བུ་ཞེ་ན། ལུས་ངན་སྲས་པོ་ལ་གནོད་པར་བྱེད་པ་བསྟབས་པས་དེའི་ལུས་འཇིག་པར་འགྱུར་བའོ། །ལུས་ངན་སྲས་པོ་ལ་བདག་གིས་བསྟབས་པས་འཇིག་པར་སྦྱར་རོ། །དེ་ཡི་སྦྱོར་བ་བྱ་བའི་ཕྱིར། །ལུས་ངན་སྲས་པོའི་སྒྲུབ་པ་བཤད། །དང་པོ་དེ་ཡི་གཟུགས་བྱ་བ། །རམས་དང་ཡུང་བ་རབ་སྦྱར་བས། །བ་དན་ནེའུ་ལེའུ་རྐྱལ་པ་དང༌། །སྐུ་གདུང་གཡས་ཕྱོགས་གཞག་བྱས་ལ། །གོང་མ་ལྟ་བུའི་གཟུགས་


DTG049_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྲི། །ཞེས་པ་ནི་གོ་སླའོ། །གཡས་གཡོན་གཉིས་སུ་དེ་ཉིད་ཀྱི། །ཡི་གེ་གཉིས་པོ་བྲིས་བྱས་ལ། དེ་མཐར་དྲག་པོའི་སྙིང་ངོ་ཁྲི། །ཞེས་བྱ་བ་ནི། གཟུགས་ཀྱི་གཡས་གཡོན་དུའོ། །དང་པོར་འབྱུང་བ་དང་བསྡུས་པའི་གཙོ་བོས་བྱས་ནས་དེའི་མཐར་དྲག་པོའི་སྙིང་པོ་བྲི་བར་བྱའོ། །གསུམ་སྦྱར་དངོས་པོ་འགུགས་བྱེད་པ། །ཚིག་གིས་གསུམ་དུ་ངེས་པ་ལས། །དར་དག་དམར་པོ་ཁ་ཚོན་གང༌། །མེ་ཏོག་ཕྲེང་བས་ཡོངས་སུ་བརྒྱན། །ཞེས་བྱ་བ་ལ། གསུམ་སྦྱར་བ་ལས་དངོས་པོ་མི་ལ་སོགས་པ་འགུགས་པར་བྱེད་པའི་ཚིག་གསུམ་པ་ལ་དར་དམར་པོ་ཁ་ཚོགས་གང་བཏགས་ལ། །མེ་ཏོག་གི་ཕྲེང་བས་བརྒྱན་པར་བྱས་ལ་ཕྱི་ནས་འདི་སྐད་ཡོངས་སུ་གསུངས་པའོ། །དྲི་ཡི་ཕྱེ་མ་སྣ་ཚོགས་དང༌། །རིན་ཆེན་སྣ་ལྔའི་ཕྱེ་མ་ཡིས། །ཕུར་མ་བྱས་པ་གདགས་པར་བྱ། །ཞེས་པ་ནི་གོ་སླའོ། །སྲོག་གི་སྙིང་པོ་བྲིས་བྱས་ལ། །དེ་ཡི་མིང་རུས་ཁྲག་གིས་བྲི། །འབྲུ་དག་དཀར་པོའི་སྟེང་བཙུགས་ལ། །དེ་ཉིད་ལ་ནི་ཆགས་པར་འགྱུར། །ཞེས་བྱ་བ་ལ། ལུས་ངན་དྲས་པོའི་སྲོག་སྙིང་ཟླ་མའི་མན་གང་གིས་འོ་མས་བྲིས་ལ། དེའི་འོག་ཏུ་དགྲ་བོའི་མིང་རུས་རའི་ཁྲག་གིས་བྲིས་ལ། འབྲས་དཀར་པོའི་སྟེང་དུ་བཙུགས་པས་དེ་ལ་ལུས་ངན་སྲས་པོ་འཆགས་པར་འགྱུར་རོ། །དཀྱིལ་འཁོར་ཁྲུ་གང་ཞེས་པ་ནས། །ཡོངས་སུ་ཤེས་པར་བྱ་བ་ཡིན། །ཞེས་པའི་བར་དུ་ནི་གོ་སླ་བས་འདིར་མ་བཤད་དོ། །སྔགས་ནི་བླ་མའི་ངག་ལས་ཤེས་པར་བྱའོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་བཅུ་པའི་བཤད་པའོ།། །།

བཅུ་གཅིག་པ། བྲིས་སྐུ་དང་གླེགས་བམ་གྱི་ལེའུའི་བཤད་པ།


DTG049_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་གོས་སྔོན་གྱིས། །ཞེས་པ་ནས། ཡང་དག་པར་ནི་བསྒྲུབ་པར་བྱ། །ཞེས་པའི་བར་དུ་གོ་སླའོ། །དུར་ཁྲོད་ལ་སོགས་གང་ཡིན་པར། །རི་མོ་མཁན་ནི་རིམ་པར་བཞིན། །ཡང་དག་པར་ནི་དབང་བསྐུར་བྱ། །ཐག་མ་ཡང་བསྙེན་བྱས་ལ། །དྲི་ཞིམ་པ་ཡིས་ཡོངས་སུ་བྱུང༌། །ཅེས་བྱ་བ་ལ། །དུར་ཁྲོད་དང་ཤིན་གཅིག་ལ་སོགས་པའི་གནས་སུ། །རི་མོ་མཁན་དང་ཐག་མ་གཉིས་ཀ་དབང་བསྐུར་ལ། །ཐ་ག་མའི་སྣལ་མ་ལ་དྲི་ཞིམ་པོ་གུར་གུམ་ལ་སོགས་པས་ཡོངས་སུ་བྱུག་པར་བྱའོ། །སྟེང་འོག་གཉིས་


DTG049_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐའ་གཉིས་གསུམ། །མཉམ་པར་བཞག་པས་ཡང་དག་བརྟབ། །ཅེས་པ་ནི་གོ་སླ་སྟེ། ཐ་ག་པས་ཡང་དག་པར་བྱ་བའི་ལས་སོ། །དམར་པོ་ལྔ་ཡིས་རབ་བྱུགས་ལ། །ས་བོན་ཡང་དག་ལྡན་པ་དང༌། །དྲི་ཞིམ་པ་ནི་སྣ་ཚོགས་པས། །ཡང་དག་བར་ནི་བྱུག་བར་བྱ། །ཞེས་བྱ་བ་ལ་དམར་པོ་ལྔ་ནི་རབ་གསལ་ལྔའི་ཁུ་བ་ལ་བྱ་སྟེ། དེ་དང་ས་བོན་ནི་ཡོད་ཆེས་སྐྱེས་པའི་ས་བོན་ལ་བྱ་སྟེ། ས་བོན་དང་ག་པུར་ལ་སོགས་པའི་དྲི་ཞིམ་པ་སྣ་ཚོགས་པས་རས་ལ་བྱུང་བར་སྦྱར་རོ། །ཚོན་རྩི་རྣམ་པར་སྣ་ཚོགས་ལ། །ཡིད་ཆེ་རྣམས་ཀྱི་ཚོན་རྩི་རྣམས། །མཉམ་པར་སྦྱར་བས་བྲི་བར་བྱ། །ཞེས་པ་ནི། རམས་ལ་སོགས་པའི་ཚོན་ཐམ་ཅད་མི་འཆི་བ་རྣམ་ལྔ་ཡིས་སྦྱར་ལ་བྲི་བར་བྱའོ། །སྣོད་དག་ཐོད་པ་ཉིད་ལ་ནི། །པིར་ནི་ཞིང་གི་སྐྲ་ཡིས་བྱ། །དུར་ཁྲོད་ལ་སོག་ཁང་སྟོང་ངམ། །གནས་དབེན་པར་ནི་ཡོངས་སུ་བྲི། །ཞེས་པ་ནི། ཚོན་རྣམས་ཀྱིས་སྣོད་ནི་ཐོད་པའི་དུམ་བུ་ལས་བྱས་ལ། པིར་ནི་ཞིང་ཆེན་གྱི་སྐྲ་ལས་བྱ་སྟེ། །ཁང་སྟོང་ལ་སོགས་པ་གནས་བདེན་པར་བྱའོ། །ལས་མཁན་སྔོན་པོའི་གོས་བགོས་ཏེ། །ཁྲག་གིས་གདོང་ཡང་བྱུང་བྱས་ལ། །སྔགས་འདི་དག་ནི་རྟག་ཏུ་བཟླས། །ཞེས་བྱ་བ་ལ། ལས་མཁན་ནི་རི་མོ་མཁན་ཏེ། དེའི་གོས་སྔོན་པོ་བགོས་ཏེ། མི་ཁྲག་གིས་གདོང་བྱུགས་ཏེ། སྔགས་འགོམ་བཟླ་ཞིང་བྲི་བར་གསུངས་སོ། །སྔགས་ནི་ཨོཾ་ཙནྡྲ་ཞེས་པ་ལ་སོགས་པའོ། །གཏོར་མ་དྲག་པོ་གང་ཡིན་པ། །བྲི་བའི་དུས་སུ་གཞག་བྱས་ལ། །ཟིན་ནས་གཏོར་མ་གཏང་བར་བྱ། །ཞེས་བྱ་བ་ལ། དྲག་པོའི་གཏོར་མི་ནི་རམས་དང་ཤ་སྣ་ཚོགས་པ་དང༌། ཁྲག་སྣ་ཚོགས་པའི་གཏོར་མ་དང་པོ་བྲི་དུས་སུ་བཞག་ལ་བྲིས་པའི་འཕྲོ་བཅད་པ་དང་དེ་གཏང་བར་འབྲེལ་ཏོ། །དང་པོ་ཚོན་རྩི་ཐམས་ཅད་ལ། །རིན་ཆེན་སྣ་ལྔར་བྱིན་གྱིས་བརླབས། །རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་ཡིས། །ཡང་དག་པ་དུ་བྲི་བྱ་སྟེ། །སྐྱེས་བྱེད་དང་ནི་ཡོན་བདག་གིས། །བསམས་ཀ་ཡོངས་སུ་བྲི་བར་བྱ། །དང་པོ་ཚོན་རྩི་དཀར་པོ་ལ་སོགས་པ་ཐམས་ཅད་ལ་མུ་ཏིག་ལ་སོགས་པ་ལྔར་སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབ་བ་དང༌། རྡོ་རྗེ་རྩེ་གཅིག་པ་ནི་མཐེ་བོང་དང་གུང་མོའི་བར་དུ་བཅུག་ལ་མཛུབ་མོ་ངེས་པར་བརྐྱང་བས་བྲིས་བར་བྱའོ། །སྐྱེད་བྱེད་ཅེས་པ་ནི་


DTG049_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལ་བྱ་སྟེ། དེ་ཡད་སྐུ་ཉིད་འདྲི་ཙམ་ན། །ཕྱག་རྒྱ་ཆེན་མོའི་ཡུམ་དུ་བྱིན་གྱིས་བརླབས་ལ་དེ་ལས་སྐྱེད་པར་བསམ་སྟེ་བྲིའོ། །དེ་ནས་རྒྱན་འདོགས་པའི་དུས་སུ་ནི་བདག་ཡོན་གྱི་བདག་པོས་རྒྱན་འབུལ་བར་བསམས་ལ་བྲི་བ་ཉིད་དོ། །དཀྱིལ་དུ་པདྨ་བཅུ་དྲུག་པ། །ཞེས་པ་ནས། སྦྱོར་བ་ལེགས་པར་བརྩམ་པར་བྱའོ། །ཞེས་བྱ་བའི་བར་དུ་གོ་སླ་བས་འདིར་མ་བཤད་དོ། །གླེགས་བམ་ངེས་པར་བྲི་བར་བྱ། །ཞེས་པ་ནས། མཉེན་པར་བྱས་པ་ཡོངས་སུ་བསྡམས། །ཞེས་པའི་བར་ནི་གོ་སླའོ། །དེ་ནས་ལག་གཡོན་སྟོད་ཀྱི་བར། །དེ་ཉིད་དག་ཏུ་ཡོངས་སུ་སྦ། །ཞེས་བྱ་བ་ནི། ལག་པ་གཡོན་བའི་སྟོད་ཀྱི་བར་གང་ཡིན་པར་གླེགས་བམ་སྦ་བར་གསུངས་སོ། །སངས་རྒྱས་ལྔ་ཡི་བདག་བོ་མཆོད། །ངེས་པར་རྡོ་རྗེ་རྣོན་པོ་ཉིད། །སྡང་བ་ཐམས་ཅད་འདུལ་བྱེད་ཅིང༌། །དངོས་སུ་དཔའ་བོ་རབ་འབར་བ། །ཞེས་པ་ནི། དཔལ་རྡོ་རྗེ་འཛིན་པ་ཉིད་ཡིན་པའི་ཕྱིར། །སངས་རྒྱས་ལྔ་ཡང་དེའི་ངོ་བོ་ལས་མི་འདའོ། །གསུང་གིས་འདུལ་བའི་བར་དུ་ངེས་པར་བརླག་ཅིང་འཆད་པས་ན་རྡོ་རྗེ་རྣོན་པོ་ཉིད་དོ། །དེ་སྐུ་གསུང་ཐུགས་ཀྱི་བྱིན་གྱི་རླབས་ཀྱིས་གདུག་པ་ཐམས་ཅད་འདུལ་བར་བྱེད་པའོ། །ད་དོས་སུ་ན་མིག་གི་སྣང་བར་མེའི་ཕུང་པོར་མཐོང་བའི་ཕྱིར་རབ་ཏུ་འབར་བའོ། །ཆེན་པོ་ཡི་ནི་ཆེན་པོ་ཉིད། །ཀུན་ལ་མཁའ་འགྲོ་ཆེན་པོ་སྟེ། །སྐུ་ཆེན་རབ་དྲག་འཇིགས་གཟུགས་ཅན། །མཁའ་ལྟར་མཉམ་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བ་ལ། འཇིག་རྟེན་པ་རྣམས་ཀྱི་ཆེན་པོ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་སྟེ། དེའི་ཡང་ཆེན་པོ་ཡིན་པའི་ཕྱིར་ཆེན་པོའི་ཆེན་པོའོ། །ཀུན་ནི་སེམས་ཅན་ཐམས་ཅད་ལ་ཐུགས་ཀྱིས་ནམ་མཁའ་ལས་འགྲོ་བའི་དོན་མཛད་ཅིང་གཤེགས་པས་ན་ཀུན་ལ་མཁའ་འགྲོའོ། །སྐུ་ཆེན་རབ་དྲག་ནི་སྐུ་ཤིན་ཏུ་ཆེ་བ་ལ་རབ་ཏུ་དྲག་པའི་གཟུགས་འཇིགས་པ་དང་བཅས་པས་ན། རབ་དྲག་འཇིགས་གཟུགས་ཅན་ནོ། །མཁའ་ལྟར་མཉམ་པ་ནི་ཐུགས་ཀྱི་ཡེ་ཤེས་ལ་བྱ་སྟེ། སྐུའི་སྤྲུལ་པ་ནི་སྣ་ཚོགས་པར་འགྱེད། གསུང་གི་སྒྲ་ནི་སྣ་ཚོགས་པར་སྒྲོགས་ཀྱང་ཐུགས་ཀྱི་ཡེ་ཤེས་མཁའ་དང་འདྲ་བ་ཀུན་ལ་མཉམ་པར་བཞུགས་པའོ། །དེ་ལ་བདག་རི་མོ་མཁན་


DTG049_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་ཕྱག་འཚལ་ཞིང་བསྟོད་པར་བྱའོ། །ལས་ལ་འཇུག་པ་སྣང་བ་ཉིད། །ཀུན་བཏུད་པས་ནི་དེ་བརྗོད་བྱ། །ཞེས་པས་ནི། རི་མོ་མཁན་དང་འདྲི་མཁན་གྱིས་ལས་ལ་འཇུག་པས་ན། །སྐུ་གཟུགས་སམ་དུ་སྟི་སྣང་བ་མཐོང་བ་ནི། །ཀུན་ནི་ཡང་དག་ཀུན་བཏུས་བས། །གོང་མའི་བསྟོད་པ་བརྗོད་པར་བྱ་ཞིང་ཕྱག་འཚལ་བར་འབྲེལ་ཏོ། །རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལས་ལེའུ་བཅུ་གཅིག་པའི་བཤད་པའོ།། །།

བཅུ་གཉིས་པ། ལས་སྣ་ཚོགས་ཀྱི་ལེའུའི་བཤད་པ།


DTG049_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་གོས་སྔོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །གང་ཞིག་རྒྱུད་འདི་ལ་སྦྱོར་བས། །ཐམས་ཀྱི་ཡན་ལག་སྣ་ཚོགས་པ། །ཡང་དག་རྒྱས་པར་བཤད་དུ་གསོལ། །ཞེས་བྱ་བ་ལ། ལག་ན་རྡོ་རྗེ་གོས་སྔོན་པོ་དང་ལྡན་པ་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་པོ་བཅོམ་ལྡན་འདས་ལ་གང་ཞིག་རྒྱུད་འདི་ལ་སྦྱོར་བ་ན། ཀུན་རྫོབ་ཏུ་འཇུག་པའི་ཐམས་སྣ་ཚོགས་པ་རྣམས་ཡང་དག་པར་མ་ནོར་བ་བདེན་པ་ཉིད་རྒྱས་པའམ་གསལ་བར་བཤད་དུ་གསོལ་ཞེས་ཞུས་པར་སྦྱར་རོ། །བདེ་གཤེགས་མཆོག་གིས་བཀའ་སྩལ་པ། །དད་པའི་རང་བཞིན་ཅན་གྱི་མིས། །འདི་ཉིད་ལ་ནི་མངོན་པར་བསྒྲུབ། །ཅེས་བྱ་བ་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཆོག་གིས་རྒྱས་པར་བཤད་པར་གནང་བ་བྱིན་པ་དང་དད་པ་དང་ལྡན་པའི་རང་བཞིན་ཅན་དེས་པར་ཡིད་ཆེས་པས་འོག་ནས་གསུངས་པའི་ཐམས་འདི་ལ་མངོན་བར་བསྒྲུབ་བར་གསུངས་སོ། །ཀླུ་གདུག་འབར་བས་ཟིན་པས་ནི། །ཞེས་བྱ་བ་ནས། གནོད་སྦྱིན་གདོན་དུ་ཡིན་པར་བཤད། །ཅེས་པའི་ཚིག་ཐ་མའི་བར་དུ་ནི་ན་བའི་རྟགས་བསྟན་པ་དང༌། མཚན་མོའི་རྨི་ལས་བསྟན་པ་དང༌། སྔགས་ཀྱི་སྦྱོར་བས་གནོད་པའི་རྟགས་བསྟན་པར་ཤེས་པར་བྱའོ། །དེ་ཡང་གོ་སླ་བའི་ཕྱིར་མ་བཤད་དོ། །ཆོམ་པོ་དང་ནི་ཕྲད་པ་དང༌། །སྦྱོར་བ་འདི་ཡིས་ཡང་དག་སྦྱར། །དུར་ཁྲོད་མི་མང་བསྲེགས་པ་ཡི། །སྣ་ཚོགས་ཐལ་བ་བླང་བྱས་ལ། །ཞེས་བྱ་བ་ལ། དུར་ཁྲོད་ཀྱི་ས་གང་དུ་མི་མང་པོ་


DTG049_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པའི་ཐལ་བ་ནི་སྣ་ཚོགས་པའི་ཐལ་བའོ། །ཅིའི་ཕྱིར་སྣ་ཚོགས་པ་ཞེ་ན། སྣ་ཚོགས་པ་ནི་དུ་མ་ལ་བྱ་སྟེ། རིགས་རྣམ་པ་བཞི་དང༌། གླང་པོ་ཆེན་པོ་ལ་སོགས་པའི་ཐལ་བ་ཡིན་པའི་ཕྱིར་སྣ་ཚོགས་ཐལ་བའོ། །དེ་བདག་གིས་ལག་ན་རྡོ་རྗེའི་སྔགས་བཟླས་ཤིང་གཟའ་ཕུར་བུའི་ཉི་མ་ལ་བླངས་ལ་སྦྱོར་བར་འབྲེལ་ཏོ། །ཆང་དང་ངེས་པར་སྦྲུས་བྱས་ཏེ། །སྦྲུལ་གྱི་པགས་པར་གཏུམས་བྱས་ནས། །ཏིལ་གྱི་གང་བུའི་འབྲས་བུ་ལ། །འབུམ་དུ་ཡང་དག་བཟླས་བྱས་ཏེ། བདག་ཉིད་གོས་ལ་ཡོངས་སུ་གཏུམས། །ཞེས་པ་ལ། ས་དེ་དང་ཆང་གཉིས་སྦྲུས་ལ། སྦྲུལ་གྱི་པགས་པར་གཏུམས་ཏེ། ལག་ན་རྡོ་རྗེ་རྩ་བའི་སྔགས་འབུམ་དུ་ཐེམ་པར་བྱ་སྟེ། དེ་ཡང་ཏིལ་གྱི་འབྲས་བུ་བརྒྱ་ལ་སྔགས་རེ་རེ་དང་སྦྱར་ལ། དེའི་མཐར་སྦྱོར་བའི་ལས་ཀྱི་སྔགས་བཏགས་ཏེ། ལུས་ངག་ཡིད་གསུམ་དྲག་པོ་དང། རྨུགས་པ་དངས་པར་བསམས་པས་བསྣུན་པར་འབྲེལ་ཏོ། །དེ་ནས་ཐེམ་པ་དང༌། བདག་ཉིད་ཀྱི་གོས་འོག་མ་ལ་ཡང་དག་པར་གཏུམས་ལ་གར་འགྲོ་བའི་ཕྱོགས་སུ་བཀྱེར་བར་འབྲེལ་ཏོ། །དེ་ནས་དེ་དར་ཕྲད་པ་ན། །དྲག་པོའི་ལས་ནི་སྦྱོར་བ་ཡིས། །དེ་ཉིད་ལ་ནི་ཕོག་པར་གཏོར། །དེ་ཡིས་དེ་ལ་གཏོར་བ་ཡིས། །དེ་ནི་རེངས་དང་རྨོངས་པར་འགྱུར། །ཞེས་བྱ་བ་ལ། དེ་ནས་དེ་དང་ནི་ཆོམ་པོ་ལ་བྱ་སྟེ། དེ་དང་ཆོམ་པོ་དང་ཕྲད་པ་ན། བདག་གིས་ཞེས་སྡང་དྲག་པོ་བསྐྱེད་ལ། ལུས་རྩ་རྒྱུས་བསྒྲིམས་པས་མིག་བཟློག་སྟེ། སྔགས་དྲག་པོ་བཟླས་པས་ལན་བདུན་གྱི་བར་དུ་ལུས་ལ་ཕོག་པར་གཏོར་བར་འབྲེལ་ཏོ། །དེ་གཏོར་བས་ཆོམ་པོ་དེ་རེངས་པར་འགྱུར་བ་དང༌། རྨོངས་པར་འགྱུར་བ་ནི་ངེས་པའོ། །སྦྱོར་བ་ལས་ཀྱི་སྔགས་ཀྱིས་ནི། །ཨོཾ་མ་ནུ་ཞེས་བྱ་བ་ལ་སོགས་པས་དྲག་པོ་ལ་སྐད་ཆེན་གྱི་ཕྲེང་བས་སོ། །སྒྱུ་མ་དབང་དུ་བསྡུ་བྱས་ནས། །སྦྱོར་བ་འདི་ནི་བརྩམ་པར་བྱ། །ཞེས་པ་ནི། བྲམ་ཟེ་མོ་ལ་སོགས་པ་ཆོ་གའི་ཕྱིར་འགུགས་པར་བྱེད་ན་འོག་ནས་འབྱུང་བའི་སྦྱོར་བ་རྣམས་སྤྱད་པར་བྱའོ། །ངོ་འཇམ་རྡུལ་དང་ཟླ་བ་དང༌། །བགེགས་ཀྱི་གཉེན་པོའི་ཁུ་བ་དང༌། །


DTG049_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཆེན་ལས་ཀྱི་ཁུ་བས་སུ། །བྱེད་པ་གཉིས་ཀའི་བར་སྦྲུས་ལ། །དེ་དང་མཐུན་པ་ཉིད་ལ་ནི། །ཡོངས་སུ་བསྐུས་ནས་སྦྱིན་བར་བྱ། །ཞེས་བྱ་བ་ལ། ངོ་འཇམ་ནི་ཤའི་མེ་ལོང་ལ་བྱ་སྟེ། ཤའི་མེ་ལོང་ནི་རྡུལ་དྲིའི་བཞུན་པ་དང༌། ཟླ་བ་ནི་བ་དག་གི་ཟླ་བ་དང༌། བགེགས་ཀྱི་གཉེན་པོ་ནི་ཉུངས་ཀར་ལ་བྱ་སྟེ། དེ་དང་སྒོ་ཆེན་ལས་ཀྱི་ཁུ་བ་ནི་གང་དུ་རྒྱུན་ལུགས་ཀྱི་སྦྱོར་བ་མང་པོ་ལ་སྒོ་ཆེན་ཞེས་ཟེར་ཏེ། དབྱིབས་ཆེ་བ་ནི་མི་ཡིན་ཏེ། དཔེར་ན་ཡོན་ཏན་དུ་མ་དང་ལྡན་པའི་མི་ལ་མི་ཆེན་པོ་ཞེས་ཟེར་བ་དང་འདྲ་བ་སྟེ། དེ་བས་ན་དེའི་ཁུ་བ་དང་ངོ༌། །བྱེད་པ་གཉིས་ཀ་ནི་ལག་པ་གཉིས་ལ་བྱ་སྟེ། ལག་པ་གཉིས་ཀྱི་བར་དུ་སྦྲུས་ལ། དེ་ལ་མཐུན་པའི་དངོས་པོ་གང་ལ་བསྐུས་བས་བུ་མོ་ལ་སྦྱིན་པར་བྱའོ། །དེ་ཡང་དང་པོར་རང་གི་རྟགས་ལ་ཞག་གསུམ་པར་དུ་བཅིངས་པས་སོ། །དེ་ནས་ངེས་པའི་དུས་བཏབ་ལ། །ཁ་སྦྱོར་བ་ནི་ཡང་དག་བསྔགས། །ཞེས་པ་ནི། །བདག་གིས་ཡིད་ལ་བྱའོ། །ངེས་པའི་དུས་ས་ཕྱོགས་དབེན་པར་བཏབ་ལ། དེར་བྱུང་བ་ན་བདག་གིས་ཆོ་གའི་མཆོག་ཁ་སྦྱར་བས་སྔགས་པའོ། །སྔགས་ནི་ཨོཾ་ན་མོ་ཀ་ཞེས་པ་ནས་སྭཱ་ཧཱ། ཞེས་པའི་བར་དུ་གོ་བར་བྱའོ། །ལྷག་མ་ནི་གོ་སླའོ། །ནོར་དག་སྒྲུབ་པར་འདོད་པ་ན། །ནོར་འཛིན་ལྷ་མོ་ཡོངས་སུ་བྲི། །ཞེས་པ་ནི། རྣལ་འབྱོར་པས་སྦྱིན་པ་ལ་སོགས་པ་གཏང་བའི་ཕྱིར། ནོར་སྒྲུབ་པར་འདོད་ན། ནོར་འཛིན་གྱི་ལྷ་མོའི་གཟུགས་བྲི་བར་བྱའོ། །དེ་ཡང་ཇི་ལྟ་བུར་བྲི་བར་བྱ་ཞེ་ན། འདི་སྐད་གསུངས་ཏེ། ཁ་དོག་སེར་བ་ཉིད་ལ་ནི། །ཕྱག་བཞི་པར་ནི་ཡང་དག་བྲི། །ཞལ་གཅིག་ནུ་མ་འབུར་བ་ལ། །གཡས་ཀྱི་དང་པོས་པུ་སྟི་འཛིན། །གཉིས་པས་འབྲས་ཀྱི་སྙེ་མ་འཛིན། །གཡོན་གྱི་དང་པོ་ཉིད་ན་ནི། །རིན་ཆེན་འབར་བ་ཡང་དག་བསྣམས། །གཉིས་པས་ནེའུ་ལེའི་རྒྱལ་པ་བསྣམས། །ཞེས་བྱ་བ་ལ། དེ་ཇི་ལྟ་བ་བཞིན་དུའོ། །དེ་ལ་རྒྱན་ཆ་ལྔ་དང་སྨད་གཡོགས་ལ་སོགས་པས་ཡང་དག་པར་བརྒྱན་ཏེ། པདྨ་དམར་པོའི་སྟེང་ན་བཞུགས་པ་བྲི་བར་བྱའོ། །དེ་ལྟ་བུ་ཡི་གཟུགས་བྱས་ལ། །སྣ་ཚོགས་དྲི་ཡིས་ཡང་དག་མཆོད། །


DTG049_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་རྣམ་པ་ལྔ་དག་དང༌། །ན་བཟའ་དང་ལ་སོགས་པ་ནི། །ཡང་དག་པ་རུ་མཆོད་པར་བྱ། །ཞེས་པ་ནི། གོང་མ་ལྟ་བུའི་གཟུགས་བྱས་ལ་དྲི་སྣ་ཚོགས་པའི་ཐིག་ལེ་བསྐུ་བ་དང༌། མཆོད་པ་རྣམ་པ་ལྔ་ཉིན་མཚན་དུས་དྲུག་ཏུ་དབུལ་བ་དང༌། དཀྱིལ་འཁོར་ཡང་ལེགས་པར་ཕུབ་པས་བསྒྲུབ་པའོ། །ཞག་གྲངས་བརྒྱ་རྩ་བརྒྱད་བར་དུ། །ཡོངས་སུ་བསྙེན་པས་སྔགས་བཟླས་བྱ། །ཞེས་པ་ནི། ཆོ་ག་དེ་ལྟ་བུས་ཞག་བརྒྱ་རྩ་བརྒྱད་དུ་སྔགས་འདི་བཟླས་པར་གསུངས་སོ། །ཨོཾ་བ་སུ་དྷ་ར་ཡེ་ཧཱུཾ། དེ་ནས་འགྲུབ་པར་འགྱུར་བའི་རྟགས། །དེ་ཉིད་གཡོ་བར་འགྱུར་བ་ཡིན། །དེ་འགྲུབ་གཏེར་ནི་རྙེད་པ་རུ། །དེ་ཡིས་ལུང་ནི་སྟོན་པར་བྱེད། །དེ་ནས་དབྱིག་ནི་མི་ཟད་པའི། །བདག་པོར་མི་དེ་ངེས་པར་འགྱུར། །ཞེས་བྱ་བ་ལ། དེ་གྲུབ་པའི་རྟགས་ནི་སྐུ་གཡོ་བའོ། །ལྷ་མོ་གྲུབ་པ་ནི་བདག་ལས་ཕྱོགས་ཆེ་གེ་མོ་འདི་ན་གཏེར་འདི་ལྟ་བུ་ཡོད་པས་ལོང་ཤིག་ཅེས་པའི་ལུང་སྟོན་པར་བྱེད་པ་ནི། །མཚན་མོའི་རྨི་ལམ་ནའོ། །དེ་ནས་བླངས་པ་ལས་དབྱིག་མི་ཟད་པའི་བདག་པོར་སྒྲུབ་པ་པོ་དེ་འགྱུར་བར་ངེས་པར་སྦྱར་རོ། །དེ་ཡང་བླ་མའི་མན་ངག་ལས་ཡིད་ཆེས་པས་སྤྱད་པར་བྱའོ། །མ་རུངས་པ་དག་སྦྱོར་གཞུག་ན། །སྦྱོར་བ་འདི་དག་ངེས་པར་བརྩམ། །ཞེས་བྱ་བ་ནི། མི་གང་དག་རྣལ་འབྱོར་བ་རྣམས་ལ་གནོད་བ་དང༌། འཚེ་བར་བྱེད་པའི་མ་རུངས་པ་རྣམས་བཟོད་པ་ལ་ཉེ་བར་སྦྱོར་བའི་ཕྱིར་འོག་ནས་འབྱུང་བའི་སྤྱོར་བ་རྣམས་བརྩམ་པར་གསུངས་སོ། །དེ་ཡི་ཀུན་གྲགས་ཉིད་དང་ནི། །ཁུ་ཆེན་བ་ལ་སོགས་པ་ལ། །སྔགས་འདི་ཡིས་ནི་འབུམ་དུ་བཟླས། །དེ་ནས་བསྙེན་པ་རྫོགས་པ་ལ། །ཡིད་ཆེན་དུང་ལ་སྦུ་གུ་ཅན། །སོར་བདུན་ཉིད་ལ་དུག་བླུགས་ཏེ། །ཞེས་པ་ལ། དེའི་ཞེས་པ་ནི་མ་རུངས་པའི་དེའི་འོ། །དེའི་ཀུན་གྲགས་ནི་འཇིག་རྟེན་བ་ཀུན་ལ་གྲགས་པ་ཆེན་པོ་ཐོབ་པ་དེ་ལ་བྱ་སྟེ། དེ་དང་ཁུ་ཆེན་འཛག་པ་དང་དེའི་རྗེས་ཀྱིས་བླངས་ལ་དེ་གསུམ་དང་དུག་བསྲེས་ནས་ཡིད་ཆེན་གྱི་དུང་སྤུ་གུ་ཅན་སོར་བདུན་བཅང་ལ། དེའི་ནང་དུ་དངོས་པོ་རྣམས་བླུགས་ཏེ། འོག་ནས་འབྱུང་བའི་སྔགས་


DTG049_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་བཟླས་པར་འབྲེལ་ཏོ། །སྐུད་པ་སྔོན་པོས་རབ་བཅིངས་ལ། །ནུབ་ཕྱོགས་དག་ཏུ་ངེས་པར་གདགས། །དེ་ཡིས་འབྱུང་བས་བསྐྱོད་པས་ན། །མི་དེ་ངེས་པར་སྨྱོ་བར་འགྱུར། །ཞེས་བྱ་བ་ལ། སྐུད་པ་སྔོན་པོ་མེ་ཏོག་བ་ལི་ཀའི་ནང་དུ་བཙོས་པས་ཡོངས་སུ་བཅིངས་ལ། ནུབ་ཕྱོགས་ངོས་སུ་ཀ་ར་བཱི་རའི་ལྕུག་མ་ལ་བཏགས་ཏེ་བཞག་པས། དངོས་པོ་དེ་འབྱུང་བ་རླུང་གིས་བསྐྱོད་པས་མི་དེ་ངེས་པར་སྨྱོ་བར་གསུངས་སོ། །སྔགས་ནི་ཨོཾ་མོ་ཧ་ཡ་ཞེས་པ་ལ་སོགས་པའོ། །མིང་རྣམས་ངེས་པར་མི་གསལ་བས། །རྡོ་རྗེ་མོ་ནི་ཡོངས་སུ་བསྒྲུབ། །ཅེས་བྱ་བ་ལ། མངོན་པར་ཤེས་པ་དང་མི་ལྡན་པས་བསྒྲུབ་པར་བྱ་བ་གཞན་ལ་མིང་མི་གསལ་བའི་ཕྱིར་རྡོ་རྗེ་མོ་སྒྲུབ་པར་འབྲེལ་ཏོ། །དེ་ཡང་ཇི་ལྟ་བུར་བསྒྲུབ་སྙམ་པ་ལ་འདི་སྐད་གསུངས་སོ། །ས་ལ་ཕྱོགས་བཞི་མཚམས་བརྒྱད་དུ། །རེའུ་མིག་བཅུ་གཉིས་བྲི་བྱས་ལ། །མ་རིག་ལ་སོགས་རྟགས་ཀྱིས་ནི། །དངོས་པོ་ཡང་དག་བྲི་བར་བྱ། །ཞེས་བྱ་བ་ལ། ས་ལ་རི་མོ་བཞི་བསྣོལ་ཏེ། ཟུར་བཞི་རུ་ཡང་རི་མོ་བཞི་བྲིས་པས་ལེའུ་ཚེ་བཅུ་གཉིས་སུ་འགྱུར་རོ། །དེ་ནས་ལེའུ་ཚེ་བཅུ་གཉིས་ལ་མ་རིག་པ་ལ་སོགས་པའི་རྟགས་རིམ་པ་ཇི་ལྟ་བ་བཞིན་དུ་ཨ་ལ་སོགས་པ་བྲིས་ལ་བརྟག་པར་གསུངས་སོ། །དེ་ནས་སྔགས་པས་རབ་བསྔགས་ལ། །བསམ་པ་རབ་ཏུ་རྫོགས་བྱས་ཏེ། །དེ་ཉིད་དངོས་པོ་གང་ཡིན་པས། །བསམ་པ་སྦྱོར་བས་མེ་ཏོག་པོར། །ཞེས་པ་ལ། བདག་སྔགས་པས་རྣམ་པར་རྒྱལ་བའི་སྔགས་ཀྱིས་མེ་ཏོག་ལ་བསྔགས་ཏེ། བཟང་ངན་གང་ཡིན་པ་སྟོན་ཅིག་པའི་བསམ་པས་རང་གི་མེ་ཏོག་བོར་བར་འབྲེལ་ཏོ། །གང་དུ་བབ་པ་དེར་གནས་ལ། །ཤེས་རབ་ཅན་གྱིས་རྣམ་དཔྱད་ནས། །བཟང་ངན་ལྟས་རྣམས་ཡོངས་སུ་བཤད། །ཅེས་བྱ་བ་ལ། རྟེན་འབྲེལ་བཅུ་གཉིས་པོ་གང་ལ་བབ་པ་དེ་ལ་བཟང་བ་དང་ངན་པའི་ལྟས་རྣམས་ཤེས་རབ་དང་ལྡན་པས་དཔྱད་ལ་བཤད་པར་བྱའོ། །རིག་པ་ལེགས་པར་སྦས་པ་ཡིས། །བ་ཡི་ལྕི་བར་རབ་གཏུམས་


DTG049_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དང་པོ་གཉིས་སུ་ཤེས་པར་བྱ། །རི་ལུ་བྱེ་བྲག་མེད་བ་ཡིས། །བཅོམ་ལྡན་སྔོན་དུ་གཞག་བྱས་ལ། །ཞེས་བྱ་བ་ལ། རིག་པ་ཞེས་བྱ་བ་ནི་བཟང་བ་དང་ངན་པའི་རིམ་པ་ལ་བྱ་སྟེ། དེའི་མིང་སུ་དང་ཧ་གཉིས་བྲིས་ལ་རམས་ཀྱིས་བཙོས་ལ་བའི་ལྕི་བའི་ནང་དུ་གཏུམས་ཏེ། གཉིས་སུ་བྱས་ནས་རི་ལུ་འདྲ་བ་མཉམ་པར་བྱས་ལ། བདེ་བར་གཤེགས་པའི་མདུན་དུ་གཞག་པར་བྱའོ། །དང་པོར་མཆོད་པ་ཡང་དག་སྦྱོར། །དམོད་དག་ཡོངས་སུ་བཙུགས་པ་ཡིས། །ཞེས་པ་ནི། དང་པོར་བདེ་བར་གཤེགས་པ་མཆོད་པ་རྣམ་པར་ལྔས་ཡང་དག་པར་མཆོད་ནས་ཕྱག་འཚལ་ཏེ། ལྟས་འདི་ངེས་པར་བསྟན་དུ་གསོལ། །ཞེས་པའི་དམོད་གཟུགས་པར་འབྲེལ་ཏོ། །ཤེས་རབ་བཅུ་གསུམ་བདག་ཉིད་ཅན། །དམར་པོ་གོས་ཀྱིས་རབ་བརྒྱན་ཏེ། །ཁྲུས་དག་བེས་པར་བྱས་པ་དང༌། །དྲི་ཡིས་ལུས་ལ་བྱུགས་བྱས་ལ། །ཞེས་པ་ནི། བུད་མེད་ཤེས་རབ་ཀྱི་བདག་ཉིད་ཡིན་པས། བུ་མོ་ལོ་བཅུ་གསུམ་ལོན་བ་ལ་གོས་དམར་ཕོས་ཡང་དག་པར་བསྐོན་པ་དང༌། དང་པོར་ཁྲུས་ལེགས་བར་བྱས་ཏེ་ཙནྡན་གྱིས་ལུས་ལ་བསྐུས་ལ་སྦྱོར་བ་བརྩམ་པར་འབྲེལ་ཏོ། །དཔྲལ་བར་ཐིག་ལེ་དམར་པོ་བསྐུ། །མེ་ཏོག་དྲི་ཞིམ་ཕྲེང་བ་ཉིད། །དེ་ཡི་ལག་ཏུ་སྦྱིན་པར་བྱ། །དེ་ཡིས་དེ་ལས་བླངས་པ་ལས། །དེ་ཉིད་དངོས་པོ་བསམ་བྱ་སྟེ། །བཟང་ངན་ལྟས་སུ་ངེས་པར་སྟོན། །ཞེས་བྱ་བ་ལ། བུ་མོའི་དཔྲལ་བ་ལ་ཐིག་ལེ་དམར་པོ་ལི་ཁྲིས་བསྐུས་ལ། མེ་ཏོག་དྲི་ཞིམ་པོ་བུ་མོའི་ལག་པར་སྦྱིན་ཏེ། བུ་མོས་ཀྱང་དེ་བདེ་བར་གཤེགས་པ་ལ་དབུལ་བར་བྱའོ། །དེ་ནས་བུ་མོ་ལ་བདག་རྣལ་འབྱོར་པས་ཚིག་ཁྱོད་ཀྱིས་གང་ཡང་རུང་བ་ཅིག་ལོང་ཤིག་པར་བརྗོད་པར་བྱའོ། །དེ་ནས་གཅིག་ཕྱེ་བས་ལས་བཟང་ངན་གང་ཡང་རུང་བ་སྟོན་པར་འགྱུར་རོ། །གཞན་ཡང་སྣ་ཚོགས་པའི་ལས་རྣམས་ཡང་དག་པར་སྤྱད་པར་གསུངས་སོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ལག་ན་རྡོ་རྗེ་བཀོད་པའི་རྒྱུད་


DTG049_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཤེས་པར་བྱའོ། །འདི་ནས་མར་ནི་སྦྱིའི་བགེགས་འདུལ་བའི་ཐབས་སྟོན་བར་ཤེས་པར་བྱའོ། །སྦྱིར་ན་སྣ་ཚོགས་གདོན་ལ་ནི། །འབར་བ་ཆེན་པོའི་སྔགས་བཟླས་ལ། །གུ་གུལ་ནག་པོའི་དུད་པ་དག །དེ་ཡི་སྣ་རུ་གཏུལ་བྱས་ལ། །ཞེས་བྱ་བ་ནི། གདོན་ཆེན་པོ་བཞི་ལས་མ་གཏོགས་པ་གདོན་བྱིན་པོ་ཐམས་ཅད་ལ་སྦྱོར་བ་འདི་ཡང་དག་པར་སྦྱར་བར་བྱའོ། །འབར་བ་ཆེན་པོ་ནི་ལག་ན་རྡོ་རྗེ་དངོས་ལ་བྱ་སྟེ། དེའི་རྩ་བའི་སྔགས་སྟོང་དུ་ཐེམ་པར་བཟླས་ལ་གུ་གུལ་ནག་པོའི་དུད་པས་ནད་པའི་སྣ་རུ་གཏུལ་བར་བྱའོ།། ཡུངས་ཀར་གུ་གུལ་མེ་ཏོག་དང༌། དེ་ཡི་སྙིང་པོ་བསྲེག་པར་བྱའོ། །དེ་ཡིས་ནད་པ་གང་ཡིན་པ། །བགེགས་དང་ངེས་པར་དབྲལ་བར་བྱ། །ཞེས་བྱ་བ་ལ། གུ་གུལ་དང་མེ་ཏོག་དང༌། ཡུངས་ཀར་གསུམ་ལ། དེ་རེ་རེ་བཞིན་དུ་བགེགས་ཐམས་ཅད་ཀྱི་སྙིང་པོ། སརྦ་བི་གྷྣཱཾ་ཧ་ན་ཧ་ན་ཧཱུཾ་ཀཿ་ཞེས་པས་སྲེག་བླུགས་སྟོང་དུ་ཚང་བར་བྱའོ། །དེས་ནད་པ་དེ་བགེགས་དང་བྲལ་བར་འགྱུར་རོ། །སྲིན་ལག་གཉིས་ལ་སྐུད་བ་ནི། །སྔོན་པོས་ཡང་དག་བསྡམས་བྱས་ལ། །སྤྱི་བོའི་སྐྲ་ལ་སྲད་བུ་གང༌། །བཅིངས་པས་སྔགས་ནི་ངེས་པར་བཟླས། །ཞེས་བྱ་བ་ལ། ནད་པའི་སྲིན་ལག་ལ་སྐུད་པ་སྔོན་པོས་ཡང་དག་པར་བཅིངས་ལ། སྲུང་བའི་འཁོར་ལོ་ཡང་གདགས་པར་བྱའོ། །དེ་ཡང་སྔགས་གོང་མས་ཡང་དག་བར་བྱ་བར་འབྱུང་ངོ༌། །ཅིའི་ཕྱིར་བྱ་ཞེས་པ་ལ་སོགས་པ་ནི་རྒྱུད་གཞན་ལས་གོ་བར་བྱའོ། །འཁྲུག་པའི་སྡེ་དག་རྒྱལ་འདོད་ན། །ཁམས་གསུམ་རྣམ་རྒྱལ་སྙིང་པོ་ཡིས། །འབུམ་དུ་བཟླས་པས་བསྙེན་པ་བྱ། །ཞེས་པ་ནི་གཡུལ་ངོ་བཟློག་པའི་ཕྱིར། ཁམས་གསུམ་རྣམ་པར་རྒྱལ་བའི་སྙིང་པོས། གི་ཝང་ལ་ཡང་དག་བར་འབུམ་དུ་བཟླས་པར་འབྲེལ་ཏོ། །དེ་ནས་ཨ་མྲ་ཏ་ཡི་ལོ་མ་ལ། །ཡུང་བས་ཡོངས་སུ་བྲི་བྱས་ལ། །གི་ཝང་གིས་ནི་རབ་ཏུ་བསྐུ། །ཞེས་པ་ནི། ཨ་མྲའི་ལོ་མ་ལ་གི་ཝང་གིས་ཡང་དག་པར་བསྐུས་ལ།


DTG049_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཡུང་བས་ཁམས་གསུམ་རྣམ་པར་རྒྱལ་བའི་སྙིང་པོ་སྟེང་དུ་བྲི་ལ། སྦྱོར་བ་བརྩམ་པར་གསུངས་སོ། །ཅོད་པན་སྤྱི་བོར་གཏུམས་བྱས་ལ། །རང་ཉིད་སྐུ་ར་བསྒོམ་བྱས་ལ། །ལག་པ་གཡས་པ་ཡུངས་ཀར་དང༌། །སྐེ་ཚེ་ཉིད་དུ་སྦྱོར་བ་ཡིས། །སྔགས་བཟླས་སྡིགས་མཛུབ་ཕྱག་རྒྱ་ཡིས། །ཡོངས་སུ་བྲིས་པས་སྡེ་རྒྱལ་འགྱུར། །ཞེས་བྱ་བ་ལ། རྣམ་པར་རྒྱལ་བའི་སྙིང་པོ་ཉིད་དམིགས་ཀྱི་སྤྱི་བོར་གཏུམས་ཏེ། རང་ཉིད་རྣམ་པར་རྒྱལ་བའི་སྐུ་རུ་བསམས་ན་སྐེ་ཆོས་དང། ཡུངས་ཀར་གཉིས་བསྲེས་ཏེ། སྔགས་བཟླས་ཞིང་སྡིགས་མཛུབ་ཀྱི་ཕྱག་རྒྱ་བཅས་པས་གཡུལ་གྱི་ཕྱོགས་སུ་རྒྱ་གྲམ་བྲི་བར་བྱ་བར་གསུངས་སོ། །དེ་ཡང་སྐེ་ཚེ་དང་ཡུངས་ཀར་གཉིས་ལ་ཡང་གང་དུ་སྔགས་བཟླས་པར་ཤེས་པར་བྱའོ། རྣལ་འབྱོར་པ་ཡི་བདག་ཉིད་ལ། །འཆི་བ་བསླུ་བར་ཡང་དག་བྱ། །ཞེས་བྱ་བ་ལ། བདག་རྣལ་འབྱོར་ལ་ཡུན་རིང་དུ་རྣལ་འབྱོར་བསྒྲུབ་པའི་ཕྱིར། དུས་མ་ཡིན་པར་འཆི་བ་བདག་གིས་བསླུ་བར་བྱའོ། །དེ་ལ་ཇི་ལྟ་བུས་འཆི་བར་འགྱུར་ཞེ་ན། བདག་གི་རྒྱུད་ལ་འཆི་ལྟས་ནི། །ཕྱི་ནང་བཅུ་གཉིས་ཡང་དག་ལྡན། །བདག་གི་བྲང་ལ་ཤ་མཚན་དག །དམར་པོ་བྱུང་བར་གྱུར་པ་ནི། །ཟླ་བ་གསུམ་ན་འཆི་བར་འགྱུར། །རིག་པའི་རྒྱལ་མོའི་སྔགས་ཀྱིས་སུ། །ཏིལ་ལ་སྲེག་བླུགས་སྟོང་དུ་ནི། །ཚང་བར་བྱས་པས་དེ་བཟློག་འགྱུར། །ཞེས་བྱ་བ་ལ། བདག་རྣལ་འབྱོར་པའི་རྒྱུད་ལ་ཕྱིའི་འཆི་ལྟས་དྲུག་དང༌། ནང་གི་འཆི་ལྟས་དྲུག་སྟེ་བཅུ་གཉིས་དང་ཡང་དག་པར་ལྡན་པར་འགྱུར་རོ། །དེ་དག་གང་ཞེ་ན་སྙམ་པ་ལ། བདག་གི་བྲང་ལ་ཤ་མཚན་དག །ཅེས་གསུངས་ཏེ། བདག་ལ་ཤ་མཚན་དམར་པོ་བྲང་གི་གཡོན་ཕྱོགས་སུ་བྱུང་བ་ན། བདག་ཟླ་བ་གསུམ་ན་འཆི་བའི་ལྟས་ཡིན་པས། །དེ་ལ་བདག་གིས་རིག་པའི་རྒྱལ་པོ་ཁྲོ་པོ་རྣམ་པར་རྒྱལ་བའི་སྔགས་


DTG049_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དད་སྦྱར་བས། དཀྱིལ་འཁོར་ལྷ་དང་བཅས་བ་བྲིས་ལ། མེ་ཏོག་དང་ཏིལ་བསྲེགས་པའི་སྲེག་བླུག་སླན་གྲངས་སྟོད་དུ་ཚང་བར་བྱ་བར་འབྲེལ་ཏོ། །དེ་ལ་ཡང་བདག་ཉིད་འཆི་བ་སླུ་བའི་སྔགས་མཐར་གདགས་ཏེ་བསམ་པ་དང་ལྡན་པས་བྱས་ལ་དེ་ངེས་པར་བཟློག་པར་འགྱུར་རོ། །དེ་དང་ཆ་མཐུན་གང་ཡིན་པས། །རྐན་ལ་འབྲུམ་བུ་གསུམ་པ་དང༌། །ལྕེ་ཡེ་རྩེ་མོར་སྨེ་བ་དང༌། རྡོ་རྗེའི་ལམ་ནས་ཁྲག་འཛག་དང༌། །འཛམ་གཉིས་དབུགས་དག་གསུམ་པ་དང༌། །རི་ཡི་རྩེ་མོར་ཤུ་བ་བྱུང། །ནང་གི་འཆི་ལྟས་ངེས་པ་སྟེ། །ཞེས་བྱ་བ་ལ། དེ་དང་ཞེས་པ་ནི་གོང་མ་དང་གཉིས་ཆ་མཐུན་པའི་འཆི་ལྟས་གསུངས་སོ། །དེ་ཡང་ཇི་ལྟ་བུ་སྙམ་པ་ལ། རྐན་ལ་འབྲུམ་བུ་གསུམ་པ་ཞེས་གསུངས་ཏེ། རྐན་གྱི་དཀྱིལ་དུ་འབྲུམ་བུ་ཡུངས་ཀར་གྱི་ཁོ་བུ་ཙམ་པ་གསུམ་ཚུལ་དུ་གནས་པའམ། ཡང་ན་གསུམ་ཚོམས་སུ་བྱུང་ན་དེ་ཡང་ནང་གི་འཆི་ལྟས་ཡིན་པ་སྟེ། འཆི་བའི་དུས་འོག་ནས་རིག་པར་བྱའོ། །དེ་བཞིན་དུ་འཆི་བ་བཟློག་པའི་ཐབས་ཀྱང་འོག་ནས་འབྱུང་བས་རིག་པར་བྱའོ། །གཞན་ཡང་ལྕེའི་རྩེ་མོ་ལ་སྨེ་བ་ནག་པོ་མེ་ཏོག་དུ་རུ་ཀའི་སྙིང་པོ་ཙམ་བྱུང་ན། དེ་ཡང་ནང་གི་འཆི་ལྟས་སུ་རིག་པར་བྱ་སྟེ། དུས་དང་བཟློག་པ་ནི་གོང་མ་བཞིན་ནོ། །ཡང་བདག་གི་གསང་པའི་རྡོ་རྗེའི་ལམ་ནས་མར་ཁྲག་འཛག་པའམ། ཆུ་སེར་པོ་གུར་གུམ་གྱི་ཁུ་བ་ལྟ་བུ་བྱུང་ན། དེ་ཡང་ནང་གི་འཆི་ལྟས་སུ་རིག་པར་བྱའོ། །དུས་དང་བཟློག་པ་ནི་གོང་མ་བཞིན་ནོ། །ཡང་བདག་གི་ལུས་ལ་དུས་མཉམ་པར་འཛག་པ་གཉིས་དང་དབུགས་གཅིག་སྟེ། གསུམ་དུ་བྱུང་བ་དེ་ཡང་ནང་གི་འཆི་ལྟས་སུ་རིག་པར་བྱའོ། །ཡང་བདག་གི་རིའི་རྩེ་མོ་རུ་ཤུ་བ་མདོག་སྔོ་བ་ཟར་མའི་མེ་ཏོག་ལྟ་བུ་བྱུང་བ་ནི། །དེ་ཡང་ནང་གི་འཆི་ལྟས་སུ་རིག་པར་བྱའོ། །དེ་ཡོད་པ་དང་བསྒྲུབ་ཅེས་པ་གསུངས་ཏེ། དེ་ཡང་བཟློག་པའི་ཐབས་སུ་གསུངས་སོ།།


DTG049_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་དང་འབྲུག་དང་བྱི་ལ་དང༌། །རྩངས་པ་བྱ་གག་ནག་པོ་རུ། །ཡོངས་སུ་སྦྱོར་བས་རིག་པ་བཟླས། །གི་ཝང་འུག་པ་རུས་སྦལ་དང༌། ཙམ་པ་ག་དང་ཨུཏྤལ་དང༌། །སེང་ལྡེང་འབྲས་བུ་གང་ཡིན་པ། །འུག་པའི་སྒྲོ་ལ་སྦྱོར་བར་བྱ། །ཞེས་བྱ་བ་ནི། སྨན་དང་སྔགས་ཀྱི་སྦྱོར་བས་འཆི་བའི་ལྟས་བཟློག་པར་གསུངས་སོ། །ད་ནི་ཕྱིའི་འཆི་ལྟས་ཡང་དག་པར་སྟོན་ཏེ། བྱ་རོག་མཁའ་ལ་འཕུར་བ་ཡི། །དཀར་པོས་བདག་ལ་ཕོག་པ་ན། །ཕྱི་ཡི་འཆི་ལྟས་ཡིན་པ་སྟེ། །གང་དུ་གྲགས་པའི་སར་སོང་སྟེ། །རིག་པ་ལ་སོགས་སྦྱོར་བ་ཡི། །ཡོངས་སུ་བཟློག་པར་བྱ་བ་ཡིན། །ཞེས་བྱ་བ་ལ། བྱ་རོག་ནམ་མཁའ་ལ་འཕུར་བའི་བྱ་ཐལ་དཀར་པོས་བདག་གི་ལུས་གང་ཡང་རུང་བ་ལ་ཕོག་པར་གྱུར་ན་ཕྱིའི་འཆི་བའི་རྟགས་ཡིན་པས། གོང་དུ་ཕོག་པའི་མི་ལ་གྲགས་པའི་སར་སོང་ལ་སྔགས་དང་སྨན་དང་དགེ་བ་ལ་སྦྱོར་བས་ཡོངས་སུ་བཟློག་པར་བྱའོ། །དེའི་འཆི་ལྟས་སུ་བབས་ནས་དུས་ངེས་པ་ནི་འོག་ནས་རིག་པར་བྱའོ། །གཞན་ཡང་ཕྱིའི་འཆི་ལྟས་རྣམས་འདི་ལྟར་གོ་བར་བྱའོ། །ནམ་མཁའ་ལ་སྣ་ལྔ་མཐང་བ་དང༌། ཆུ་ལ་མི་གཟུགས་མཐོང་གྱུར་པ། །ཤིན་ཏུ་སྡིག་པའི་ལྟས་སུ་བསྟན། །རྨི་ལམ་ན་ནི་སྟག་ལ་ཞོན། །མཆོད་སྡོང་ཉིད་ལ་འཛེག་པ་དང༌། །སེང་གེའི་ཁར་ནི་ཞུགས་རྨི་དང༌། །ཡོངས་སུ་སྡིག་པའི་ལྟས་ཡིན་པས། །ཞེས་བྱ་བ་ལ། མཁའ་ལ་སྣ་ལྔ་ནི། ནམ་མཁའ་ལ་འཇའ་ཚོན་ཁ་དོག་སྣ་ལྔའི་ཉི་མ་ཕྱེད་ན་མཐོང་བ་དང༌། ཆུའི་ནང་ན་མིའི་གཟུགས་མཐོང་བ་དང༌། རྨི་ལམ་དུ་རང་སྟག་ལ་ཞོན་པ་རྨི་བ་དང༌། པདྨ་ལ་སོགས་པའི་མཆོད་སྡོང་ལ་འཛེག་པ་རྨི་བ་དང༌། རང་གི་ལུས་པོ་སེང་གེའི་ཁར་ཞུགས་པར་རྨི་བ་རྣམས་ཡོངས་སུ་སྡིག་པའི་འཆི་ལྟས་སུ་ངེས་པར་ཡིན་པར་རིག་པར་བྱའོ། །དེ་ལ་འཆི་བའི་དུས་ངེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ལྟར་ཤེས་པར་བྱའོ། །ལོགས་ཤིང་སོར་མོ་རྩེ་གསུམ་དང༌། །བསེ་རུ་ཕྱོགས་དང་ཀུནདའི་འདབ། །ཡོན་ཏན་རྒྱ་མཚོ་མཚན་བཟངས་དང༌། །སྐྱེ་མཆེད་འཕགས་ལམ་ཆུ་སྲིན་སོ། །ལོ་གསུམ་ཞག་བཞི་ཟླ་བ་ལྔ། །མི་དེ་ངེས་པར་འཆི་བ་ཡིན། །ཞེས་བྱ་བ་ལ། ལོགས་ཤིང་དང༌། བསེ་རུ་དང༌། ཆུ་སྲིན་གྱི་སོ་རྣམ་པ་གསུམ་ནི་ལོ་རུ་ཤེས་པར་བྱའོ། །མཚན་བཟངས་དང༌། སྐྱེ་མཆེད་དང༌། སོར་མོ་དང༌། ཕྱོགས་རྣམ་པ་བཞི་ནི་ཞག་ཏུ་རིག་པར་བྱའོ། །རྩེ་གསུམ་དང་ཀུནདའི་འདབ་མ་དང༌། འཕགས་པའི་ལམ་དང༌། ཡོན་ཏན་དང༌། རྒྱ་མཚོ་རྣམ་པ་ལྔ་ནི་ཟླ་


DTG049_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤེས་པར་བྱའོ། །དེ་ལྟར་སྔགས་པ་བློ་དང་ལྡན་པས། བླ་མའི་ངག་ལས་ཡང་དག་པར་ཤེས་པར་བྱས་ལ། མཉམ་པར་གཞག་པས་དུས་ཐམས་ཅད་དུ་བརྟག་པར་བྱའོ། །དེ་ནས་རྟོག་པ་དང༌། བདག་གིས་སྲུང་བའི་འཁོར་ལོ་བསམ་པ་དང༌། འཆི་བ་བཟློག་པའི་ཐབས་གང་ལ་གང་གིས་བཟློག་པ་ནི་འདི་ལས་ཤེས་པར་བྱའོ། །རིག་པའི་རྒྱལ་པོ་བདུད་རྩི་འཁྱིལ། །རྟེན་འབྲེལ་ཡི་གེ་བརྒྱ་པ་ཡི། །སྔགས་ཀྱིས་སྨན་ལ་བསྲུང་བར་བྱ། །ཁམས་གསུམ་རྣམ་རྒྱལ་འཇིག་རྟེན་མགོན། །དེ་དག་གི་ནི་སྙིང་པོ་ཡིས། །སྟག་སོགས་གསོབ་ལ་ངེས་པར་བཟླས། །རྨ་བྱ་ཆེན་མོའི་སྔགས་དག་གིས། །འུག་པའི་སྒྲོ་སྕོགྶ་ངེས་པར་བསྔགས། །ཕྱག་ན་རྡོ་རྗེ་འཇམ་དབྱངས་དང༌། །སྟོབས་ཆེན་ཁྲོ་བོ་གང་དག་གི །སྔགས་ཆེན་སེང་ལྡེང་འུག་སྒྲོ་དང༌། །ཀུ་ཤ་བྱི་ལ་ལ་སོགས་པའི། །གསོ་བ་ལ་སོགས་པས་ཡོངས་སུ་བཟློག །གཏོར་མ་སྦྱིན་སྲེག་ལས་ཀྱིས་ནི། །ཡོངས་སུ་བཟློག་པར་བྱ་བ་ཡིན། །ཞེས་བྱ་བ་ལ། རིག་པའི་རྒྱལ་མོ་སོ་སོར་འབྲང་མའི་སྔགས་ནི། །ཨོཾ་མུ་ནི་མུ་ནི། བི་མུ་ནི་བི་མུ་ནི། དྷ་རི་ཙ་ལ་ཙ་ལ་ནི་བྷ་ག་བ་ཏི་བྷ་ཡ་བི་ག་ཏེ། བྷ་ཡ་ཧ་རི་ཎི། བོ་དྷི་བོ་དྷི། བོ་དྷ་ཡ་བོ་དྷ་ཡ། བུདྡྷི་ལི་བུདྡྷི་ལི། །ཙུཾ་བུ་ལི་ཙུཾ་བུ་ལི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་དུཥྚེ་ཤེ་སྭཱ་ཧཱ། ཨོཾ་མུ་ནི་མུ་ནི་མུ་ནི། བ་རེ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨདྷིཥྛཱ་ན་ཡ་ཨདྷིཥྛི་ཏེ་བཛྲ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སྨན་ག་པུར་དང༌། ཛཱ་ཏི་ཕ་ལ་དང༌། གུར་ཀུམ་གསུམ་སྲང་ལྔ་ལྔ་ཆ་བསྙམས་ལ། ཞག་གི་དང་པོ་ལ་སྔགས་འབུམ་དུའམ། ཡང་ན་སྟོང་ངམ། ཡང་ན་ཁྲི་བཟླས་པས་བདག་ཉིད་བཏུང་བར་བྱས་པས་ལོ་དང་པོའི་འཆི་བ་བཟློག་པར་གསུངས་སོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་གོང་མས་ཙམ་པ་ཀ་དང་ཨུཏྤ་ལ་ལ་ལན་གྲངས་སྟོང་དུ་བཟླས་ནས་ས་གཙང་སར་བོར་ན། ཟླ་བ་དང་པོའི་འཆི་བ་བཟློག་པར་འགྱུར་རོ། །རྟེན་འབྲེལ་གྱི་སྙིང་པོ་ཡེ་དྷརྨཱ་ཞེས་བྱ་བས། གི་ཝང་ལ་ལན་སྟོང་དུ་བསྔགས་ནས་དཔྲལ་བར་ཐིག་ལེ་བྱས་ན། ལོ་བར་མའི་འཆི་བ་བཟློག་པར་བྱའོ། །ཡི་གེ་བརྒྱ་པའི་སྔགས་ཀྱིས་སེང་ལྡེང་གི་ལྕུག་མ་ལ་ལན་སྟོང་དུ་བཟླས་པས། ས་ལ་ལན་གསུམ་དུ་བརྡབས་པས་ལོ་ཐ་མའི་འཆི་བ་བཟློག་པར་འགྱུར་རོ། །འཇིག་རྟེན་མགོན་གྱི་སྙིང་པོ་ནི། །ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ལ་སོགས་པས། སྟག་གི་གསོབ་ལ་ལན་སྟོང་དུ་བཟླས་པས། ཆུའི་ནང་


DTG049_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྐྱུར་བས་ཟླ་བ་གཉིས་པའི་འཆི་བ་བཟློག་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་སྙིང་པོ་གོང་ནས་འབྱུང་བའི་ཨོཾ་ཙཎྜ་མ་ཧཱ་ཞེས་པའི་སྔགས་ཀྱིས་འབྲུག་གི་གསོབ་ལ་ལན་སྟོང་དུ་བཟླས་ཏེ། མེའི་ནང་དུ་བསྲེགས་པས་ཟླ་བ་གསུམ་པའི་འཆི་བ་བཟློག་པར་འགྱུར་རོ། །འཇམ་དབྱངས་ཀྱི་སྔགས་ཡི་གེ་འབྲུག་གཅིག་པས་བྱི་ལའི་གསོལ་ལ་ལན་སྟོང་དུ་བཟླས་ནས་སའི་འོག་ཏུ་བཅུག་པས་ཟླ་བ་བཞི་པའི་འཆི་བ་བཟློག་པར་འགྱུར་རོ། །ཁྲོ་བོ་སྟོབས་པོ་ཆེའི་སྙིང་པོ་ཨོཾ་མ་ཧཱ་བ་ལ་རུ་རུ་པ་ར་ཧ་ར་ཡ་བ་ཏི་ཕཊ་ཅེས་བྱ་བའི་སྔགས་སྟོང་དུ་བཟླས་ལ་བྱ་གག་ནག་པོའི་གསོབ་ལ་སྔགས་བཏབ་སྟེ་མེའི་ནང་དུ་བོར་བས་ཟླ་བ་ལྔ་པའི་འཆི་བ་བཟློག་པར་འགྱུར་རོ། །ཞག་དང་པོ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་སྦྱོར་བས་འཆི་བ་བཟློག་པར་བྱའོ། །ཞག་གཉིས་པའི་འཆི་བ་བཟློག་པ་ནི་རུས་སྦལ་དང་འུག་པའི་སྒྲོ་ལ་རྨ་བྱ་ཆེན་མོའི་སྔགས། ཨོཾ་མ་ཧཱ་མ་ཡཱུ་རི་རཀྵ་པ་ཡ་ནི་མེ་གྷུ་པུ་ཏི་བ་བི་ཤཱནྟི་ཡ་ཧཱུཾ། ཞེས་པས་བསྔགས་ལ་ལུས་ལ་བྱབས་ཏེ། ཆུ་མིག་ཏུ་བོར་བས་བཟློག་པར་འགྱུར་རོ། །ཞག་གསུམ་པའི་འཆི་བ་ནི་གཏོར་མ་འབྱུང་པོ་ཐམས་ཅད་ལ་ལན་བརྒྱ་རྩ་བརྒྱད་བཏང་བས་བཟློག་པར་བྱའོ། །ཞག་བཞི་པའི་འཆི་བ་ནི་ཞི་བའི་སྦྱིན་སྲེག་ཉི་ཤུ་རྩ་གཅིག་བྱས་པས་འཆི་བ་བཟློག་པར་བྱའོ། །དེ་ཡང་རྣལ་འབྱོར་པས་ལུས་ངག་ཡིད་གསུམ་རང་གི་རྒྱུད་ལ་ནད་དང་སྡུག་བསྔལ་ལ་སོགས་པ་མི་འོང་བ་དང༌། དུས་མ་ཡིན་པར་འཆི་བ་རྣམས་བཟློག་པའི་ཕྱིར་གོང་མའི་སྦྱོར་བ་རྣམས་ཡང་དག་པར་བསྙེན་པ་དང༌། ལས་སྣ་ཚོགས་སུ་གང་གིས་གང་ལ་བསྲུང་བ་དང༌། སྦྱོར་བ་ཐམས་ཅད་ལ་མཆོད་པ་རྣམ་པ་ལྔའི་དངོས་པོས་མཆོད་པར་བྱའོ། །སྐྱབས་སུ་གསོལ་བ་ལ་སོགས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ངེས་པར་སྤྱད་པར་བྱའོ། །ཤིན་ཏུ་དཔའ་དང་དད་པར་ལྡན། །ཤེས་རབ་ཆེ་དང་ཐོས་པ་བསགས། །བླ་མ་ལ་གུས་གཏོང་བ་ཕོད། །ལྟུང་བས་མ་གོས་གཅང་མ་ལ། །ཞེས་བྱ་བ་ལ། འདི་ནས་མར་ལ་སློབ་མའི་རྒྱུད་བརྟག་པར་གསུངས་ཏེ། དེ་ཡང་འདིས་ཡང་དག་པར་ཤེས་པར་བྱའོ། །ཤིན་ཏུ་སྤྱོད་པ་ལ་སོགས་པ་ཐམས་ཅད་ལ་ཞུམ་པ་མེད་པར་དཔའ་བ་དང༌། ཆོས་ལ་དད་པ་དྲག་པོ་ཡུན་རིང་བར་གནས་པ་དང༌། ཤེས་རབ་ཆེ་བ་ལ་བསྟན་བཅོས་ལ་སོགས་པ་ཐོས་པ་སྣ་ཚོགས་པ་


DTG049_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པ་དང༌། བླ་མ་ལ་ལྷག་པར་གུས་པ་ལ་སྦྱིན་པ་གཏོང་ཕོད་པ་དང༌། གསང་སྔགས་ཀྱིའམ། བྱང་ཆུབ་སེམས་དཔའ་འམ། ཉན་ཐོས་ཀྱི་ལྟུང་བ་རྣམ་པ་གསུམ་གྱིས་མ་གོས་པ་ནི་སློབ་མ་སྣོད་དང་ལྡན་པ་ཡིན་པས་ན་དེ་ལ་བདག་གིས་སྦྱོར་བ་འདི་ལྟ་བུས་ཡོངས་སུ་སྦྱང་བར་བྱའོ། །དེ་ཡང་གང་ཞེ་ན་སྙམ་པ་ལ་འདི་སྐད་གསུངས་ཏེ། རིམ་པ་བཞིན་དུ་དབང་བསྐུར་ནས། །ཚོགས་ཀྱི་འཁོར་ལོ་ལྔ་བསྐོར་ནས། །ཤེས་རབ་ལྡན་ལ་བསྟན་བྱ་ཡི། །གསང་བ་དྲག་པོའི་རྒྱུད་རྒྱལ་འདི། །གཞན་ལ་བཤད་པར་བྱ་བ་མིན། །ཞེས་བྱ་བ་ལ། བུམ་པ་ལ་སོགས་པའི་དབང་རིམ་པ་བཞིན་དུ་བསྐུར་ནས་བསོད་ནམས་ཀྱི་ཚོགས་བསག་པ་དང༌། སྡིག་པ་སྦྱང་བའི་ཕྱིར་ཚོགས་ཀྱི་འཁོར་ལོ་རིམ་པ་ལྔ་རུ་ཡང་དག་པར་བྱས་ལ། ཤེས་རབ་དང་ལྡན་པ་ལ་གསང་བ་དྲག་པོའི་རྒྱུད་ཀྱི་རྒྱལ་པོ་འདི་བསྟན་པར་བྱའི་དེ་རྣམས་དང་མི་ལྡན་པ་ལ་ནི་བཤད་པར་མི་བྱའོ། །གསང་བའི་བདག་པོ་ཁྱོད་ཀྱིས་ནི།། ཕན་དང་གནོད་བྱ་གང་ཡིན་ལ། །རིམ་པ་བཞིན་དུ་ཤེས་པ་ཡིས། །ལེགས་པར་སྤ་དང་བཤད་པ་ཡིན། །ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་གསང་བ་རྣམ་པ་གསུམ་གྱི་བདག་པོ་ནན་ཏན་དུ་ཡང་དག་པར་གསུངས་ཏེ་གཏད་པའོ། །དེ་ལ་ཁྱོད་ཀྱིས་ཕན་པ་སེམས་ཅན་ཐམས་ཅད་ལ་རྒྱུད་སྦྱང་བའི་ཕྱིར་ལེགས་པར་བཤད་པར་སྦྱར་རོ། །གང་ཟག་སྣོད་དང་མི་ལྡན་པ་ལ་ནི་སྤ་བར་བྱའོ། །དེ་ཡང་རིམ་པར་བརྟག་པར་བྱ་བར་འབྲེལ་ཏོ། །གནས་སྐབས་དུ་མར་རབ་ལྡན་ཞིང༌། །ཀུན་ལ་ངེས་པར་ཞུགས་པ་ཡིས། །རྒྱུད་འདི་ལ་ནི་ངེས་པར་བརྟག །ཅེས་པ་ནི་གནས་སྐབས་དུ་མར་ནི་ཕན་པར་བྱ་བ་དང༌། གནོད་པར་བྱ་བའི་ལས་ལ་སོགས་པ་ལ་དབང་བསྐུར་བ་ལ། ངེས་པར་ཞུགས་པས་རྒྱུད་འདི་ལ་གཞུག་པར་གསུངས་སོ། །རྒྱུད་འདི་གང་ན་གནས་པ་ན། །ཕྱོགས་དེ་ན་ནི་གདུག་པ་རྣམས། །རིང་དུ་བསྲིངས་པས་གནས་མི་བྱེད། །གལ་ཏེ་གནས་པར་བྱེད་པ་ན། །དེ་རྣམས་ཀུན་གྱི་རྒྱུད་ཚིག་འགྱུར། །ཞེས་པ་ལ། རྒྱུད་འདི་གང་ན་གནས་པ་ན་གདུག་པ་ཐམས་ཅད་གནས་པར་མི་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དྲག་པོའི་སྦྱོར་བ་གསུངས་པས་གདུག་པ་རྣམས་གལ་ཏེ་གནས་ན་གདུག་པ་རྣམས་ཀྱི་རྒྱུད་ཚིག་པར་འགྱུར་བའོ། །དྲག་པོའི་རྒྱུད་ཀྱི་རྒྱལ་པོ་


DTG049_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གང་ཞིག་གུས་པར་གྱུར་པ་དེས། །དུག་གསུམ་སྐུ་ལ་རབ་རྒྱས་ཏེ། །བཙུན་མོའི་བྷ་ག་ལ་གནས་ནས། །ཉོན་མོངས་འཁོར་གྱིས་རབ་བསྐོར་ཏེ། །བདེ་བ་ཆེན་པོའི་རོལ་པས་གནས། །ཞེས་བྱ་བ་དང༌། དྲག་པོའི་ཆོས་སྟོན་པས་དྲག་པོའོ། །དེ་རྒྱུད་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་རྒྱུད་ཀྱི་རྒྱལ་པོ་སྟེ། དེ་ལ་གང་ཞིག་གུས་པའམ་སྒྲུབ་པ་དེས་འདོད་ཆགས་ལ་སོགས་པ་དུག་གསུམ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་གསུམ་དུ་རྒྱས་ནས་བཙུན་མོའི་བྷ་ག་ནི་སྟོང་པ་ཉིད་དེ། དེ་ལ་གནས་ཏེ་ཉོན་མོངས་པ་གཞན་རྣམས་རང་གི་རྒྱུད་ལ་ཡེ་ཤེས་ཕྲ་མོ་རུ་གྱུར་ནས་གནས་པ་ནི་བསྐོར་བར་འབྲེལ་ཏོ། །དེ་བས་ན་བདེ་བ་ཆེན་པོའི་རོལ་པས་སྟོང་པ་ཉིད་ལ་གནས་པའོ། །ལག་ན་རྡོ་རྗེ་དེ་ཉིད་དུ། །སྐད་ཅིག་ཙམ་གྱིས་བསྐོར་བ་ནི། །འབུམ་ཕྲག་དུ་མས་རབ་བསྐོར་ནས། །བདེ་བར་གཤེགས་ལ་འདི་སྐད་གསོལ། །བདག་གིས་རྒྱུད་ཀྱི་རྒྱལ་པོ་འདི། །ངེས་པའི་དོན་དང་རབ་སྦྱོར་ནས། །གསང་བ་ཉིད་དུ་སྦ་བར་བགྱི། །ཞེས་བྱ་བ་ལ། ལག་ན་རྡོ་རྗེས་ཞབས་གཅིག་པའི་གོམ་པས་སྐད་ཅིག་ཙམ་གྱིས་བདེ་བར་གཤེགས་པ་ལ་བསྐོར་བ་ལན་འབུམ་བྱས་ནས་བདེ་བར་གཤེགས་པས་བཀའ་སྩལ་པ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་འདི་ངེས་པའི་དོན་བཀའ་སྩལ་པ་བཞིན་དུ་གསང་བར་སྤ་བར་བགྱི་ཞེས་གནང་བ་བླངས་པར་སྦྱར་རོ། །བདག་གི་རྒྱུད་ཀྱི་རྒྱལ་པོ་གང༌། །དྲག་པོའི་འགྲེལ་པ་འདི་བྱས་པའི། །བསོད་ནམས་རྒྱ་ཆེན་གང་ཐོབ་དེས། །སྐྱེ་བ་བཞིས་བསྡུས་སེམས་ཅན་རྣམས། །ཀུན་རྫོབ་དོན་དམ་རིམ་ཞུགས་ལ། །ཐབས་དང་ཤེས་རབ་མཉམ་སྦྱར་བས། །ཕྱི་ནང་བགེགས་གཉིས་རྣམ་བསལ་ཏེ། །མྱུར་དུ་རྡོ་རྗེ་འཛིན་པར་ཤོག །སློབ་དཔོན་ཆེན་པོ་འཕགས་པ་ཕྱག་ན་རྡོ་རྗེའི་དངོས་གྲུབ་བརྙེས་པ་དེའི་སྐུར་སྤྲུལ་ནུས་པ་ཕྱག་ན་རྡོ་རྗེས་མཛད་པ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །


previousཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་འགྲེལ་པ་ཞེས་བྱ་བ། ཕྱག་ན་རྡོ་རྗེ།next