Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གཉིས་པ།


   
   
   
   
   
   
དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ། སྐྱེ་མེད་བདེ་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ།སྐྱེ་མེད་བདེ་ཆེན།next

དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ།
སྐྱེ་མེད་བདེ་ཆེན།


DTG052_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ནཱ་མ་ཙཱ་ཪྻ་གཱི་ཏི་ཨརྠ་པྲ་དཱི་པ་ནཱ་མ་ཊཱི་ཀཱ། བོད་སྐད་དུ། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྟོག་མེད་སྤྲོས་བྲལ་བདེ་བ་ཆེན་པོའི་དབྱིངས། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ངང༌། །རྐྱེན་བྲལ་རྣམ་གསུམ་སྐུ་གསུམ་ལྷུན་གྲུབ་པའི། །དོན་སྟོན་བླ་མ་གོང་མ་རྣམས་ལ་འདུད། །དོན་དམ་སྤྲོས་བྲལ་སྐུ་བཞིས་བདུད་བཞི་འཇོམས། །ཐིག་ལེ་གསུམ་གྱིས་སྐུ་གསུམ་ངོ་སྤྲད་པའི། །དྲན་མེད་གཉིས་ཀྱིས་བདེན་གཉིས་གཏན་ལ་འབེབས། །ཟབ་མོའི་དོན་སྟོན་དོ་ཧའི་དོན་འགྲེལ་འདི། །རྐྱེན་གསུམ་བྲལ་བའི་བླ་མ་གོང་མ་དང༌། །བརྒྱུད་པ་དང་ལྡན་སྙིང་པོའི་དོན་རྟོགས་ལ། །བདག་གིས་གདམས་པ་འདི་བརྩམ་མི་རིགས་ཏེ། །བདག་འདྲ་བློ་དམན་སྐྱེ་བོའི་དོན་དུ་རྩོམ། །


DTG052_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་རྣམས་རྩ་བའི་རྗེས་ལ་འགྲེལ་པས་འཆད། །བདག་ལུགས་གདམས་ངག་རྗེས་ལ་རྩབས་འཆིང༌། །བཀའ་རྒྱུད་ལུང་རྣམས་བྲིས་པས་རྫོགས་མེད་པས། །ལུང་དང་མི་འགལ་བླ་མའི་གདམས་ངག་བྲི།། །།རྒྱལ་བའི་མཆོད་གནས་བྲམ་ཟེ་ཆེན་པོ་དེ། །སྣོད་དང་ལྡན་པས་མཁའ་འགྲོས་བྱིན་གྱིས་བརླབས། །སྤྱོད་པ་མཛད་པས་བརྡ་དོན་ཐུགས་སུ་ཆུད། །མཚན་ཉིད་རྟོགས་པས་མདའ་མཁན་མོ་དང་འགྲོགས། །དོན་ལ་མ་དགོངས་རྒྱལ་པོས་བཀའ་བཀྱོན་མཛད། །ཚིག་དོན་བཞི་བཅུའི་ལན་ལ་མགུར་བཞེངས་པའི། །ཆོས་སྐུ་གཙོར་སྟོན་རཱ་ཛའི་དོ་ཧ་ལས། །མཚོན་བྱེད་དཔེ་ཡིས་མཚོན་བྱ་སྐུ་བཞི་སྟོན། །བསྡུས་པའི་དོན་ནི་ཉི་ཤུ་རྩ་གསུམ་གྱིས། །གཞུང་གི་དོན་རྣམས་མདོར་བསྡུས་གསལ་བར་བྱེད། །གཞུང་གི་ཚད་ནི་ཚིགས་བཅད་བཞི་བཅུ་ཡིན། །ཚིག་རྐང་བཞི་བཞིས་འབྲུ་དོན་གསལ་བར་བྱེད།། །།དེ་ལ་རེ་ཞིག་རྒྱལ་པོའི་དོན་དུ་མགུར་དུ་བཞེངས་པའི་ཚིགས་སུ་བཅད་པ་བཞི་བཅུ་པ་འདི་ལ་དོན་རྣམ་པ་གཉིས་ཏེ། དང་པོ་བྲམ་ཟེ་ཆེན་པོའི་ཐུགས་དམ་ལ་ཕྱག་འཚལ་བ་དང༌། དེའི་གཞུང་རྣམས་གསལ་བར་བསྟན་པའོ། །དེ་ཡང་བྲམ་ཟེ་ཆེན་པོའི་ཐུགས་དམ་ནི་བདུད་བཞི་འཇོམས་པའི་སྐུ་བཞི་ཡིན་ཏེ། དེ་ལ་བདུད་བཞི་ནི་ཕུང་པོའི་བདུད་དང༌། ཉོན་མོངས་པའི་བདུད་དང༌། འཆི་བདག་གི་བདུད་དང༌། ལྷའི་བུའི་བདུད་དོ། །དེ་ལ་ཕུང་པོའི་བདུད་ནི། ཕ་མ་གཉིས་ཀྱི་ཐིག་ལེ་དཀར་དམར་ལས། རྣམ་པར་ཤེས་པ་ཨའི་ཚུལ་དུ་ཞུགས་ནས་ཕུང་པོ་གྲུབ་པ་ནི་ཕུང་པོ་ཞེས་བྱ་ལ། ཕུང་པོ་དེས་སྡུག་བསྔལ་གྱི་རྣམ་པ་མང་པོ་ཉམས་སུ་མྱོང་བ་ནི་བདུད་ཅེས་བྱའོ། །སྡུག་བསྔལ་གྱི་དབང་དུ་ཕུང་པོ་གྱུར་པས་སྟོབས་ཆེ་བའོ། །དེ་འཇོམས་པར་བྱེད་པ་ནི། ཕ་མ་གཉིས་ཀྱི་ཐིག་ལེ་དཀར་དམར་གཉིས་ནི་རྐྱེན་གྱིས་བསྐྱེད་པ་ཡིན་ལ། དེ་ལ་རྣམ་ཤེས་ཨར་ཞུགས་པ་ནི། མ་སྐྱེ་བ་མེད་པ་ལས་རྐྱེན་སྣང་གི་ཕུང་པོར་གྲུབ་ཀྱང༌། ཕུང་པོ་ཉིད་མེད་བཞིན་དུ་སྤྲུལ་པས་སྒྱུ་མ་ཡིན་པའི་ཕྱིར་སྒྱུ་


DTG052_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མ་དེ་ལ་རློམ་སེམས་དང་བྲལ་བའོ། །གང་རློམ་སེམས་དང་བྲལ་བ་ནི་དོན་གྱི་ལུས་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དྲན་བ་མེད་པའི་དབྱིངས་ཡིན་ཏེ། དེ་ཉིད་ནི་སྤྲུལ་པའི་སྐུའོ། །སྤྲུལ་སྐུ་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཅི་ཡང་སྣང་ཡང༌། ནམ་མཁའི་སྤྲིན་པ་གཞན་དུ་ཡལ་ཏེ་འགྲོ་བའི་ཕྱིར་ཕུང་པོའི་བདུད་བཅོམ་པའོ། །ཉོན་མོངས་པའི་བདུད་ནི་ཕུང་པོ་ལ་བརྟེན་ནས་དབང་པོ་ལྔ་ལ་ཆགས། དབང་པོ་ལྔས་ནི་ཕྱི་ནང་གི་ཡུལ་ལ་བཟུང་ནས་ཉོན་མོངས་པ་སྐྱེ་བའི་བདུད་ཡིན་ལ། ཉོན་མོངས་པའི་དབང་དུ་གྱུར་ནས་དེ་ལ་སྤྱོད་པ་ནི་སྟོབས་ཆེ་བའོ། །དེ་འཇོམས་པ་ནི་ཉོན་མོངས་ཉིད་དྲན་པས་ཆགས་སྡང་སྐྱེས་པ་ཡིན་ལ། དྲན་པ་ཉིད་དྲན་མེད་ལས་སྐྱེས་པས། །དྲན་མ་དྲན་གཉིས་ཉོན་མོངས་པའི་རྩ་བ་ཡིན་པས། དེའི་ཕྱིར་དྲན་མ་དྲན་གཉིས་འཇོམས་བ་ནི་རྐྱེན་ལས་སྐྱེས་ལ། །དྲན་མེད་ཀྱང་ལྟོས་པའི་ཆོས་ཡིན་ཏེ། དེ་གཉིས་ཀས་མཚན་པའི་དུས་སུ་ཅི་ཡང་མི་སྐྱེ་བའི་དོན་གྱི་ངག་བརྗོད་པ་དང་བྲལ་བས། །ཚིག་དང་ཐ་སྙད་ལས་འདས་པས་སྐྱེ་བ་མེད་པའི་དབྱིངས་ཡིན་ཏེ། དེ་ཐམས་ཅད་ལ་ཁྱབ་ཅིང་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ལོངས་སྐུ་ལ་ཉོན་མོངས་པ་ཅི་སྐྱེས་ཀྱང་ལོངས་སྤྱོད་པ་ཡིན་ཏེ། ཉོན་མོངས་པའི་འདམ་གྱིས་སྐྱེ་མེད་ལ་མ་གོས་པས། པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་ཉེས་པའི་སྐྱོན་གྱིས་མ་གོས་པ་དང་འདྲ་བའི་ཕྱིར་ཉོན་མོངས་པའི་བདུད་བཅོམ་པའོ།། །།ཕུང་པོ་ལ་བརྟེན་པའི་དྲན་པ་འདི་འཆི་བའི་བདག་པོ་ཡིན་ཏེ། དྲན་པ་འདིས་ཕུང་པོ་མི་འདྲ་བ་དུ་མ་བཙལ་ནས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་མི་ཐར་བས་བདུད་ཡིན་ལ། དུས་རྟག་ཏུ་སྐྱེ་ཤིའི་དབང་དུ་གྱུར་པས་སྟོབས་ཆེ་བའོ། །དེ་འཇོམས་པ་ནི་ཕུང་པོ་རྐྱེན་ལས་སྐྱེས་པ་ལ་དྲན་རིག་གློ་བུར་བརྟེན་པ་ནི་གཞི་མེད་པ་ལ་བརྟེན་པ་སྟེ། ཕུང་པོ་རྐྱེན་གྱིས་སྐྱེས་པས་འཇིག །དྲན་པ་གློ་བུར་བ་ཡིན་པས་ཡལ་འགྲོ་སྟེ། དོན་གྱི་ཡིད་ཐོས་བསམ་བསྒོམ་གསུམ་དང་བྲལ་བའི་དབྱིངས་


DTG052_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལས་འདས་པ་སྟེ། བློ་ལས་འདས་པའི་དབྱིངས་སུ་བློས་བྱས་པ་སྣ་ཚོགས་ཡལ་ཏེ། དཔེར་ན་རྒྱ་མཚོའི་ནང་དུ་ཁབ་བབས་པ་ལྟར་རང་བཞིན་མེད་པར་ཤེས་ནས། སྤྲོས་པ་དང་བྲལ་བར་གནས་པ་ནི་ཆོས་སྐུའོ། །ཆོས་ཀྱི་སྐུ་རྟོགས་པས་ནི་འཆི་བདག་གི་བདུད་བཅོམ་མོ།། །།ལྷའི་བུའི་བདུད་ནི། རྩ་དང་ནཱ་ད་ཐིག་ལེ་སྟོང་པ་ཉིད་ཀྱི་ཞི་གནས་བསྒོམས་པས་ཟག་པ་དང་བཅས་པའི་བདེ་བ་སྐྱེས་པ་ནི་ལྷ་ཡིན་ལ། དེ་ཉིད་རྩོལ་སྒྲུབ་དང་བཅས་ནས་དྲན་པ་བསྒོམ་དགོས་ཏེ། དྲན་པ་ནི་བསམ་པ། བསམ་པ་ནི་རྣམ་པར་རྟོག་པ། རྣམ་པར་རྟོག་པ་ནི་འཁོར་བ་ཡིན་པས་བདུད་ཅེས་བྱའོ། །ཟག་བཅས་ཀྱི་བདེ་བ་ལ་རེ་བ་ལ་རེ་བ་བྱས་ནས། ཟག་མེད་ཀྱི་སྐུ་ཐོབ་པོ་སྙམ་པའི་དབང་དུ་གྱུར་པས་སྟོབས་ཞེས་བྱའོ། །དེ་འཇོམས་པ་ནི་མཚན་མ་དང་བཅས་པའི་བདེ་བ་ནི་ལུས་དྲན་པ་གཉིས་འདུས་པ་ལས་བདེ་བ་སྐྱེས་པ་ཡིན་ལ། ལུས་མེད་ན་བདེ་བ་སྐྱེ་བའི་གནས་མེད་ལ། དྲན་པ་མེད་ན་ལུས་ལ་སྒོམ་མཁན་མི་འོང་བས། དེའི་ཕྱིར་ལུས་དང་སེམས་གཉིས་ཀྱི་བདེ་བ་ནི་གློ་བུར་བ་རྐྱེན་ལས་སྐྱེས་པ་རྒྱུ་ཉི་ཚེ་བ་གནས་ཉི་ཚེ། དུས་ཉི་ཚེ་བ་ཡིན་པས། ལུས་ཞིག་པའི་དུས་སུ་ལུས་ལ་བརྟེན་པའི་བདེ་བ་ཡང་འཇིག་པའོ། །ཟག་པ་མེད་པའི་བདེ་བ་ནི་སྐུ་གསུམ་གྱི་ངོ་བོ་ཐ་མི་དད་པ་རང་བཞིན་གྱིས་རྣམ་པར་དག་པ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་དབྱིངས་དེ་ལ། རྒྱུ་དང་འབྲས་བུ་ཡང་མ་གྲུབ་ལ། འཁོར་བར་དོགས་པ་དང་མྱ་ངན་ལས་འདས་པ་ལ་ཡང་རེ་བ་མེད་པ་སྟེ། དེ་ནི་འདམ་གྱིས་མགོས་ཤིང་རྒྱས་པ། དོན་གྱི་ལུས་ངག་ཡིད་གསུམ་དབྱེར་མེད་ཅིང་ཐ་མི་དད་པ། ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ་དེ་ལ་རློམ་སེམས་ཀྱི་ཡུལ་དུ་མ་གྱུར་པའི་ཕྱིར། ལྷའི་བུའི་བདུད་བཅོམ་པའོ། །དེའི་ཕྱིར་བྲམ་ཟེ་ཆེན་པོའི་ཐུགས་དམ། བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ།། །།གཞུང་གི་དོན་གསལ་བར་བསྟན་པ་ལ་དཔེ་ཉི་ཤུ་རྩ་གསུམ་སྟེ། །འགལ་བའི་དཔེ་


DTG052_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་མི་འགལ་བའི་དཔེ་བདུན་འགལ་མི་འགལ་འདྲེས་མའི་དཔེ་གཉིས། ཐ་མ་རྒྱལ་པོ་ལ་ལན་བཏབ་པ་དང་ཉི་ཤུ་རྩ་གསུམ་ལས། དང་པོ་འགལ་བའི་དཔེ་རྒྱལ་པོས་གཡོ་བ་མེད་པའི་དོན་མ་རྟོགས་པས། གཡོ་འགུལ་ཅན་གྱི་དཔེ་ཆུ་དང་རླབས་ཀྱིས་བསྟན་པར་བྱ་སྟེ། དེ་ཡང་མི་གཡོ་བའི་དོན་ནི། དྲན་པ་མེད་པ་ལ་དྲན་རིག་གིས་གཡོ་མི་ནུས་ཏེ། དྲན་པའི་བསམ་བསྒོམ་ལ་སོགས་པས་ཡིད་ལ་མ་བྱས་པའི་དབྱིངས་ལ་གཡོ་འགུལ་མེད་དོ། །སྐྱེ་བ་མེད་པའི་དབྱིངས་ལ་སྐྱེ་རྒ་ན་འཆིས་གཡོ་མི་ནུས་ཏེ། སྐྱེ་བ་སྣ་ཚོགས་ཀྱང་སྐྱེ་མེད་ལས་སྐྱེས་ཤིང་སྐྱེ་མེད་ལ་ཐིམ་པའོ། །བློ་ལས་འདས་པའི་དབྱིངས་ལ་བློས་བྱས་པ་སྣ་ཚོགས་ཀྱིས་གཡོ་མི་ནུས་ཏེ། ཐོས་བསམ་བསྒོམ་གསུམ་ཡང་བློ་ལས་འདས་པའི་དབྱིངས་སུ་ཐིམ་པའོ། །དེ་ལྟར་ན་མི་གཡོ་བ་རྣམ་པ་གསུམ་ནི། རྒྱ་མཚོའི་གཏིང་ལྟ་བུའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། ཡིད་ལ་གཡོ་བ་རྣམ་པ་གསུམ་ནི། རླུང་ལྟ་བུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱ་མཚོའི་ཁ་ལྟ་བུ་ཡིན་ཏེ། དེའི་ཕྱིར་ཇི་ལྟར་རླུང་གིས་བརྒྱབ་པས་མི་གཡོ་བའོ། །གལ་ཏེ་ལུས་ངག་ཡིད་གསུམ་གྱི་བསམ་བསྒོམ་གྱིས་ཕན་བཏགས་པའམ། གནོད་པ་སྐྱེལ་བ་ཅི་བྱུང་ཡང༌། ཆོས་སྐུ་ལས་བྱུང་ཞིང་ཆོས་སྐུར་ཐིམ་པ་ཡིན་ཏེ། དཔེར་ན་ཆུ་ལ་རླུང་གིས་བརྒྱབ་པས་ཆུའི་ཁ་གཡོས་ནས་དབའ་རླབས་དུ་མ་བྱུང་ཡང༌། གཏིང་ལ་གཡོ་འགུལ་མེད་དེ། དེ་བཞིན་དུ་དྲན་པ་རླབས་དང་འདྲ་བ་འདི། དྲན་མེད་ཀྱི་ཁ་ན་ལྡིང་ཞིང་གཡོ་སྟེ། དྲན་མེད་ཀྱི་གཏིང་སྐྱེ་མེད་བློ་འདས་ཡིན་ཏེ། དེ་གཉིས་ལ་གཡོ་འགུལ་མེད་པའོ། །དེའི་ཕྱིར་དྲན་པའི་རླབས་ནི་འཁོར་བ་རྣམ་པ་གསུམ་ཡིན་ཏེ། དེ་ལ་ཞེན་དུ་མེད་དེ། ཆུའི་རླབས་ཙམ་དུ་ཤེས་པར་བྱའོ། །དེ་ཡང་ཆུ་ལྟ་བུ་ནི་དྲན་པ་ལ། རླབས་ལྟ་བུའི་རྐྱེན་གྱིས་སྣང་བ་སྣ་ཚོགས་སོ། །དེ་ལྟར་རྟོགས་ཙམ་ན་ཡིད་ལ་མ་བྱས་པ་ཕྱག་རྒྱ་ཆེན་པོའི་དོན་ལས། ལོངས་སྤྲུལ་རྣམ་པ་གཉིས་དབའ་རླབས་ཙམ་དུ་ཤར་བའི་ཕྱིར། ཆུ་ལས་གཡོ་བ་


DTG052_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་རྣམས་སུ་འགྱུར། དེ་ལྟར་ན་དོན་གཅིག་ལ་རྟོགས་མ་རྟོགས་ཀྱིས་བྱེ་བྲག་དུ་མར་སྣང་བ་ཤར་བ་སྟེ། ཆོས་སྐུ་གཅིག་པུ་ལས་སེམས་ཅན་གྱི་རྣམ་རྟོག་གིས་སྐུ་གསུམ་མམ་བཞིའམ་སྐུ་ལྔ་ལ་སོགས་པར་བཟུང་སྟེ། དབྱིངས་རྣམ་པར་དག་པ་རྐྱེན་གང་གིས་ཀྱང་མ་བསླད་པ་དེའི་བྱེ་བྲག་གོ །དཔེར་ན་ས་ར་ཧ་ལྟ་བུ་ལ། རྒྱལ་པོས་གནས་སྐབས་ཀྱིས་བྲམ་ཟེ་དང༌། པཎྜི་ཏ་དང༌། རྣལ་འབྱོར་པ་དང༌། རིགས་ངན་ལ་སོགས་པ་སོ་སོར་མཐོང་ཡང་གཅིག་ལས་མ་འདས་པས། དེ་ལྟར་རྒྱལ་པོ་མདའ་བསྣུན་སྣང་བ་ཡང༌། །དཔེ་དེ་བཞིན་དུ་ཡིད་ལ་མ་བྱས་པའི་དབྱིངས་ལས་འཁོར་འདས་གཉིས་ཀ་ཤར་བའོ། །འོ་ན་འཁོར་བ་ཡང་ཡིད་ལ་མ་བྱས་པ་ལས་ཤར་བས། ཡིད་ལ་མ་བྱས་པ་ཉིད་ཀྱང་འཁོར་བར་མི་ཆའམ་ཞེ་ན་དེ་ནི་མི་ཆ་སྟེ། དཔེར་ན་ནམ་མཁའ་ལས་སྤྲིན་ཤར་བའི་དུས་སུ། ནམ་མཁའ་ཉིད་ཀྱང་སྤྲིན་བར་སོང་བ་མ་ཡིན་ཏེ། དེ་ལས་ཤར་ཅིང་དེར་ནུབ་པའོ། །དེ་བཞིན་དུ་འཁོར་བ་འདི་ཐམས་ཅད་ཀྱང་དྲན་པ་ཡིན་ལ། དྲན་པ་ཉིད་དྲན་མེད་ལས་ཤར་ཅིང་དྲན་མེད་དུ་ནུབ་པའོ། །དེའི་ཕྱིར། གཅིག་ཉིད་ན་ཡང་རྣམ་པ་སྣ་ཚོགས་བྱེད།། །།ད་ནི་སེམས་དང་སེམས་ལས་བྱུང་བ་གཉིས་མེད་མ་རྟོགས་པས་ལྟ་བ་ལོག་པར་གོ་བའི་དཔེ་མར་མེ་གཅིག་ལས་གཉིས་སུ་མཐོང་བ་ལྟ་བུ་སྟོན་ཏེ། དེ་ཡང་ཡང་དག་པའི་ལྟ་བ་ནི། བློའི་ཡུལ་ལས་འདས་པ་སེམས་དང་སེམས་ལས་བྱུང་བ་མི་རྒྱུ་བ་ཡིན་ལ། དེ་ལྟར་མ་རྟོགས་པའི་གང་ཟག་གི་དྲན་པ་དང་རིག་པ་ལ་མངོན་པར་ཞེན་ནས། དྲན་རིག་ལ་དྲན་རིག་གིས་བརྟགས་པས་དེའི་མཚན་ཉིད་སྟོང་པ་ཙམ་ལ་ལྟ་བ་ཟེར་ཏེ། དེ་ནི་བླུན་པོ་ཞེས་བྱ་བ་ལ། བླུན་པོ་ཞེས་བྱ་བ་ནི་དོན་མ་ཡིན་པ་ལ་ཡིན་པར་མཐོང༌། ཡིན་པ་ལ་མ་ཡིན་པར་མཐོང་བས་བཟློག་པའི་བསྒོམ་པ་སྟེ། དེའི་དཔེ་ནི་མིག་ལེགས་པར་མི་ལྟ་བར། མིག་གི་ཡ་ཕུགས་མནན་ནས་ལྟ་བའི་ཕྱིར། །ཇི་ལྟར་རྨོངས་པས་བཟློག་ནས་བལྟས་པ་ཡིས། །དཔེར་ན་མིག་བཟློག་ནས་


DTG052_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པའི་ཕྱིར། མར་མེའི་དངོས་པོ་གཅིག་ལ་མིག་གི་རྐྱེན་གྱིས་མར་མེ་གཉིས་སུ་མཐོང་བ་བཞིན་དུ། ཡང་དག་པའི་ལྟ་བ་བློའི་ཡུལ་ལས་འདས་པ་ལས་བཟློག་ནས། དྲན་རིག་རྣམ་རྟོག་གི་ལྟ་བ་ལ་སངས་རྒྱས་ཀྱི་དགོངས་པ་ཡིན་ཟེར་ཏེ། སྣང་སྟོང་གཉིས་ཀ་གློ་བུར་བ་ཡིན་པས་བཅོས་མའོ། །མ་བཅོས་པའི་གང་ཟག་གིས་མར་མེ་ལ་གཉིས་སུ་མི་མཐོང་བ་དང་འདྲ་བར། བློ་འདས་ཀྱི་དོན་རྟོགས་པས་སྣང་བ་ཡང་གློ་བུར་བ་སྟེ། རྐྱེན་ལས་སྐྱེས་པའི་ཕྱིར་རོ། །སྟོང་པ་ཡང་གློ་བུར་བ་སྟེ། བྱས་པའི་སྟོང་པ་ཉིད་འཇིག་པའི་ཕྱིར་རོ། །དེས་ན་སྣང་སྟོང་གཉིས་ཀ་བློ་ལས་འདས་པའི་དབྱིངས་ལས་མ་འདས་པ་ལ་རྟོག་པས་གཉིས་སུ་བཟུང་བས། མར་མེ་གཅིག་ཉིད་གཉིས་སུ་སྣང་བར་འགྱུར། །དེའི་ཕྱིར་བལྟ་བར་བྱ་བའི་ཡུལ་དང༌། ལྟ་བར་བྱེད་པའི་ཤེས་པ་གཉིས་ཀ་གློ་བུར་བ་ཡིན་པས། དོན་དམ་པའི་ཆོས་སྐུ་དེ་ལ་དྲན་མ་དྲན་གཉིས་མེད་འཁོར་འདས་གཉིས་མེད་སངས་རྒྱས་དང་སེམས་ཅན་གཉིས་མེད་པས་དེ་ལྟར་བལྟ་བྱ་ལྟ་བྱེད་གཉིས་མེད་ལ། མ་རྟོགས་པའི་གང་ཟག་གིས་ཟག་བཅས་ཀྱི་ཕུང་པོ་ལྔ་དང༌། ཟག་མེད་ཀྱི་ཕུང་པོ་ལྔ་དང༌། དྲན་མ་དྲན་དང་འཁོར་འདས་གཉིས་དང་དགེ་སྡིག་གཉིས་ལ་སོགས་པ་བློས་སོ་སོར་འབྱེད་པས། ཀྱེ་མ་བློ་ནི་གཉིས་ཀྱི་དངོས་པོར་སྣང༌།། །།ད་ནི་ལྷན་ཅིག་སྐྱེས་པས་འཁོར་འདས་ཐམས་ཅད་ལ་ཁྱབ་ཀྱང་དེ་ཉིད་མ་རྟོགས་པས། དམུས་ལོང་ལ་མར་མེའི་འོད་ཀྱིས་ཁྱབ་ཀྱང་འོད་མ་མཐོང་བའི་དཔེས་བསྟན་ཏེ། དེ་ཡང་ཕྱི་མའི་ཁྱིམ་འདོད་པའི་ཡོན་ཏན་ལ་ཡེངས་པའི་དུས་སུ། དྲན་པ་མེད་པ་ཡེ་ཤེས་ཀྱི་མར་མེས་ཁྱབ་སྟེ། བརྒྱུད་པ་དང་མི་ལྡན་པས་མ་རྟོགས། ནང་གི་ཁྱིམ་ནི་ཕུང་པོ་ལྔ་སྟེ། ཕུང་པོ་ལྔའི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མེད་པའི་ཡེ་ཤེས་མར་མེ་དང་འདྲ་བ་དེ་ཡང་མ་རྟོགས། གསང་བའི་ཁྱིམ་དྲན་མེད་ཀྱི་དབྱིངས་ལ་སྐྱེ་མེད་ཀྱི་མར་མེ་འོད་ཀྱིས་རྒྱས་བཏབ་པ་དེ་ཡང་མ་རྟོགས་པས། ཁྱིམ་དུ་མར་མེ་མང་པོ་སྤར་གྱུར་ཀྱང༌། །དཔེར་ན་མར་མེས་མི་འགལ་བར་བྱེད་པ་དང་འདྲ་བར། བརྒྱུད་པ་


DTG052_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་དྲན་པ་མེད་པས་ཡེ་ཤེས་ཀྱི་མིག་གིས་དྲན་པའི་མུན་ནག་ཉོན་མོངས་པ་ཐམས་ཅད་སེལ་བར་བྱེད་པ་ཡིན་ལ། བརྒྱུད་པ་མེད་པའི་དྲན་རིག་ལ་མངོན་པར་ཞེན་པ་རྣམས་ལ། དྲན་མེད་ཡེ་ཤེས་ཀྱི་མིག་མེད་པས། དྲན་པ་འབའ་ཞིག་ལ་གནས་ཏེ་འཁོར་བའི་མུན་པ་ལ་སངས་པའི་དུས་མེད་པའོ། །དཔེར་ན་ལོང་བ་ལ་མར་མེའི་འོད་ཀྱིས་ཁྱབ་ཀྱང་ལོང་བས་མ་མཐོང་བས། མུན་ནག་ལ་སངས་པའི་དུས་མེད་པ་བཞིན་ནོ། །དེའི་ཕྱིར། མིག་མེད་པ་ལ་མུན་པར་གནས་པ་བཞིན། དེ་བཞིན་དུ་སྣང་བའི་ལྷན་ཅིག་སྐྱེས་པ་སྤྲུལ་པའི་སྐུ་དང༌། སྟོང་པའི་ལྷན་ཅིག་སྐྱེས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྐྱེ་བ་མེད་པའི་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ་དང༌། སྐུ་རྣམ་པ་གསུམ་པོ་དེས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ལ་ཁྱབ་པས། ལྷན་ཅིག་སྐྱེས་པས་ཐམས་ཅད་ཁྱབ་བྱས་པའི། །སྐུ་གསུམ་པོ་དེ་དག་བྲལ་མ་མྱོང་བར་དུས་རྟག་ཏུ་རང་དང་འགྲོགས་ཏེ། དཔེར་ན་སྦྲང་རྩི་དང་སྦྲང་རྩིའི་རོ་བཞིན་དུ་འགྲོགས་པ་ལ། དྲན་པ་ཉིད་དྲན་མེད་ཀྱིས་རྒྱས་བཏབ་ནས་ཤིན་ཏུ་ཉེ་བར་མ་རྟོགས་པས། ཉེ་ཡང་རྨོངས་པ་དག་ལ་ཤིན་དུ་རིང༌།། །། ད་ནི་མི་འགལ་བ་ཀུན་རྫོབ་ཀྱི་བདེན་པ་དུ་མ་དག་ཀྱང༌། དོན་དམ་པའི་བདེན་པ་གཅིག་གིས་འཇོམས་པ་ཆུ་བོ་དང་མུན་པའི་དཔེས་བསྟན་ཏེ། ཆུ་བོ་གངྒཱ་དང༌། ཡ་མུ་ན་དང༌། སི་ཏ་ན་ར་ལ་སོགས་པའི་ཆུ་བོ་ཐམས་ཅད་བྱུང་ཡང་རྒྱ་མཚོ་ལས་བྱུང༌། ཐིམ་ཡང་རྒྱ་མཚོར་ཐིམ། དཔེ་དེ་བཞིན་དུ་འཁོར་བའི་ཆོས་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་བྱུང་ཡང་བློ་ལས་འདས་པ་ལས་བྱུང༌། ཐིམ་ཡང་བློ་ལས་འདས་པའི་དབྱིངས་སུ་ཐིམ་པའོ། །དེ་ཡང་ཆུ་ཐམས་ཅད་རོ་གཅིག་པ་དང་འདྲ་བར། འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་མར་སྣང་ཡང་བློས་མ་རེག་པའི་དབྱིངས་སུ་རོ་གཅིག་པས། ཆུ་བོ་སྣ་ཚོགས་པ་ཡང་རྒྱ་མཚོར་གཅིག་ཉིད་དང༌། དྲན་པ་བཟུང་བའི་འཁོར་ལོ་ཡིན་ཏེ། བསྐྱེད་རིམ་རྫོགས་རིམ་ཐམས་ཅད་དྲན་པས་བྱས་པས་འཇིག་པའི་ཆོས་ཅན་དུ་མ་དག་ཀྱང༌། དོན་དམ་པར་མི་སླུ་བའི་དབྱིངས། ཡིད་ལ་


DTG052_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་ཤིང་བློས་མ་རེག་པ་དེ། སྨྲར་བཏུབ་མ་བསམ་དུ་ཡང་མ་བཏུབ་པ་དེས། མི་བདེན་པའི་དྲན་པའམ། རིག་པའམ། བློས་བྱས་པ་ཐམས་ཅད་འཇོམས་པ་སྟེ། དཔེར་ན་བརྫུན་པོ་ཆེ་ཅིག་གིས་བརྫུན་མང་པོ་བྱས་ཀྱང༌། རྒྱུས་ཡོད་པ་ཅིག་གིས་རངས་པ་མི་བདེན་བར་ཚོར་བས། བརྫུན་པ་དུ་མ་དག་ཀྱང་བདེན་པ་ཅིག་གིས་འཇོམས། འཇོམས་ལུགས་ཇི་ལྟར་གྱིས་འཇོམས་ན། བླ་མ་དམ་པའི་གདམས་ངག་ཉི་མ་ལྟ་བུའི་རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ནི། རྐྱེན་རྣམ་པ་གསུམ་གྱིས་མ་བསླད་པ་དེ་ནི། ཉི་མ་ལྟར་གསལ་བ་ཐམས་ཅད་ལ་ཁྱབ་པ་ཡིན་པས། ཉི་མ་གཅིག་དང་སྣང་བར་གྱུར་པ་ཡིན། རྩ་དང་རླུང་དང་ཐིག་ལེ་ལ་སོགས་པ་ཐམས་ཅད་མུན་པ་ལྟ་བུ་ཡིན་ཏེ། ཐམས་ཅད་བློས་བྱས་པ་ཡིན་པས་དོན་དམ་པ་བློའི་སྤྱོད་ཡུལ་ལས་འདས་པ་མི་མཐོང་སྟེ། དོན་དམ་པ་དེ་མཐོང་བར་བྱེད་པ་ནི། བླ་མ་དམ་པའི་གདམས་ངག་རྐྱེན་གསུམ་དང་བྲལ་བ་དེས། སྐུ་གསུམ་མཐོང་ནས་དྲི་མ་གཉིས་དག་པར་བྱེད་ཅིང༌། དྲན་པ་ཐམས་ཅད་དྲན་མེད་དུ་འཇོམས་པར་བྱེད་པས། མུན་པ་དུ་མ་དག་ཀྱང་འཇོམས་པར་བྱེད།། །།ད་ནི་མི་འགལ་བའི་དཔེ་འཕེལ་འགྲིབ་མེད་པ་རྒྱ་མཚོ་ལྟ་བུས་བསྟན་ཏེ། དེ་ལ་རྒྱ་མཚོ་ལས་རླངས་བྱུང༌། རླངས་པ་སྤྲིན་དུ་སོང༌། སྤྲིན་ལས་ཆར་པ་བབས་ལོ་ཏོག་རྒྱས་པར་བྱེད། དཔེ་དེ་བཞིན་དུ་རྒྱ་མཚོ་ལྟ་བུའི་ཆོས་སྐུ་ལས་རླངས་པ་ལྟ་བུའི་ལོངས་སྐུ་ཤར་སྤྲིན་པ་ལྟ་བུའི་སྤྲུལ་སྐུ་ལས་ཆར་པ་ལྟ་བུའི་སྤྲུལ་པ་སྣ་ཚོགས་འཆར་བས། ཇི་ལྟར་ཆུ་འཛིན་གྱིས་ནི་རྒྱ་མཚོ་ལས། །ཆར་པ་དེ་ཡང་སྣོད་ཀྱི་ཁྱད་པར་གྱིས་ཁ་བ་དང་མངར་བ་དང་སྐྱུར་བའི་ཁྱད་པར་གྱིས་འགྲོ་སྟེ། ཆར་པ་ལ་ངས་དེ་ལྟར་བྱས་སོ་བའི་བསམ་པ་མེད་དོ། །དཔེ་དེ་བཞིན་དུ་ཆོས་སྐུ་བློ་ལས་འདས་པ་ལས་ལོངས་སྐུ་སྐྱེ་བ་མེད་པ་དང༌། སྤྲུལ་སྐུ་དྲན་པ་མེད་པ་གཉིས་ཤར་ཏེ་ཆོས་སྐུ་ལས་ལོངས་སྤྲུལ་གཉིས་ཤར་བའི་བསམ་པ་མེད་པ་དང༌། འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པ་ལ་སོགས་པ་དང་རང་རང་རྣམ་རྟོག་གི་ཁྱད་པར་གྱིས་སོ་སོར་བཟུང་བའོ། །དཔེར་


DTG052_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཆར་པས་ས་གཞི་ཐམས་ཅད་བངས་ནས་རྩི་ཤིང་དང་ནགས་ཚལ་སྐྱེད་པ་དང༌། དེས་སེམས་ཅན་གྱི་དོན་བྱེད་དོ། །དཔེ་དེ་བཞིན་དུ་བླ་མའི་གདམས་ངག་དྲན་མེད་འཆར་བའི་རླན་དང་འདྲ་བ་དེས་ཉོན་མོངས་པའི་ཐབ་ཐམས་ཅད་སྐྱེ་མེད་དུ་བངས་ནས། བློ་འདས་ཀྱི་དབྱིངས་ལས་སེམས་ཅན་གྱི་དོན་དུ། སྤྲུལ་པ་མི་འདྲ་བ་དུ་མ་དག་ཀྱང་འཆར་ཏེ། སྤྲུལ་པ་དེ་རྣམས་ལ་སེམས་ཀྱི་རྟོག་པའི་ཁྱད་པར་གྱིས། ཇི་ལྟར་ཡང་འབྱུང་དུ་རུང་བའི་ཕྱིར། ཆུ་བླངས་ནས་ནི་ས་གཞི་གང་བྱས་ཀྱང༌། །དཔེར་ན་ཆར་པ་དེ་རྒྱ་མཚོ་ལས་བྱུང་ཡང་རྒྱ་མཚོ་དེ་ཉུང་དུ་མ་སོང་བས་རྒྱ་མཚོ་ལ་གནོད་པ་མེད། དེ་བཞིན་དུ་དྲན་མེད་ཀྱི་དབྱིངས་ལས་དྲན་པ་དུ་མ་ཤར་ཡང༌། དྲན་མེད་དེ་ལ་ཉམས་པ་མེད་དེ། དྲན་པ་དེ་བྱུང་ཡང་དྲན་མེད་ལ་ཐོལ་གྱིས་བྱུང༌། གནས་ཀྱང་དྲན་པའི་མཚན་ཉིད་ཡིད་ལ་མ་བྱས་པས་དྲན་མེད་དུ་གནས་ཐིམ་ཡང་དྲན་མེད་ཀྱི་ངང་དུ་ཐིམ་པས། དྲན་མེད་དེ་ཉིད་ནམ་མཁའ་དང་འདྲ་སྟེ། དུས་རྟག་ཏུ་དྲན་མེད་རྒྱུན་མི་འཆད་པར་གནས་པས། དེ་ཉིད་མ་ཉམས་ནམ་མཁའ་དག་དང་མཉམ། །དེ་ཕྱིར་ཆོས་སྐུ་བློ་ལས་འདས་པ་དེ་ལ་ཚོགས་གཉིས་ཀྱི་ཕན་མ་ནུས་ཏེ། བློ་ལས་འདས་པ་ལ་ཚོགས་གཉིས་བསགས་རྒྱུ་མེད་པས་སོ། །མི་དགེ་བའི་ཚོགས་ཀྱིས་སྒྲིབ་མི་ནུས་ཏེ། བློ་འདས་ལ་སྒྲིབ་རྒྱུ་མེད་པས་སོ། །ཆོས་སྐུ་ལས་སྐུ་གཉིས་བྱུང་ཡང༌། ཆོས་སྐུ་ལ་ཟད་པ་མེད་ཅིང་འཕེལ་བ་མེད་དོ། །དེ་ཡང་མ་ཟད་མི་ཟད་ཟད་པ་མེད་པའི་དབྱིངས་ཡིན་པས། འཕེལ་བ་མེད་ཅིང་འགྲིབ་པ་དག་ཀྱང་མེད།། །།ད་ནི་རྒྱལ་བའི་ཡོན་ཏན་མཚན་བཟང་པོ་དང་དཔེ་བྱད་བཟང་པོས་བརྒྱན་པ་ཡང་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པར་བསྟན་ཏེ། དེ་ལ་རྒྱལ་བའི་ཡོན་ཏན་ནི་གཉིས་ཏེ། འཇིག་རྟེན་པའི་རྒྱལ་བའི་ཡོན་ཏན་དང་འཇིག་རྟེན་ལས་འདས་པའི་རྒྱལ་བའི་ཡོན་ཏན་ནོ། །འཇིག་རྟེན་པའི་རྒྱལ་བའི་ཡོན་ཏན་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་སམ། དཔེ་བྱད་བཟང་པོ་བརྒྱད་ཅུའམ། མི་འཇིགས་པ་བཞི་འམ། འོད་འདོམ་གང་བ་ལ་སོགས་པ་དེ་


DTG052_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་མ་ཡིན་ཏེ། དེ་དག་ཐམས་ཅད་གློ་བུར་བ་ཡིན་པའི་ཕྱིར། རྒྱལ་བའི་ཕུན་སུམ་ཚོགས་པ་ཡོངས་གང་བ། །འཇིག་རྟེན་ལས་འདས་པའི་རྒྱལ་བའི་ཡོན་ཏན་ནི། དོན་གྱི་ལྷན་ཅིག་སྐྱེས་པ་ཡིན་ཏེ། དེ་ཡང་དྲན་པ་དྲན་མེད་ལས་བྱུང་བ། དེར་གནས་དེར་ཐིམ་པ་ནི་ལྷན་ཅིག་སྐྱེས་པའི་སྟོང་པའོ། །དྲན་མེད་སྐྱེ་མེད་ལས་བྱུང་དེར་གནས་དེར་ཐིམ་པས་སྟོང་པའི་ལྷན་ཅིག་སྐྱེས་པ་ནི་སྐྱེ་བ་མེད་པ། སྐྱེ་མེད་བློ་ལས་འདས་པ་ལས་བྱུང་ཡང༌། དེར་གནས་དེར་ཐིམ་པས་སྐྱེ་བ་མེད་པའི་ལྷན་ཅིག་སྐྱེས་པ་ནི་བློའི་ཡུལ་ལས་འདས་པའོ། །བློ་ལས་འདས་པ་དེ་ལས་སེམས་ཅན་གྱི་མོས་པ་ཐ་དད་ཀྱིས། གཟུགས་སྐུ་གཉིས་ཀྱི་སྣང་བ་ཤར་དུ་རུང་བ་ཉིད་དེ་ཁོ་ན་འཇིག་རྟེན་ལས་འདས་པའི་རྒྱལ་བའི་ཡོན་ཏན་ཡིན་པས། ལྷན་ཅིག་སྐྱེས་པ་གཅིག་གི་རང་བཞིན་ཉིད། །ལྷན་ཅིག་སྐྱེས་པའི་རང་བཞིན་དེས་བརྟན་པ་དང་གཡོ་བའི་འགྲོ་བ་ཐམས་ཅད་ལ་ཡང་ཁྱབ་ཅིང་དེའི་ངང་དུ་འགགས་པ་སྟེ། དྲན་པ་དྲན་མེད་ལས་སྐྱེས་ཤིང་དེར་འགགས་པས། དེ་ལས་འགྲོ་བ་སྐྱེ་ཞིང་འགག་པ་སྟེ། །འོ་ན་ལྷན་ཅིག་སྐྱེས་པ་དེ་དྲན་པའི་སྣང་བ་དང་དྲན་མེད་ཀྱི་སྟོང་པ་གཉིས་ལ་ཟེར་རམ་ཞེ་ན། དེ་ནི་མ་ཡིན་ཏེ། དྲན་པ་དང་དངོས་པོའི་ཆོས་དཀྱིལ་འཁོར་བསྒོམ་པ་ལ་སོགས་པ་དེ་ཡང་མ་ཡིན། དངོས་པོ་མེད་པའི་ཆོས་དྲན་མེད་ཀྱི་སྟོང་པ་ཉིད་ཀྱི་ཞི་གནས་བསྒོམ་པ་དེ་ཡང་མ་ཡིན་པར། དྲན་མ་དྲན་གཉིས་ཀས་མ་གོས་པའི། སྐྱེ་མེད་དེ་ལྷན་ཅིག་སྐྱེས་པ་ཡིན་པས་དེ་ལ། དངོས་དང་དངོས་པོ་མེད་པ་ཡང་མེད།། །།ད་ནི་འགལ་བའི་དཔེ་རྐྱེན་ལས་སྐྱེས་པའི་བདེ་བ་ལ་རེ་བ་མེད་པའི་སྐྱེས་བུས་བྲག་གི་སྦྲང་རྩི་འཐུང་བའི་དཔེས་སྟོན་ཏེ། དེ་ཡང་རྐྱེན་གྱིས་མ་བསྐྱེད་པའི་བདེ་བ་ནི། སྐྱེ་མེད་ཀྱི་ངོ་བོ་བསམ་དུ་མ་བཏུབ་པའི་དབྱིངས་བློ་ལས་འདས་པ་དོན་དམ་པ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་ཏེ། དེ་ནི་ཟག་པ་མེད་པའི་བདེ་བ་ཡིན་ཏེ། འཁོར་འདས་གཉིས་ཀའི་འདམ་གྱིས་མ་གོས་པ་དེ་མ་རྟོགས་པ་རྣམས་ཀྱིས་སྤངས་ནས། ཟག་པ་དང་


DTG052_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་བདེ་བ་ལས་ཀྱི་ཕྱག་རྒྱ་ལ་ཞེན་ནས། འདོད་པའི་ཁམས་སུ་འགྲོ། །དམ་ཚིག་ཕྱག་རྒྱའི་བདེ་བ་ལྷ་དང་ལྷ་མོའི་དཀྱིལ་འཁོར་ལ་ཞེན་པས་གཟུགས་ཁམས་སུ་འགྲོ། །ཆོས་ཀྱི་ཕྱག་རྒྱ་སྟོང་པ་ཉིད་ཀྱི་ཞི་གནས་ལ་མངོན་པར་ཞེན་པས་གཟུགས་ཁམས་སུ་འགྲོ། །ཆོས་ཀྱི་ཕྱག་རྒྱ་སྟོང་པ་ཉིད་ཀྱི་ཞི་གནས་ལ་མངོན་པར་ཞེན་པས་གཟུགས་མེད་པའི་ཁམས་སུ་འགྲོ་བས། དམ་པའི་བདེ་བ་སྤངས་ནས་གཞན་དུ་འགྲོ། །ཤེས་རབ་མ་ལ་བརྟེན་པའི་བདེ་བ་དེ་ཡང་རྐྱེན་ལས་སྐྱེས་པ་ཡིན། ཐིག་ལེ་ནཱ་ད་སྒོམ་པ་ཡང་རྐྱེན་ལས་སྐྱེས་པའི་བདེ་བ་ཡིན། ལྷ་དང་ལྷ་མོའི་དཀྱིལ་འཁོར་བསྒོམ་པ་དེ་ཡང་རྐྱེན་ལས་སྐྱེས་པའི་བདེ་བ་ཡིན། དེ་རྣམས་ལ་རེ་བ་བྱེད་ན་ཁམས་གསུམ་ལས་མི་ཐར་ཞིང་གྲོལ་བ་མི་ཐོབ་པར། མཐོ་རིས་ལྷའི་གོ་འཕང་ཙམ་ཐོབ་པས། །རྐྱེན་ལས་སྐྱེས་པའི་བདེ་ལ་རེ་བ་བྱེད། །དོན་དམ་པའི་བདེ་བ་ནི་མ་རྟོགས། རྐྱེན་གྱིས་བསྐྱེད་པའི་བདེ་བ་ལ་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་ཟེར་བའི་དཔེ་ནི། བྲག་མཐོན་པོ་ཅིག་ལ་བུང་ཚང་ཡོད་པ་ལ། དེའི་སྟེང་ན་གླང་པོ་ཆེ་གཉིས་འཐབ་འོག་ན་མཚོ་ཆེན་པོ་ཡོད་པ་དེའི་བར་ན་འཇག་མའི་ཕུང་པོ་ཅིག་ལ་སྐྱེས་བུ་སྦྲང་རྩི་འདོད་པ་ཅིག་གིས་ལག་པ་འཇུས་ནས་སྦྲང་རྩི་འཐུང་ཏེ། བྱི་བ་དཀར་ནག་གཉིས་ཀྱིས་འཇག་མ་བཅད་པས། ཁོ་སྟེང་དུ་བྲོས་ན་གླང་པོ་ཆེའི་བར་དུ་ཆ། འོག་ཏུ་བྲོས་ན་མཚོར་འགྲོ་བས་ཤིན་ཏུ་སྡུག་བསྔལ་ལོ། །དཔེ་དེ་བཞིན་དུ་སངས་རྒྱས་ཀྱི་དགོངས་བའི་སྐུ་གསུམ་གྱི་རོ་རང་ལ་ཡོད་པ་ནི་མ་གོ །རྐྱེན་ལས་སྐྱེས་པའི་བདེ་བ་ལོགས་ན་ཡོད་པ་ལ་རེ་བ་བྱེད་པ་དེ་ནི་སྦྲང་རྩི་བྲག་ལ་ཡོད་པ་ལྟ་བུ། འཇག་མ་ཕུང་པོ་ནི་ཚེ་ཡིན་ལ། བྱི་བ་གཉིས་ནི་ཉིན་མཚན་གྱིས་ཚེ་རྐུ་བར་བྱེད་པ། གླང་པོ་ཆེ་གཉིས་ནི་གཟུགས་ཁམས་དང་གཟུགས་མེད་པའི་ཁམས་གཉིས། འོག་གི་མཚོ་ནི་འདོད་པའི་ཁམས་ཏེ། གར་དྲོས་ཀྱང་ཁམས་གསུམ་ལས་མི་ཐར་བའི་ཕྱིར། རང་གི་ཁར་བཅུག་སྦྲང་རྩི་ཉེ་བ་ནི་དུས་རྟག་ཏུ་རང་དང་འགྲོགས་པའི་སྐུ་གསུམ་པོར་ཆུ་བོའི་རྒྱུན་དང་འདྲ་བ་དེ་ལ་ངོམས་པར་མི་འཐུང་བར་


DTG052_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བློས་བྱས་པའི་ཆོས་རྐྱེན་སྐྱེས་སྨིག་རྒྱུའི་ཆུ་ལ་རེ་བ་བྱས་ཤིང་བརྟགས་ཀྱང་ཤིན་ཏུ་རིང་བར་འགྱུར་བས། འཐུང་བར་མི་བྱེད་ཤིན་ཏུ་རིང་བར་འགྱུར།། །།ད་ནི་འགལ་བའི་དཔེ་དོན་ལ་མཁས་པ་རྣམས་ཡུལ་ལ་ཆགས་ལ། མི་མཁས་པ་རྣམས་ཆགས་པའི་དཔེ་སྟོན་ཏེ། དེ་ཡང་དཔེར་ན་བྱོལ་སོང་རྣམས་ཁལ་དང་ཁུར་ལ་སྡུག་བསྔལ་དུ་མི་མཐོང་བར། ཁ་ཟས་ཞད་ཙམ་ལ་བདེ་བར་མཐོང༌། དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པ་ལ་བདེ་བར་མཐོང་བས་ལོངས་སྤྱོད། དགེ་བའི་ལས་ཀའམ་དམ་པའི་ཆོས་ལ་སྡུག་བསྔལ་དུ་མཐོང་ནས་འབད་ནས་འབྱོལ་བའམ། དྲན་མེད་སྐྱེ་མེད་བློ་འདས་ཀྱི་དོན་དམ་པ་མ་ནོར་བ་ཡིན་པ་ལ་དེ་ལ་ཁྱོལ་ནས་དྲན་རིག་འཁོར་བའི་རྒྱུ་སྡུག་བསྔལ་གྱི་ཕུང་པོ་ལ་སྡུག་བསྔལ་དུ་མི་བྱེད་པར་བདེ་བར་མཐོང་བས་བྱོལ་སོང་དག་གིས་སྡུག་བསྔལ་མི་བྱེད་པ། །བརྒྱུད་པའི་གདམས་ངག་དང་ལྡན་པས། །དྲན་མེད་སྐྱེ་མེད་ལ་མཁས་པའི་གང་ཟག་གིས། རྩ་རླུང་གི་སྡོམ་དང་ཐིག་ལེ་དང་བསྐྱེད་རིམ་ལ་སོགས་པ་ཐམས་ཅད་སེམས་ཀྱི་སྡུག་བསྔལ་དུ་མཐོང་བའི་ཕྱིར་མཁས་པ་རྣམས་ཀྱིས་དེ་ནི་སྡུག་བསྔལ་བྱེད། དོན་རྟོགས་པའི་མཁས་པ་དེས་ནི། སངས་རྒྱས་ཀྱི་དགོངས་པ་བློའི་ཡུལ་ལས་འདས་པ་བཟླས་སུ་མ་བཏུབ། བརྗོད་དུ་མ་བཏུབ་མིང་གདགས་སུ་མ་བཏུབ་པ། ཡིད་ལ་མ་བྱས་པའི་བསམ་གཏན་རྒྱུན་མི་འཆད་པའི་རང་བཞིན། སྐྱ་ཤིའི་མཐའ་ལས་འདས་པ། རྟག་ཆད་ཀྱི་མཐའ་ལས་འདས་པ། ནམ་མཁའ་ལྟ་བུའི་དེ་དང་མི་འབྲལ་བས། །ཅིག་ཤོས་ནམ་མཁའི་བདུད་རྩི་འཐུང་བར་བྱེད། །དེ་ལྟར་མ་རྟོགས་པས་ཕྱིའི་ཡུལ་འདོད་ཡོན་ལྔ་ལ་དྲན་པ་རིག་པ་ཆགས། ནང་གི་ཡུལ་རྩ་དང་རླུང་དང་སྟོང་པ་ཉིད་ཀྱི་ཞི་གནས་ལ་ཆགས། གསང་བའི་ཡུལ་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ལ་ཆགས། ཆགས་རྒྱུའམ་ཞེན་རྒྱུ་ཐམས་ཅད་དོན་དམ་པའི་བདེན་པ་རང་ལས་ཐ་དད་པར་ཚོལ་བ་ཡིན་ཏེ། དེ་ཡིས་མི་གྲོལ་བས། གཞན་ནི་ཡུལ་རྣམས་དག་པ་རྣམས་པར་ཆགས།། །།


DTG052_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དེ་ལྟར་ཆགས་པ་ཐམས་ཅད་མྱ་ངན་ལས་འདས་པ་སྤངས་ནས། འཁོར་བའི་བདེ་བ་ལ་མོས་པའི་དཔེ་བཤད་པའི་སྲིན་བུ་ལྟ་བུས་སྟོན་ཏེ། དཔེར་ན་མི་གཙང་བའི་སྲིན་བུ་དེ་མི་གཙང་བའི་དྲི་མི་ཞིམ་པ་ལ་ཆགས། དེ་བཞིན་དུ་འཁོར་བའི་སེམས་ཅན་རྣམས་འདོད་ཡོན་ལྔ་ལ་ཆགས། མ་རྟོགས་པའི་གང་ཟག་རྣམས་མཚན་མ་དང་བཅས་པའི་བདེ་བ་ལ་ཆགས་པས། བཤང་བའི་སྲིན་བུ་དྲི་ལ་ཆགས་པ་ནི། །དེ་ཡང་མི་གཙང་བའི་སྲིན་བུ་དེ་ཙནྡན་ག་པུར་གླ་རྩིའི་དྲི་ཚེར་བ་ཙམ་གྱིས་མི་གཙང་བའི་བར་འཛིན་ཅིང་འཆིང་བར་བྱེད། དེ་བཞིན་དུ་མཚན་མ་ཅན་ལ་བརྟེན་པའི་རྣལ་འབྱོར་རྣམས། མཚན་མ་མེད་པའི་དོན་ལ་ལོག་པར་ལྟ་ཞིང་བརྒྱལ་ཏེ་འགྲོ་བས། ཙནྡན་དག་ལ་དྲི་ངན་དག་ཏུ་སེམས། །མཚན་མ་མེད་པའི་དོན་བློ་ལས་འདས་པ་དེ་རྟོགས་ན། བློས་བྱས་པའི་འཁོར་བ་མྱ་ངན་གྱི་ཕུང་པོ་དེ་སྤངས་ནས། དོན་དམ་པའི་མྱ་ངན་ལས་འདས་པ་གསུམ་ཐོབ་པ་ཡིན་ལ། མ་རྟོགས་པའི་ཆོས་རྣམས་བྱས་པའི་ཆོས་ལ་དོན་དམ་པར་འཛིན་པས། དེ་ལྟར་མྱ་ངན་ལས་འདས་པ་སྤངས་ནས་ནི། དྲན་རིག་གི་ཉམས་སུ་སྣང་སྟོང་གི་བདེ་བ་ལ་མངོན་པར་ཞེན་པས་ཁམས་གསུམ་དུ་འཁོར་ནས། དྲན་པ་ལས་སྡུག་བསྔལ་དུ་སྲིད་ནས། འཁོར་བ་འབྱུང་བའི་རྒྱུ་དང༌། འཁོར་བ་གནས་པའི་རྟེན་དུ་འགྱུར་ཏེ། འཁོར་བ་ལས་ཕྲལ་བའི་དུས་མེད་པས། སྲིད་པའི་འབྱུང་གནས་མཐུག་པོས་ཆགས་པར་བྱེད།། །།ད་ནི་འགལ་བའི་དཔེ་ཕུན་སུམ་ཚོགས་པ་ཡང་དག་པ་མ་ཡིན་པས། སྐམས་པ་བ་ལང་གི་རྐང་རྗེས་ཀྱི་ཆུ་ལྟ་བུས་བསྟན་པ་ནི། དཔེར་ན་རྒྱ་མཚོ་མ་མཐོང་བའི་གང་ཟག་གིས། བ་ལང་གི་རྐང་རྗེས་ཀྱི་ཆུ་ལ། རྒྱ་མཚོ་ཡིན་སྙམ་ནས། རིན་པོ་ཆེ་བཙལ་ཡང་མི་རྙེད། དཔེ་དེ་བཞིན་དུ་རྟགས་དང་མཚན་དང་ཉམས་སུ་མྱོང་བའི་བདེ་བ་དེ་ཡང་དག་པ་ཡིན་སྙམ་ནས་དོན་དམ་པ་མི་རྙེད་པས། བ་ལང་རྐང་རྗེས་ཆུ་ཡིས་གང་བྱས་ཀྱང༌། །དཔེར་ན་བ་ལང་རྗེས་ཀྱི་ཆུ་ནས་བརྒྱ་ལ་རིན་པོ་ཆེ་ཅིག་རྙེད་ཀྱང་ཆུང་བས་སྟོར་ཏེ་


DTG052_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བས། དེ་བཞིན་དུ་བློས་བྱས་པའི་ཆོས་ཐུན་མོང་གི་དངོས་གྲུབ་བྱུང་ཡང་ཡལ་ཏེ་འགྲོ་སྟེ་མི་རྟག་པའི་ཕྱིར། ཇི་ལྟར་དེ་ཡང་སྐལ་པ་འགྱུར་བ་བཞིན་དུ། སངས་རྒྱས་ཀྱི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སམ། དཔེ་བྱད་བཟང་པོ་བརྒྱད་ཅུའམ། ཡོན་ཏན་དུ་མ་སྣང་ཡང་གློ་བུར་བ་ཡིན་པས་ཡལ་ཏེ་འགྲོ། །དཔེར་ན་རྨི་ལམ་གྱི་གནས་སྐབས་ན། ལྷའི་གཞལ་ཡས་ཁང་ལ་སོགས་པར་ཕྱིན་པ་རྨི་སྟེ། གཉིད་སད་པའི་དུས་སུ་མི་བདེན་པས་མི་བརྟེན་ཏེ་ཡལ་ཏེ་འགྲོ་བའི་ཕྱིར། ཕུན་ཚོགས་མ་ཡིན་ཕུན་ཚོགས་བརྟན་པའི་སེམས། །བརྟན་པའི་སེམས་ནི་ཆོས་སྐུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་རྐྱེན་གསུམ་གྱིས་མ་བསླད་པ་དེ། ཕུན་སུམ་ཚོགས་པ་བརྟན་པའི་སེམས་ཡིན་ལ། །དེ་མ་རྟོགས་པས་སྔགས་དང་ཕྱག་རྒྱའི་ནུས་པ་ལ་ཕུན་སུམ་ཚོགས་པ་ཡིན་ཟེར་ཏེ། དེ་ཡང་གློ་བུར་བ་ཡིན་པའི་ཕྱིར། ཡང་ནི་ཕུན་སུམ་ཚོགས་པ་སྐམས་པར་འགྱུར།། །།ད་ནི་མི་འགལ་བའི་དཔེ་མི་འགྱུར་བའི་དོན་རྟོགས་ནས། ཡུལ་སྣ་ཚོགས་སྤྱད་ཀྱང་སྐྱོན་དུ་མི་འགྱུར་བའི་དཔེ་བསྟན་ཏེ། མི་འགྱུར་བའི་དོན་དྲན་པ་མེད་པ་སྤྲུལ་པའི་སྐུ་དང༌། སྐྱེ་བ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། བློ་ལས་འདས་པ་ཆོས་ཀྱི་སྐུ་གསུམ་རྟོགས་ན། ཕྱིས་འཁོར་བར་མི་སྐྱེ་སྟེ། དཔེར་ན་རྒྱ་མཚོ་ལ་བ་ཚྭ་ཅན་གྱི་ཚུལ་སྤྱད་དུ་མི་བཏུབ་པས་རྩི་ཤིང་དང་ནགས་ཚལ་ལ་སོགས་པ་མི་སྐྱེ། དེ་བཞིན་དུ་བློ་འདས་ལ་བློས་དཔྱད་དུ་མི་བཏུབ། བློ་དཔྱད་དུ་མེད་པས་འཁོར་བར་མི་སྐྱེ་བས། ཇི་ལྟར་རྒྱ་མཚོ་བ་ཚྭ་ཅན་གྱི་ཆུ། །འོན་བ་ཚྭ་ཅན་གྱི་ཆུ་དེ་དཔྱད་དུ་ཡེ་མི་བཏུབ་བམ་ཞེ་ན། དེ་མ་ཡིན་ཏེ། རྒྱ་མཚོ་ལས་རླབས་བྱུང་དེ་སྤྲིན་དུ་སོང༌། སྤྲིན་ལས་ཆར་པ་བབས་པས། ལོ་ཏོགས་ཐམས་ཅད་སྨིན་པར་བྱེད་དོ། །དེ་ཡང་སྣོད་ཀྱི་ཁྱད་པར་གྱིས་ཉ་ཕྱིས་ཀྱི་ཁར་སོང་བས་མུ་ཏིག་ཏུ་འགྲོ། །པདྨའི་ཁར་སོང་བས་དངུལ་ཆུར་འགྲོ། །དེ་བཞིན་དུ་དྲན་མེད་ལས་དྲན་པའི་སྤྲུལ་པ་བྱུང་བས། མ་རྟོགས་པ་རྣམས་ལ་འཁོར་བའི་འབྲས་བུ་སྨེན་པར་བྱེད།


DTG052_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་དང་ལྡན་པ་རྣམས་ལ་སྐུ་གསུམ་དུ་སྨིན་པར་བྱེད་པས། ཉ་ཕྱིས་པདྨའི་མུ་ཏིག་གམ་དངུལ་ཆུ་བཞིན་དུ་སྣོད་དང་ལྡན་པ་དང་མི་ལྡན་པ་བྱེ་བྲག་གིས་འཁོར་འདས་གཉིས་བྱེད་པས། ཆུ་འཛིན་ཁ་ཡིས་བླངས་པས་མངར་བར་འགྱུར། །དྲན་མེད་སྐྱེ་མེད་བློ་འདས་གསུམ་ལས་ཅིར་ཡང་ཤར་བ་ནི་སྤྲུལ་པ་སྣ་ཚོགས་ཏེ། སྤྲུལ་པ་ལ་མངོན་པར་ཞེན་པ་ནི་མ་བརྟན་པའོ། །སྤྲུལ་པའི་འཆར་ས་བློའི་ཡུལ་ལས་འདས་པ་དེ་ནི་བློས་བསྒྱུར་དུ་མི་བཏུབ་སྟེ། དེ་ཉིད་ཁོ་ན་དོན་དམ་པའི་སེམས་རང་བཞིན་གྱིས་རྣམ་པར་དག་པ། དེ་ལས་སེམས་ཅན་གྱི་དོན་ཅི་ཡང་འབྱུང་དུ་རུང་སྟེ། དཔག་བསམ་གྱི་ཤིང་ངམ་བུམ་པ་བཟང་པོ་ལྟ་བུ་ཡིན་པས། བསྟན་པའི་སེམས་ཀྱིས་གཞན་གྱི་དོན་བྱེད་པ། སྐྱེ་བ་མེད་པའི་དོན་རྟོགས་ན་ཕྱི་ནང་གི་ཡུལ་ཐམས་ཅད་ཀྱི་སྐྱེས་གནས་ས་ཐིམ་ས་དང་གསུམ་རྟོགས་པས། ཉོན་མོངས་པ་དུག་དང་འདྲ་བ་དེ་ཡང༌། ཡེ་ཤེས་ཀྱི་བདུད་རྩིར་འགྱུར་དུ་བཏུབ་སྟེ། དཔེར་ན་སྙིང་རླུང་ཅན་ལ་བཙན་དུག་བཏང་བས། སྙིང་རླུང་སོས་པ་བཞིན་དུ། དོན་དུ་ན་སྙིང་རླུང་གིས་དྲན་པ་མེད་པ་བཞིན་དུ། སངས་རྒྱས་ཀྱི་དགོངས་པ་དྲན་པ་མེད་པའོ། །དེ་ལས་དྲན་པ་སྣ་ཚོགས་སྐྱེས་པ་ཡང༌། །དངོས་པོར་བཟུང་ན་དུག་འགྱུར་ལ། །དྲན་པ་དེ་ཉིད་ཀྱི་མཚན་ཉིད་ཤེས་ན་དྲན་རིག་ལ་སྤྱད་ཀྱང་རང་བཞིན་མེད་པར་རྟོགས་པས། ཡུལ་གྱི་དུག་ཀྱང་བདུད་རྩིར་འགྱུར་བ་ཡིན།། །།ད་ནི་མི་འགལ་བའི་དཔེ་བརྗོད་དུ་མེད་པའི་དོན་རྟོགས་ན། བརྗོད་དུ་མེད་པའི་སྒྲས་སྔགས་ཀྱང༌། དོན་འབྱུང་བ་དཔེ་འབྲུག་གི་སྒྲ་ལྟ་བུ་བསྟན་པ་ནི། ཡིད་ལ་མ་བྱས་པའི་དབྱིངས་ལ་བརྗོད་དུ་མེད་ཀྱང༌། དཔེར་ན་གཞོན་ནུ་མའི་བདེ་བ་ལ་བཟླས་སུ་མེད་པའོ། །བརྗོད་དུའམ་རིག་རྒྱུ་ནི་དྲན་པ་ཡིན་ཏེ། ཇི་སྲིད་དྲན་པ་དང་བཅས་པ་དེ་ཉིད་དུ། སྡུག་བསྔལ་གྱི་བདེན་པའོ། །དྲན་པ་མེད་པ་ཀུན་འབྱུང་གི་བདེན་པའོ། །སྐྱེ་བ་མེད་པ་ལམ་གྱི་བདེན་པ། བློའི་ཡུལ་ལས་འདས་པ་འགོག་པའི་བདེན་པ། བདེན་པ་གསུམ་ལ་བརྗོད་དུ་མེད་པའི་ཕྱིར། །བརྗོད་དུ་མེད་ན་


DTG052_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མ་ཡིན་ཏེ། །བརྗོད་དུ་མེད་པས་བསྒོམ་དུ་ཡང་མེད་དེ། །བསྒོམ་པ་ནི་བསམ་པ་ཡིན་ལ། བསམ་པ་ནི་རྣམ་པར་རྟོགས་པ། རྣམ་པར་རྟོག་པ་ནི་འཁོར་བ་ཡིན་པས། དོན་དམ་པ་བློའི་ཡུལ་ལས་འདས་པ་དེ་ལས་བློས་བསྒོམ་པའམ། ངག་གིས་ཀྱང་བརྗོད་དུ་མེད་པའོ། །དེ་ནི་འདམ་གྱིས་མ་གོས་པའི་བདེ་བ་ཆེན་པོ་ཡིན་ལ། བློས་བྱ་རྒྱུ་གཅིག་བྱུང་ན་བྱས་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཡིན་པས། བསྒོམ་དུ་མེད་ན་དེ་ཉིད་བདེ་བ་ཡིན། །བློ་ཆུང་བའི་གང་ཟག་ལ་བསྒོམ་དུ་མེད་བྱས་པའི་སྒྲ་དེ་ལ་སྔངས་ཏེ། སྐྲག་ཀྱང་དེའི་དོན་རྟོགས་ན་འཁོར་བ་ལས་ཐར་པའི་དོན་འབྱུང་སྟེ། དཔེར་ན་གློག་དང་འབྲུག་དྲག་པོས་བློ་ཆུང་བ་རྣམས་སྔངས་ཡང༌། ལོ་ཏོག་སྨིན་པའི་དོན་བྱེད་པ་ལྟར། ཇི་ལྟར་སྤྲིན་གྱི་སྒྲ་ཡིས་སྔངས་ན་ཡང༌། །འབྲུག་དང་གློག་བྱུང་བ་ནི་ཆར་པའི་སྔ་ལྟས་ཡིན་ཏེ། ཆར་པ་བབ་པས་ལོ་ཏོག་དང་ཤིང་ཏོག་ཐམས་ཅད་སྨིན་པར་བྱེད་པ་བཞིན་དུ། བརྗོད་དུ་མེད་པའི་དོན་དེ་ལས་སེམས་ཅན་གྱི་དོན་ཤུགས་ཀྱིས་དྲན་པ་དྲན་མེད་དུ་སྨིན་པར་བྱེད། དྲན་མེད་སྐྱེ་མེད་དུ་སྨིན་པར་བྱེད། སྐྱེ་མེད་བློ་འདས་སུ་སྨིན་པར་བྱེད་པས། བློ་ལས་རྟོགས་ན་འཁོར་བ་དང་མྱ་ངན་ལས་འདས་པར་སྨིན་པར་བྱེད་པས། ཆར་པ་བབ་པས་ལོ་ཏོག་སྨིན་པར་བྱེད།། །།ད་ནི་མི་འགལ་བའི་དཔེ་དུས་གསུམ་ཐ་མི་དད་པ་ལ། སྣང་སྟོང་གཉིས་སུ་མེད་པར་བསྟན་པ་ནི། དང་པོ་དྲན་པའི་དུས་སུ་ཐ་མ་མི་དྲན། ཐ་མ་དྲན་པའི་དུས་སུ་བར་མི་དྲན། དེའི་ཕྱིར་དྲན་པ་ལ་གནས་མེད་དེ། གནས་མེད་པ་དེ་ཁོ་ན་ཉིད་དོན་དམ་པའི་གནས་ཡིན་ཏེ། དྲན་མེད་ཀྱི་དབྱིངས་འགའ་ཞིག་ལས་དྲན་པ་འདི་ཐོག་མར་ཡང་སྐྱེས། བར་དུ་ཡང་གནས། ཐ་མར་ཡང་ཐིམ་པས། རྟོགས་པའི་རྣལ་འབྱོར་པ་ལ་དྲན་པའི་དུས་རྣམ་པ་གསུམ་དུ་དྲན་མེད་དུ་གནས་པས། ཐོག་མ་ཐ་མ་བར་དུ་གནས་པ་སྟེ། །དེ་ལྟར་རྟོགས་པ་ལ་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བ་གསུམ་མི་དམིགས་ཏེ། བློ་ལས་འདས་པའི་དབྱིངས་ལ། དེ་གསུམ་ཐ་དད་མེད་པའི་ཕྱིར། །དང་པོ་ཐ་མ་དེ་བཞིན་གཞན་ན་མེད། །དེ་ལྟར་


DTG052_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟོགས་པས། སྣང་བར་རྟོགས་སྟོང་པར་རྟོགས་ཏེ་སྣང་སྟོང་གཉིས་སུ་འཛིན་པ་ནི་ཡང་དག་པ་མ་ཡིན་ཏེ། གཉིས་ཀ་གློ་བུར་བ་ཡིན་པའི་ཕྱིར་རོ། །གློ་བུར་བ་ལ་ལྟ་བར་བྱེད་པ་ནི་རྨོངས་པ་ཡིན་པའི་ཕྱིར། ཀུན་དུ་རྟོག་པ་རྨོངས་པའི་ཡིད་ཅན་ལ། །སྣང་སྟོང་གཉིས་རང་གང་ཞེ་ན། །སྟོང་པ་ནི་བཅོས་མའི་སྟོང་པ་དང༌། མ་བཅོས་པའི་སྟོང་པའོ། །བཅོས་མ་ནི་སྟོང་པར་བསྒོམ་པའོ། །མ་བཅོས་པའི་སྟོང་པ་ནི་དྲན་མེད་རྟོགས་པ་ཙམ་མོ། །བཅོས་མའི་སྟོང་པ་ནི་བྱས་པའི་ཕྱིར་འཇིག་རྟེན་གློ་བུར་བའོ། །མ་བཅོས་པའི་སྟོང་པའི་དྲན་མེད་ཙམ་ལ་ཟེར་བ་དེ་ཡང༌། ཉམས་སུ་མྱོང་བའི་ཕྱིར་འཇིག་པའོ། །སྣང་བ་ནི་ཐ་མལ་པའི་སྣང་བ་དང༌། གྲུབ་མཐས་བློ་བསྒྱུར་བའི་སྣང་བའོ། །ཐ་མལ་གྱི་སྣང་བ་ནི་དངོས་པོར་འཛིན་པ་འདི་ཡིན་ཏེ། དངོས་པོར་སྣང་བ་འདི་མ་བརྟགས་ན་ཉམས་དགའ་ཙམ་དུ་སྣང་ལ། བརྟགས་ན་སྒྱུ་མ་ཙམ་མིག་ཡོར་རྨི་ལམ་ཡིན་ནོ། །གྲུབ་མཐས་བློ་བསྒྱུར་གྱི་སྣང་བ་ནི། སྙིང་རྗེ་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཡང་བྱས་པའི་ཕྱིར་འཇིག་ཆོས་ལ་དམིགས་པའི་ཕྱིར་འཇིག །དམིགས་པ་མེད་པའི་སྙིང་རྗེ་ནི། དམིགས་རྒྱུ་མེད་པ་ལ་སྙིང་རྗེ་རྒྱུ་མེད་པས་རང་བཞིན་གྲུབ། དེའི་ཕྱིར་སྣང་སྟོང་གཉིས་ལ་རིག་རྒྱུའམ་བརྗོད་རྒྱུ་བྱུང་བས་དོན་དམ་པ་མ་ཡིན་པའི་ཕྱིར། སྟོང་པ་དང་ནི་སྙིང་རྗེ་བརྗོད་པས་སོ། །ད་ནི་མི་འགལ་བའི་དཔེ། འཁོར་འདས་ཐ་མི་དད་པ་མཁས་པས་ཤེས། །རྨོངས་པས་མི་ཤེས་དཔེ་ལོ་ཏོག་དང་བུང་བ་དང་སྦལ་པས་བསྟན་པར་བྱ་སྟེ། དཔེར་ན་མཚོ་ལས་སྐྱེས་པའི་མེ་ཏོག་ནང་ན་སྦྲང་རྩི་ཡོད་པ་བྱ་དང་ངང་པ་ཉ་དང་སྦལ་པ་ལ་སོགས་པས་རྩ་ན་ཡོད་ཀྱང་མི་ཤེས། དེ་བཞིན་དུ་དྲན་པའི་བསྐྱེད་རིམ་དང་རྫོགས་རིམ་དང༌། རྩ་ནཱ་ད་ཐིག་ལེ་ལ་སོགས་པའི་ཉམས་མྱོང་ལ་མངོན་པར་ཞེན་པས་དྲན་པས་མ་གོས་པའི་དྲན་མེད་ཀྱི་ནང་སྐྱེ་བ་མེད་པ་དང་བློ་ལས་འདས་པའི་སྦྲང་རྩི་ཡོད་པ་དེ། དྲན་རིག་ལ་ཞེན་པ་དེས་མ་ཤེས་པས། ཇི་ལྟར་མེ་ཏོག་ནང་གནས་སྦྲང་རྩི་ནི། །དཔེར་ན་བུང་བ་ཐག་རིང་བ་ལས་འོངས་པས། མཚོ་ལ་མ་ཐོགས། ལོ་འདབ་ལ་མ་ཐོགས་པར་སྦྲང་རྩི་འཐུངས་ནས་འགྲོ། །དེ་བཞིན་དུ་


DTG052_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དྲན་པའི་རྣམ་རྟོག་ལ་མ་ཞེན་པས། དྲན་མེད་སྐྱེ་མེད་བློ་ལས་འདས་པ་གསུམ་ཤེས་པའི་ཕྱིར། བུང་བ་ཉིད་ཀྱིས་ཤེས་པར་གྱུར་པ་ཡིན། །དྲན་མེད་སྐྱེ་མེད་བློ་འདས་ཀྱི་དོན་ཤེས་ན། འཁོར་འདས་གཉིས་ཐ་མི་དད་དེ། འདོད་ཁམས་དང༌། གཟུགས་ཁམས་དང་གཟུགས་མེད་པའི་ཁམས་གསུམ་ནི་འཁོར་བ་གསུམ་ཡིན་ལ། ཕུང་པོ་ལྷག་བཅས་དང་ལྷག་མེད་དང༌། མི་གནས་པ་གསུམ་ནི་མྱ་ངན་ལས་འདས་པ་གསུམ་ཡིན་ཏེ། དེ་གཉིས་ཀ་བློ་ལས་འདས་པའི་དབྱིངས་ལ་མི་དམིགས་ཤིང༌། མི་དམིགས་པ་ཉིད་ཀྱི་རོ་མ་སྟོར་བར་རང་བཞིན་དུ་གནས་པས། སྲིད་དང་མྱ་ངན་འདས་པ་མི་བྱེད་དོ། །དེ་ལྟ་བུའི་དོན་དྲན་རིག་ལ་མངོན་པར་ཞེན་པའི། དྲན་མེད་ལ་རྨོངས་པས་སྐུ་གསུམ་གྱི་དོན་མི་ཤེས་པའི་ཕྱིར། རྨོངས་པ་དག་གིས་ཇི་ལྟར་ཡོངས་སུ་ཤེས།། །།ད་ནི་འགལ་བའི་དཔེ་བསྟན་པ་སྤངས་ནས་མི་བདེན་པ་ལ་ཆགས་པའི་དཔེ་གཟུགས་བརྙན་ལྟ་བུས་སྟོན་ཏེ། དཔེར་ན་བུ་ཆུང་གིས་མེ་ལོང་ལ་བལྟས་པས། རང་གི་གཟུགས་བརྙན་མཐོང་ནས་དེ་ལ་འཛིན་དུ་འགྲོ། །དེ་བཞིན་དུ་མ་རྟོགས་པ་རྣམས་དྲན་རིག་གི་མཚན་བཅས་ཀྱི་བདེ་བ་ལ་དོན་དུ་ཞེན་ནས་གནས་པ་ནེ། གཟུགས་བཟུང་ཡང་མི་ཟིན་པ་དང་འདྲ་བས། ཇི་ལྟར་མེ་ལོང་ངོས་ཀྱི་བཞིན་གྱི་གཟུགས། །དཔེར་ན་རི་བོང་རྣམས་ཀྱིས་གཅན་གཟན་གྱི་རྒྱལ་པོ་སེང་གེ་ཁྲོན་པའི་ཁར་ཁྲིད་ནས། ཁོའི་གཟུགས་བརྙན་ཁྲོན་པའི་ཁར་ཤར་དུ་བཅུག་པས། ཁོ་ཞེ་སྡང་གིས་ཁྲོས་པས་མཆོངས་པ་བཞིན་དུ། མ་རྟོགས་པས་དྲན་པའི་གཟུགས་བརྙན་ལྷ་དང་ལྷ་མོའི་དལ་ལ་ཆགས་པས། དེ་རང་གིས་འཆིང་བའི་ཕྱིར། རྨོངས་པ་མི་ཤེས་པ་ཡིས་བལྟས་པ་ལྟར། །དོན་དམ་པའི་བདེན་པ་སྙིང་པོའི་དོན་བློའི་ཡུལ་ལས་འདས་པ། འཁོར་འདས་གཉིས་ཀྱི་འདམ་གྱིས་མ་གོས་པ་དེ། དྲན་པ་ལ་མངོན་པར་ཞེན་པས་སྤང་བའི་ཕྱིར། དེ་ལྟར་བདེན་པ་སྤངས་པའི་སེམས་དེ་ནི། །མཚན་མ་དང་བཅས་པའི་བདེ་བ་དང༌། ལས་ཀྱི་ཕྱག་རྒྱའི་བདེ་བ་དང༌། ཆོས་ཀྱི་ཕྱག་རྒྱའི་སྟོང་པ་ཉིད་ཀྱི་ཞི་གནས་དང༌། དམ་ཚིག་གི་ཕྱག་རྒྱ་ལྷའི་དཀྱིལ་འཁོར་


DTG052_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མངོན་པར་ཞེན་པ་རྣམས་དེ་ལ་བརྟེན་ཏེ། དེ་ཡང་བྱས་པའི་བསམ་གཏན། འཇིག་པའི་ཆོས་ཅན་མི་བདེན་པ་ཡིན་ཏེ། དོན་མ་རྟོགས་པ་རྣམས་ལ་བརྟེན་པས། མི་བདེན་པ་ལ་མང་དུ་རྟེན་པར་བྱེད། །ད་ནི་མི་འགལ་བའི་དཔེ་སྐུ་གསུམ་འཁོར་ལོ་རྟོགས་ན། བསམ་གཏན་རྒྱུན་མི་འཆད་པའི་དཔེ་བསྟན་ཏེ། དེ་ཡང་དཔེར་ན་མེ་ཏོག་ཙམ་པ་ཀ་ལ་ཕར་རྒྱབ་ལྟ་བུ་ན་ཡོད་ཀྱང༌། དྲིས་ཚུར་ངོས་ལྟ་བུར་རྡོལ་ནས་འོང༌། དཔེ་དེ་བཞིན་དུ་ཡང་དག་པའི་ལྟ་བ་བསྒོམ་དུ་མེད་པ་དེ་དྲན་པ་དང་རིག་པའི་ཕར་རྒྱབ་ན་ཡོད་ཀྱང་རྟོགས་པའི་དུས་སུ་དྲན་པ་དང་རིག་པའི་མདུན་དུ་ཡང་ཁྱབ་ལ། དྲན་རིག་རང་ལ་ཡང་ཁྱབ་པའོ། །ཁྱབ་པའི་དོན་དེ་ལ་བསྒོམ་དུ་ཡང་མེད་ལ་བརྗོད་དུ་མེད། དེའི་ཕྱིར་བལྟ་རུ་མེད་པ་ནི་ཡང་དག་ལྟ་བའོ། །ཡང་ན་དྲན་པ་དང་རིག་པ་ནི་མེ་ཏོག་ལྟ་བུ། དྲི་ལྟ་བུ་ནི་དྲན་མེད་དེ། དྲན་མེད་ལ་གཟུགས་མེད་པས། དངོས་པོ་དང་མཚན་མའི་ལ་ལ་ཐོགས་རྡུགས་མེད་པར་གར་ཡང་ཁྱབ་པས། མེ་ཏོག་དྲི་ནི་གཟུང་དུ་མེད་ན་ཡང༌། །མེ་ཏོག་དྲི་ལ་གཟུགས་མེད་ཀྱང༌། །མངོན་སུམ་དང་འདྲ་བར་ཀུན་དུ་ཁྱབ། དཔེ་དེ་བཞིན་དུ་ཡིད་ལ་མ་བྱས་པ་གང་ཡང་ཁྱབ་པ་དེ། བླ་མས་མངོན་སུམ་དུ་བརྡ་དང་ཐབས་ཀྱིས་བསྟན་དུ་བཏུབ་སྟེ། དྲན་པ་དང་དབང་པོའི་མངོན་སུམ་དུ་བསྟན་དུ་བཏུབ། དྲན་མེད་ཡིད་ཀྱི་མངོན་སུམ་དུ་བསྟན་དུ་བཏུབ། སྐྱེ་མེད་དང་རིག་པའི་མངོན་སུམ་དུ་བསྟན་དུ་བཏུ་བ། བློ་ལས་འདས་པ་རྣལ་འབྱོར་གྱི་མངོན་སུམ་དུ་བསྟན་དུ་བཏུབ། དེས་ན་དྲན་མེད་སྐྱེ་མེད་བློ་ལས་འདས་པ་གསུམ་པོ་དེས་དངོས་པོ་མཚན་མའི་ཆོས་ཐམས་ཅད་ལ་ཁྱབ་པས། མངོན་དུ་ཀུན་དུ་ཁྱབ་པར་བྱེད་པ་ལྟར། དེ་ཡང་དྲན་མེད་སྤྲུལ་པའི་སྐུ་དང༌། སྐྱེ་མེད་ལོངས་སྤྱོད་རྫོགས་པའི་སྐུ་དང༌། བློ་ལས་འདས་པ་ཆོས་ཀྱི་སྐུ་དང༌། དེ་གསུམ་ཐ་མི་དད་པ་ངོ་བོ་ཉིད་ཀྱི་སྐུ་དང༌། བཞི་ནི་རང་བཞིན་གྱིས་རྣམ་པར་དག་པ། དངོས་པོ་དང་མཚན་མ་མེད་པ་གཟུགས་དང༌། གཟུགས་ཀྱི་རང་བཞིན་མེད་པ། དེ་ལ་མཚན་ཉིད་བཞི་དང་ལྡན་པ་ཡིན་ཏེ། སྤྲུལ་སྐུ་དྲན་མེད་ནི་ཀུན་ལ་ཁྱབ་པ། ལོངས་སྐུ་སྐྱེ་མེད་ནི་གཟུགས་ཅན་མ་ཡིན་པ། ཆོས་སྐུ་


DTG052_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བློ་འདས་ནི་འགྲོ་འོང་མེད་པ་ཐ་མི་དད་པ། ངོ་བོ་ཉིད་ཀྱི་སྐུ་ནི་དུས་ཐམས་ཅད་ཡིན་པས། དེ་བཞིན་ཉིད་ཀྱང་ཡིན་ལ། དེ་བཞིན་ཉིད་དེ་ལ་ནི་གཟུགས་དང་གཟུགས་ཀྱི་རང་བཞིན་མེད་པའི་ཕྱིར། དེ་བཞིན་གཟུགས་མེད་པའི་རང་བཞིན་གྱིས། མཚན་མ་ལས་འདས་པའི་དེ་བཞིན་ཉིད་དེ་ལ་ནི། འཁོར་བའི་དཀྱིལ་འཁོར་དང༌། མྱ་ངན་ལས་འདས་པའི་དཀྱིལ་འཁོར་མཐའ་དག་ཤར་དུ་རུང་སྟེ། གདུལ་བྱའི་བསམ་པ་ནི་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་ཡིད་ལ་མ་བྱས་པའི་དབྱིངས་ལས་ཤར་ཞིང་དབྱིངས་སུ་ནུབ་ལ། དབྱིངས་དེ་ལ་ནི་དྲི་མ་གཉིས་ཀྱིས་མ་གོས་ལ། འཁོར་འདས་གཉིས་ཀྱིས་མ་གོས་པས། དཀྱིལ་འཁོར་འཁོར་ལོ་དག་ཀྱང་ཤེས་པར་བྱ།། །།ད་ནི་འགལ་བའི་དཔེ་དྲན་པ་ལ་དངོས་པོར་ཞེན་པས། རྣམ་པར་རྟོག་པ་སྲ་ཞིང་མཁྲེགས་པར་གྱུར་པས་ཁྱབ་རོམ་ལྟ་བུས་བསྟན་ཏེ། དྲན་པ་འགྱུར་བ་ཅན་འདིས་དྲན་མེད་དབྱིངས་དཀྲུགས་པས། རྣམ་པར་རྟོགས་ཆེར་འགྲོ། །དཔེར་ན་དགུན་གྱི་ལྷགས་པས་ཆུ་ལ་དཀྲུགས་པས་ཁྱབ་རོམ་དུ་འགྲོ་སྟེ། དེ་བཞིན་དུ་རྟོག་མེད་ལ་རྟོག་པ་ཞུགས་པས། འཁོར་བ་བརྟས་སུ་འགྲོ་བའི་ཕྱིར། །རླུང་གིས་ཆུ་ལ་ཞུགས་ཤིང་དཀྲུགས་པ་ཡིས། །དེ་ཡང་ཆུ་ལ་ལྷགས་པ་མ་ཞུགས་ན། །འཇམ་ཞིང་ཟུག་རྡུ་མེད་པ་ལ། །རྐྱེན་ལྷགས་པ་ཞུགས་པས་ཁྱབ་རོམ་རྡོ་བ་བཞིན་དུ་འགྲོ་སྟེ། དེ་བཞིན་དུ་དྲན་མེད་ལ་དྲན་པའི་རྣམ་རྟོག་མ་ཞུགས་ན། ཉོན་མོངས་པའི་ཟུག་རྔུ་མེད་ལ། མཚན་མའི་རྟོག་པ་མེད་པས་འཇམ་ལ། དྲན་མེད་ལས་དྲན་པ་ཤར། དེ་དངོས་པོ་ཐེར་ཟུག་ཏུ་བཟུང་བས་ཉོན་མོངས་པ་ཇེ་ཆེ་ཇེ་ཆེ་ལ། རྣམ་པར་རྟོག་པ་བཤིག་པས་མི་རིགས་པར་འགྲོ་བས། འཇམ་པའི་ཆུ་ཡང་རྡོ་ཡི་གཟུགས་ལྟར་འགྲོ། །དེ་ཡང་དྲན་པ་ཉིད་དང་པོ་དྲན་མེད་ལས་སྐྱེས། བར་དུ་ཡང་དྲན་མེད་དུ་གནས། ཐ་མ་ཡང་དྲན་མེད་དུ་ཐིམ་པར་ཤེས་ན། དྲན་པ་ཅི་སྐྱེས་ཐམས་ཅད་མཚོའི་ནང་དུ་ཁ་བ་བབ་པ་ལྟ་བུ་ཡིན་པ། མ་རྟོགས་པ་རྣམས་ཀྱིས་དྲན་པ་རང་རྒྱུད་པ་རྟག་པ་ཐེར་ཟུག་པར་བཟུང་བས། གངས་ཀྱི་ཐོག་ཏུ་ཁ་བ་


DTG052_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པ་དང་འདྲ་སྟེ། རྣམ་པར་རྟོག་པ་ཇེ་ཆེ་ཇེ་ཆེར་འགྲོ་བས། མ་རྟོགས་པའི་གང་ཟག་གི་དྲན་པས་དྲན་མེད་དཀྲུགས་པས་འཁོར་བའི་རྒྱུ་འབའ་ཞིག་སོགས་པས། རྟོག་པས་དཀྲུགས་པས་རྨོངས་པ་གཟུགས་མེད་ལས། དེ་ཡང་རྩ་ནཱ་ད་ཐིག་ལེ་གཏུམ་མོ་སྟོང་པ་ཉིད་ཀྱི་ཞི་གནས་ལ་སོགས་པ་བསྒོམ་པ་ཡང་དོན་དམ་རྟོགས་ན་རྣམ་པར་རྟོག་པ་མང་དུ་བསམས་པས་རྟོག་པ་མི་ཤིགས་པར་འགྲོ་བའི་ཕྱིར། ཤིན་ཏུ་སྲ་ཞིང་མཁྲེགས་པ་ཉིད་དུ་འགྱུར།། །།ད་ནི་མི་འགལ་བའི་དྲན་མེད་སྐྱེ་མེད་བློ་ལས་འདས་པ་ལ་སྐྱོན་གྱིས་མ་གོས་པའི་དཔེ་རིན་པོ་ཆེ་ལ་འདམ་གྱིས་མ་གོས་པ་ལྟ་བུས་སྟོན་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་དང་འཇའ་ཚོན་བྱུང་སྟེ། ནམ་མཁའ་ལ་གནོད་པ་མེད། མེ་ལོང་ལ་གཟུགས་བརྙན་ཤར་ཏེ་མེ་ལོང་ལ་གནོད་པ་མེད། དེ་བཞིན་དུ་སེམས་ཉིད་དངས་མ་དྲན་མེད་ལས། དྲན་པ་གྲོ་བུར་དུ་བྱུང་བ་དེ། བྱུང་ཡང་དྲན་མེད་ལས་བྱུང༌། གནས་ཀྱང་དེར་གནས། ཐིམ་ཡང་དེར་ཐིམ་པས། ཐུག་ཕྲད་ཀྱི་རྣལ་འབྱོར་ཡིན་པས། དྲན་པ་རྗེས་མེད་ཡིན་པའི་ཕྱིར། དྲན་པས་བྱས་པའི་དགེ་བ་དང་མི་དགེ་བ་དང༌། ཕྱི་མ་གཉིས་ཀྱིས་ཡིད་ལ་མ་བྱས་པ་ལ་ཕན་གནོད་མེད་པ་དེའི་ཕྱིར། སེམས་གང་དྲི་མ་མེད་པའི་རང་བཞིན་ལ། །ཁམས་གསུམ་དང་མྱ་ངན་ལས་འདས་པ་གསུམ་ནི་འཁོར་འདས་གཉིས་ལ། འཁོར་འདས་གཉིས་སུ་འཛིན་པ་རང་རྣམ་པར་རྟོག་པ་དྲན་པ་ཡིན་ལ། དྲན་པ་དེ་ཉིད་དྲི་མ་གཉིས་ཀྱི་འདམ་དུ་ཆུད་དེ། འཁོར་བ་གསུམ་ནི་ཉོན་མོངས་པའི་དྲི་མ། མྱ་ངན་ལས་འདས་པ་གསུམ་ནི་ཤེས་བྱའི་དྲི་མའོ། །དེའི་དྲི་མ་ཡིད་ལ་བྱས་པའི་དབྱིངས་དྲི་མ་མེད་པ་དེ་ལ། འཁོར་འདས་གཉིས་སུ་གདགས་རྒྱུ་ཡང་མེད་པས། འདམ་གང་གིས་ཀྱང་མ་གོས་པའི་ཕྱིར། སྲིད་དང་མྱ་ངན་འདས་པའི་འདམ་གྱིས་མི་གོས་སོ། །དཔེར་ན་རིན་པོ་ཆེ་འདམ་རྫབ་ཏུ་བཅུག་ཀྱང༌། རིན་པོ་ཆེའི་ཡོན་ཏན་ལ་འདམ་གྱིས་གོས་པ་མེད། དེ་བཞིན་དུ་དྲན་མེད་རྟོགས་པའི་རྣལ་འབྱོར་དེ། དྲན་པའི་འདམ་དུ་བཅུག་ཀྱང༌། དྲན་པའི་སྐྱོན་གྱིས་ཅུང་ཞིག་


DTG052_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གོས་པ་མེད། ཨུཏྤལ་འདམ་ནས་སྐྱེས་ཀྱང༌། ཉེས་པས་མ་གོས་པ་དང་འདྲ་བའི་ཕྱིར། འདམ་དུ་བཅུག་ན་མཆོག་གི་རིན་པོ་ཆེ། །དཔེར་ན་ནོར་བུ་རིན་པོ་ཆེ་འདམ་རྫབ་ཏུ་བཅུག་པས། རིན་པོ་ཆེའི་འོད་མི་གསལ། ཡོན་ཏན་ལ་གསལ་མི་གསལ་མེད་དེ། དེ་བཞིན་དུ་དྲན་མེད་ཀྱང་དྲན་པའི་འདམ་རྫབ་ཏུ་བཅུག་ནས། དྲན་པ་ལ་ཞེན་པས་མི་རྟོགས། དྲན་མེད་རང་ལ་གསལ་མི་གསལ་གྱི་ཐ་སྙད་མེད། རྟག་མི་རྟག་གི་ཐ་སྙད་མེད་དེ། རིན་པོ་ཆེའི་འདམ་རྫབ་བཀྲུས་ནས་རིན་པོ་ཆེར་ཤེས་པ་དང་འདྲ་བར། དྲན་པའི་འདམ་རྫབ་བླ་མ་དམ་པའི་གདམས་ངག་གིས། གློ་བུར་བར་ངོ་བསྟན་ནས། དྲན་མེད་ཀྱི་དབྱིངས་སུ་བཀྲུས་ན་སྐུ་གསུམ་མཐོང་ལ། དྲན་པའི་འདམ་རྫབ་མ་བཀྲུས་ན་མི་མཐོང་བས། དེ་ཡི་འོད་ཀྱང་གསལ་བ་མ་ཡིན་ནོ།། །།ད་ནི་འགལ་བའི་དཔེ་ཀུན་གཞི་ས་བོན་ལས། འཁོར་འདས་གཉིས་སུ་སྨིན་པའི་དཔེས་ས་བོན་གང་ཡིན་པ་ལས་མྱུ་གུ་འབྱུང་བ་སྟོན་ཏེ། དེ་ཡང་ལུས་ཀྱི་རྣམ་པར་ཤེས་པ་དབང་པོ་སྒོ་ལྔ་ལ་ཐིམ། དབང་པོ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐིམ། ཡིད་ཉོན་མོངས་པ་ལ་ཐིམ། ཉོན་མོངས་པ་ཀུན་གཞི་ལ་ཐིམ་ནས། བྱས་པའི་སྟོང་པ་སྟོང་སང་དེ་བསྒོམ་པ་དེ་ནི་གཏི་མུག་ཡིན་ཏེ། དེས་དོན་དམ་པའི་ཡེ་ཤེས་བློ་ལས་འདས་པ་དེ་མི་གསལ་བའི་ཕྱིར། གཏི་མུག་གསལ་བས་ཡེ་ཤེས་མི་གསལ་ཏེ། ཁ་ཅིག་གིས་ཨོཾ་ཨཱཿཧཱུཾ་གཟིགས་ལ་གཅིག་ལ་གཅིག་ཐིམ་ནས། ཐིག་ལེ་ལྟ་བུའམ་ཐིག་ལེ་ཉིད་ཀྱང་སྒོམ་པར་སྒོམ་པ་དེ་ཡེ་ཤེས་ཡིན་ཟེར་ཏེ། དེ་ནི་ཡིད་ཀྱིས་བཅོས་པའི་ཕྱིར་གཏི་མུག་ཡིན་ལ། ཡང་དབང་གསུམ་པའི་ཉམས་མྱོང་ལ་དོན་གྱི་ཡེ་ཤེས་ཡིན་ཟེར་བའམ། ཕྲ་མོ་དང་སྦོམ་པོ་དང་བཅོས་པའི་སྟོང་པ་གང་སྒོམ་ཡང༌། ཀུན་གཞི་རྣམ་པར་ཤེས་པས་གཏི་མུག་ཡིན་ལ། དེས་ཁམས་གསུམ་ལས་མི་གྲོལ་བས་སྡུག་བསྔལ་སྣ་ཚོགས་སུ་སྨིན་པས། གཏི་མུག་གསལ་བས་སྡུག་བསྔལ་བསལ་བ་ཡིན། དཔེར་ན་ས་བོན་གྱི་རྒྱུ་རྩ་བའམ་འབྲས་བུ་ལ་སོགས་པ་མ་བཏབ་ན་མི་སྐྱེ་ལ། བཏབ་པས་གང་འདོད་པ་སྐྱེ།


DTG052_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་དང་པོ་རྒྱུ་མ་རིག་པ་དེ་ལས་ཀུན་གཞི་རྣམ་པར་ཤེས་པ་དེ་ལ་དྲན་པ་རང་རིག་པ་བྱུང་བས། དེ་ལྟར་ས་བོན་ལས་ནི་མྱུ་གུ་འབྱུང༌། །ས་བོན་གྱི་རྒྱུ་དེ་མ་སྤྱད་ན་ཡལ་ག་དང་ལོ་འདབ་ལ་སོགས་པ་རྒྱས་པར་འགྲོ། །དེ་བཞིན་ཀུན་གཞི་རྩ་བ་མ་ཆོད་ན། འཁོར་བའི་བདེ་སྡུག་གི་ཡལ་ག་སྣ་ཚོགས་འབྱུང་བས། མྱུ་གུའི་རྒྱུ་ལས་ཡལ་ག་འབྱུང་བའོ།། །།ད་ནི་འགལ་བ་དྲན་མེད་སྐྱེ་མེད་བློ་འདས་རྟོགས་ཀྱང༌། སྣང་བ་དྲན་པ་ལ་མངོན་པར་ཞེན་པའི་དཔེ་ནི། མཐོང་ཡང་དོང་དུ་མཆོངས་པ་ལྟ་བུ་ནི། ཆོས་ཉིད་རྣལ་མ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་ཉིད་ཀྱི་དངས་མ་དེ་ལ་གཏན་ཚིགས་སམ། རིག་པའི་སྒོ་ནས་གཏན་ལ་དབབ་ཏུ་མི་བཏུབ་སྟེ། དེ་ཡང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཡང་རང་བཞིན་མེད། ཞེན་པ་ལ་སོགས་པ་བརྗོད་ཀྱང༌། དོན་དམ་པར་རང་བཞིན་མེད་པ་དེ་མ་རྟོགས་པའི་ཕྱིར། གཅིག་དང་དུ་མས་སེམས་ལ་དཔྱད་པ་ཡིས། །དོན་དམ་པའི་སངས་རྒྱས་ཀྱི་དགོངས་པ་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ངང་དུ། དགེ་བ་ཐམས་ཅད་འདུས་པས་དགེ་འདུན་དཀོན་མཆོག་དང༌། སྐྱེ་བ་མེད་ཅིང་འགག་པ་མེད་པའི་ངང་ལས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཤར་དུ་རུང་བས་ཆོས་དཀོན་མཆོག་བློ་ལས་འདས་ཤིང་བསམ་དུ་མེད་པའི་ངང་དུ། རྣམ་པར་རྟོག་པ་ཐམས་ཅད་སངས་ཤིང་དེ་ཁོ་ན་ཉིད་ཀྱི་དོན་རྒྱས་ཤིང་འབྱུང་བས། སངས་རྒྱས་དཀོན་མཆོག་དང་གསུམ་ནི། རང་ལ་གསལ་ཞིང་ཉེ་བ་ཡིན་པ་ལ། དེ་ལྟར་མ་རྟོགས་པས་དྲན་རིག་གི་སྒོམ་པ་ལ། དཀོན་མཆོག་གསུམ་ལ་ཉེ་བས་ནི་འཁོར་བ་གསུམ་ལས་ཐར་པ་མེད་པས། གསལ་བ་སྤངས་ནས་སྲིད་པ་དག་ཏུ་འགྲོ། །དེ་ཡང་དྲན་པ་ལ་གཉིས་གཉིས་ཏེ། དགེ་བའི་ལས་ཀ་བྱས་ན་མཐོ་རིས་གནས་གསུམ་ཐོབ་ལ། མི་དགེ་བ་བཅུ་སྤྱད་ན་ངན་སོང་གནས་གསུམ་དུ་འགྲོ་བས། ཆ་ཡོད་ཉེས་ཀྱང་མི་དགེ་བ་ལ་སྤྱོད་པ་དང་འདྲ་བར། བླ་མ་དམ་པས་ཡིད་ལ་མ་བྱས་པའི་དོན་བསྟན་ནས་ཡིད་ལ་བྱེད་པའི་ཆོས་ལ་འབད་པ་ནི། དཔེར་ན་མེའི་དོང་མཐོང་བཞིན་དུ། མེ་དོང་དུ་མཆོངས་པ་དང་འདྲ་བས། མཐོང་


DTG052_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་དོང་དུ་འགྲོ་བ་ལས། དེ་ལྟ་བུའི་གང་ཟག་དེ་ལས་སྙིང་རྗེ་བའི་གནས་མེད་དེ། སྙིང་རྗེ་བྱས་ནས་ཆོས་ལ་བཅུག་ཀྱང༌། མི་དགེ་བ་ལ་འབད་དུ་འགྲོ། །རྐྱེན་བྲལ་གསུམ་གྱི་དོན་བསྟན་ཀྱང་རྐྱེན་གསུམ་གྱི་སྟེང་དུ་འགྲོ་བས། དེ་ལས་སྙིང་རྗེ་བ་ནི་ཅི་ཞིག་ཡོད།། །།ད་ནི་རྨོངས་པ་ལས་ཀྱི་ཕྱག་རྒྱ་ལ་ཆགས་པའི་དཔེ་ནི། སྐྱེས་བུ་གཡེན་པས་ཀཱ་མ་རཱུ་པའི་གཏམ་འདྲི་བ་ལྟ་བུ་ནི། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ནི། ཡི་གེ་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་ཅིག་ནས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན། ཡི་གེ་ཨེ་སེར་པོ་གྱེན་ལ་བལྟ་བ་ཅིག་གནས། སྙིང་ག་ཆོས་ཀྱི་འཁོར་ལོ་ན་ཡི་གེ་ཧཱུཾ་སྔོན་པོ་མགོ་ཐུར་དུ་བསྟན་པ་ཅིག་གནས། ལྟེ་བ་སྤྲུལ་པའི་འཁོར་ལོ་ན། ཡི་གེ་ཨ་དམར་པོ་མགོ་གྱེན་ལ་བལྟ་བ་ཅིག་གནས། དེ་ལྟར་ན་འཁོར་ལོ་བཞི་ལ། སྤྱི་བོ་མགྲིན་པ་ཁ་སྦྱོར་སྙིང་ག་དང་ལྟེ་བ་གཉིས་ཁ་སྦྱོར་དུ་བྱས་ཏེ། ཐིག་ལེ་དཀར་པོ་བ་ཐག་ཙམ་ཅིག་གིས་འཁོར་ལོ་བཞི་རིམ་གྱིས་གང་ནས། དེའི་བདེ་བ་ལ་བསྒོམས་ནས་ཆགས་པའམ། ལས་ཀྱི་ཕྱག་རྒྱའི་ཤེས་རབ་མ་དང་ཁ་སྦྱོར་དུ་བྱས་ནས། ལུས་ལྷའི་འདུ་ཤེས་སེམས་ཆོས་ཀྱི་འདུ་ཤེས་ངག་སྔགས་ཀྱི་འདུ་ཤེས་བྱས་ཏེ། བྱང་སེམས་དབབ་པ་དང༌། བཟུང་བ་དང༌། བཟློག་པ་དང༌། གནས་སུ་བསྐྱལ་བའི་བདེ་བ་ལ་ཆགས་པས། ཁ་སྦྱོར་བ་དེ་ལ་ཡོངས་སུ་ཆགས་ནས་ནི། བདེ་བ་དེ་ནི་དོན་དམ་པ་མ་ཡིན་ཞིང་ཟག་པ་དང་བཅས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རྒྱུ་ཉི་ཚེ་བ། གནས་ཉི་ཚེ་བ། དུས་ཉི་ཚེ་བ་ཡིན་ཏེ། དེ་ཡང་རྒྱུ་མཆིལ་མ་དང༌། སྣབས་ལ་སོགས་པ་ལ་མི་སྐྱེ་བའི་ཕྱིར། གནས་རྡོ་རྗེ་པདྨ་མ་ཡིན་པ། གཞན་ནས་མི་སྐྱེ་བའི་ཕྱིར་དང༌། དུས་རྡོ་རྗེ་དང་པདྨ་འཛོམ་པའི་དུས་མ་ཡིན་པ་གཞན་དུ་མི་སྐྱེ་བས་བྱས་པའི་ཆོས་ཅན་འགྱུར་བ་ཅན་གློ་བུར་བ་ཡིན་ཏེ། དེའི་ཕྱིར་དོན་དམ་པ་མ་ཡིན་པ་ལ། དོན་དམ་པར་རྨོངས་པ་རྣམས་འཛིན་པའི་ཕྱིར། འདི་ཉིད་དོན་དམ་ཡིན་ཞེས་རྨོངས་པ་སྨྲས། །དོན་དམ་པ་ཞེས་བྱ་བ་ནི་དུས་གསུམ་འདུ་བྲལ་དུ་མེད་པའི་ཡིད་ལ་མི་བྱེད་པའི་དབྱིངས་ཏེ། དེའི་ངང་ལ་དྲན་པའི་སྤྲུལ་པ་ཤར་ནས། དྲན་


DTG052_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ལོ་བཞི་སྒོམ་པ་དང༌། དྲན་པའི་རྡོ་རྗེ་པདྨ་ལས་འདུ་འཕྲོ་ལས་མངོན་དུ་ཞེན་ནས་ཐར་པ་ཐོབ་ཏུ་རེ་བ་ནི། དཔེར་ན་ཁྱིམ་ན་རང་ལ་ཡོད་པའི་ཀ་ཅ་བཞག་ནས། སྒོ་ན་མེད་པ་ཚོལ་བ་དང་འདྲ་བས། གང་ཞིག་ཁྱིམ་ནས་བྱུང་ནས་སྒོ་དྲུང་དུ། །ལས་ཀྱི་ཕྱག་རྒྱའི་ཁ་སྦྱོར་གྱི་བདེ་བ་ལ་ཆགས་པ་ནི། དཔེར་ན་སྐྱེས་བུ་ཤིན་དུ་གཡེམ་པ་ཅིག་གིས། གྲོགས་མོ་ནི་མ་རྙེད། སྒོར་སོང་གྲོགས་པོ་ཀུན་ལ་གཡེམ་པའི་གཏམ་བྱས་པས་བདེ་བ་སྐྱེས་ནས། དེ་ལ་འདོད་ཆགས་ཀྱི་རེ་བ་བྱེད་པ་བཞིན་དུ། མཚན་བཅས་ཀྱི་བདེ་བས་དམ་པའི་བདེ་བ་མ་རྙེད་པར་བྱས་པའི་ཆོས་ལ་མངོན་པར་འབད་པས། ཁམས་གསུམ་ལས་མི་ཐར་ཏེ་ཀཱ་མ་འདོད་པའི་ཁམས་དང༌། རཱུ་པ་གཟུགས་དང༌། ཨ་རཱུ་པ་གཟུགས་མེད་པའི་ཁམས་ཡིན་པའི་ཕྱིར། ཀཱ་མ་རཱུ་པའི་གཏམ་ནི་འདྲི་བར་བྱེད།། །།ད་ནི་རྨོངས་པ་རླུང་ལ་ཆགས་པའི་དཔེ་ནི། གདུང་བས་རྒྱལ་བར་བྱེད་པ་ལྟ་བུས་བསྟན་ཏེ། དེ་ཡང་རླུང་གི་རྣལ་འབྱོར་པས་སྟེང་རླུང་བསྡམས། འོག་རླུང་གྱེན་ལ་འཐེན་ནས་ལུས་སྦྱང་བ་ལྟ་བུ་སྟོང་སང་ངེ་བར་འབད་པས་བསྒོམས་ཏེ། སྟོང་པ་དེའི་ཁྱིམ་དུ་བདེ་བ་བསྒོམས་པས། རླུང་གི་རྒྱུ་ལ་སྟོང་པའི་ཁྱིམ་དུ་ནི། །བདེ་བའི་བསྒོམ་ལུགས་ནི་རྩ་ལ་ལ་ནཱ་དང༌། ར་ས་ནཱའི་རླུང་གཉིས་བསྡམས་ནས། དབུས་ཀྱི་ཨ་ཝ་དྷཱུ་ཏཱི་ར་རླུང་ཕྲ་མོ་ཁབ་ཙམ་པ་དམར་པོ་ཅིག་བཅུག་ནས། དེས་སྤྱི་བོ་ནས་བྱང་ཆུབ་སེམས་དཀར་པོ་བབ་ནས། ཉམས་མྱོང་གི་བདེ་བ་སྐྱེ་བ་ནི། ཐབས་རྣམ་པ་མང་པོའི་སྒོ་ནས་བཅོས་མ་ཡིན་པ། བཅོས་མ་ནི་འདུས་བྱས་ཡིན་པས་མི་གྲོལ་ཏེ་དེའི་ཕྱིར། རྣམ་པ་དུ་མའི་ཚུལ་གྱིས་བཅོས་མ་པས། ཡང་ན་ལུས་ནམ་མཁའ་ལྟར་སྟོང་པར་བསྒོམས་ནས། སེམས་ཐིག་ལེ་དཀར་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་བསྒོམས་ནས། ཟག་པ་དང་བཅས་པའི་བདེ་བ་སྐྱེས་པ་དེ་ལ་དོན་དམ་པར་འཛིན་པ་ནི་སྒོམ་པ་ཉེས་པ་ཡིན་པའི་ཕྱིར། ནམ་མཁའ་ལུས་བབས་ཉེས་པ་དང་བཅས་པའི། ཟག་པ་དང་བཅས་པའི་བདེ་བ་ལ་གདུང་བ་བསྐྱེད་ནས་རེ་བ་བྱས་ཏེ། འབད་ནས་བསྒོམས་པས་


DTG052_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ལས། རྒྱལ་བར་གྱུར་པར་འདོད་པ་རྣལ་འབྱོར་པ་ནི་བཅོས་མ་ཡིན་པའི་ཕྱིར། གདུང་བས་རྒྱལ་བར་གྱུར་པའི་རྣལ་འབྱོར་པའོ།། །།ད་ནི་འདྲེས་པའི་དཔེ་འགལ་བ་རེ་བ་དང་བཅས་པའི་དཔེ་བྲམ་ཟེའི་སྦྱིན་སྲེག་དང་མི་འགལ་བ་དོན་གྱི་སྦྱིན་སྲེག་བསྟན་ཏེ། དཔེར་ན་བྲམ་ཟེ་སྦྱིན་སྲེག་བྱེད་པའི་རྫས་ནི། མར་དང་འབྲས་དང་ཏིལ་སྲེག་པའོ། །མི་འགལ་བའི་སྦྱིན་སྲེག་ནི། སྐྱེ་བ་མེད་པའི་ཐབ་ཁུང་དུ་དྲན་པའི་ཏིལ་དང༌། སྟོང་པའི་མར་དང་སྣང་བའི་འབྲས་ལ་སོགས་པ་སྲེག་པའི་ཕྱིར། ཇི་ལྟར་བྲམ་ཟེ་མར་དང་འབྲས་ཀྱིས་སུ། །དེ་ཡང་བྲམ་ཟེས་དཀྱིལ་འཁོར་གྱི་དབུས་སུ་ཤིང་བཅེར་ནས་མེ་སྦར་ནས། རྫས་གོང་མ་བསྲེགས་ནས་སྡིག་པ་སྲེག་པར་འདོད་ན་ནི། ཕྱིའི་སྦྱིན་སྲེག་ཡིན་ལ་ལྟེ་བར་གཏུམ་མོའི་རང་བཞིན་སྤང་ནས། རྣམ་པར་རྟོག་པ་སྲེག་པར་འདོད་པ་ནི་ནང་གི་སྦྱིན་སྲེག་གོ །སྙིང་གར་ལྷའི་དཀྱིལ་འཁོར་བསྒོམས་ནས། ཁ་ཧོམ་ཁུང་དུ་བྱས་ལག་པ་གཉིས་དགང་གཟར་བླུགས་གཟར་དུ་བྱས་ཏེ། ཁ་ཟས་སྲེག་རྫས་སུ་བྱས་ནས། སྙིང་གར་ཡི་དམ་གྱི་ལྷ་མཉེས་པར་སེམས་པ་ནི་གསང་བའི་སྦྱིན་སྲེག་གོ །བློ་ལས་འདས་པའི་ཐབ་ཁུང་དུ་བློས་བྱས་པ་སྣ་ཚོགས་སྲེག་རྫས་སུ་དབུལ་བ་ནི། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ཡིན་པའི་ཕྱིར་རོ། །འབར་བའི་མེ་ལ་སྦྱིན་སྲེག་རྫས་སུ་བྱས་ནས། དེ་ཡང་བྲམ་ཟེའི་བསམ་པ་ནི་བདག་ཉིད་ཀྱང་ནམ་མཁའ་སྟོང་པར་བསྒོམ། རྫས་རྣམས་ཀྱང་སྟོང་པར་བསྒོམས་ནས། སྦྱིན་སྲེག་བྱས་པས། ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ཀྱི་ལྷ་དང༌། སྲེག་རྫས་ཀྱི་བཅུད་ཀྱིས་མཉེས་ནས་གྲོལ་བ་ཐོབ་ཟེར། དོན་གྱི་དབང་དུ་བྱས་ན། ནམ་མཁའ་ནི་སྟོང་པ་ཡིན་ལ་རྫས་ཀྱི་བཅུད་ནི་སྣང་བ་ཡིན་ཏེ། གཉིས་ཀ་བསམ་དུ་མེད་པའི་དབྱིངས་སུ་བསྐྱེད་ཅིང་ཐིམ་པར་བྱེད་པས། ནམ་མཁའི་བཅུད་ཀྱི་རྫས་ནི་སྐྱེད་པར་བྱེད་པ་སྟེ། བཅོས་མའི་སྦྱིན་སྲེག་དང༌། བྱས་པའི་སྟོང་པ་ཉིད་ཀྱིས་ནི་འཁོར་བ་ཉིད་དུ་ཞེན་པར་བྱེད་པ་ཡིན་ལ། དོན་གྱི་སྦྱིན་སྲེག་རྟོགས་ན། ཆོས་ཉིད་ཀྱི་དབྱིངས་དང་བྲལ་དུ་མེད་པར་ཞེན་པས། འདི་དེ་ཉིད་དུ་ཞེན་པར་ཤེས་པ་ཡིན།། །།ད་ནི་བཅོས་མའི་རྣལ་འབྱོར་བཞད་གང་


DTG052_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟན་ཏེ། དེ་ལ་སྤྱི་བོར་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བ་བྱས་པ་ལས། ལྟེ་བ་ནས་གཏུམ་མོ་སྤར་ནས་བྱང་ཆུབ་སེམས་ཕབ་སྟེ། ཚངས་པའི་བུ་ག་ན་མར་ཞུགས་པ་ལས། བདེ་བ་སྐྱེས་པ་ལ་དོན་དམ་པ་ཡིན་ཟེར་བ་ནི་བཅོས་མ་ཡིན་པའི་ཕྱིར། ཁ་ཅིག་ཚང་པའི་གནས་སུ་འོད་སྦར་ནས། དེའི་དུས་སུ་རང་གི་ལྕེ་རྐན་ལ་བྲུད་པ་གཡའ་བའམ་ཟ་བའི་བདེ་བ་ཅིག་འབྱུང་སྟེ། དེ་ཡང་དོན་དམ་པ་ཡིན་ཟེར་བས། ལྕེ་ནི་ཀུན་དུ་རུའི་ལྕེ་ཅུང་བསྐྱོད། །དེ་ལྟ་བུའི་བདེ་བ་དེ་ནི་ཟག་པ་དང་བཅས་པའི་བདེ་བ་བཅོས་མ་ཡིན་པས་འཁོར་བ་གསུམ་དུ་འཆིང་བས། དོན་མ་ཡིན་པ་ལ་དོན་དུ་བཟུང་བས། དོན་གྱི་སེམས་སྐྲག་པར་བྱེད་པས། འཆི་བར་བྱེད་ཤིན་ཏུ་དཀྲུགས་པར་བྱེད་དེ། དབང་གི་རྟེན་འབྲེལ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་དེ་ལ། ང་རྒྱལ་དབང་གིས་དོན་དམ་པ་ཡིན་ཟེར་ཏེ། དེ་ནི་བཅོས་མའི་རྣལ་འབྱོར་པ་ཡིན་པས། ང་རྒྱལ་དབང་གིས་རྣལ་འབྱོར་པ་ཞེས་ཟེར།། །།ད་ནི་འགལ་བ་ཉམས་མྱོང་གཞན་ལ་སྟོན་པ། མཆིང་བུ་དང་མརྒད་ཀྱི་དཔེས་བསྟན་པར་བྱ་སྟེ། དྲན་པ་རིག་པས་བསྒོམས་པའི་ཐིག་ལེ་དང༌། གཏུམ་མོ་དང་ལྷ་དང་ལྷ་མོའི་དལ་ལ་སོགས་པའི་ཉམས་སུ་མྱོང་བའི་བདེ་བ་དེ་ལ། རང་གིས་དོན་དམ་པར་བྱས་ནས། རང་གི་ཉམས་མྱོང་དེ་རིག་པ་དང་སྦྱར་ནས། གཞན་ལ་ཡང་སྟོན་པས། རང་རིག་དེ་ཉིད་རིག་པ་གཞན་ལ་ལྟོས། །དྲན་པའི་བསམ་བསྒོམ་ལ་སོགས་པ་ལ་ཇི་ཙམ་ཅིག་ཀྱང་འབད་ནས་གྲོལ་བྱར་ཏེ། དེ་ནི་རང་གིས་རང་བཅིངས་པ་ཡིན་ཏེ། དཔེར་ན་དར་གྱི་སྲིན་བུ་རང་གི་ཁ་ཆུས་བཅིངས་པ་བཞིན་ནོ། །དེས་ན་འཆིང་བའི་རྒྱུ་ལ་གྲོལ་བའི་རྒྱུ་འདོད་པ་ནི། མི་མཁས་པའི་གང་ཟག་ཡིན་ཏེ་དཔེར་ན་མི་ཁོང་ནད་ཅན་ལ་བུ་རམ་དང་བཅའ་སྒ་བཏང་ན་ཕན། ཕྱིས་མི་ཆུས་ཁྱེར་བ་ལ་ཡང་བུ་རམ་དང་བཅས་པའི་བཅའ་སྒ་ཐོང་དང་ཕན་གྱི་ཟེར་བ་ལྟ་བུའོ། །དེའི་ཕྱིར་གང་གིས་བཅིངས་པ་དེ་ཉིད་གྲོལ་ཞེས་ཟེར། དཔེར་ན་རིན་པོ་ཆེ་མརྒད་ཚོལ་བ་ལ། ནོར་བུ་མཆིང་བུ་བཙལ་ནས་འདྲ་བར་མཐོང་སྟེ།


DTG052_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཁ་དོག་དང་དབྱིབས་འདྲ་ཡང་ཡོན་ཏན་མི་འདྲ་བའོ། །དེ་བཞིན་དུ་སེམས་ཉིད་ཀྱི་དངས་མ་དྲན་མེད་སྐྱེ་མེད་བློ་འདས་གསུམ་ནི། རིན་པོ་ཆེ་མརྒད་ལྟ་བུ་དང་སེམས་ལས་བྱུང་བའི་དྲན་པ་དང་རིག་པ་མཆིང་བུ་ལྟ་བུ་གཉིས་ཏེ། འདྲ་འདྲ་འདྲ་སྟེ་ཡོན་ཏན་མི་འདྲ་བའི་ཕྱིར། ཁ་དོག་དབྱེ་བས་མཆིང་བུ་མརྒད་ཟེར། །རྨོངས་པས་རིན་པོ་ཆེ་ངོ་མ་ཤེས་པས། མཆིང་བུ་ལ་རིན་པོ་ཆེ་བྱས་པས། རིན་མ་ཁུགས་པ་དང་འདྲ་བར། མ་གོ་བ་རྣམས་ཀྱིས་སེམས་ཉིད་དངས་མ་ཡིད་ལ་བྱར་མ་བཏུབ་པ་རྣམ་པར་མི་རྟོག་པའི་དབྱིངས་དང། སེམས་ལས་བྱུང་བའི་དྲན་རིག་རྟོག་པའི་རྒྱུ་གཉིས་ངོ་མ་ཤེས་པས། རྨོངས་པས་རིན་ཆེན་བརྟག་པ་མ་ཤེས་པས།། །།ད་ནི་ཉམས་མྱོང་ལ་དོན་དམ་དུ་འཛིན་པའི་དཔེར་གན་ལྟ་བུས་སྟོན་ཏེ། དཔེར་ན་ནོར་བུ་ངོ་མ་ཤེས་པས་ར་གན་ལ་གསེར་དུ་བྱེད། གསེར་ལ་ར་གན་དུ་མཐོང་བ་བཞིན་དུ་ཆོས་ཉིད་མ་བཅོས་པ་བློས་མ་རེག་པ་དེ་ལ་དོན་མ་རྟོགས་པས། དོན་དུ་མི་འཛིན་དྲན་པའི་རྣམ་རྟོག་གི་ཆོས་སྤྲོས་པ་དང་བྱས་པའི་ཆོས་ལ་དོན་དམ་པར་འཛིན་པས། དེ་ནི་ར་གན་གསེར་གྱི་བློ་ཡིས་ལེན། །དེ་ཡང་དྲན་པའི་ཆོས་སྣང་སྟོང་དང༌། རིག་སྟོང་དང༌། རྩ་རླུང་དང༌། ཐིག་ལེ་གཉིས་ཤོར་གཉིས་མཉམ་གྱི། ཉམས་སུ་མྱོང་བའི་བདེ་བ་ལ་དོན་དམ་པ་ཟེར་ཞིང༌། དེ་ལ་རྩོལ་སྒྲུབ་དྲག་ཏུ་བྱེད་པས། ཉམས་མྱོང་ཁྱེར་ནས་དོན་དམ་སྒྲུབ་པར་བྱེད། །ཉམས་མྱོང་བག་ཆགས་དང་བཅས་པ་དེ་ནི། འཇིག་པའི་ཆོས་ཅན་ཡིན་ཏེ། དཔེར་ན་རྨི་ལམ་གྱི་དུས་སུ་སྐྱེས་པ་ལ་ཆགས་པའི་འདུ་ཤེས་ཀྱིས་ཕ་དང་མ་དང་ལེགས་པ་དང་ཉེས་པ་སློབ་སྟེ། གཉིད་སད་པའི་དུས་སུ་གང་ཡང་མི་བདེན། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་བདེ་བ་དང༌། རྩ་དང་གཏུམ་མོ་ལ་སོགས་པའི་བདེ་བ་ལ་ཆགས། བཅོས་མ་ཡིན་པའི་འཇིག་པའི་ཕྱིར། །རྨི་ལམ་བདེ་ལ་རྗེས་སུ་ཆགས་པར་བྱེད། །ཡིད་ལས་བྱས་པའི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ནི་མ་རྟོགས་པས། དྲན་རིག་གི་བདེ་བ་ཟག་པ་དང་བཅས་པ་ལ་མངོན་པར་ཞེན་ནས། ཕུང་པོ་ཞིག་


DTG052_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་སུ་སེམས་བདེ་བ་དང་འགྲོགས་ཟེར་བ་ཏེ། དེ་ནི་ཕུང་པོ་མི་རྟག་པ་ལ་བརྟེན་པ་རྟག་པ་མི་སྲིད་དེ། ཆོས་ཅན་དབང་ཆེ་བའི་ཕྱིར། ཕུང་པོ་མི་རྟག་བདེ་བ་རྟག་ཅེས་ཟེར།། །།ད་ནི་འདྲེས་པའི་དཔེ་འགལ་བའི་དཔེ། ཨེ་ཝཾ་ལ་ཆགས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་དང༌། མི་འགལ་བ་དོན་གྱི་ཨེ་ཝཾ་དོན་གྱི་ཕྱག་རྒྱ་བཞིས་བསྟན་པར་བྱ་སྟེ། དེ་ཡང་ཤེས་རབ་མའི་མཁའ་ཆོས་ཀྱི་འབྱུང་གནས། ཨེ་གྲུ་གསུམ་དུ་ཡོད་པ་དེ་ལ། ཐབས་ཀྱི་རྡོ་རྗེ་ཝཾ་གྱི་ཚུལ་དུ་གནས་ཏེ་སྦྱོར་བ་བྱས་པས། བདེ་བ་དང་སྟོང་པའི་ངོས་ཟིན་ཏེ། དེ་ཡང་བདེ་བའི་གནས་སུ་མི་སྣང་བ་ལ། དེའི་མཚན་ཉིད་ཡིད་ལ་མ་བྱས་པའི་སྟོང་པས་རྒྱས་བཏབ་སྟེ་སྣད་སྟོང་དབྱེར་མེད་པ་ནི་ཟུང་འཇུག་རབ་ཏུ་མི་གནས་པ་སྟེ། དེ་ལྟར་གོ་བ་ནི་ལྟ་བའོ། །དེ་ལ་བདེ་བ་ལ་སྟོང་པས་རྒྱས་བཏབ་པར་གོ་བ་ནི་སྒོམ་པའོ། །དེའི་དུས་སུ་སྣང་བ་ཐམས་ཅད་རིག་པར་གྲོལ། རིག་པ་ལ་སྟོང་པས་རྒྱས་བཏབ་པར་གོ་བར་བྱེད་པ་ནི་སྟོང་པའོ། དེ་ལྟར་བསྒོམས་པས་སྐུ་གསུམ་གྱི་རང་བཞིན་ཐོབ་པར་བྱེད་པ་ནི་འབྲས་བུ་སྟེ། དེ་ནི་འགལ་བ་དཔེའི་ཨེ་ཝཾ་མོ། །མི་འགལ་བ་དོན་གྱི་ཨེ་ཝཾ་ནི། ཨེ་རྐྱེན་རྣམ་པ་གསུམ་དང་བྲལ་བའི་དབྱིངས། རང་བཞིན་གྱིས་རྣམ་པར་དག་པ་དེ་ལ། ཝཾ་རྐྱེན་གྱིས་སྣང་བ་གསུམ་གློ་བུར་དུ་ཤར་བའོ། །ཡང་ན་ཨེ་དྲན་པ་མེད་པའི་དབྱིངས་ལས། ཝཾ་དྲན་པ་སྤྲུལ་པ་ཙམ་དུ་ཤར་ཏེ། བརྗོད་བྱ་ཡི་གེའི་ཚོགས་མང་པོ་བྱུང་ཡང༌། དྲན་པ་དང་མ་དྲན་པ་གཉིས་ཀྱི་རང་བཞིན་མ་སྐྱེས་པ་ཙམ་ན། དེ་བཞིན་ཉིད་ཀྱི་དོན་སྐྱེ་མེད་གོ་བ་ཡིན་ཏེ། ཨེ་ཝཾ་ཡི་གེས་རང་ཉིད་གོ་བར་བྱེད། །མ་རྟོགས་པའི་གང་ཟག་གིས་དབང་གསུམ་པའི་ཉམས་སུ་མྱོང་བ་ལ། ཁ་ཕྱིར་བལྟས་པས་སྐད་ཅིག་བཞི་ངོས་བཟུང༌། ཁ་ནང་དུ་བལྟས་པས་དགའ་བ་བཞི་ངོས་བཟུང་སྟེ། དེའི་དུས་སུ་དགའ་བ་དང་པོ་ནི་ལས་ཀྱི་ཕྱག་རྒྱ་མཆོག་དགའི་ཉམས་མྱོང་སྐྱེས་པའི་ཆོས་ཀྱི་ཕྱག་རྒྱ། ལྷན་ཅིག་སྐྱེས་པའི་དགའ་བའི་དུས་སུ། ཕྱག་རྒྱ་ཆེན་པོར་འདོད་པ་ནི་དཔེའོ། །


DTG052_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་དབང་དུ་བྱས་ན། དྲན་པའི་ཐབས་དང༌། མ་དྲན་པའི་ཤེས་རབ་མ་གཉིས། བླ་མ་དམ་པས་བརྡས་བསྟན་པའི་དུས་སུ་སྦྱོར་བ་བྱས་པ་ལས། དོན་གྱི་སྐད་ཅིག་མ་བཞི་དང༌། དོན་གྱི་དགའ་བ་བཞི་དང༌། དོན་གྱི་ཕྱག་རྒྱ་བཞི་སྐྱེས་པ་སྟེ། གང་ཡང་རུང་བ་ཅིག་དྲན་པའི་དུས་སུ། སྐད་ཅིག་མ་གཅིག་ལ་རྣམ་པ་སྣ་ཚོགས་ཀྱི་སྤྲུལ་པ་བྱུང་བས། རྣམ་པ་སྣ་ཚོགས་ཀྱི་སྐད་ཅིག་མ་དང་དེ་ལ་དགའ་དང་མི་དགའ་བ་གཉིས་སྐྱེས་པས་དགའ་བ་དང་པོའོ། །དྲན་པ་དེ་སྣང་བ་སྣ་ཚོགས་ལས་མི་འདའ་བས་ལས་ཀྱི་ཕྱག་རྒྱའོ། །དྲན་པ་དེ་གློ་བུར་བར་རྟོགས་པས། སྐྱེས་གནས་ས་ཐིམ་ས་གསུམ་དྲན་མེད་ཀྱི་དབྱིངས་ཡིན་པར་ཤེས་པ་ནི། དྲན་པ་དྲན་མེད་དུ་སྨིན་པའི་སྐད་ཅིག་མའོ། །དྲན་མེད་ཡིད་ལམ་བྱས་པའི་གོང་ན་གཞན་མེད་པས་མཆོག་དགའོ། །ཡིད་ལ་མ་བྱས་པའི་དབྱིངས་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྱུང་དུ་རུང་བས་ཆོས་ཀྱི་ཕྱག་རྒྱའོ། །དྲན་མ་དྲན་གཉིས་ཀ་སྐྱེ་མེད་ཀྱི་དབྱིངས་ལ་ཐིམ་ནས་དེ་གཉིས་ཀྱི་མཚན་ཉིད་མེད་པ་ནི། མཚན་ཉིད་བྲལ་བའི་སྐད་ཅིག་མའོ། །དྲན་མ་དྲན་གཉིས་སྐྱེ་མེད་ཀྱི་ངང་དུ་ལྷན་ཅིག་སྐྱེས་པས་ལྷན་ཅིག་སྐྱེས་པའི་དགའ་བའོ། །སྐྱེ་མེད་ཀྱི་ངོ་བོ་དྲན་མ་དྲན་གཉིས་མི་སྐྱེ་བ་ལས་མི་འདའ་བས་དམ་ཚིག་གི་ཕྱག་རྒྱའོ། །དྲན་མ་དྲན་མེད་སྐྱེ་མེད་དང་གསུམ་ཀ་བློ་འདས་ཀྱི་དབྱིངས་སུ་མེད་པས་རྣམ་པར་མེད་པའི་སྐད་ཅིག་མ། དེ་ཉིད་ལ་རློམ་སེམས་དང་བྲལ་བས་དགའ་བྲལ་གྱི་དགའ་བའོ། །བློ་ལས་འདས་པའི་དབྱིངས་ཀྱིས་ཐམས་ཅད་ལ་ཁྱབ་པས། ཕྱག་རྒྱ་ཆེན་པོ་ཡིན་པའི་ཕྱིར། སྐད་ཅིག་དབྱེ་བས་ཕྱག་རྒྱ་བཞི་བཀོད་ཅིང༌། །བརྒྱུད་པ་དང་མི་ལྡན་པའི་གང་ཟག་གིས། ལས་ཀྱི་ཕྱག་རྒྱའི་བདེ་བའམ། རྩ་རླུང་གི་བདེ་བ་ཉམས་སུ་མྱོང་བ་ལ། དོན་གྱི་ལྷན་ཅིག་སྐྱེས་པ་ཡིན་ཟེར་ཏེ། ཉམས་མྱོང་ནི་དྲན་པ་ཡིན་ལ། དྲན་པ་ནི་སྤྲུལ་པ་ཡིན་ཏེ་སྤྲུལ་པ་ཉིད་འཇིག་པའོ། །དེའི་ཕྱིར་ཉམས་མྱོང་གི་ལྷན་ཅིག་སྐྱེས་པ་ནི། དོན་དམ་པ་མ་ཡིན་ནོ། །དེའི་ཕྱིར། ཉམས་སུ་མྱོང་བ་ལྷན་ཅིག་སྐྱེས་པ་ཟེར། །དོན་དམ་ནི་བླ་མས་བརྡ་དང་


DTG052_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དུ་མས་བསྟན་དུ་ཡོད་ལ། ངོས་བཟུང་དང་བྲལ་བའི་དབྱིངས་རྐྱེན་གསུམ་དང་བྲལ་བ་དྲི་མ་མེད་པ་མེ་ལོང་ལྟ་བུ་ཡིན་ལ། ཉམས་སུ་མྱོང་བ་ནི་རྐྱེན་གྱིས་སྣང་བ་དྲི་མ་དང་བཅས་པ། མེ་ལོང་གི་གཟུགས་བརྙན་ལྟ་བུ་ཡིན་ཏེ། དཔེར་ན་ཁྲོན་པའི་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ལ་སྤྲེའུས་འཁར་སྡེར་དུ་མཐོང་ནས་བླངས་པས་མ་ལོན་པ་བཞིན་དུ། དྲན་པའི་གཟུགས་བརྙན་དྲན་མེད་ཀྱི་ངང་དུ་ཤར་བ་ལ། འབད་རྩོལ་བྱས་ཀྱང་དོན་མེད་པས། གཟུགས་བརྙན་ཞེན་པས་མེ་ལོང་ལྟ་བ་བཞིན།། །།ད་ནི་འགལ་བའི་དཔེ་ཀུན་རྫོབ་ཀྱི་བདེ་བ་ལ་དོན་དམ་པའི་སྒྲུབ་པའི་དཔེ། སྨིག་རྒྱུའི་ཆུ་ལྟ་བུས་བསྟན་པ་ནི། དཔེར་ན་དཔྱིད་ཀྱི་སྨིག་རྒྱུ་ལ། རི་དགས་སྐོམ་གྱིས་གདུངས་པའི་སེམས་ཅན་རྣམས། །ཆུ་ཡིན་སྙམ་ནས་བརྙེགས་པས་མི་སླེབས། དེ་བཞིན་དུ་ཆོས་ཉིད་སྙིང་པོའི་དོན། རྐྱེན་གྱིས་མ་བསླད་པ་ངོ་མ་ཤེས་པས། རྐྱེན་གྱིས་སྣང་བའི་དྲན་པ་ལ་མངོན་པར་ཞེན་ནས། བཅོས་མའི་བདེ་བ་ལ་སངས་རྒྱས་ཀྱི་དགོངས་པ་ཡིན་སྙམ་ནས་ཞེན་ཅིང་ཆགས་ནས། ཇི་ལྟར་མ་རྟོགས་སྨིག་རྒྱུའི་ཆུ་ལ་ནི། །རི་དགས་ལ་སོགས་པ་ཆུ་མ་ཡིན་པ་ལ་ཡིན་སྙམ་པར་འཁྲུལ། དེ་བཞིན་དུ་དྲན་པའི་བདེ་བ་ནི་དོན་དམ་པ་མ་ཡིན་པ་ལ་དོན་དམ་པར་བཟུང་བས་འཁྲུལ་ཏེ། མ་རྟོགས་པ་རྣམས་དྲན་པས་འཁྲུལ་པའི་དབང་དུ་གྱུར་པས། འཁྲུལ་པའི་དབང་གིས་རི་དགས་རྒྱུག་པར་བྱེད། །དྲན་རིག་གི་བདེ་བ་ལ་མངོན་པར་ཞེན་པ་རྣམས་ནི་དོན་དམ་པ་ལ་རྨོངས་པ་ཡིན་ལ། དོན་དམ་པ་བློའི་ཡུལ་ལས་འདས་པ་ནི། དྲན་རིག་གི་གདུང་བ་བྱས་ཀྱང་ཐོབ་པར་མི་འགྱུར་རོ། །འཁོར་བ་གསུམ་དུ་འཆིང་བར་འགྱུར་བས། རྨོངས་པས་སྐོམ་ལ་མི་ངོམས་འཆིང་བར་འགྱུར། །ཟག་པ་དང་བཅས་པའི་བདེ་བ་ལ་དོན་དམ་པ་ཟེར་ཞིང༌། འབད་པ་བྱས་ཀྱང་ཡལ་ཏེ་འགྲོ་བའི་ཕྱིར། །དོན་དམ་ཟེར་ཞིང་གང་ཞིག་བདེ་བ་ལེན། །དེ་ཡན་ཆོད་ཀྱིས་ལོག་པར་རྟོགས་པ་སུན་དབྱུང་བ་བསྟན་ནས།། །།ད་ནི་རང་གཞུང་སྒྲུབ་པར་བྱེད་པ་


DTG052_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བཅའི་སྒོ་ནས་བསྟན། དེས་དེ་ཡང་དང་པོ་ལྟ་བ་འགྱུར་བ་མེད་པའི་སྒོ་ནས། དྲན་མ་དྲན་སྐྱེ་མེད་བློ་ལས་འདས་པ་བཞི་སྟོན་པ་ནི་བདེན་པ་གཉིས་ཏེ། དེ་ལ་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་ཡང་གཉིས་ཏེ། ལོག་པའི་ཀུན་རྫོབ་དང་ཡང་དག་པའི་ཀུན་རྫོབ་གཉིས་སོ། །ལོག་པའི་ཀུན་རྫོབ་ལ་ཡང་འཁྲུལ་པ་དང་འཁྲུལ་པའི་ཤེས་པའོ། །འཁྲུལ་པ་ནི་འདི་ལྟར་སྣང་བ་ཐམས་ཅད་དོ། །འཁྲུལ་པར་འཛིན་པའི་ཤེས་པ་ནི་དྲན་པ་དང་རིག་པ་སྟེ། དེ་གཉིས་སངས་རྒྱས་ཀྱི་དགོངས་པ་མ་འཁྲུལ་པ་ལས། ལོག་ཅིང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། ལོག་པའི་ཀུན་རྫོབ། ཡང་དག་པའི་ཀུན་རྫོབ་ནི་དྲན་པ་རིག་པ་དེས། བརྡ་དང་ཐབས་ཀྱིས་བསྟན་ནས། ངོས་བསྟན་དུ་ཡོད་ལ་ངོས་བཟུང་རྒྱུ་དང་བྲལ་བའོ། །དྲན་པ་མེད་པའི་དབྱིངས་སྤྲུལ་པ་སྐུའི་ངོ་བོ་དེ་ཡིན་ཏེ། དེ་ལ་ཅིའི་ཕྱིར་ཡང་དག་པའི་ཀུན་རྫོབ་ཅེས་བྱ་ཞེ་ན། སྐུའི་ངོས་ནས་ནི་ཡང་དག་པ་ཡིན་ལ། སྤྲུལ་པའི་སྒོ་ནས་ནི་ཀུན་རྫོབ་པོ། །ཡང་ངོས་བཟུང་བྲལ་བས་ནི་ཡང་དག་པ་ཡིན་ལ། ངོས་བསྟན་དུ་ཡོད་པས་ཀུན་རྫོབ་ཡིན་པའི་ཕྱིར། ཀུན་རྫོབ་བདེན་པ་དྲན་པ་མེད་པ་སྟེ། དོན་དམ་པའི་བདེན་པ་ནི་དྲན་པའི་སེམས་དང༌། དྲན་པ་མེད་པའི་སེམས་གཉིས་ཀ་སྐྱེ་བ་མེད་པའི་དབྱིངས་སུ་མེད་པར་གྱུར་ཙམ་ན། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ། སྐྱེ་བ་མེད་ཅིང་འགག་པ་མེད་པ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཡིན་པས་སེམས་གང་སེམས་ནི་མེད་པར་གྱུར་པའོ། །དྲན་མེད་སྤྲུལ་པའི་སྐུ་དང༌། སྐྱེ་མེད་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ཀ །བློ་ལས་འདས་པ་ཆོས་ཀྱི་སྐུའི་ངང་དུ་ཐིམ་པར་གྱུར་པ་ཙམ་ན། ཆོས་ཉིད་རྐྱེན་གྱིས་མ་བསླད་པའི་དེའི་གོང་ན་གཞན་མེད་པས། དེ་ནི་ཡོངས་སུ་གྱུར་པ་མཆོག་གི་མཆོག་དེ་ལྟར་སྐུ་གསུམ་པོ་ཡང་རྐྱེན་གྱིས་ཐ་དད་དུ་སྣང་ཡང་ངོ་བོ་ཐ་དད་མེད་དེ། དཔེར་ན་བུམ་པ་ནང་གི་ནམ་མཁའ་དང༌། སྙིམ་པའི་ནམ་མཁའ་དང་


DTG052_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་རང་དང་གསུམ་རྐྱེན་གྱིས་ཐ་དད་ཀྱང༌། བུམ་པ་དང་སྙིམ་པའི་རྐྱེན་ཞིག་ཙམ་ན། ནམ་མཁའ་དེ་གསུམ་ཐ་དད་མེད་དོ། །དེ་བཞིན་དུ་སྣང་བའི་རྐྱེན་གྱིས་སྤྲུལ་སྐུ་དང༌། སྟོང་པའི་རྐྱེན་གྱིས་ལོངས་སྐུ་དང་སྐྱེ་བ་མེད་པའི་རྐྱེན་གྱིས་ཆོས་སྐུ་དང་གསུམ་ལས། རྐྱེན་གསུམ་གྱིས་མ་བསླད་པའི་དུས་སུ་ཐ་དད་ཅིང་སོ་སོ་མ་ཡིན་ཐ་མི་དད་དོ། །ཐ་དད་མེད་པའི་དབྱིངས་དེ་ལས་འདམ་གང་གིས་ཀྱང་མ་གོས་ཏེ། དེ་ལྟར་རྟོགས་ཙམ་ན་འདམ་གྱིས་མ་གོས་པའི་བདེ་བ་ཆེན་པོའི་སྐུ་ཡིན་ཏེ། དེ་ལས་འཕྲོ་དང་ལྡན་པའི་གྲོགས་པོ་ལ་སྟོན་པས། མཆོག་གི་དམ་པ་གྲོགས་དག་ཤེས་པར་གྱིས།། །།ད་ནི་དྲན་མེད་ཏིང་ངེ་འཛིན་དུ་རྟོགས་ནས། འདམ་གྱིས་མ་གོས་པའི་དཔེའི་སྒོ་ནས་སྒོམ་པ་ཞེན་པ་མེད་པ་སྟོན་ཏེ། དེ་ཡང་དྲན་པའི་སེམས་དེ་ནི་གློ་བུར་བ་རྐྱེན་ལས་སྐྱེས་པ། ཆུ་ནང་གི་སྦུར་མ་ལྟ་བུའམ། མེད་བཞིན་དུ་སྣང་བས་རྨི་ལམ་ལྟ་བུ་སྣང་ཡང་རང་བཞིན་མང་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། དེ་གང་ལས་སྤྲུལ་ན་དྲན་པ་མེད་པའི་དབྱིངས་ལས་སྤྲུལ་པ་ཡིན་ཏེ། སྤྲུལ་ཡང་དྲན་མེད་ལས་སྤྲུལ་ལ། ཐིམ་ཡང་དྲན་མེད་དུ་ཐིམ་ནས། དྲན་པ་སྣ་ཚོགས་རྩེད་མོ་ཙམ་དུ་ཤེས་ཤིང༌། དྲན་པའི་ཆོས་རྣམས་དྲན་མེད་ཀྱི་ཟིལ་གྱིས་གནོན་པས། དྲན་མེད་སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་དང༌། དྲན་མ་དྲན་གཉིས་ཀ་སྐྱེ་མེད་ཀྱི་དབྱིངས་སུ་འབྱོར་ཙམ་ན། དྲན་པ་འཁོར་བའི་ཆོས་དང༌། དྲན་མེད་མྱ་ངན་ལས་འདས་པའི་ཆོས་གཉིས་ཀ་བཅོམ་ནས། སྐྱེ་མེད་དཔའ་བོ་དང་འདྲ་བས། སྐྱེ་མེད་དཔའ་བར་གྲོལ་བའི་ཏིང་ངེ་འཛིན་དང༌། དྲན་མ་དྲན་སྐྱེ་མེད་གསུམ་ཀའི་ཐ་སྙད་ཀྱང་མ་གྲུབ་པར་བློ་ལས་འདས་པའི་དབྱིངས་སུ་ཐིམ་ནས། བློ་དང་རིག་པར་གཞིག་པར་མི་ནུས་པ་ནི། བློ་ལས་འདས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ལྟར་ན་ཏིང་ངེ་འཛིན་བཞི་རྟོགས་པས་དྲན་པ་དྲན་མེད་དུ་འབྱོར། དྲན་མེད་སྐྱེ་མེད་དུ་འབྱོར། སྐྱེ་མེད་བློ་འདས་སུ་འབྱོར་ཏེ། སེམས་ནི་དྲན་མེད་ཏིང་ངེ་འཛིན་དུ་འབྱོར། དེ་ལྟར་


DTG052_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བྱས་པའི་ཆོས་ཐམས་ཅད། ཡིད་ལ་མ་བྱས་པའི་དབྱིངས་སུ་འབྱོར་པར་ཤེས་ཙམ་ན། ཉོན་མོངས་པའི་དྲི་མ་འདོད་ཆགས་ཞེ་སྡང་ལ་སོགས་པ་ཐམས་ཅད་ཀྱང༌། ཡིད་ལམ་བྱས་པའི་དབྱིངས་སུ་དག་ནས། ངན་སོང་རྣམ་པ་གསུམ་གྱི་རྒྱུ་ཟད་དེ། སྡུག་བསྔལ་དང་བྲལ་བའོ། །ཤེས་བྱའི་དྲི་མ་ལྷ་དང་ལྷ་མོའི་དཀྱིལ་འཁོར་རམ། རྩ་རླུང་གི་བདེ་བའམ། སྟོང་ཉིད་ཀྱི་ཞི་གནས་ལ་མངོན་པར་ཞེན་པ་ཐམས་ཅད་ཀྱང་ཡིད་ལ་མ་བྱས་པའི་དབྱིངས་སུ་དག་ནས། མཐོ་རིས་ལྷ་དང་མིའི་རྒྱུ་ཡང་ཟད་ནས། འགྲོ་བ་རིགས་དྲུག་གི་གནས་སུ་སྐྱེ་བ་མི་ལེན་ཅིང༌། མཆོག་གི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར། ཉོན་མོངས་ཡོངས་སུ་དག་པས་དེ་ཉིད་དོ། །དེ་ལྟར་ཡིད་ལ་མ་བྱས་པའི་དབྱིངས་ལ་དྲི་མ་གཉིས་སྐྱེས་ཀྱང༌། ཆུ་དང་ཆུ་བུར་རམ། བྲག་གམ་བྲག་ཅའམ། ནམ་མཁའ་དང་སྤྲིན་པ་ལྟ་བུར་ཤེས་ནས། དབྱིངས་ལ་ཤར་ཅིང་དབྱིངས་སུ་ནུབ་པར་རྟོགས་ཏེ། དེ་ཙམ་ན་ཉོན་མོངས་པ་ལ་གནས་ཀྱང༌། ཉོན་མོངས་པས་མ་གོས་ཏེ། དཔེར་ན་ཨུཏྤལ་འདམ་ནས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པའི་ཕྱིར། ཇི་ལྟར་འདམ་སྐྱེས་འདམ་གྱིས་མི་ཚུགས་བཞིན། །དཔེ་དེ་བཞིན་དུ་ཡིད་ལ་མ་བྱས་པའི་དབྱིངས་རྟོགས་ཙམ་ན། འཁོར་བ་རྣམ་པ་གསུམ་གྱི་ཉེས་པ་དང༌། མྱ་ངན་ལས་འདས་པ་རྒྱལ་བའི་ཆོས་གང་གིས་ཀྱང༌། དབྱིངས་རྣམ་པར་དག་པ་ལ་གོས་པ་མེད་དེ། ཡིད་ལ་མ་བྱས་པ་ལ་འཁོར་འདས་གཉིས་ཀ་མ་གྲུབ་པའི་ཕྱིར། སྲིད་འབྱུང་ཉེས་པ་རྒྱལ་ཆོས་མི་གོས་སོ།། །།ད་ནི་དྲན་པ་སྒྱུ་མར་ཤེས་པས་མི་གཡོ་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས། སྤྱོད་པ་ངེས་པ་མེད་པ་བསྟན་པ་ནི། དེ་ཡང་འཁོར་བའི་ཆོས་དང༌། མྱ་ངན་ལས་འདས་པའི་ཆོས་དང༌། དྲན་པའི་ཆོས་དང༌། དྲན་པ་མེད་པའི་ཆོས་དང༌། འདུས་བྱས་ཀྱི་ཆོས་དང༌། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ནི། སྒྱུ་མ་ཙམ་དུ་གྲགས་པར་ཟད་ཀྱི། དོན་དམ་པར་གང་ཡང་མ་གྲུབ་པས། གང་ཡང་མི་ལེན་མི་འདོར་བའི་ཚུལ་གྱིས་གནས་པར་


DTG052_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། སྣང་གྲགས་ཀྱི་ཆོས་ཐམས་ཅད་ནི་ཡིད་ལ་བྱས་པ་ཡིན་ལ། ཡིད་ལ་བྱས་པ་ནི་དྲན་པ་སྟེ། དྲན་པ་དེ་ཉིད་ཁོ་ན་སྤྲུལ་པ་སྣ་ཚོགས་ཏེ། སྤྲུལ་པ་ལ་ཅི་ཡང་འབྱུང་བའི་ཕྱིར་ངེས་པ་མེད་པར་བལྟ་བར་བྱའོ། །དེའི་ཕྱིར་དེ་ཡང་ཐམས་ཅད་སྒྱུ་མར་ངེས་པར་བལྟ་བར་བྱ་སྟེ། སྤྲུལ་པ་ངེས་མེད་དུ་ཤར་བའི་གཞི་ནི། ཡིད་ལ་མ་བྱས་བའི་དབྱིངས་ཡིན་ཏེ། ཡིད་ལ་མ་བྱས་པ་ནི། རྐྱེན་གསུམ་གྱིས་མ་བསླད་པའོ། །རྐྱེན་གསུམ་དང་བྲལ་བ་ནི་སྐུ་གསུམ་སྟེ། རྐྱེན་གསུམ་པོ་དེ་ནི་འཇིག་རྟེན་ལས་འདས་པ། དྲན་པ་རིག་པ་ལས་འདས་པ། འདམ་གང་གིས་ཀྱང་མ་གོས་པ། དེ་བླ་མ་དམ་པས་བརྡ་དང་ཐབས་ཁྱད་པར་ཅན་ལ་བརྟེན་ནས། སྐད་ཅིག་མ་གཅིག་ལ་རྟོགས་སུ་བཏུབ་ལ། རྟོགས་པའི་དོན་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་ལེན་མི་འདོར་བར་བཏང་སྙོམས་སུ་བྱེད་པས། འཇིག་རྟེན་འདས་པ་སྐད་ཅིག་ལེན་དང་བཏང་སྙོམས་བྱེད། བླ་མས་བསྟན་པའི་སྐུ་གསུམ་དེ་ནི། འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ཏེ། དེ་ནི་ཚིག་དང་ཐ་སྙད་ཀྱིས་བརྗོད་དུ་ཡང་མེད་ལ། བློ་དང་རིག་པས་མ་ཤིགས་ཤིང༌། འདོད་ཆགས་དང་ཞེ་སྡང་གཏི་མུ་ག་ལ་སོགས་པ་ཉོན་མོངས་པས་འཆིང་བ་མེད་ཅིང༌། བློས་བྱས་པའི་ཆོས་ཀྱིས་གཡོ་འགུལ་མེད་པའི་ཕྱིར། བརྟན་པོའི་བློ་ཅན་དེ་ནི་གཏི་མུག་འཆིང་བར་འགྱུར། སྐུ་གསུམ་པོ་དེ་ནི་ལོགས་ནས་བཙལ་བ་མ་ཡིན་ཞིང༌། རྒྱུ་ལས་བསྐྱེད་པ་མ་ཡིན་ཏེ། བསམ་བསྒོམ་ཐ་སྙད་དང་བྲལ་བའི། རང་འབྱུང་གི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་རང་བཞིན་དུ། རང་ལ་གནས་ཤིང་ལྷུན་གྱིས་གྲུབ་པར་བླ་མ་དམ་པས། བརྡ་དང་ཐབས་དུ་མའི་སྒོ་ནས་བསྟན་པའི་ཕྱིར། རང་འབྱུང་བསམ་གྱིས་མི་ཁྱབ་རང་བཞིན་གྲུབ་པ་ཡིན།། །། ད་ནི་དྲན་པ་ཡིད་ལ་བྱས་པ་དོན་དམ་པ་མ་ཡིན་པའི་སྒོ་ནས། ཀུན་རྫོབ་ཡིན་པར་བསྟན་ཏེ་ཀུན་རྫོབ་ཐམས་ཅད་ཀྱང་སྐྱེ་བ་མེད་པའི་རང་བཞིན་དུ་གནས་པར་བསྟན་པ་ནི། དྲན་པ་རིག་རིག་པོ་ཉམས་སུ་མྱོང་བ་འདི་དང་པོ་ནས་ཡོད་པ་མ་ཡིན་ཏེ། རྐྱེན་གྱིས་གློ་བུར་དུ་སྣང་ཞིང༌།


DTG052_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གློ་བུར་དུ་རྐྱེན་གྱིས་འཇིག་པའོ། །ཆོས་ཉིད་རྐྱེན་གྱིས་མ་བསྐྱེད་པ་ནི། སྐྱེ་མ་མྱོང་འགག་མ་མྱོང༌། རིག་མ་མྱོང་བའི་རང་བཞིན་ལ། སྣང་བ་འདི་ཤར་ཡང་དཔེར་ན་མེ་ལོང་གི་གཟུགས་བརྙན་ཙམ་དུ་སྣང་སྟེ། མེ་ལོང་ལ་གཟུགས་བརྙན་ཤར་བའི་རྟོག་པ་མེད་པའི་ཕྱིར་རོ། །མེ་ལོང་ལྟ་བུ་ནི་སྐྱེ་མེད་ཀྱི་དབྱིངས་ཡིན་ལ། གཟུགས་བརྙན་དུ་སྣང་བ་ནི་སྤྲུལ་པ་ཙམ་སྟེ། སྤྲུལ་པ་ཉིད་རྐྱེན་སྣང་གློ་བུར་བ་ཡིན་ཏེ། སྐྱེ་མེད་ཀྱི་དབྱིངས་ལ་སྤྲུལ་པ་དང༌། གློ་བུར་བ་ཙམ་དུ་ཡང་མ་གྲུབ་ཅིང་མ་སྐྱེས་པའི་ཕྱིར་རོ། །སྣང་བ་འདི་གསལ་བ་དང་པོ་ཉིད་ནས་མ་སྐྱེས་ཏེ། སྐྱེ་མེད་ཀྱི་དབྱིངས་ཉིད་བརྗོད་དུ་མ་བཏུབ་པས། བློ་ལས་འདས་ཏེ་བློ་ལས་འདས་པ་ཉིད་ཕྱག་རྒྱ་ཆེན་པོའོ། །དེ་ལ་མཚན་ཉིད་བཞི་དང་ལྡན་ཏེ་ཀུན་ལ་ཁྱབ་བ། གཟུགས་ཅན་མ་ཡིན་པ་འགྲོ་འོང་མེད་པ། དུས་ཐམས་ཅད་པ་སྟེ། ཀུན་ལ་ཁྱབ་པ་ནི་ཀུན་གྱི་དངོས་གཞི་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དང༌། རྒྱུ་དང་འབྲས་བུ་དང་སྣང་བ་དང་སྟོང་པ་ལ་སོགས་པ་ཐམས་ཅད་ལ་ཁྱབ་པའོ། །གཟུགས་ཅན་མ་ཡིན་པ་ནི། རྟེན་ཅིང་འབྲེལ་པའམ། རྐྱེན་གྱིས་བསྐྱེད་ནས་ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་ཐམས་ཅད་སྣང་ཡང་ངོས་བཟུང་དང་བྲལ་བ་སྟེ། རང་བཞིན་གྱིས་མ་སྐྱེས་པའོ། །འགྲོ་འོང་མེད་པ་ནི། སྐྱེ་འགག་མེད་པས། ཆོས་ཉིད་ལ་ཐམས་ཅད་ཀྱིས་ཁྱབ་པ་སྟེ། རེས་འགའ་བ་མ་ཡིན་ཞིང་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཉིད་དོ། །དུས་ཐམས་ཅད་པ་ནི་མ་ཧཱ་མུ་དྲ་དེ་རི་བོང་གི་རྭའམ། མོ་གཤམ་གྱི་བུ་ལྟར་ཆད་པའམ་མེད་པ་མ་ཡིན་ཏེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར། །མ་ཧཱ་མུ་དྲ་དེ་དུས་ཐམས་ཅད་དུ་གནས་པའོ། །དེའི་ཕྱིར་གཟུགས་ཅན་མ་ཡིན་གཟུགས་ཀྱི་རང་བཞིན་རྣམ་པར་སྤངས། མ་ཧཱ་མུ་དྲ་དེ་དུས་རྒྱུན་དུ་ས་མ་ཏི་བཞིའི་ཚུལ་དུ་གནས་ནས། སྒོམ་དུ་ནི་མེད་ལ་ཡེངས་སུ་མེད་པར། རྒྱུན་མི་འཆད་པར་བསམ་གཏན་བྱེད་པས། དེ་ཉིད་རྒྱུན་དུ་གནས་ཤིང་བསམ་གཏན་གཅིག་པོ་བྱེད། བསྒོམ་དུ་ཡོད་ཅིང་ཡོད་ལ་བྱས་པའི་བསམ་གཏན་ནི་དྲི་མ་དང་བཅས་པ་ཡིན་ལ། དོན་དམ་པའི་སེམས་མ་ཡིན་


DTG052_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བསྒོམ་དུ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་དྲི་མ་མེད་པའི་བསམ་གཏན་ཡིན་ཏེ། དེ་ཉིད་དོན་དམ་པའི་སེམས་ཡིན་པའི་ཕྱིར། ཡིད་ལ་མི་བྱེད་དྲི་མེད་བསམ་གཏན་སེམས་མ་ཡིན།། །།ད་ནི་སེམས་དང་སེམས་ལས་བྱུང་བ་དང༌། ཉོན་མོངས་པ་རྣམས་རྟོག་པའི་རྣལ་འབྱོར་པ་ལ། ཐ་མི་དད་པའི་སྒོ་ནས་ཐམས་ཅད་མ་ཧཱ་མུ་དྲའི་བདག་ཉིད་དུ་བསྟན་པ་ནི། བློའི་ཆོས་ཡིད་ལ་བྱས་པ་རྣམས་ཀྱང་ལོགས་ན་མ་ཡིན་ཏེ། བློ་དང་སེམས་ནི་དྲན་པ་མེད་པའི་དབྱིངས་ལས་གློ་བུར་དུ་ཤར་ནས། རྐྱེན་གྱི་སྟོབས་ཀྱིས་དཀར་བ་དང་དམར་བ་ལ་སོགས་པར་སྣང་ཡང༌། དྲན་མེད་ཀྱི་དབྱིངས་སུ་ཐིམ་པའི་ཕྱིར། བློ་དང་སེམས་དང་སེམས་ཀྱི་སྣང་བ་དེ་དག་ཉིད། ལོ་ཀའི་ཁམས་དང་ལོ་ཀ་ལས་འདས་པའི་མྱ་ངན་ལས་འདས་པ་གསུམ་ཡང༌། དོན་རྟོགས་ན་སྐུ་རྣམ་པ་གསུམ་ལས་དབྱེར་མི་ཕྱེད། སྐུ་གསུམ་གྱི་རང་བཞིན་ཡང་ངོ་བོ་ཉིད་ཀྱི་སྐུར་དབྱེར་མི་ཕྱེད། ངོ་བོ་ཉིད་ཀྱི་སྐུ་ལ་ནི་བསམ་བརྗོད་དང་སྨྲ་བརྗོད་བསྒོམ་པ་ལས་འདས་ཏེ། དེ་ཉིད་ཀྱིས་སྣང་བ་དང་སྟོང་པ་དང༌། ཟག་བཅས་དང་ཟག་མེད་ཐམས་ཅད་ལ་ཁྱབ་ཅིང་མ་ཧཱ་མུ་དྲ་དེའི་རང་བཞིན་དུ་གནས་པས། འཇིག་རྟེན་གང་གང་གཞན་དུ་སྣང་བ་དེ་བདག་ཉིད། སྣང་བ་དང་སྟོང་པ་ལ་ལྟ་བར་བྱེད་པའི་སྣ་ཚོགས་འཁོར་བའི་ཆོས་དང༌། མྱ་ངན་ལས་འདས་པའི་ཆོས་མ་ལུས་པ་མཐོང་བ་ནི་ཡུལ། མཐོང་བྱའི་ཡུལ་ཅན་ལ་སོགས་པ་ཐམས་ཅད་ལ་ཆོས་ཉིད་སྐྱེ་བ་མེད་པའི་བདག་ཉིད་ཀྱིས་ཁྱབ་པས། སྣ་ཚོགས་མ་ལུས་མཐོང་བ་མཐོང་བྱ་དེ་བདག་ཉིད། །བུ་ལྟ་བུའི་སྙིང་དུ་སྡུག་པ་ལ་སོགས་པས་འདོད་ཆགས། དགྲ་ལྟ་བུའི་སྙིང་དུ་མི་སྡུག་པ་ལ་སོགས་པས་ཞེ་སྡང༌། དེ་གཉིས་དང་བྲལ་བ་གཏི་མུག་སྟེ། དེ་གསུམ་ག་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་མ་ཆུད་པ་མེད་ཅིང༌། སེམས་ཉིད་ནམ་མཁའ་ལྟ་བུ་ཡང་མ་ཧཱ་མུ་དྲའི་བདག་ཉིད་ཡིན་པས། ཆགས་སྡང་གཏི་མུག་བྱང་ཆུབ་སེམས་ཀྱང་བདག་ཉིད་དོ།། །།ད་ནི་ཀུན་གཞི་རྣམ་པར་ཤེས་པ་དྲན་པ་སྒྲོན་མར་ཁྱེར་བ་བསྟན་པ་སྟེ། དེ་ཡང་དྲན་པས་སྣང་བར་བསྒོམས་པའི་ཡིད་ལ་བྱས་པའི་སྟོང་པ་དེ་ནི་གཏི་མུག་


DTG052_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེས་སངས་རྒྱས་ཀྱི་དགོངས་པ་ཡིད་ལམ་བྱས་པ། བློ་དང་རིག་པ་མི་རྒྱུ་བ་དེ་མི་མཐོང་བས། མུན་པ་དང་འདྲ་བ། འོ་ན་ཇི་ལྟར་བྱ་ཞེ་ན། དྲན་པ་ནི་སྒྲོན་མེ་ཙམ་དུ་ཤེས་པར་བྱ་སྟེ། བླ་མའི་བརྡ་དང་ཐབས་དུ་མ་དྲན་པ་ལ་བརྟེན་ནས། སྐུ་གསུམ་བསྟན་དུ་བཏུབ་པའོ། །དཔེར་ན་མུན་ནག་ཏུ་འདོད་པའི་ཀ་ཆ་ཚོལ་བ་ལ། མར་མེའི་འོད་ལ་བརྟེན་ནས་ཀ་ཆ་བཙལ་དུ་བཏུབ་པ་བཞིན་ནོ། །ཡང་ན་རང་གི་སྙིང་གའི་པདྨ་ཁ་ཕྱེ་ན། ཐིག་ལེ་ཤིན་དུ་ཕྲ་བ་གཅིག་བསྒོམས་ནས། དེ་རྟོག་པ་མེད་པར་བསྒོམ་པས། སངས་རྒྱས་ཀྱི་དགོངས་པ་ཡིན་ཟེར་ཏེ། དེ་ནི་མེ་ལོང་གི་གཟུགས་བརྙན་ཙམ་དུ་ཤེས་པར་བྱ། དེའི་ཕ་རོལ་ན་དྲན་མེད་ལ་མཉམ་པ་ཉིད་དུ་ཤེས་པར་བྱ། དེ་གཉིས་ཀ་མ་སྐྱེས་མི་འགག་པའི་ཕྱིར། སོ་སོར་རྟོག་པ་དང༌། བྱ་བཙལ་ཐམས་ཅད་དང་བྲལ་བ་བྱ་བ་ནན་ཏན་གྱི་ཡེ་ཤེས་དང༌། རིག་པའམ་རྟོག་དཔྱོད་དང་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་རྟོག་པར་བྱེད་པ་ནི། སྒྲོན་མ་ཙམ་ཡིན་པའི་ཕྱིར། གཏི་མུག་མུན་པ་སྒྲོན་མར་སྤར། །དྲན་པ་སྒྲོན་མར་མ་ཤེས་པས། །རང་རྒྱུད་དུ་བཟུང་ནས་འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པའོ་ལ་སོགས་པའི་བཟང་རྟོག་དང་ངན་རྟོག་ཏུ་བྱེད་པས་ནི། འཁོར་བ་གསུམ་དུ་འཆིང་ལ། འཁོར་བ་ལས་བློའི་དབྱེ་བ་བསམ་གྱིས་མི་ཁྱབ་པས་ཇི་སྲིད་བློའི་དབྱེ་བས་ཕྱེ། རྟོགས་པའི་རྣལ་འབྱོར་པ་ལ་འདི་ནི་བསྒོམ་པའོ། །འདི་ནི་མི་བསྒོམ་པ་ལ་སོགས་པའི་བློའི་དབྱེ་བ་བསམ་གྱིས་མི་ཁྱབ་པར་སྐྱེས་ཀྱང༌། བླ་མ་དམ་པའི་གདམས་ངག་གིས། སྤྲུལ་པ་ཙམ་དུ་ཤེས་ནས། སྤྲུལ་པ་ཉིད་གློ་བུར་བ་ཡིན་ལ་གློ་བུར་དབྱིངས་སུ་དུས་རྟག་ཏུ་ཡལ་བར་ཤེས་ན། དྲི་མ་གཉིས་ཀྱིས་ཀྱང་མ་གོས་པས། དེ་སྲིད་སེམས་ཀྱི་དྲི་མ་སྤངས། །སྤྲུལ་པ་ཡལ་བའི་དབྱིངས་དེ་ནི། དྲན་པ་རིག་པ་མ་སླེ་བས་ཤིང་འཁོར་འདས་ཀྱི་འདམ་གྱིས་གོས། ཐོས་བསམ་བསྒོམ་གསུམ་ལས་འདས་པ། དེ་ལ་བློ་དང་རིག་པས་ཞེན་དུ་མེད་པའི་ཕྱིར། མ་ཞེན་རང་བཞིན་གང་གིས་བསམ།། །།ད་ནི་རྟོགས་ན་དགག་བསྒྲུབ་མེད་པར་བསྟན་པ་ནི། །དྲན་པ་


DTG052_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ལས་སྐྱེས་པ་འདི་དགག་མི་དགོས་ཏེ། ནམ་མཁའི་སྤྲིན་བཞིན་ཡལ་ཏེ་འགྲོ་བའོ། །དྲན་མེད་བསྒྲུབ་མི་དགོས་ཏེ། རང་བཞིན་གྱིས་འཆར་བའོ། །དེའི་ཕྱིར་སེམས་ཅན་མ་བཀག་ལ་བུདྡྷ་མ་བསྒྲུབས་པས། དགག་པ་མེད་ཅིང་བསྒྲུབ་པ་མེད། །དྲན་པ་དང་མ་དྲན་པ་གཉིས་ཀ་སྐྱེ་མེད་དུ་དག་ཙམ་ན། སྐྱེ་བ་མེད་པ་ཉིད་ངོས་བཟུང་དང་བྲལ་བའོ། །སེམས་ཅན་སྤང་བར་བྱ་བའམ། མྱ་ངན་ལས་འདས་པ་བླང་བར་བྱ་བའི་བསམ་པ་མེད་པའོ། །བསམ་བརྗོད་ལས་འདས་པ་དེ་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་བདེ་བ་ཆེན་པོ་འདམ་གང་གིས་ཀྱང་མ་གོས་པ་ཡིན་པས། འཛིན་པ་མེད་དེ་བསམ་གྱིས་མི་ཁྱབ། དེ་ལྟར་མ་རྟོགས་པའི་རྨོངས་པ་རྣམས་ཀྱིས། འདི་ནི་འཁོར་བ་འདི་ནི་མྱ་ངན་ལས་འདས་པའོ། །འདི་ནི་མཉམ་པར་གཞག་པའོ་ཞེས་པ་ལ་སོགས་པ་གཉིས་འཛིན་གྱི་ཤེས་པ་མང་པོ་ལ་ཆགས་པས་ནི། འཁོར་བ་རྣམ་པ་གསུམ་དུ་འཆིང་བས། བློ་ཡི་དབྱེ་བས་རྨོངས་རྣམས་བཅིངས། དོན་རྟོགས་པ་ཡི་རྣལ་འབྱོར་གྱིས་ན། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་དུ་རྟོགས། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་དབྱེར་མེད་དུ་རྟོགས། ཞི་གནས་དང་ལྷག་མཐོང་གི་ཤེས་པ་ལ་སོགས་པའི་གཉིས་འཛིན་གྱི་ཤེས་པ་ཐམས་ཅད་སྣང་བའི་ལྷན་ཅིག་སྐྱེས་པར་དག་ཙམ་ན། རྒྱུ་དག་པ་ཞེས་བྱ་བ་རྒྱུ་ཐམས་ཅད་སྟོང་པའི་ལྷན་ཅིག་སྐྱེས་པར་དག་ཙམ་ན། ལམ་དག་པ་ཞེས་བྱ། རྒྱུ་ལམ་གཉིས་ཀ་མ་སྐྱེས་པའི་དབྱིངས་སུ་དག་ཙམ་ན་འབྲས་བུ་དག་པ་ཞེས་བྱ། རྒྱུ་ལམ་འབྲས་བུ་གསུམ་ཀ་བློས་མ་རེག་པར་རྟོགས་ཙམ་ན། ཐམས་ཅད་དབྱེར་མེད་དུ་དག་པས། དབྱེར་མེད་ལྷན་ཅིག་སྐྱེས་རྣམ་དག །།ད་ནི་རྟོགས་པས་བསྒོམ་དུ་མེད་པ་སེམས་གྲོལ་བར་བསྟན་པ་ནི། དབུ་མ་དང་ཚད་མའི་གཅིག་ངང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་སྟོང་པར་བརྟགས་པའི། །ཆོས་ཉིད་སྟོང་པ་དེ་ཡང་དག་པའི་བློ་ལས་འདས་པ་དེ་མིན་པས། གཅིག་དང་དུ་མས་རྣམ་བརྟགས་གཅིག་ཉིད་མིན། །འོ་ན་ཆོས་ཉིད་ཀྱི་དོན་ཇི་ལྟར་ཤེས་པར་བྱ་ན། དྲན་པས་མཚོན་ནས་དྲན་མེད་


DTG052_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། དྲན་མེད་ཤེས་པས་དྲན་པ་གློ་བུར་བར་རྟོགས། དྲན་པ་གློ་བུར་བར་རྟོགས་པས། དྲན་པ་གཞི་དང་རྩ་བ་བྲལ་བར་ཤེས། དྲན་མེད་ཀྱི་མཚན་ཉིད་སྐྱེ་མེད་དུ་ཤེས། སྐྱེ་མེད་ཀྱི་ངོ་བོ་བློ་ལས་འདས་པར་ཤེས། དེ་ལྟར་རྟོགས་ཙམ་ན་དྲན་མེད་སྐྱེ་མེད་བློ་ལས་འདས་པ་གསུམ་སྐུ་གསུམ་དུ་ཤེས་ནས་དེ་གསུམ་གྱི་ངང་དུ་རྟོགས་པའི་རྣལ་འབྱོར་པ་གྲོལ་བ་ཡིན་ཏེ། དེ་ཡང་དྲན་པ་དྲན་མེད་སྟོང་པ་ཉིད་དུ་གྲོལ་དྲན་མེད་མཚན་མ་མེད་པ་སྐྱེ་མེད་དུ་གྲོལ། སྐྱེ་མེད་སྨོན་པ་མེད་པ་བློ་འདས་སུ་གྲོལ་བས། ཤེས་པ་ཙམ་གྱིས་འགྲོ་བ་རྣམ་པར་གྲོལ། སྐུ་གསུམ་པོ་དེ་ཉིད་ལ་རྐྱེན་གང་གིས་ཀྱང་མ་གོས་ཤིང་བསྒོམ་དུ་མེད་པ་སྟེ། བསྒོམ་པ་གསལ་ན་ནི་རྟོག་པ་གསལ་བ་ཡིན་ལ། མི་གསལ་ན་བསྒོམ་པ་ལ་དོན་མེད་པའི་ཕྱིར། དོན་དམ་པ་དེ་བསྒོམ་དུ་མི་བཏུབ་ལ། རྒྱུན་མི་འཆད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ། དུས་རྟག་ཏུ་གནས་པས། གསལ་བ་གང་ཞིག་ཤེས་པས་བསྒོམ་པ་བསྟན། །སེམས་ལས་བྱུང་བའི་དྲན་པ་སྣ་ཚོགས་ནི། །གཡོ་འགུལ་ཅན་ཡིན་ལ། སེམས་ཉིད་ཀྱི་དངས་མ་དྲན་མེད་སྐྱེ་མེད་བློ་འདས་ནི། མི་གཡོ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། དེའི་ངང་དུ་སེམས་ལས་བྱུང་བའི་དྲན་པ་རིག་པ་གཡོ་འགུལ་ཅན་འདི། རང་བཞིན་གྱིས་ཐིམ་པར་ཤེས་ཙམ་ན། དྲན་པ་དྲན་མེད་དུ་བཟུང༌། དྲན་མེད་སྐྱེ་མེད་དུ་བཟུང༌། སྐྱེ་བ་མེད་པ་བློ་འདས་སུ་བཟུང་བ་ཡིན་པས། མི་གཡོ་བའི་སེམས་ནི་བདག་ཉིད་དེ་རུ་བཟུང༌།། །།ད་ནི་བདེ་བ་ཆེན་པོ་ཐོབ་པས་ཡུལ་གྱིས་མི་གནོད་པར་བསྟན་པ་ནི། དྲན་མེད་སྐྱེ་མེད་བློ་འདས་གསུམ་ལ། འཁོར་འདས་ཀྱི་འདམ་གྱིས་མ་གོས་པས། སྡུག་བསྔལ་དང་བྲལ་བའི་དགའ་བ་ཡིན་པ་སྐུ་གསུམ་པོ་དེ་འཁོར་བ་རྣམ་པ་གསུམ་ལས་རྒྱལ་བའི་ཡུལ་ཡིན་པས། དགའ་བས་རྒྱས་པའི་ཡུལ་ཐོབ་པས། ཆོས་ཉིད་སྐྱེ་བ་མེད་པ་འགག་པ་མེད་པ་དེ། བླ་མ་དམ་པས་བརྡ་དང་ཐབས་དུ་མས་བསྟན་ནས་རྟོགས་པ་ཁོང་དུ་ཆུད་པ་དེ་ནི། ཁམས་གསུམ་སྐུ་གསུམ་དུས་གསུམ་རྣམས་མཉམ་པ་ཉིད་དུ་རྒྱས་པར་བྱེད་པས། མཐོང་བས་སེམས་ནི་རྣམ་པར་རྒྱས། །བླ་མས་བརྡ་དང་ཐབས་


DTG052_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སངས་རྒྱས་ཀྱི་དགོངས་པ་བསྟན་པས། ཇི་ལྟ་བ་བཞིན་དུ་སྐུ་གསུམ་གྱི་དོན་མཐོང་བས། དེ་ལས་སེམས་ཅན་གྱི་དོན་གང་ལ་གང་འདོད་པའི་འབྲས་བུ་འབྱུང་བའི་དགོས་པ་བྱེད་པ་ཡིན་པས། དེ་ཡིས་དེ་རུ་དགོས་པ་ཡིན། །རྟོག་པ་མེད་པར་སེམས་ཅན་གྱི་དོན་བྱེད་པར་རྟོག་པའི་དུས་སུ། དྲན་པ་འདི་སྣ་ཚོགས་སུ་འཕྲོ་ཡང༌། སྤྲུལ་པ་སྣ་ཚོགས་གང་ལ་གང་མོས་འབྱུང་བའི་ཕྱིར། དྲན་མེད་ལས་ཤར་ཅིང་དྲན་མེད་ཀྱི་ངང་ལ་གནས་ནས། དྲན་མེད་ཀྱི་དབྱིངས་སུ་ཐིམ་པ་ཡིན་པས། དྲན་པ་དང་དྲན་མེད་གཉིས་ཐ་མི་དད་པ་མ་ཡིན་ཏེ། དཔེར་ན་ས་ལ་སྤྱད་ཆ་མི་འདྲ་བ་བྱས་པ་དང༌། ལྷ་དང་ལྷ་མོའི་གཟུགས་བརྙན་མང་པོ་བྱས་པ་དང་ཡུལ་མཁར་ལ་སོགས་པ་ཇི་ཙམ་བྱས་ཀྱང་ས་ལས་མ་གཡོས་པ་བཞིན་དུ། དྲན་པ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་ཅིར་སྣང་ཡང་དྲན་པ་ལས་མ་འདས། དྲན་པ་ཉིད་སྐྱེས་དང་གནས་དང་ཐིམ་པ་གསུམ་དྲན་མེད་ལས་མ་འདས་པས། ཡུལ་ལ་བྲོས་ཀྱང་ཐ་དད་མིན།། །།ད་ནི་བདེ་བ་ཆེན་པོའི་ཆོས་སྐུ་སྤྲོས་པ་མེད་པ་ལས། གཟུགས་སྐུ་གཉིས་སྤྲོས་ཀྱང༌། འབྲས་བུ་གཅིག་པར་བསྟན་པ་ནི། །འཁོར་འདས་ཀྱི་འདམ་གྱིས་མ་གོས་པའི་བློ་ལས་འདས་པ་དེ་ལས། སེམས་ཅན་གྱི་དོན་འབྱུང་དུ་རུང་བ་ནི། མྱུ་གུའི་རྒྱུ་ཡིན་པའི་ཕྱིར། དགའ་བ་བདེ་བའི་མྱུ་གུ་དང༌། །སེམས་ཅན་གྱི་དོན་བྱེད་པའི་གཟུགས་སྐུ་གཉིས་ཀྱི་ནང་ན་ཡང༌། ལོངས་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་འབྱུང་བའི་ཕྱིར། སྦྲུལ་སྐུ་ལ་ལྟོས་པའི་ལོངས་སྐུ་དེ་མཆོག་ཡིན་ལ་སྤྲུལ་སྐུ་གང་ལ་གང་འདུལ་དུ་སྣང་བ་ནི། ཆོས་སྐུ་ལོངས་སྐུའི་འདབ་མ་ཙམ་ཡིན་པའི་ཕྱིར། མཆོག་གི་འདབ་མ་སྐྱེས་པ་སྟེ། ལོངས་སྐུ་དང་སྤྲུལ་སྐུ་གཉིས། སེམས་ཅན་གྱི་དོན་དུ་སྣ་ཚོགས་སུ་འཕྲོ་ལ། ཆོས་སྐུ་ལས་འདས་པ་ལ་སེམས་ཅན་གྱི་དོན་བྱེད་པ་དང་མི་བྱེད་པ་མི་མངའ་ཞིང༌། གང་དུ་ཡང་མི་འཕྲོ་བའི་ཕྱིར། ཇི་སྲིད་ཕྱོགས་བཅུར་མི་འཕྲོ་བའོ། །སྤྲོས་པ་དང་བཅས་པའི་བདེ་བ་ནི། ཟག་པ་དང་བཅས་པའི་འབྲས་བུ་ཡིན་ལ། ཆོས་སྐུ་སྤྲོས་པ་དང་བྲལ་བ་ནི། འདམ་གྱིས་མ་གོས་པར་རེ་དོགས་དང་བྲལ་བའི་འབྲས་བུ་དང་ཟག་པ་མེད་པའི་


DTG052_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡིན་པས། སྤྲོས་པ་མེད་པའི་འབྲས་བུ་ཉིད།། །།ད་ནི་དོན་དམ་པར་སེམས་ཅན་དང་སངས་རྒྱས་བྱ་བ་གང་ཡང་མ་གྲུབ་པར་བསྟན་པ་ནི། མི་དགེ་བའི་ལས་གང་གིས་སེམས་ཅན་དུ་ལྷུང་བའམ། གང་སེམས་ཅན་དུ་ལྟུང་བའམ། གང་ཡང་སེམས་ཅན་དུ་ལྷུང་བ་དོན་དམ་པ་ལ་མེད་དོ། །དགེ་བ་གང་གིས་སངས་རྒྱས་པའམ། གང་སངས་རྒྱས་པའམ། གང་ཡང་སངས་རྒྱས་པ་དོན་དམ་པ་ལ་མེད་པས། གང་གིས་གང་དུ་གང་ལ་དེ་དག་མེད། །འོ་ན་སངས་རྒྱས་ཀྱི་དགོངས་པ་རྟོགས་པ་ལ་དགོངས་པ་མེད་དོ་ཞེ་ན། དོན་དམ་པར་སངས་རྒྱས་དང་སེམས་ཅན་གཉིས་ཀ་མེད་པར་རྟོགས་པས། རེ་དོགས་མེད་པའི་དབྱིངས་དེས་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པའི་དགོས་པ་བྱེད་པས། དེ་ཡིས་དེ་རུ་དེ་ལ་དགོས་པ་བྱས། །སེམས་ཅན་གྱི་དོན་བྱའོ་སྙམ་པའི་སེམས་ནི། བག་ཆགས་དང་བཅས་པའི་སེམས་ཡིན་ལ། སེམས་ཅན་གྱི་དོན་མི་བྱེད་པ་ནི་བག་ཆགས་མེད་པའི་དྲན་པ་ཡིན་ཏེ། དེ་གཉིས་ཀ་སྐྱེ་མེད་དབྱིངས་ལ་གང་ཡང་མི་ལེན་མི་འདོར་བ་ནི། མཉམ་པ་ཉིད་ཀྱི་ངང་ལ་གནས་པ་ཡིན་པས། རྗེས་སུ་ཆགས་པ་དང་ནི་མ་ཆགས་པའི། །སྣང་བ་སྣ་ཚོགས་ནི་གློ་བུར་བ་ཡིན་པའི་ཕྱིར་རང་བཞིན་གྱིས་སྟོང་པས། སྣང་བ་ཡང་སྟོང་པ་ཡིན་ལ་སྟོང་པ་ཉིད་ལས་ཀྱང་སེམས་ཅན་གྱི་དོན་དུ་སྤྲུལ་པ་དུ་མ་འབྱུང་བས། སྟོང་པ་ཉིད་ཀྱང་སྣང་བ་ཡིན་ཏེ། དེ་གཉིས་ཀ་བསམ་དུ་མེད་པའི་ངང་དུ་དབྱེར་མི་ཕྱེད་པས། གཟུགས་ཉིད་དང་ནི་སྟོང་པ་ཉིད་ཡིན་ནོ།། །།ད་ནི་ཐ་མ་རྒྱལ་པོས་སྲིད་པའི་ས་ར་ཧ་བ་ཁྱོད་ལ་བླང་དོར་གང་ཡང་མེད་པས་ཕག་དང་འདྲ་བྱས་པ་ནི། དང་པོ་ཁྱོད་བྲམ་ཟེ་ཡིན་པས་དེ་ནས་རབ་ཏུ་བྱུང་བ། དེ་ནས་གཙང་བཙོག་མེད་ཟེར་བས། ཁྱོད་སྲིད་པ་གསུམ་ལས་མི་ཐར་བར་འཁོར་བར་ཞེན་ཏེ། ཁྱོད་དང་ཕག་པ་ལ་ཁྱད་པར་མེད་དོ་ཞེས་གསུངས་པས་ནི། སྲིད་པའི་འདམ་ཞེན་ཕག་ལྟ་བུ། །དེའི་ལན་དུ་ངས་ཆོས་ཉིད་ཀྱི་དོན་རྟོགས་པ་ལ། ཉོན་མོངས་པའི་དྲི་མ་དང་ཤེས་བྱའི་དྲི་མ་གཉིས་ཀྱིས་མ་གོས་པས། གཙང་བར་འཛིན་པ་དང་མི་གཙང་བར་འཛིན་པ་མེད་དེ། སྐྱོན་གང་གིས་ཀྱང་མ་གོས་པའི་ཕྱིར། དྲི་མེད་སེམས་གྱུར་སྐྱོན་ཅི་ཡོད། །


DTG052_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་སྐྱོན་མེད་ན། འདོད་ཡོན་ལྔས་ཀྱང་དེན་ལ་གོས་པ་མེད་པའི་ཕྱིར། གང་ཡང་གང་གིས་མ་གོས་པ། །ཆོས་ཉིད་སྐྱོན་གྱིས་མ་བསླད་པ་དེ་ལ། ཉོན་མོངས་པ་ལྔས་ཀྱང་བཅིངས་པ་མེད་པས། དེ་ཡང་དེ་ཡིས་ཅི་ཕྱིར་འཆིང༌། །དེ་ལྟར་དཔེ་ཉི་ཤུ་རྩ་གསུམ་གྱིས་གཞུང་གི་དོན་རྣམས་མ་ལུས་པར་བསྟན་ནས། ད་ནི་མཚན་གྱི་དོན་བསྟན་པར་བྱ་སྟེ། གཉུག་མ་རྣལ་མ་ལྷན་ཅིག་སྐྱེས་པ་དང་མ་བྲལ་བའི་དབྱིངས་སུ། དུས་གསུམ་དང་ཁམས་གསུམ་ཐམས་ཅད་འབྱོར་ཅིང༌། དུས་གསུམ་གྱི་བདེ་བར་གཤེགས་པའི་དགོངས་པ་ཐུགས་སུ་ཆུད་པའི་ཕྱིར། རྣལ་འབྱོར་གྱི་དོན་དམ་པ་བློ་ལས་འདས་པའི་དབྱིངས་སུ་མངའ་བརྙེས་ཤིང༌། ཁམས་གསུམ་སྐུ་གསུམ་དུ་བསྒྱུར་བར་མཛད་ཅིང༌། མ་ཧཱ་མུ་དྲའི་དོན་ཁོང་དུ་ཆུད་པས། དབང་ཕྱུག་ཆེན་པོ། ཆོས་ཐམས་ཅད་གཉིས་སུ་མེད་པར་སྟོན་པ་དང༌། བདེ་བ་ཆེན་པོར་སྟོན་བ་དང༌། བྲི་བ་དང་བྲལ་བར་སྟོན་པ་དང༌། བྲི་བ་དང་གང་བ་མེད་པར་སྟོན་པར་མཛད་པས་དཔལ་ས་ར་ཧའོ། །དེ་ལྟ་བུའི་དོན་རྣམས་སངས་རྒྱས་ནས་ད་ལྟའི་བར་དུ་བརྒྱུད་པ་རྒྱུན་མ་ཆད་པར་མ་འོངས་པའི་དོན་དུ་གདམས་ངག་ཏུ་མཛད་པས་ཞལ་སྔ་ནས་མཛད་པ། གང་མཛད་ན་གཉིས་སྣང་མ་ལུས་པ་བཅོམ་ནས། གཉིས་སྣང་ལ་བཀའ་བསྐྱོན་པ་དང༌། མི་སླུ་བའི་ཆོས་ཉིད་བྲི་བ་དང་གང་བ་མེད་པ་མགུར་དུ་བཞེངས་པ་དེ། རྒྱ་རིམ་པ་བདུན་གྱིས་བཏབ་ནས་ཤིན་ཏུ་རུབ་པའི་དོན། སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་ལས། འདི་ནི་ཤིན་ཏུ་སྤྲོས་མེད་དུ་མཛད་བ་དང༌། དྲན་པའི་ཡིད་ཐམས་ཅད་དྲན་མེད་ཀྱི་ངང་དུ་ཡིད་འཕྲོག་པར་བྱེད་པས། དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ། ཆོས་ཉིད་ཀྱི་དོན་བརྡ་དང་ཐབས་མ་ལུས་པའི་སྒོ་ནས་གཏན་ལ་ཕབ་པ་རྫོགས་སོ་ཞེས་བྱ་བའི་ཐ་ཚིག་གོ །དུས་གསུམ་བདེ་གཤེགས་དགོངས་པ་བློ་ཡི་སྤྱོད་ཡུལ་མ་ཡིན་ཡང༌། །མཉམ་པ་ཉིད་ཀྱི་ཐུགས་རྗེས་སེམས་ཅན་ཀུན་ལ་ཁྱབ་པར་མཛད། །རེ་དོགས་མེད་པའི་སྐུ་གསུམ་ལྷུན་གྲུབ་འཁོར་བ་རང་བཞིན་དག །འབད་རྩོལ་བྲལ་བའི་རྟོག་པ་རང་རྒྱུད་གྲོལ་བ་སྙིང་པོའི་དོན། །དྲན་པའི་རྗེས་སུ་འབྲང་བའི་སྤྱོད་ཡུལ་མ་ཡིན་


DTG052_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང་རིང༌། །རང་བཞིན་གནས་ལུགས་དོན་ལ་སེམས་ཅན་སངས་རྒྱས་མ་གྲུབ་པ། །རི་ཁྲོད་བྱམས་མགོན་བཛྲ་པཱ་ཎི་ཐུགས་ལས་བདག་གིས་རྙེད། །སྐྱེ་མེད་བདེ་ཆེན་སྨྱོན་པའི་ངག་ལ་བདེན་པར་གང་འཛིན་པ། །ཚིག་དང་དོན་ལ་འབྲེལ་མེད་བརྡ་དོན་ཅུང་ཞིག་བརྩམས་པ་འདིས། །ཁམས་གསུམ་མ་ལུས་དྲན་པའི་འོད་འབར་སྐུ་གསུམ་ཐོབ་པར་ཤོག །དོ་ཧ་མཛོད་ཅེས་བྱ་བའི་སྤྱོད་པའི་གླུའི་འགྲེལ་བ་དོན་གྱི་སྒྲོན་མ་ཞེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སྐྱེ་མེད་བདེ་ཆེན་གྱི་ཞལ་སྔ་ནས་མཛད་པར་རང་འགྱུར་དུ་བསྒྱུར་ནས་གཏན་ལ་ཕབ་པ་རྫོགས་སོ། །


previousདོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུའི་འགྲེལ་པ་དོན་གྱི་སྒྲོན་མ་ཞེས་བྱ་བ།སྐྱེ་མེད་བདེ་ཆེན།next