Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྒོམ་རིམ་དྲུག་པ་ཞེས་བྱ་བ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྒོམ་རིམ་དྲུག་པ་ཞེས་བྱ་བ།next

བསྒོམ་རིམ་དྲུག་པ་ཞེས་བྱ་བ།


DTG052_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བྷཱ་ཝ་ན་ཀྲ་མ་ཥ་ཊ་ནཱ་མ། བོད་སྐད་དུ། བསྒོམ་རིམ་དྲུག་པ་ཞེས་བྱ་བ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དང་པོ་ཐུགས་བརྩེ་བླ་མ་སྟེ། །བླ་མའི་མཚན་ཉིད་བརྟག་པར་བྱ། །རྗེས་སུ་བཟུང་བ་སློབ་མ་སྟེ། །བླ་མས་ཀྱང་ནི་དེ་བཞིན་བཏགས། །མཚན་ཉིད་ཀུན་ལྡན་བླ་མ་ལ། །སྒོ་གསུམ་གུས་དང་དངོས་པོ་ཡིས། །ཞེན་པ་མེད་པར་མཆོད་བྱས་ལ། །ཁྱིམ་པའི་གནས་སམ་དུར་ཁྲོད་དམ། །ཤིང་གཅིག་ཅི་བདེའི་ས་ཕྱོགས་སུ། །ཆོ་གའི་རིམ་པ་བརྩམ་བྱ་ཞིང༌། །འཇམ་པའི་སྟན་ལ་འཁྲུལ་འཁོར་བཅས། །བར་ཆོད་བསལ་ཕྱིར་གོ་ཆ་བགོ །ཚོགས་ཆེན་རྣམ་གཉིས་བསགས་པའི་ཕྱིར། །བླ་མ་


DTG052_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་རྗེས་དྲན་བྱ། །དབང་པོ་གཉིས་ཀྱི་བྱེ་བྲག་གིས། །དང་པོ་ལྟ་བ་ཐག་བཅད་དེ། །ཏིང་འཛིན་ངོ་བོ་བརྟག་པར་བྱ། །རྟོགས་ཐོབ་དུས་མཉམ་བྱུང་མ་བྱུང༌། །རང་དང་བླ་མའི་ཉམས་ལས་ཤེས། །ཕྱི་རོལ་སྤྱོད་པ་དེ་བཞིན་ཤེས། །མ་བྱུང་རིགས་པ་ཉམས་སུ་བླངས། །རོ་སྙོམས་བཞི་ལ་རིམ་གྱིས་བསླབ། །ཡང་ན་ལུས་ངག་ཡིད་གསུམ་སྦྱངས། །ཐ་མ་འགྲོ་སར་གཏང་བར་བྱ། །གལ་ཏེ་དུས་མཉམ་བྱུང་བ་ན། །གཞི་དང་ལམ་དང་འབྲས་བུ་གསུམ། །བརྡ་ཡིས་ཕྱེ་ལ་དོན་དུ་དྲིལ། །གཞི་གཏན་ལ་འབེབས་པའི་ཆོས་དྲུག་དང༌། །གཞི་སྨིན་པར་བྱ་བའི་ཆོས་གསུམ་དང༌། །གཞི་འགྲོལ་བར་བྱེད་པའི་ཆོས་གསུམ་སྟེ། །གཞི་ལ་བརྡ་ཆོས་བཅུ་གཉིས་བསྟན། །ལམ་ལ་ཉེ་དང་རིང་བ་དང༌། །ཉེ་རིང་མེད་པའི་ལམ་དང་གསུམ། །རེ་རེ་ལ་ཡང་ལྔ་ལྔར་བརྟག །ལྔ་གསུམ་བཅོ་ལྔ་ལམ་གྱི་ཆོས། །འབྲས་བུའི་མཚན་ཉིད་བསྟན་པ་ཡང༌། །སྐུ་བཞི་རྒྱུན་ཆད་མེད་པ་ལ། །ངོ་བོ་བསམ་བརྗོད་བྲལ་བ་སྟེ། །གདགས་བྱ་སྣ་ཚོགས་མི་འགག་སྟེ། །ཡིད་བཞིན་ནོར་བུ་བུམ་པ་བཟང༌། །དཔག་བསམ་ཤིང་ཆེན་ལྟ་བུའོ། །བསྒོམ་རིམ་དྲུག་པ་ཞེས་བྱ་བ། སངས་རྒྱས་གཉིས་པ་ལྟར་གྲགས་པའི་བཛྲ་པཱ་ཎི་ས་མཛད་པ་རྫོགས་སོ།། །། ལོ་ཙཱ་བ་ནག་ཚོས་བསྒྱུར་བའོ།།


previousབསྒོམ་རིམ་དྲུག་པ་ཞེས་བྱ་བ།next