Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གཉིས་པ།


   
   
   
   
   
   
   
   
ཀ་ཁའི་དོ་ཧའི་བཤད་པ་བྲིས་པ། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀ་ཁའི་དོ་ཧའི་བཤད་པ་བྲིས་པ།next

ཀ་ཁའི་དོ་ཧའི་བཤད་པ་བྲིས་པ།


DTG052_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀ་ཁ་ཧ་ལ་དོ་ཧ་ཏི་པ་ན། བོད་སྐད་དུ། ཀ་ཁའི་དོ་ཧའི་བཤད་པ་བྲིས་པ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀ་ནི་ཡུམ་གྱི་པདྨའི་ནང་ན་གནས་པ་འདི་ཡིན་ཏེ་ཞེས་པའམ། ཀ་སྟེ་ཀ་མ་ལ་ནི་པདྨ་སྟེ་ཡུམ་གྱིའོ། །དེ་ནས་པའི་ཀ་ཡིག་ནི་ཀ་ཀུ་ལི་ཤ་རྡོ་རྗེ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའོ། །ཀ་ཀ་ནི་ཀ་ཡ་ན་ལུས་ཏེ། ཐབས་དང་ཤེས་རབ་ཀྱི་ལུས་སོ། །བསྡུམས་པ་ནི་འཁྱུད་པ་ལ་སོགས་པའོ། །བདུད་རྩི་འཛག་ཅེས་པ་དེའི་སྟོབས་ཀྱིས་རི་བོང་ཅན་འཛག་པའོ་གང་གི་ཞེ་ན། ཌོཾ་བི་ནཱི་གཞོན་ནུ་མ་སྟེ་གཡུང་མོའོ། །དེ་ཡང་གཡུང་མོ་ནི་ཕྱི་ལྟར་ན་ལྷ་མོའོ། །ནང་ལྟར་ན་གཡུང་མོ་ནི་ཤེས་རབ་ཀྱི་ཆའོ། །འཁྱུད་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །ཀ་ནི་ཀ་བུར་ན་ག་པུར་ཏེ་བྱང་ཆུབ་ཀྱི་སེམས་དགའ་བ་བཞིའི་རང་བཞིན་ལ་བྱ། འཛག་པ་ནི་རྒྱུན་དུ་དགའ་བ་བཞིའི་བདེ་བ་དང་མེ་འབྲལ་བའོ། །དེའི་དུས་སུ་དཔྱིད་ཀྱི་ཡལ་ག་ནི། དཔེར་ན་དཔྱིད་ཀྱི་དུས་སུ་ལྗོན་ཤིང་ལ་ཡལ་ག་དང་ལོ་མ་དང་མེ་ཏོག་རྒྱས་པས་སེམས་ཅན་རྣམས་དགའ་བ་སྐྱེད་པ་ལྟར། འདིར་རྣལ་འབྱོར་བའི་རྒྱུད་ལ་དགའ་བ་བཞིའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པའི་དུས་སུ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པས་བདེ་བ་ཆེན་པོའི་འོད་གསལ་བའི་དོན་མངོན་དུ་བྱས་པའོ། །ཀའི་དོན་ཏོ། །ཁ་ནི་ཁ་ས་མ་སྟེ་ནམ་མཁའོ། །ནམ་མཁའ་ནི་སྟོང་ཉིད་ཀྱི་རང་བཞིན་ནོ་སྟོང་པ་དེ་གང་ན་གནས་ཤེ་ན། དཔྲལ་བ་སྟེ་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་ཞེས་པའི་དོན་ཏོ། །ཁ་ནི་ཁ་མ་སྟེ་གཅེར་བུའོ། །གཅེར་བུ་ནི་གཅེར་


DTG052_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བ་སྟེ། དཔེར་ན་ཕྱི་རོལ་པའི་གཅེར་བུ་པའི་དཀའ་ཐུབ་པ་ལ་གོས་དང་ནོར་ལ་སོགས་པ་ཅི་ཡང་མེད་པ་བཞིན་དུ། འདིར་ཡང་ཁ་དོག་དང་དབྱིབས་དང་ལུས་དང་ཡན་ལག་དང༌། ཆ་དང་བྲལ་བས་གཅེར་བུ་སྟེ། ལྷན་ཅིག་སྐྱེས་པའི་སེམས་ལ་བྱའོ། །དེ་ལྟ་བུའི་གཅེར་བུའི་རྣལ་འབྱོར་གང་གིས་རྟོགས་ནུས་ན་དགའ་བ་དང་བདེ་བ་དང་ཚིམ་པར་འགྱུར་གྱི། །གཞན་གྱིས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། ཁའི་དོན་ཏོ། །ག་ནི་ག་ག་ན་སྟེ་ནམ་མཁའོ། །ནམ་མཁའ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། དེས་ནམ་མཁའ་ལྟར་ཐམས་ཅད་ཁྱབ་པའོ། །དེ་ལྟ་བུའི་ནམ་མཁའི་དོན་རྟོགས་ན་བརྟན་པོར་འགྱུར་བ་སྟེ། རང་གི་སེམས་ལ་རྐྱེན་གཞན་གྱིས་གནོད་པར་མི་འགྱུར་བའོ། །ག་ནི་ག་མ་ན་སྟེ་ནམ་མཁའོ། །ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ཀྱི་དོན་ཏེ། འཇོ་ཞིང་འཇོ་ཞིང་དེ་ཡང་དང་ཡང་གོམས་པར་བྱས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པར་འགྱུར་ཏེ། དེ་ལྟ་བུའི་དོན་རྟོགས་ན་སྐོམ་པས་གདུངས་པ་ཆུ་འཐུང་བ་བཞིན་དུ། རྣལ་འབྱོར་པ་ངོམས་ཤིང་ཚིམ་པར་འགྱུར་རོ། །ག་ནི་གང་གཱ་སྟེ་དཔེར་ན་གང་གཱ་དང་ཡ་མུ་ན་གཉིས་གཅིག་ཏུ་འདྲེས་པ་བཞིན་དུ། །འདིར་སེམས་ཅན་གྱི་རྒྱུད་ལ་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་རྒྱུ་བ་བཀག་སྟེ། མེད་པར་བྱས་ནས་ལུས་ལ་ཐིམ་ནུས་ན་རྒས་པ་ལ་སོགས་པར་མི་འགྱུར་བའོ། །ཡང་ན་བྱང་ཆུབ་ཀྱི་སེམས་སོ་སོར་འཛག་པ་དེ་གཉིས་བཀག་ནས། རྩ་ལ་སོགས་པར་འགྲེམས་ནུས་ན་མི་འགྱུར་ཞེས་པའོ། །ཡང་ན་གང་གཱ་ནི་ཐབས་ཡ་མུ་ན་ནི་ཤེས་རབ་བོ། །དེ་གཉིས་བཅིངས་པ་ནི་གཉིས་མེད་དུ་བྱེད་ནུས་ན་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ག་ནི་ག་མ་སྟེ་འགྲོ་བའོ། །ཨཱ་ག་མ་ན་སྟེ་མི་འགྲོ་བར་འོང་བ་སྟེ། དེ་ལྟར་ཕྱག་རྒྱ་ཆེན་པོའི་དོན་དེ་རྟོགས་ན་སྲིད་པ་སྟེ། འདོད་ཡོན་ལྔ་ལ་བརྟེན་ནས་འགྲོ་འོང་འཆད་པར་འགྱུར་ཏེ། སྐྱེ་བ་དང་འཆི་བ་ལ་སོགས་པ་ཉམས་པར་བྱས་པའོ། །གའི་དོན་ཏོ། །གྷ་ནི་གྷ་ཎ་ཊ་ན་དྲིལ་བུ་སྟེ། དྲིལ་བུ་ནི་ཤེས་རབ་ཀྱི་རང་བཞིན་སྟོང་པ་ཉིད་དོ། །དཔལ་ལྡན་ཧེ་རུ་ཀ་ནི་ཕྱི་ལྟར་


DTG052_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཧེ་རུ་ཀའོ། །ནང་ལྟར་ན་ཧེ་རུ་ཀ་སྟེ་རང་གི་སེམས་ཀྱི་རང་བཞིན་ནོ། །མཉེས་ཞེས་པ་ནི་དེ་སྟོང་པ་ཉིད་ཀྱིས་མཉེས་ཤིང་ཚིམ་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་པས་ན་སྟོང་པ་ཉིད་ཁོ་ན་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །གྷ་ནི་གྷ་ན་ཧ་ན་སྟེ་ཡང་ནས་ཡང་དུའོ། །བདག་མེད་མ་ནི་ཕྱི་ལྟར་ལྷ་མོ་བདག་མེད་མས་མགུལ་ནས་འཁྱུད་པ་བཞིན་དུའོ། །ནང་ལྟར་ན་བདག་མེད་མ་ནི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི་དོན་ཏོ། །དོན་དེ་འཁྱུད་པ་སྟེ་ཡང་ནས་ཡང་དུ་བསྒོམས་ན་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྟོགས་ཙམ་ན་གྷ་ནི་གྷ་ན་ཧ་ན་ཡང་དང་ཡང་ངོ༌། །ཡང་ནས་ཡང་དུ་གོམས་པར་བྱས་ན་རྣལ་འབྱོར་པའི་རླུང་དང་ཡིད་གཉིས་འཕོ་ཞེས་པ་ཨ་ཝ་དྷཱུ་ཏཱི་ར་ཆུད་པར་འགྱུར་བའོ། །གྷ་ནི་གྷ་ར་ནི་ཁྱིམ་བདག་མོ་སྟེ་ཁྱིམ་ཐབ་དང་འདྲ་བའི་རླུང་ཡང་ཡིད་གཉིས་ཀ་ར་ཡང་མི་རྒྱུ་ཞིང་གཉུག་མའི་ཡིད་དེ་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་འགྱུར་བའོ། །གྷའི་དོན་ཏོ། །ང་ནི་ཎ་ལོག་དང་འབྲེལ་ལོ། །ཎ་ནི་ཎ་ཡ་སྟེ་གཉུག་མའོ། །གཉུག་མའི་སེམས་ཀྱི་རང་བཞིན་ནི་རང་རིག་གིས་སྟོང་པར་རྟོགས་པ་སྟེ་བློས་སྟོང་པར་བྱས་པ་མ་ཡིན་ཞེས་པའི་དོན་ཏོ།། ཎ་ནི་ཎ་ཡ་སྟེ་གཉུག་མའོ། །གཉུག་མའི་ཁྱིམ་ཐབ་མོ་ལྷན་ཅིག་སྐྱེས་པའི་ཡིད་དེ་འབྱོངས་པར་བྱས་པའི་ཚེ་ན། དགེ་བ་དང་མི་དགེ་བའི་སྐྱོན་ལ་སོགས་པས་མི་གོས་པ་སྟེ་གནོད་པར་མི་ནུས་པའོ། །ཎ་ནི་ཎི་རན་ཏ་ར་སྟེ་རྒྱུན་དུའོ། །དེ་ཡང་རྣལ་འབྱོར་པས་རྒྱུན་དུ་ལྷན་ཅིག་སྐྱེས་པའི་ངང་དུ་བྱེད་ནུས་ན། བདེ་བ་སྟེ་རྣམ་པར་རྟོག་པ་དང་སྤྲོས་པ་ཐམས་ཅད་ཞི་བར་འགྱུར་རོ་ཞེས་པའོ། །དེའི་ཚེ་ན་ཎ་ནི་ཎ་སི་སྟེ་ནུབ་མོའོ། །ནུབ་མོའི་མུན་པ་ནི་གཏི་མུག་གི་སྡུག་བསྔལ་ལོ། །སོ་སོ་སྐྱེ་བོའི་སྣང་བ་དེ་མེད་པས་ན་ཆད་པ་སྟེ། སྡུག་བསྔལ་ཏེ་སྡུག་བསྔལ་གྱི་སྣང་བ་འདི་འགགས་ནས་རྣལ་འབྱོར་པའི་སྣང་བ་འོད་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་འགྱུར་རོ། །ངའི་དོན་ཏོ། །ཙ་ནི་ཙ་ཨུ་ཐ་སྟེ་བཞིའོ། །དེ་གང་གིས་ཡིན་ན་དགའ་བ་བཞི་སྟེ། དགའ་བ་དང་མཆོག་དགའ་དང༌། དགའ་བྲལ་དང༌། ལྷན་ཅིག་སྐྱེས་པའི་


DTG052_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའོ། །དེ་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་ནི་མཆོག་དང༌། དགའ་བྲལ་གྱི་དབུས་སུ་ཤེས་པར་བྱའོ། །ཙ་ནི་ཙ་ཨུ་ཐ་སྟེ་བཞིའོ། །དེ་ཡང་མཐའ་བཞི་ལ་བྱ་སྟེ། རྟག་པ་དང༌། ཆད་པ་དང༌། དངོས་དང་དངོས་མེད་ཀྱི་མཐའོ། །དེ་དང་བྲལ་བའི་སེམས་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པས་ན། ཟུང་ཤིག་ཅེས་པ་བླང་བར་གྱིས་ཤིག་པའོ། །ཙ་ནི་ཙ་ཨུ་སྟེ་བཞིའོ། །དེ་ཡང་སྐད་ཅིག་མ་བཞི་སྟེ། རྣམ་པ་སྣ་ཚོགས་དང་རྣམ་པར་སྨིན་པ་དང༌། རྣམ་པར་ཉེད་པ་དང༌། མཚན་ཉིད་དང་བྲལ་བའོ།། མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་དེ་བླ་མའི་གསུང་ལས་གོ་བར་གྱིས་ཞེས་པ་སྟེ། ཡང་དག་པའི་བླ་མའི་གསུང་ལས་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ཙ་ནི་ཙ་ཨུ་སྟེ་བཞིའོ། །དེ་ཡང་ཐེག་ལེ་བཞི་ནི་གཉིས་བཟུང༌། གཉིས་ཉམས་ཀྱི་དབུས་སུ་རྟོགས་པར་བྱ་སྟེ། རྨོངས་པ་རྣམས་ཀྱིས་གཟུང་འཛིན་གྱིས་ནི་མི་ཤེས་སོ། །ཙའི་དོན་ཏོ། །ཚ་ནི་ཚ་ཌ་སྟེ་ཐོང་ཞེས་པའོ། །ཅི་བཏང་ཞེ་ན་དབང་པོ་ལྔ་ཡུལ་ལ་ཞེན་པའོ། །འོ་ན་གང་ཞེ་ན། དག་པའི་རང་བཞིན་ཞེས་པས་བླ་མའི་གདམས་ངག་གིས་ཐམས་ཅད་དག་པར་གྱིས་ཤིག་པའོ། །ཚ་ནི་ཚ་ཌ་སྟེ་སྤོངས་ཤིག་པའོ། །གང་ཡང་འདོད་ཡོན་ལྔ་ལ་ཞེན་པ་དང༌། དངོས་དང་དངོས་མེད་དུ་ཞེན་པ་ཐམས་ཅད་སྤོངས་ཤིག་པའོ། །ཚ་ནི་ཚ་ཌ་ཧཱུཾ་སྟེ་དོར་ཅིག་པའོ། །གང་དོར་ན་ཅལ་ཅོལ་ཏེ། འཇིག་རྟེན་པའི་རྣམ་པར་གཞག་པ་དང༌། གྲུབ་མཐའ་ངན་པ་དང་བཤད་པ་ཐམས་ཅད་དོ། །ཚ་ནི་ཚ་ཌ་སྟེ་ཐོང་ཤིག་པའོ། །གང་བཏང་ན་ར་ས་ནཱ་སྟེ་ཞེན་པའམ། ཆགས་པ་ཐམས་ཅད་ཐོང་ལ་ལྷན་ཅིག་སྐྱེས་པའི་སེམས་ནམ་མཁའ་ལྟ་བུའི་རང་བཞིན་དུ་གནས་པར་གྱིས་བྱ་བར་དགོངས་སོ། །ཚའི་དོན་ཏོ། །ཛ་ནི་ཇ་རི་སྟེ་རྒས་པ་མེད་པ་ཨ་མ་རི་སྟེ། འཆི་བ་མེད་པའི་སེམས་དེ་ནམ་མཁའ་དང་འདྲ་བས་དེ་རྟོགས་ན་གང་གིས་ཀྱང་གནོད་པར་མི་འགྱུར་བའོ། །ཛ་ནི་ཛཱ་ཛྷ་སྟེ་གནག་ནས་གང་དུའོ། །གང་ནས་གང་དུ་སྟེ། གང་ནས་གང་དུ་བལྟས་ཀྱང་དེ་དང་དེ་རུ་ནམ་མཁའ་སྟེ། ཐམས་ཅད་དུ་ནམ་མཁའ་ལྟ་བུ་སྟོང་


DTG052_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་རང་བཞིན་དུ་མཐོང་བས་དེ་ལ་གློ་བུར་བའི་རྟོག་པ་ནི་གང་ཡང་མེད་དོ། །ཛ་ནི་ཛི་སེང་སྟེ་གང་དང་གང་ངོ༌། །གང་དང་གང་དུ་བསམས་ཀྱང་དེ་ཁོ་ན་ཉིད་ལས་གཞན་མེད་པས་ན་དེ་ཉིད་དོ་ཞེས་པའོ། །ཛ་ནི་ཛོ་སྟེ་གང་སྣང་བའོ། །གཟུགས་ལ་སོགས་པ་གང་སྣང་བ་དེ་ཐམས་ཅད་དོན་དམ་པ་སྟེ། སྟོང་པ་ཉིད་དོ། །ཛའི་དོན་ཏོ། །ཛྷ་ནི་ཎ་སྟེ་ཎ་བ་ཧུ་ལི་མང་པོ་སྟེ། དེའང་ཀུ་སུ་མ་སྟེ་མེ་ཏོག་མང་པོ་བསྟེན་ན་ཡིད་དགའ་བ་དང་ཚིམ་པ་བཞིན་དུ། འདི་རང་བྱུང་གི་མེ་ཏོག་སྟེ། དེ་རྟག་ཏུ་བསྟེན་ན་ཕན་ཡོན་ནི་ཛྷ་སེ་བ་ཛྷ་ན་གྲུབ་པ་སྟེ། སྣ་ཚོགས་ཀྱི་ཚུལ་དུ་ཕུང་པོ་རྒས་པ་དང༌། རྒུད་པ་དང༌། སྐྲ་དཀར་དང༌། གཉེར་མ་ལ་སོགས་པ་མི་འབྱུང་ཞིང་གྲུབ་པར་འགྱུར་རོ། །ཛྷ་ན་ཎ་སེ་སྟེ་སྣའོ། །སྣས་སྦྲང་རྩི་དང་མར་འཐུང་ནུས་ན། ཛྷ་ནི་ཎི་ཧི་ན་མེད་པ་སྟེ་འཁྲུལ་བ་མེད་པས་ཡུན་རིང་པོར་འཚོ་བར་འགྱུར་རོ་ཞེས་བྱའོ། །ཡང་ན་སྣ་ནི་གསང་བའི་སྣ་རྩེ་སྟེ། །གསང་བའི་སྣ་རྩེར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དབབ་པ་དང༌། བཟློག་པ་དང༌། དགོད་པ་དང༌། འགྲེམས་པར་ནུས་ན་ཡུན་རིང་པོར་འཚོ་བ་ལ་ཐེ་ཚོམ་མེད་ཅེས་བྱའོ། །ཛྷའི་དོན་ཏོ། །ཉ་ནི་ང་དང་མཚུངས་སོ། །ཊ་ནི་ཊ་ལ་སྟེ་ཕོ་བ་ཅིག་པའོ། །གང་དབབ་ན་ཐིག་ལེ་སྟེ་རི་བོང་ཅན་ནོ། །གང་གིས་དབབ་ན་བླ་མ་དམ་པའི་གདམས་ངག་གིས་དབབ་སྟེ། དེ་ལྟར་ན་ལྷན་ཅིག་སྐྱེས་པ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཊ་ལཱི་ན་འགུལ་བའོ། །གང་འགུལ་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དོ། །དེ་བསྒུལ་ཞིང་བསྐྱོད་པ་ཐིག་ལེ་འཛག་གོ །དེ་ཡང་ནམ་མཁའ་ལ་སྟེ་སྤྱི་བོ་བདེ་བ་ཆེན་པོའི་ཧཾ་ལས་འཛག་པར་འགྱུར་ལ། དེ་ལྟར་གྱུར་ན་སྟོང་པ་ཉིད་དོན་དམ་པ་རྟོགས་པར་འགྱུར་རོ་ཞེས་པའོ། །ཊ་ནི་ཊ་ལ་མ་ལ་ན་ཅལ་ཅོལ་ཏེ་ནམ་མཁའ་ལྟ་བུའི་དོན་རྟོགས་པའི་ཆོ་ན། ཅལ་ཅོལ་ཏེ་རྣམ་པར་རྟོག་པ་སྒོམ་པ་ལ་སོགས་པ་ཐམས་ཅད་མ་བྱེད་ཅིག་ཀྱེ་རྣལ་འབྱོར་པ་ཞེས་བོས་པའོ། །ཅིའི་ཕྱིར་ཞེ་ན། ཊ་ནི་ཊ་མ་ལ་ནི་ཅལ་ཅོལ་ཏེ། སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་བསྒོམས་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཊའི་དོན་ཏོ།


DTG052_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཋ་ནི་ཋ་ཋ་སྟེ་སྲུབ་པ་དང་སྲུབ་པའི་སྐད་ཀྱིས་སྔགས་བརྗོད་པས་ལྷན་ཅིག་སྐྱེས་པ་རྟོགས་པར་བྱའོ། །ཕྱི་རོལ་གྱི་སྔགས་བཟླ་བ་ནི་མ་ཡིན་ནོ། །ཋ་ནི་ཋ་ཋ་སྟ་སྲུབ་པ་དང་སྲུབ་པའི་སྦྱོར་བ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་དགའ་བ་མཆོག་ཏུ་བླང་བར་བྱ་སྟེ། དེས་ཡང་དག་པའི་གནས་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བའོ། །མཆོག་ཏུ་གང་གི་སྒོ་ནས་བླང་ཞེ་ན། ཋ་སྟེ་ཋ་ཎ་ནི་ཚུལ་བཞིན་ནོ། །ཚུལ་བཞིན་དུ་ཉམས་སུ་ལེན་ཤེས་ན་ཏིང་ངེ་འཛིན་འཕྲོ་བར་འགྱུར་བའོ། །ཚུལ་བཞིན་ནི་བླ་ན་མེད་པའི་གདམས་ངག་གོ །འཕྲོ་བ་ནི་སྤྲོས་པ་དང་བྲལ་བའི་ཏིང་ངེ་འཛིན་རྟོགས་པར་འགྱུར་བའོ། །ཋ་ནི་ཋ་སྟེ་ནམ་མཁའ་ལྟ་བུའི་ཟླུམ་པའོ། །དེ་ཡང་ལྷན་ཅིག་སྐྱེས་པའི་རང་བཞིན་སྟོང་པ་ཉིད་ནམ་མཁའ་ལྟ་བུ་ཡང་དག་པའི་བླ་མའི་གདམས་ངག་གིས་ཤེས་པར་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སྟེ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་ཅེས་པའི་དོན་ཏོ། །ཋའི་དོན་ཏོ། །ཌ་ནི་ཌོཾ་བི་ནཱི་སྟེ་གཡུང་མོའོ། །གཡུང་མོ་བླངས་ནས་སྔགས་བརྗོད་པ། །གཡུང་མོ་དང་ཐབས་དང་ཤེས་རབ་གཉིས་སྙོམས་པར་ཞུགས་པའི་ཉམས་དང་ལྡན་པའི་སྔགས་དེ་མཆོག་ཏུ་བསྔགས་པའི་དོན་ཏོ།། ཇི་ལྟར་བསྲེགས་ན་གཏུམ་མོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྲེགས་པའོ། །བསྲེགས་ནས་ཡང་ཆ་རྣམས་འཛག་ཅེས་པ་སྟེ། ཧཾ་ལས་བྱང་ཆུབ་ཀྱི་སེམས་འཛགས་ཞིང་སླར་གསོས་པའོ། །ཌ་ནི་ཌ་མ་རུ་སྟེ་ཤེས་རབ་ཀྱི་རང་བཞིན་ནོ། །ཤེས་རབ་ནི་མི་ཤིགས་པ་སྟེ་ཨཾ་དང་ཧཾ་ཕྲད་པས་སྟོང་པ་ཉིད་ཀྱིས་གྲ་གྲག་པའོ། །ཌ་ནི་ཌ་མ་རུ་སྟེ་ཤེས་རབ་བོ། །སྟོང་པ་ཉིད་ཤེས་རབ་ཀྱི་རང་བཞིན་རྣལ་འབྱོར་མའོ། །སྒྲ་གྲག་པ་ནི་སྟོང་པ་ཉིད་མཚོན་པའོ། །ཌའི་དོན་ཏོ། །ཌྷ་ནི་ཌྷ་ལི་ཡ་སྟེ་འཕོ་བའོ། །གང་འཕོ་ན་རིལ་འཕོ་བ་སྟེ། ལུས་དང་ངག་དང་ཡིད་རིལ་བ་དང་འདྲ་བ་འཕོ་བ་སྟེ། དེ་གསུམ་ཞུ་ཞིང་དབྱེར་མེད་པར་གྱུར་པའོ། །ཌྷ་ནི་ཌྷ་ལི་ཡ་སྟེ་འཕོ་བའོ། །གང་འཕོ་ཞེ་ན། རྣམ་པར་རྟོག་པ་དང་བཅས་པའི་སེམས་དེ་འཕོ་བས་ཏེ། ལྷན་ཅིག་སྐྱེས་པའི་སེམས་ཀྱི་རང་བཞིན་དང་ཐ་མི་དད་པར་འདྲེས་ནས་གཅིག་ཏུ་


DTG052_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའོ། །ཌྷ་ནི་ཌྷ་ལི་ཡ་སྟེ་འཕོ་བའོ། །དབང་པོ་ལྔ་དང་ཡུལ་ལྔ་འཕོ་བ་སྟེ། གང་དུ་འཕོ་ཞེ་ན། རྒྱ་མཚོ་དང་འདྲ་བའི་ལྷན་ཅིག་སྐྱེས་པའི་སེམས་དེར་ཞུགས་ཤིང་དབྱེར་མི་ཕྱེད་པར་འགྱུར་བའོ། །ཌྷ་ནི་ཌྷ་ཌྷ་སྟེ་ག་པའམ་སྦས་པའོ། །གང་སྦས་ན་ཁྱིམ་བདག་ནོ་སྟེ་ལྷན་ཅིག་སྐྱེས་པའི་སེམས་སོ། །དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་ཀྱང་རྣམ་པར་རྟོག་པས་བཀབ་པས། དེའི་རང་བཞིན་ཅུང་ཟད་ཀྱང་མི་མཐོང་བས་སྦས་པའོ། །གལ་ཏེ་བླ་མ་དམ་པའི་གདམས་ངག་གིས་སེམས་དང་སེམས་ལས་བྱུང་བའི་རྟོག་པ་དང་ལྷན་ཅིག་སྐྱེས་པའི་ཡིད་གཉིས་དབྱེར་མེད་པར་ཉམས་སུ་མྱོང་ན་མཐོང་བའོ། །ཌྷའི་དོན་ཏོ། །ཎ་ནི་ཎ་ཡའམ་ཎི་ཛ་སྟེ་གཉུག་མའི་སེམས་སོ། །གཉུག་མའི་ཡིད་དེ་ནི་གདོད་མ་ནས་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་མ་བཅོས་པ་རྣམ་པར་རྟོག་པར་རང་བཞིན་གྱིས་འོད་གསལ་བའོ། །དེ་ལྟ་བུའི་སེམས་ཀྱི་རང་བཞིན་ནི་ངོ་བོ་ཉིད་ཀྱི་སྟོང་པ་སྟེ། གཞན་པས་སྟོང་པར་བྱས་པ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཎ་ནི་ཎི་ཡ་མ་ན་སྟེ་གཉུག་མའི་ཡིད་དོ། །གཉུག་མའི་རང་བཞིན་རྟོགས་པའི་ཚེ་ན། དགེ་བ་དང་མི་དགེ་བ་ལ་སོགས་པ་གང་ཡང་མེད་པ་སྟེ། རྣམ་པར་རྟོག་པ་མེད་པས་ན་མི་གོས་པའོ། །ཎ་ནི་ཎ་ཡ་གྷ་རི་སྟེ་གཉུག་མའི་ཁྱིམ་ཐབ་མོ་ནི་ལྷན་ཅིག་སྐྱེས་པས་སྤངས་ཞེས་པ་མཉེས་པར་འགྱུར་གྱིས། རྣམ་པར་རྟོག་པའི་བསྒོམ་པས་དགའ་ཞིང་མཉེས་པར་མི་འགྱུར་ཞེས་བྱའོ། །ལྷན་ཅིག་སྐྱེས་པ་ཡང་ཎ་སྟེ། ཎི་བ་ར་སྟེ་རྒྱུན་དུའོ། །རྒྱུན་དུ་དེའི་རང་བཞིན་དུག་ནས་ན་སྐྱེ་བ་དང༌། རྒས་པ་དང༌། འཆི་བ་ལ་སོགས་པ་མེད་པར་འགྱུར་ཏེ། འཁོར་བར་ནི་རྣམ་པར་འཆིང་བ་ཡིན་པའི་ཕྱིར་རོ་ཞེས་དགོངས་སོ། །ཎའི་དོན་ཏོ། །ཏ་ནི་ཏ་ཏྲ་ཡ་སྟེ་སྐུ་གསུམ་མོ། །དེ་གང་ཡིན་ན་སྐུ་དང༌། གསུང་དང་ཐུགས་ཀྱི་རང་བཞིན་དཀྱིལ་འཁོར་རོ། །གཞུང་གསུམ་ནི་སྐུ་དང་གསུང་དང་ཐུགས་དང་མཐའོ། །མཐའ་གསུམ་ལ་བརྟེན་ཏེ་དབྱེར་མེད་པར་ཤེས་པར་བྱའོ། །ཏ་ནི་ཏྲི་སྟེ་ཡི་གེ་གསུམ་མོ། །ཡི་གེ་གསུམ་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་དེས་ར་ཧའི་ཚིག་སྟེ། ས་ར་ཧའི་གདམས་


DTG052_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གིས་བསྒོམ་པར་བྱའོ་ཞེས་པའོ། །ཏ་ནི་ཏུལླ་སྟེ་མཉམ་པའོ། །གང་མཉམ་ན་སེམས་མཉམ་པ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་སེམས་གཉིས་དབྱེར་མི་ཕྱེད་པའི་བསམ་གཏན་གྱིས་མཉམ་པར་གྱིས་ཤིག་པའི་དོན་ཏོ། །ཏ་ནི་ཏཏྟྭ་སྟེ་དེ་ཁོ་ན་ཉིད་དོ། །དེ་ཉིད་བལྟའི་ཞེས་པ་ཁོ་ན་ཉིད་ཀྱི་དོན་འདི་ཁོ་ན་ལ་བལྟ་བར་བྱའོ། །གཞན་བཤད་པས་ཅི་ཞིག་བྱ་སྟེ། དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཏའི་དོན་ཏོ། །ཐ་ནི་ཐ་ཐི་ར་སྟེ་བརྟན་པའོ། །གང་བརྟན་པར་བྱ་ཞེ་ན། ནམ་མཁའི་ཟླ་བ་ཞེས་གསུངས་ཏེ། ནམ་མཁའ་དང་འདྲ་བའི་བདེ་བ་ཆེན་པོའི་འཁོར་ལོའི་ཧཾ་ལ་གནས་པའི་བྱང་ཆུབ་བརྟན་པར་བྱ་བའོ། །ཕྱི་ལྟར་ན་ནམ་མཁའ་ཟླ་བ་སྟེ་སྟོང་པའི་སྙིང་རྗེའོ། །ཐ་ནི་ཐ་ན་སྟེ་གནས་སོ། །བྱང་ཆུབ་ཀྱི་སེམས་གནས་པ་དེ་བོར་ནས་དགའ་བྲལ་ལ་སོགས་པར་གྱུར་ནས་ལེགས་པའི་ལུས་སུ་ཇི་ལྟར་འགྱུར་ཏེ། ཕུང་པོ་དང་དངོས་གྲུབ་དང་རྫུ་འཕྲུལ་ལ་སོགས་པ་གང་ལས་འགྲུབ་སྟེ། མི་འགྲུབ་ཅེས་བྱ་བའི་དོན་ཏོ། །ཐ་ནི་ཐི་ར་སྟེ་བརྟན་པའོ། །གང་བརྟན་པར་བྱ་ཞེ་ན། བྱང་ཆུབ་ཀྱི་སེམས་དེ་གནས་བརྟན་པར་བྱ་སྟེ། དེ་ལྟར་བྱེད་ནུས་ན། རླུང་གིས་སྐེམས་པར་འགྱུར་ཞེས་ཏེ། སྐམ་པའི་རླུང་ཨ་ཝ་དྷཱུ་ཏཱིར་ཆུད་པར་འགྱུར་བའོ། །ཐ་ནི་ཐི་ར་སྟེ་བརྟན་པའོ། །བརྟན་པར་གཏད་པ་ནི་ཏིང་ངེ་འཛིན་གྱིས་ཐིག་ལེ་ལ་བརྟེན་ཏེ། དགའ་བའི་བཞིའི་དོན་བརྟན་པོར་བྱེད་ནུས་ན་ཚེ་ལ་སོགས་པ་འཕེལ་བར་འགྱུར་བའོ། །ཐའི་དོན་ཏོ། །ད་ནི་ད་ཧ་སྟེ་སྲེ་གས་ཤིག་པའོ། །གང་བསྲེགས་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་གཏུམ་མོས་སྲེགས་ཤིག་ཅེས་པ་སྟེ། དེ་ཡང་ས་ར་ཧའི་གདམས་ངག་གིས་སྲེགས་ཤིག་ཅེས་པའོ། །འཆི་མེད་འགྱུར་ཞེས་པ་ནི་དེ་ལྟར་བསྲེགས་ནུས་ན། རྒས་པ་དང་འཆིབ་ལ་སོགས་པ་ཐམས་ཅད་ཉམས་པར་བྱེད་པའོ། །ད་ནི་དུ་ལི་སྟེ་རུས་སྦལ་ལོ། །ཕྱི་ལྟར་ན་རང་རང་གི་ལྷ་ལ་འོ་མ་ལ་སོགས་པ་དཀར་གསུམ་མངར་གསུམ་དང་བདུད་རྩི་ལ་སོགས་པས་ཁྲུས་བྱེད་པ་བཞིན་དུ། འདིར་རྣལ་


DTG052_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པས་རུས་སྦལ་གྱི་འོ་མ་ནི་མི་སྲིད་ཅིང་མེད་པ་ལྟར། སྟོང་པ་ཉིད་ཀྱི་འོ་མས། བདེ་མཆོག་སྟེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ལ་ཁྲུས་བྱས་པ་ནི་གཉིས་མེད་དུ་བྱས་པའོ། །ད་ནི་དུ་ཡི་སྟེ་གཉིས་སོ། །གང་ཞེ་ན་ཐིག་ལེ་གཉིས་ཏེ། ཐིག་ལེ་གཉིས་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །གལ་ཏེ་དབྱེར་མེད་པར་ཤེས་ནུས་ན། དགའ་བའི་རང་བཞིན་དུ་གྱུར་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཐ་མི་དད་པར་འགྱུར་བའོ། །དེ་ལྟར་གྱུར་ན་ད་ནི་དུཿཁ་སྟེ། སྡུག་བསྔལ་གདུག་པ་ཅན་ནོ། །གདུག་པ་ཅན་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའོ། །དེའི་ཚེ་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་ཅི་ཡང་མེད་པའོ། །དའི་དོན་ཏོ། །དྷ་ནི་དྷ་ཌོཾ་བི་ནི་ཁྲུས་མཁན་མའོ། །ཁྲུས་མཁན་མོ་ནི་འཇིག་རྟེན་པའི་གོས་ལ་སོགས་པ་ཐམས་ཅད་བཀྲུས་ནས་དག་པར་བྱེད་ཅིང་གནས་པ་བཞིན་དུ། ཁྲུས་མཁན་མོ་ལྟ་བུའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེས་རྣམ་པར་རྟོག་པ་ཐམས་ཅད་དག་པར་བྱེད་པའོ། །དྷ་ནི་དྷ་བནྟ་ནི་སྟེ་ཁྲུས་བྱེད་པ་སྟེ། ཁྲུས་བྱེད་ཀྱང་མི་མཐོང་བ་ནི། ལྷན་ཅིག་སྐྱེས་པའི་ཡིད་ཁྲུས་མཁན་མོ་ལྟ་བུ་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་དེ། དེའི་རང་བཞིན་རྟོགས་ན་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་དང་རྣམ་པར་རྟོག་པ་ཐམས་ཅད་དག་པར་བྱེད་པའོ། །མི་མཐོང་ཞེས་པ་དག་པར་བྱེད་ཀྱང་འོང་བ་དང༌། འགྲོ་བ་དང་གནས་པ་མི་མཐོང་སྟེ། སེམས་ཅན་དེ་ཉིད་རང་བཞིན་མེད་པའི་ཕྱིར་རོ། །དྷ་ནི་དྷ་ཌོཾ་བི་སྟེ་ཁྲུས་མཁན་མའོ། །དེ་ཇི་ལྟར་ཉམས་སུ་བླང་ཞེ་ན། ས་ར་ཧའི་ཚིག་གིས་ཞེས་གསུངས་ཏེ། བླ་མ་དམ་པའི་གདམས་ངག་གིས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དྷ་ནི་དྷུ་ཏ་སྟེ་གཡོ་སྒྱུའོ། །གཡོ་སྒྱུ་ནི་སྡིག་པ་དང་རྣམ་པར་རྟོག་པ་དང་ཉོན་མོངས་པ་ལ་སྤྱོད་པའོ། །དེ་ལྟ་བུའི་སེམས་དེ་ནམ་མཁའ་སྟེ་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་ཤེས་པར་བྱའོ་ཞེས་པའོ། །དྷའི་དོན་ཏོ། །ན་ནི་ནན་སྟེ་སྣ་ཚོགས་སོ། །སེམས་ཉིད་གཅིག་པུ་སྣ་ཚོགས་ཀྱི་ཚུལ་དུ་འཕྲོ་བ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའོ།།


DTG052_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སེམས་གཅིག་པུ་ལས་འཕྲོ་བས་གང་ལ་བླ་མ་དམ་པའི་གདམས་ངག་གིས་ཁྱབ་ན་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་འགྱུར་བའོ། །ན་ནི་ན་བུ་ཚེ་སྟེ་མི་གོ་བའོ། །གང་མ་གོ་ན་ཐིག་ལེ་འཛག་པ་སྟེ་གཉུག་མའི་ཡིད་དོ། །དེ་མ་གོ་བས་འཇིག་རྟེན་པ་རྣམས་དུ་མར་འདོད་པའོ། །ནའི་དོན་གོ་ན་ཅིའི་ངོ་བོར་ཡང་མ་གྲུབ་པ་སྟེ། དོན་དམ་པ་ལ་གཅིག་དང་དུ་མ་གང་ཡང་མི་སྣང་བའོ། །ན་ནི་ན་སེ་སྟེ་མེད་པར་བྱེད་པའོ། །གང་མེད་པར་བྱེད་ན་འཇིགས་པ་མེད་པར་བྱེད་པ་སྟེ། གང་གིས་མེད་པར་བྱེད་ཅེ་ན། ཤོ་གམ་འཇལ་ཞེས་གསུངས་ཏེ། དཔེར་ན་འགྲོན་པོ་ལམ་རིང་པོར་འགྲོ་བའི་དུས་ན། རྒྱལ་པོ་དང་རྐུན་མ་ལ་སོགས་པ་མེད་པར་བྱ་བའི་ཕྱིར་ཤོ་གམ་གཞལ་ནས་བདེ་བར་འགྲོ་བ་བཞིན་དུ། འདིར་རྣལ་འབྱོར་པ་ཡང་ཕུང་པོ་ཡོད་ན་ནད་དང་སྡུག་བསྔལ་དང་ཉོན་མོངས་པ་དང་འཁོར་བའི་འཇིགས་པ་ཡོད་དོ། །དེ་ལས་ཐར་བར་བྱ་བའི་ཕྱིར་ན། ན་འགོག་པའི་ཚིག་སྟེ་སྐྱེ་བ་མེད་པའི་དོན་དེ་བསྒོམས་ན། བདུད་བཞི་བཅོམ་པ་སྟེ་ཕུང་པོ་མི་ལེན་ཏེ། བདེ་བར་བྱང་ཆུབ་ཆེན་པོ་མངོན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ན་ནི་ན་མུ་སྟེ་མེད་པའོ། །གང་མེད་ན་གོང་མའི་དོན་དེ་རྟོགས་ན་འཁོར་བ་དང་མྱ་ངན་ལས་འདས་པའང་མེད། དེ་ལས་མ་གཏོགས་པའི་ཆོས་གང་ཡང་མེད་པ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་པའི་ཕྱིར་རོ་ཞེས་དགོངས་སོ། །ནའི་དོན་ཏོ། །པ་ནི་པཉྩ་སྟེ་སྡེ་ལྔའོ། །དེ་ཡང་བདུད་རྩི་རྣམ་པ་ལྔའོ། །གལ་ཏེ་བདུད་རྩི་རྣམ་པ་ལྔ་སྣས་འཐུང་ནུས་ན། རྒས་པ་དང་རྒུད་པ་ལ་སོགས་པ་ཉམས་པར་བྱེད་པའོ། །ཡང་ན་རང་གི་ལུས་ལས་བདུད་རྩི་རྣམ་པ་ལྔ་འཛག་པ་སྟེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ལུས་དེ་ཉིད་ལ་ཐིམ་ནུས་ན། ཟག་པ་མེད་པའི་བདེ་བ་རྒྱུད་ལ་སྐྱེ་བར་འགྱུར་ཞེས་པའོ། །པ་ནི་པ་ཨུ་མ་སྟེ་པདྨའོ། །པདྨ་དང་རྡོ་རྗེ་མཉམ་པར་སྦྱར་བས་ཐམས་ཅད་དང་དུས་མཉམ་པའི་རོ་འགྲུབ་པར་འགྱུར་བའོ། །ཡང་ན་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བས་ཤེས་ན་བྱང་ཆུབ་ཆེན་པོ་འགྲུབ་པར་འགྱུར་


DTG052_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་བྱ་བའི་དོན་ཏོ། །པ་ནི་པ་ཨུ་མ་སྟེ་པདྨའོ། །པདྨའི་མེ་ཏོག་གི་རྡོ་རྗེ་གདན་ནི་མཆོད་པར་གྱིས་ཞེས་གསུངས་ཏེ། རྡོ་རྗེ་གདན་ནི་ཐབས་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའོ། །རྡོ་རྗེ་སེམས་དཔའ་དེ་པདྨ་སྟོང་པ་ཉིད་ཀྱི་མེ་ཏོག་གིས་མཆོད་པ་བྱས་ན་མཉེས་པར་འགྱུར་བའོ། །དེ་ལྟར་ཐབས་ཤེས་རབ་གཉིས་སུ་མེད་པར་རྟོགས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅེས་བྱ་བའི་དོན་ཏོ། །པ་ནི་པུ་ཨུ་མ་སྟེ་པདྨའོ། །པདྨའི་དོན་མི་ཤེས་པས་བདེ་ཆེན་རྒྱལ་པོ་ག་ལ་རྟོགས་ཏེ་མི་རྟོགས་སོ། །གལ་ཏེ་པདྨའི་དོན་ཤེས་ན་ཕྱག་རྒྱ་ཆེན་པོའི་གོ་འཕང་མངོན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །པའི་དོན་ཏོ། །ཕ་ནི་ཕི་ར་སྟེ་སྤྲོ་བ་དང་བསྡུ་བའོ། །གང་སྤྲོ་ཞིང་བསྡུ་ཞེ་ན། ལྷ་དང་ལྷ་མོའི་དཀྱིལ་འཁོར་སྤྲོ་ཞིང་ཡང་དང་ཡང་དུ་དེ་ཉིད་ལ་བསྡུ་བའོ། །ཡང་ན་བདེ་བ་ཆེན་པོ་ཐམས་ཅད་དུ་སྤྲོས་ནས་སྟོང་པ་ཉིད་ཀྱི་རང་བཞིན་དུ་སྡུད་པའོ། །ཕ་ནི་ཕ་ར་ན་ཏ་སྟེ། ཡིད་ཀྱང་མི་མཐོང་བའོ། །ཅིའི་ཕྱིར་མི་མཐོང་ཞེ་ན། དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་ཡིན་པའི་ཕྱིར། དབང་པོ་ལྔ་དང་དམིགས་པའི་སྤྱོད་ཡུལ་མེད་པས་ན་མི་མཐོང་བ་སྟེ། ཕ་ནི་ཕཊ་ཀ་ར་སྟེ་ཕཊ་ཀྱི་ཡི་གེ་དང་ཧཱུཾ་གི་ཡི་གེའོ། །ཇི་ལྟར་འཕྲོ་ན་སྟོང་པ་ཉིད་ཀྱི་ངང་དུ་འཕྲོ་བ་སྟེ། འཕྲོ་ཡང་སྟོང་པ་ཉིད་ལ་འཕྲོ། །སྡུད་ཀྱང་སྟོང་པ་ཉིད་ལ་སྡུད་པའོ། །ཕ་ནི་ཕ་རི་སྟེ་སྤྲོ་བའོ། །ཅི་སྤྲོ་ཞེ་ན། ཇི་ལྟར་དཔག་བསམ་གྱི་ཤིང་གི་སྡོང་པོ་ལས་སེམས་ཅན་གྱི་དོན་འབྱུང་བ་དེ། རང་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་དུ་འབྱུང་གི། དམིགས་པ་དང་བཅས་པ་ནི་མ་ཡིན་ནོ། །པའི་དོན་ཏོ། །བ་ནི་བ་ན་སྟེ་ནགས་སོ། །དཔེར་ན་ནགས་ཀྱི་ནང་གི་ཚངས་པའི་མེ་ཏོག་ལས། །དཔྱིད་ཀྱི་དུས་སུ་ལོ་འདབ་ལ་སོགས་པ་རྒྱས་པས་སྐྱེ་བོ་རྣམས་དགའ་བ་དང་བདེ་བ་སྐྱེད་པ་ལྟར། རང་གི་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་ནགས་དང་འདྲ་བའི་ནང་དུ། ཐབས་དང་ཤེས་རབ་ཀྱི་ཐིག་ལེའི་རྣམ་པ་མེ་ཏོག་ལྟ་བུ་བསྒོམས་ན་དེ་ལས་དགའ་བ་བཞི་ལ་སོགས་པ་སྐྱེ་བར་འགྱུར་བའོ། །བྱེ་བའི་ལྗིད་ནི་ཡོན་ཏན་དཔག་ཏུ་མེད་པ་ཡོད་པའོ། །བ་ནི་བ་ཛ་སྟེ་རྡོ་རྗེའོ། །དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བཟུང་ནས་


DTG052_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ན་འདོད་པའི་འབྲས་བུ་སྟེ། བྱང་ཆུབ་ཀྱི་ལམ་དུ་འགྱུར་རོ། །དཔྱིད་ཀྱི་དུས་སུ་ལྗོན་ཤིང་ལས་ཡལ་ག་དང་ལོ་མ་སྐྱེ་བ་བཞིན་དུ། རྣལ་འབྱོར་པའི་རྒྱུད་ལ་དགའ་བ་དང་བདེ་བ་སྐྱེད་པར་བྱེད་པའོ། །བ་ནི་བ་ས་སྟེ་དབང་དུ་བྱེད་པའོ། །གང་དབང་དུ་བྱེད་ན། ཚེ་ལ་དབང་བ་ལ་སོགས་པ་དབང་བཅུའི་དོན་དབང་དུ་བྱས་ནས་དགའ་བའི་རང་བཞིན་གྱིས་གར་བྱེད་པའོ། །བ་ནི་བི་ཧ་ར་ན་ཧི་སྟེ་འཆག་པའོ། །སུ་འཆག་ཅེ་ན། རྣལ་འབྱོར་པ་སྟེ། རྣལ་འབྱོར་པས་རྣལ་འབྱོར་མ་སྟོང་པ་ཉིད་ཀྱི་རང་བཞིན་ལུས་ལ་བཟུང་ན་འཆག་པ་སྟེ། སྟོང་པ་ཉིད་ཀྱི་ངང་ལ་རོལ་པའོ། །བའི་དོན་ཏོ། །བྷ་ནི་བྷ་ག་སྟེ་བཙུན་མོའི་པདྨའོ། །བྷ་གའི་རང་བཞིན་ནི་སྟོང་པ་ཉིད་ཀྱི་རྣམ་པར་གནས་སོ། །དེ་ལྟ་བུའི་སྟོང་པ་ཉིད་ཀྱི་དོན་སྒོམས་ཤིག་ཅེས་པ་སྟེ། དེ་བསྒོམ་ཤེས་ན་བྷ་གའི་དོན་རྟོགས་པའོ། །བྷ་ནི་བྷ་ན་ཡི་སྟེ་སྨྲ་བའོ། །སུས་སྨྲ་ཞེ་ན། ས་ར་ཧས་སྨྲས་པའོ། །ཇི་ལྟར་སྨྲས་ཤེ་ན། བྷ་ག་སྟོང་པ་ཉིད་ཀྱི་དོན་རྟོགས་ན་དགེ་བ་དང་མི་དགེ་བ་ལ་སོགས་པའི་དྲི་མས་གོས་པར་མི་འགྱུར་བའོ་ཞེས་སྨྲས་པའོ། །བྷ་ནི་བྷུཉྩ་སྟེ་ལོངས་སྤྱོད་པའོ། །གང་ལ་ལོངས་སྤྱོད་ཅེ་ན། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་སྟེ། དེ་ཡང་བླ་མས་བསྟན་པ་བཞིན་དུ་ལོངས་སྤྱོད་ཀྱིས་ཞེས་པ་སྟེ། འདོད་པའི་ཡོན་ཏན་ལྔ་ལ་མ་ཆགས་མ་ཞེན་པར་ལོངས་སྤྱོད་པར་བྱའོ་ཞེས་དགོངས་པའོ། །བྷ་ནི་བྷ་ཏི་སྟེ་འཁྲུལ་པའོ། །དེ་མི་བྱེད་ཅེས་གསུངས་ཏེ། རང་གི་སེམས་ཉིད་སྟོང་པ་ཉིད་ནམ་མཁའ་ལྟ་བུ་འདི་ལ་འཁྲུལ་པར་མ་བྱེད་ཅེས་པ་སྟེ། ཐ་སྙད་ལ་སོགས་པས་མ་བསླད་པར་བྱའོ་ཞེས་པའི་དོན་ཏོ། །བྷའི་དོན་ཏོ། །མ་ནི་མ་ཡ་སྟེ་ཆང་ངོ༌། །ཆང་ནི་བྱང་ཆུབ་ཀྱི་སེམས་ཏེ། ཇི་ལྟར་གླང་པོ་ཆེའི་དབང་པོ་སྒོ་དགུ་ནས་ཆང་འཛག་ཅིང་སྨྱོ་བའི་དུས་ན་ཅི་ཡང་ཡིད་ལ་མི་འོང་བ་བཞིན་དུ། རྣལ་འབྱོར་པས་བླ་མའི་གདམས་ངག་གིས་བྱང་ཆུབ་ཀྱི་སེམས་ཕབ་ཅིང་ལུས་ལ་འགྲེམས་ནུས་ན། ཉོན་མོངས་པ་ཟད་ཅིང་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ནས་ནད་དང་སྡུག་བསྔལ་ལ་སོགས་པ་མེད་ཅིང་ཕྱི་དང་ནང་གི་དངོས་པོ་གང་ཡང་ཡིད་


DTG052_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་བྱེད་དོ། །མ་ནི་མཱུ་ལ་སྟེ་རྩ་བའོ། །ཅིའི་རྩ་བ་ཡིན་ཞེ་ན། ཆོས་ཐམས་ཅད་ཀྱི་གཞི་མའམ་རྩ་བ་ལྟ་བུ་ལྷན་ཅིག་སྐྱེས་པའི་ཡིད་ཀྱི་རང་བཞིན་ཏེ། དཔལ་ལྡན་བླ་མ་དམ་པ་མཉེས་པར་བྱས་པ་ལས་རྟོགས་པར་བྱ་སྟེ། གཞན་པོས་ནི་རྟོགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མ་ནི་མཱུ་ལ་སྟེ་རྩ་བའོ། །ཅིའི་རྩ་བ་ཡིན་ཞེ་ན། བློ་དང་སེམས་ཀྱི་རྩ་བ་སྟེ། གལ་ཏེ་བློ་དང་སེམས་གཉིས་དབྱེར་མེད་པར་གཅིག་ཏུ་བྱེད་ནུས་ན། དེ་ལ་རྣལ་འབྱོར་པ་ཞེས་བྱའོ་ཞེས་པའོ། །གང་ཤི་ན་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་ཞེས་པས་ན་ཤི་བའོ། །དེའི་ཚེ་ཅིར་འགྱུར་ཞེ་ན། རང་དང་གཞན་དུ་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ཆོད་ནས་གཅིག་ཏུ་གྱུར་པའོ། །མའི་དོན་ཏོ། །ཡ་ནི་ཡ་བིང་སྟེ་གང་ཚེའོ། །གང་གི་ཚེ་དང་ཐིག་ལེ་འདིར་འདྲེས་ནས་གཅིག་ཏུ་གྱུར་པའོ། །དེའི་ཚེ་ན་ཡོ་གི་ནཱི་སྟེ་རྣལ་འབྱོར་མའོ། །རྣལ་འབྱོར་མ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་མངོན་དུ་རྟོགས་པས་ན་སྒྲའོ། །ཡ་ནི་ཡེ་སེང་སྟེ་ཇི་ལྟར་རོ། །གང་དང་གང་ཇི་ལྟར་བསམས་ཀྱང་དེ་ཁོ་ན་ཉིད་དེ། དེའི་ཕྱི་རོལ་དུ་གྱུར་པ་ནི་གང་ཡང་མེད་དོ་ཞེས་དགོངས་པའོ། །དེའི་ཚེ་ན་ཡ་ནི་ཡ་མ་སྟེ་སྐྱེ་བའོ། །སྐྱེ་བ་དང་འཆི་བ་ལ་སོགས་པའི་འཇིགས་པ་ཐམས་ཅད་ཀྱང་མེད་དོ་ཞེས་དགོངས་སོ། །ཡའི་དོན་ཏོ། །ར་ནི་ར་བི་སྟེ་ཉི་མའོ། །ཤ་སི་ནི་ཟླ་བ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སོ། །གང་གི་ཚེ་ཉི་མ་དང་ཟླ་བ་གཉིས་འདྲེས་ཤིང་གཅིག་ཏུ་གྱུར་ན། ལྷན་ཅིག་སྐྱེས་པའི་དོན་རྟོགས་པར་འགྱུར་བས་ན། དེའི་ཚེ་ནམ་མཁའ་བཞིན་དུ་ཤི་བ་མེད་ཅེས་པ་སྟེ། སྐྱེ་ཤི་མེད་པ་ཕྱག་རྒྱ་ཆེན་པོ་འཐོབ་པར་འགྱུར་བའོ། །ར་ནི་ར་བི་སྟེ་ཉི་མའོ། །ཉི་མ་དང་ཟླ་བ་གཉིས་རོ་མཉམ་པར་འགྱུར་བས་ན་བདེ་བ་སྐྱེ་ལ། དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེའོ། །ཤིན་དུ་མཛེས་པ་ནི་ཇི་ལྟ་བའི་དོན་རྟོགས་པས་སོ། །ར་ནི་ར་ས་ནཱ་སྟེ་སྣ་བུག་གཡས་པའི་རྩ་གསལ་བྱེད་ཀྱི་རྣམ་པར་དག་པ་ཉི་མ་བྱང་ཆུབ་ཀྱི་སེམས་དམར་པོ་ཐབས་ཀྱི་རང་བཞིན་སྲོག་གི་རླུང་རྒྱུ་བ་སྟེ་རོ་མའོ། །ལ་ལ་ནཱ་སྟེ་སྣ་བུག་གཡོན་པའི་རྩ་དབྱངས་ཡིག་གི་རྣམ་པར་དག་པ།


DTG052_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་བྱང་ཆུབ་ཀྱི་སེམས་དཀར་པོ་ཤེས་རབ་ཀྱི་རང་བཞིན་སྲོག་གི་རྒྱུ་བ་སྟེ་བརྐྱང་མའོ། །སྲོག་གི་རླུང་དང་བྱང་ཆུབ་ཀྱི་སེམས་དཀར་དམར་གྱེན་དུ་དྲངས་ཏེ་བདེ་བ་ཆེན་པོའི་འཁོར་ལོར་སླེབ་པའི་ཚེ་ན། རི་བོང་ཅན་དང་འདྲེས་ནས་སླར་འཛགས་པས་བ་སྤུའི་བུ་ག་ཚུན་ཅད་ལུས་ཐམས་ཅད་རྒྱས་ཤིང་གང་བར་བྱེད་པའོ། །དེ་ལྟར་བདེ་བ་ཆེན་པོ་སྐྱེས་པའི་ཚེ་ན། ར་ནི་རཱ་ཏྲིན་མཚན་མོ་སྟེ། བདེ་བ་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉུག་མའི་དོན་རྒྱུད་ལ་རང་བཞིན་གྱིས་སྐྱེ་བས་ན། ཉིན་དང་མཚན་དུ་གཉུག་མའི་ཡིད་ཅེས་པ་སྟེ། གཉུག་མའི་ཡིད་གཅིག་པུ་ལ་སེམས་གཏོད་ཅིག་དང༌། ཕྱག་རྒྱ་ཆེན་པོའི་དོན་མངོན་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རའི་དོན་ཏོ། །ལ་ནི་ལེ་ཧཱུཾ་སྟེ་ཀྱེ་ལོང་ཤིག་པའོ། །གང་བླང་ཞེ་ན། རླུང་ཁྱིམ་བདག་མེ་དང་འདྲ་བ་དེ་ལོང་ཞེས་པའོ། །གང་དུ་ཞེ་ན། ཁྱིམ་དུ་ལོང་ཞེས་སྨོས་ཏེ། ཁྱིམ་ནི་ལུས་སོ། །ལུས་ཀྱི་སྒོ་དགུ་ལས་རྒྱུ་བའི་རླུང་དང་ཡིད་མཉམ་པར་འགག་པར་བྱ་སྟེ། དེའི་ཚེ་ན་རླུང་ཨ་ཝ་དྷཱུ་ཏཱི་ར་ཆུད་པར་འགྱུར་བའོ། །ལ་ནི་ལེ་ཧཱུཾ་སྟེ་ལོང་ཤིག་པའོ། །གང་བླང་ཞེ་ན། ནཱ་ད་དང་ཐིག་ལེ་གཉིས་ཏེ། དེ་གཉིས་དབྱེར་མི་ཕྱེད་པར་ཧཾ་ལ་ཐིམ་པའི་ཚེ་ན། ཆོས་ཉིད་ཀྱི་དོན་རྟོགས་པར་འགྱུར་ཞེས་པའོ། །ལ་ནི་ལ་ལ་ནཱ་སྟེ་རྩ་གཡོན་པའོ། །ར་ས་ནཱ་ནི་རྩ་གཡས་པའོ། །ཨ་ཝ་དྷཱུ་ཏཱི་ནི་རྩ་དབུས་མའོ། །འགྲོ་བའི་ལུས་རྩ་དཔག་ཏུ་མེད་པར་བཤད་ཀྱང་གཙོ་བོ་ནི་དེ་གསུམ་མོ། །རླུང་གཉིས་པོ་དེ་ཨ་ཝ་དྷཱུ་ཏཱི་ར་འཇུག་ནུས་ན་ཅིར་འགྱུར་ཞེ་ན། ལ་ནི་ལམ་བྷི་སྟེ་འབབ་པའོ། །གང་འབབ་ན་ཐིག་ལེ་སྟེ་རི་བོང་ཅན་འབབ་པའོ། །དེ་འཐུང་ཅིག་པ་ནི་བྱང་ཆུབ་ཀྱི་སེམས་འཐུང་ཅིག་པ་སྟེ། དེ་འཐུང་ཤེས་ན་དགའ་བ་དང་བདེ་བརྒྱུད་ལ་སྐྱེ་བའོ། །དེ་ཡང་རྩེད་མོའི་ཚུལ་དུ་འཐུང་ཞེས་པ་སྟེ། རྩེད་མོ་ནི་བྱང་ཆུབ་ཀྱི་སེམས་དབབ་པ་དང༌། བཟློག་པ་དང༌། དགོད་པ་དང༌། འགྲེམས་པ་བྱའོ། །ལའི་དོན་ཏོ། །ཝ་ནི་ཝ་ར་སྟེ་མཆོག་གོ །མཆོག་གང་ཡིན་ཆང་སྟེ་བྱང་ཆུབ་ཀྱི་སེམས་སོ། །དེ་རོལ་པས་དེ་དགའ་བ་དང་བདེ་བས་འཐུང་ཤེས་ན། ལྷན་ཅིག་


DTG052_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་རྟོགས་པར་འགྱུར་རོ་ཞེས་པའོ། །ཡང་ན་རོལ་པས་ཏེ་ཐབས་ཤེས་རབ་རོལ་པས་སོ། །ཝ་ནི་བཛྲ་ནི་སྟེ་རྡོ་རྗེ་རྣལ་འབྱོར་མའོ། །རྡོ་རྗེ་རྣལ་འབྱོར་ནི་སྟོང་པ་དང་སྙིང་རྗེའི་བདག་ཉིད་དོ། །དེ་འཕྲོ་བ་ནི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པར་གནས་པའོ། །ཝ་ནི་བི་ར་སྟེ་རྟོགས་པར་དཀའ་བའི་རྣལ་འབྱོར་མ་སྟེ་རང་གི་སེམས་སོ། །གང་གི་ཚེ་ན་ལྷན་ཅིག་སྐྱེས་པའི་དགའ་བས་རྣལ་འབྱོར་མ་དེ་བདེ་བ་དང་ཚིམ་པར་བྱེད་ནུས་ན། དེའི་ཚེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་འགྱུར་བའོ། །ཝ་ནི་ཝ་བ་ཛི་སྟེ་གྲག་པའོ། །ཅི་གྲག་ཅེ་ན་ཌ་མ་རུ་སྟེ་མི་ཤིགས་པའི་སྒྲ་གྲག་པའོ། །མི་ཤིགས་པ་ནི་ཐབས་དང་ཤེས་རབ་གཅིག་ཏུ་འདྲེས་ཏེ་དབྱེར་མི་ཕྱེད་པའོ། །ཝའི་དོན་ཏོ། །ཤ་ན་ཤ་ཡ་སྟེ་རང་རིག་པའོ། །རང་རིག་པ་ནི་གང་གིས་ཀྱང་མི་ཤིགས་པའོ། །ཤ་ནི་ཤ་ཤ་ཧ་ར་ན་ཐིག་ལེ་སྟེ། བྱང་ཆུབ་ཀྱི་སེམས་དཀར་པོའོ། །དེ་འཛག་པ་ནི་བབས་ཤེས་རབ་སྙོམས་པར་འཇུག་པའི་ཚེ་ན། རྣལ་འབྱོར་མའི་མགོན་ཏེ་ལྷན་ཅིག་སྐྱེས་པ་རྟོགས་པར་འགྱུར་བའོ། །ཤ་ནི་ཤི་ཏ་ཏ་ཀ་ར་སྟེ་བསིལ་བར་བྱེད་པའོ། །བསིལ་བ་ནི་དཔེར་ན་སོས་ཀའི་དུས་ན་ཉིན་མཚན་གྱི་ནང་ནས་སེམས་ཅན་བཀྲེས་པ་དང༌། སྐོམ་པ་ཚབ་གདུངས་པ་ལྟར་འཁོར་བའི་སེམས་ཅན་གྱི་སྡུག་བསྔལ་ཡང་དེ་དང་འདྲ་བས། དེ་ཞི་བར་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཕབ་པས་ཞི་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ཕབ་པས་དགའ་བ་བཞིའི་མཐར་ལྷན་ཅིག་སྐྱེས་པའི་དོན་རྟོགས་པའི་དུས་ན། ནད་དང་སྡུག་བསྔལ་དང་རྣམ་པར་རྟོག་པ་ཐམས་ཅད་ཞི་བར་འགྱུར་བས་སོ། །ཤ་ནི་ཤ་ཤ་དྷ་ར་སྟེ་རི་བོང་ཅན་ནོ། །དེ་འཐུང་བ་ནི་ནམ་མཁའ་ཞེས་གསུངས་ཏེ། ནམ་མཁའ་དེ་སྤྱི་བོ་ལས་བྱང་ཆུབ་ཀྱི་སེམས་ཕབ་སྟེ། ལུས་དང་ངག་དང་ཡིད་བདེ་བ་ཉམས་སུ་མྱོང་བའོ། །འཇོ་བ་ནི་འཇོ་བར་བྱེད་པ་སྟེ་གཏུམ་མོ་ལ་སོགས་པས་སོ། །ཡང་ན་ནམ་མཁའ་སྟོང་བ་ཉིད་ཀྱི་རང་བཞིན་ནོ། །འཐུང་བ་ནི་ཡང་དང་ཡང་དུ་གོམས་པར་བྱ་བའོ། །ཤའི་དོན་ཏོ། །ཥ་ནི་ས་ཧ་ཛ་སྟེ་ལྷན་ཅིག་སྐྱེས་པའོ། །གང་གི་ཚེ་ལྷན་ཅིག་སྐྱེས་པའི་མཆོག་གིས་མཉེས་པ་སྟེ། སེམས་ཚིམ་པར་ནུས་ན།


DTG052_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཥ་ནི་ཥ་བ་ར་ཨ་བ་ར་སྟེ། རང་དང་གཞན་དུ་འཛིན་པའི་རྣམ་པར་རྟོག་པའི་བག་ཆགས་འགག་པར་འགྱུར་རོ་ཞེས་པའོ། །ཥ་ནི་ས་མ་སྟེ་མཉམ་པའོ། །ཨ་ས་མ་སྟེ་མི་མཉམ་པའོ། །རྣལ་འབྱོར་མ་ལ་མཉམ་པ་དང་མི་མཉམ་པའི་རྣམ་པར་རྟོག་པ་མེད་ཅིང༌། བྱང་ཆུབ་ཆེན་པོ་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །ཥ་ནི་ས་ར་ཧ་སྟེ་མདའ་བསྣུན་ནོ། །མདའ་བསྣུན་གྱིས་ཅི་སྨྲས་ཤེ་ན། ཀྱེ་ཧོ་ང་ཞེས་ང་བོས་ནས་ལྷན་ཅིག་སྐྱེས་པའི་དོན་རྟོགས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པ་ལ་ཐེ་ཚོམ་མེད་དོ་ཞེས་སྨྲས་སོ། །ཥའི་དོན་ཏོ། །ས་ནི་ས་ཡ་སྟེ་མ་ལུས་པའོ། །མ་ལུས་པ་ནི་དངོས་པོ་འདི་ཀུན་ཞེས་པ་སྟེ། གཟུང་བ་དང་འཛིན་པ་ཐམས་ཅད་ལུང་རིགས་མན་ངག་གིས་དཔྱད་ན་ཆོས་ཉིད་ཀྱི་ངོ་བོར་མཉམ་པའོ། །ས་ནི་སུ་མྱ་སྟེ་སྟོང་པ་ཉིད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་དོན་ཏོ། །འཁྲུལ་པ་ལོག་པར་རྟོགས་པས་ཐ་དད་དུ་མི་བྱ་སྟེ། དེ་ལྟར་ན་འཆིང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ས་ནི་ས་ཧ་ཛ་སྟེ་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བས་མ་ལུས་པ་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བྱེད་པའོ། །ས་ནི་ས་ཧ་ཛ་སྟེ་ལྷན་ཅིག་སྐྱེས་པའོ། །ལྷན་ཅིག་སྐྱེས་པའི་མཆོག་འདི་ཉམས་སུ་མྱོང་བའི་ཚེ་ན། རྣལ་འབྱོར་པ་གང་གིས་ཀྱང་འཆིང་མི་ནུས་པ་ཞེས་པ་སྟེ། རྣམ་པར་རྟོག་པས་འཆིང་བ་ཡིན་པ་ལས། །དེ་མེད་པས་འཆིང་བར་མི་འགྱུར་རོ། །སའི་དོན་ཏོ། །ཧ་ནི་ཧཱ་ས་སྟེ་དགོད་བའོ། །ཅི་ལ་དགོད་ཅེ་ན། གང་གི་ཚེ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་ཚེ་ན། རང་གི་སེམས་ལ་དགའ་བ་དང་བདེ་བ་སྐྱེ་ཞིང་ཚིམ་པར་འགྱུར་བས་སོ། །ཧ་ནི་ཧ་རི་ཡ་སྟེ་འཕྲོག་པའོ། །ཅི་འཕྲོག་ཅེ་ན། རྣམ་པར་རྟོག་པ་སྟེ་རྣམ་པར་རྟོག་པ་སེམས་ལས་བྱུང་ཞིང་སེམས་ཀྱི་རང་བཞིན་དུ་སྡུད་དོ། །སྤྲོ་བསྡུ་བྱས་ནས་བཀང་ཡང་དགའ་བ་མེད་དེ། དེ་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་བདེ་སྡུག་གི་ཞེན་པ་མེད་པའོ། །ཧ་རི་ནི་འཕྲོག་པའོ། །ཅི་འཕྲོག་ཅེ་ན། སྡིག་པ་ཐམས་ཅད་འཕོག་པའོ། །ཧ་ནི་ཧ་ར་ཧ་ར་སྟེ་དབང་ཕྱུག་ཆེན་པོའོ། །དབང་ཕྱུག་


DTG052_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ནི་ལྷན་ཅིག་སྐྱེས་པའི་སེམས་སོ། །དེ་ལྟ་བུའི་སེམས་ནི་ཁ་དོག་དང་དབྱིབས་དང་ཆ་ཤས་དང་བྲལ་བའོ། །དེ་རང་གི་ལུས་ལ་ཆིངས་ཤིག་པ་སྟེ། རང་གི་སེམས་དང་གཉིས་སུ་མེད་པར་གྱུར་ན་ཡོན་ཏན་ཅི་ཡོད་ཅེ་ན། ཧ་ནི་ཧེ་ལེ་སྟེ་ཀུ་རེ་དང་རྩེད་མོའོ། །དཀའ་སྤྱོད་ལ་སོགས་པ་ཚོགས་མི་དགོས་པས་ཀུ་རེ་དང་རྩེད་མོ་ཙམ་གྱི་སྒོ་ནས་བླ་ན་མེད་པའི་གོ་འཕང་ལེགས་པར་འགྲུབ་པར་འགྱུར་བ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བའོ། །ཧའི་དོན་ཏོ། །ཀྵ་ནི་ཀྵ་ལེ་སྟེ་ཡུལ་ལོ། །ཡུལ་ནི་པདྨ་ལ་སོགས་པའོ། །སྒོ་དགུ་ལས་བྱང་སེམས་ལྷུང་ན་ཆུད་ཟོས་པ་སྟེ། ཡེ་ཤེས་ལ་སོགས་པ་མི་སྐྱེ་བའི་ཕྱིར་རོ། །ཀྵ་ནི་ཀྵ་ཀྵ་སྟེ་ཟད་པའོ། །གང་ཟད་པར་བྱེད་ན། འཁོར་བའི་རྒྱ་མཚོའམ་རྣམ་པར་རྟོག་པ་ཐམས་ཅད་དོ། །གང་གིས་ཤེ་ན། ཀྵ་ཀྵའི་སྒྲ་བྱེད་ནུས་ན་སྟེ་ཡེ་ཤེས་སྟོང་པ་ཉིད་དེས་ཟད་པར་བྱེད་ནུས་ཀྱི། དངོས་པོའི་རྟོག་པས་ནི་སླར་འཕེལ་བར་འགྱུར་གྱི་ཟད་པའམ་སྐེམས་པར་མི་ནུས་ཞེས་དགོངས་པའོ། །ཀྵ་ནི་ཀྵ་ར་ས་ན་སྟེ་བདར་རྩུབ་མོའོ། །དཔེར་ན་བྱེ་མ་རེག་ཆོད་ལ་གང་བདར་ཡང་གཅོད་པར་བྱེད་པ་དེ་བཞིན་དུ་བླ་མའི་གདམས་ངག་བདར་རྩུབ་མོ་དང་འདྲ་བའི་ཏིང་ངེ་འཛིན་ལ་དགའ་བར་གྱིས་ཤིག་དང༌། རྣམ་པར་རྟོག་པ་ཐམས་ཅད་ཟད་པར་བྱས་ནས་བྱང་ཆུབ་ཆེན་པོ་མངོན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཀྵ་ནི་ཀྵ་མན་ན་གཅེར་བུ་སྟེ་ལྷན་ཅིག་སྐྱེས་པའི་སེམས་ཏེ་རྟོག་པ་དང༌། སྡིག་སྒྲིབ་དང༌། ཁ་དོག་དང་དབྱིབས་དང༌། ཡན་ལག་དང༌། ཆ་དང་བྲལ་བས་ན་གཅེར་བུའོ། །དེ་ལྟ་བུའི་གཅེར་བུ་དེས་འཁོར་བ་དང་འཁྲུལ་པ་ཐམས་ཅད་བསླུས་པ་སྟེ། བསླུས་པ་ནི་དེ་རྣམས་ཀྱི་སྐྱོན་གྱིས་མ་གོས་ཤིང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འཐོབ་པའོ། །རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ་དཔལ་ས་ར་ཧ་ས་མཛད་པའི་ཀ་ཁའི་དོ་ཧའི་བཤད་པ་བྲིས་པ་འདི། རྒྱ་གར་ལྷོ་ཕྱོགས་ཡུལ་ཀོ་ས་ལར་སྐུ་འཁྲུངས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པའོ།།


previousཀ་ཁའི་དོ་ཧའི་བཤད་པ་བྲིས་པ།next