Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་རྣམས་ཀྱི་རྡོ་རྗེའི་མགུར། 
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་རྣམས་ཀྱི་རྡོ་རྗེའི་མགུར། next

རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་རྣམས་ཀྱི་རྡོ་རྗེའི་མགུར།


DTG053_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཡོ་ག་སརྦ་ཏཏྭཱ་ཨུ་མུ་ཏྲཾ་ཨཱ་ལོ་ཀ་ནཱ་མ་བི་ཀ་ལ་བཛྲ་གཱི་ཏ། བོད་སྐད་དུ། རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་གྲུབ་པ་རྣམས་ཀྱི་རྡོ་རྗེའི་མགུར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་ཐོབ་པར་བྱེད་པའི་ལམ་ཚོགས་གཉིས་ལས་ཕྱིར་གྱུར་པ་མེད་ལ། བསོད་ནམས་ཚོགས་ཀྱི་མཐར་ཐུག་ནི་ཆོས་ཀྱི་འཁོར་ལོའོ། །དེ་བསྐོར་བའི་གནས་ནི་སྐྱེ་བོས་བགྲོད་པ་དཀའ་བའི་ས་ཕྱོགས། འབྱུང་པོ་རོ་ལངས་རྒྱུ་བའི་སྲང༌། འཇིག་རྟེན་གྱི་མི་མ་ཡིན་རྒྱུ་བའི་ས། མཐོང་བ་ཙམ་གྱིས་བདུད་བ་སྤུ་ལྡང་ཞིང་སྲིན་པོ་སྐྱི་གཡའ་བ་ལས་ཀྱི་མཁའ་འགྲོ་མའི་གནས། དུར་ཁྲོད་ཆེན་པོ་བརྒྱད་དུ་རྟོགས་པ་མཐར་ཕྱིན་པའི་རྣལ་འབྱོར་པ་རྣམས་དང༌། ཆོས་ཉིད་སྐྱེ་བ་མེད་པ་ལ་བློ་འབྱངས་པའི་རྣལ་འབྱོར་པ་རྣམས་རབ་ཏུ་ཚོགས་ནས། རང་རང་གི་རྒྱུད་ལ་དོན་དམ་པའི་བདེན་པ་འཇུག་པའི་ཡུལ་ངེས་པའི་ཤེས་པ་གད་ལ་སྐྱེས་པ་དང༌། གཉུག་མངོན་གྱི་ལྷན་ཅིག་སྐྱེས་པ་རང་ལ་གནས་པའི་ཡེ་ཤེས་ངོ་གང་ལ་སྤྲད་པ་དང༌། རྟོག་པ་གང་གི་སྒོ་ནས་ཤར་བ་དེ་ཚོགས་ཀྱི་མཆོད་པ་བྱིན་གྱིས་རློབ་པ་ལ་ཉམས་མྱོང་གི་མགུར་བཞེངས་པ། གནས་དེ་དང་དེ་ན་གནས་པའི་མཁའ་འགྲོ་མ་སུ་ཁ་ཏ་སྐལ་བ་བཟང་མོ་ལ་སོགས་པ་རྣམས་ཀྱིས་མི་བསྙེལ་བའི་གཟུངས་ཀྱིས་ཕྱི་རབས་ཀྱི་དོན་དུ་ཡི་གེ་རིགས་སུ་དཀར་ཤོག་ལ་བཏབ་པ་འདི་རྣམས་སོ། །དཀའ་ཐུབ་མཐར་ཕྱིན་པ་ལཱུ་ཡི་པའི་ཞལ་སྔ་ནས། ཚེ་འདིའི་ཆེ་ཐབས་འཁོར་བའི་རྒྱུ། །བྱ་བ་མ་མང་ཐར་ལམ་འགག །འདོད་པའི་བློ་བྲལ་བྱ་བའི་ཡུལ། །ས་ཕྱོགས་དེ་ན་བྱང་ཆུབ་ཉེ། །ཞེས་གསུང་ངོ༌། །བདེ་བའི་མདངས་ལྡན་མ་ཤྲཱི་སུ་ཁའི་ཞལ་སྔ་ནས། འཇིག་རྟེན་བྱ་བ་བདུད་ཀྱི་ཡུལ། །ཚེ་འདིའི་བློ་ལོག་འཕགས་པའི་ལམ། །འདོད་པའི་དུག་སྦྲུལ་གཙེས་པ་ཡིས། །རྗེས་ནི་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་གསུང་ངོ༌། །ནོར་བུ་གླིང་པ་ལ་ལི་ཏ་བཛྲའི་ཞལ་སྔ་ནས། ཏིང་འཛིན་ཤེས་རབ་དྲི་མ་སེལ། །རང་རིག་ཡེ་ཤེས་འོད་གསལ་སྐུ། །བདེ་བ་ཐོབ་བྱེད་དབང་གི་ལམ། །མངོན་དུ་གྱུར་ཚེ་རྟོག་པ་གྲོལ། །ཞེས་གསུང་ངོ༌། །འདོད་


DTG053_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ལམ་དུ་སློང་བ་མོ་ཙནྡྲ་བི་མ་ལའི་ཞལ་སྔ་ནས། ཤེས་རབ་རྣོ་ངར་ཏིང་འཛིན་གྱིས། །མ་མཐོང་འཁོར་བའི་སྒྲོག་མི་ཆོད། །རིན་ཆེན་དབང་གི་ནུས་པ་ཡིས། །ཟག་པ་བདེ་ཆེན་ཉིད་དུ་འགྱུར། །ཞེས་གསུང་ངོ༌། །ནུས་པའི་མཐར་ཐུག་བཱི་ཪྻ་བའི་ཞལ་སྔ་ནས། འདམ་བྲལ་པདྨ་སྐམ་པ་བཞིན། །དུག་ལྔ་མེད་ན་ཡེ་ཤེས་འགག །འདོད་ཡོན་ལམ་ཁྱེར་ས་ལམ་འདུམས། །སྤངས་ནས་གྲོལ་འདོད་དམན་པའི་ལམ། །ཞེས་གསུང་ངོ༌། །ཟད་ཟིང་གི་སྦྱིན་བདག་མོ་རུ་རུ་སུ་ཀའི་ཞལ་སྔ་ནས། དྲང་སྲོང་ཤེས་རབ་མིག་ཅན་གྱིས། །ནད་གཞི་ལུས་ཀྱི་ཟུངས་སུ་བསྒྱུར། །དེ་བཞིན་ཐབས་དང་ལྡན་པ་ཡིས། །དུག་ལྔས་ཡེ་ཤེས་སྐྱེད་པར་བྱེད། །ཅེས་གསུང་ངོ༌། །འགྲོ་བའི་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། རྨི་ལམ་རང་བཞིན་མེད་པ་བཞིན། །ཆོས་རྣམས་རང་གི་ངོ་བོས་སྟོང༌། །འཁོར་བ་དང་ནི་མྱ་ངན་འདས། །དོན་ལ་གྲུབ་པ་མ་ཡིན་ནོ། །ཞེས་གསུང་ངོ༌། །སོ་སོར་རྟོག་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་ཛྙཱ་ན་དྷ་རའི་ཞལ་སྔ་ནས། ངོ་བོས་སྟོད་པ་སྣང་བའི་མཚང༌། །གང་ལ་རང་བཞིན་མེད་པ་ཡི། །བརྗོད་དུ་མེད་པའི་བདག་ཉིད་དོ། །ཟུང་འཇུག་མ་མཐོང་གྲོལ་མི་ནུས། །ཞེས་གསུང་ངོ༌། །རྣལ་འབྱོར་གྱི་དབང་ཕྱུག་ས་ར་ཧའི་ཞལ་སྔ་ནས། སྔ་ནས་མ་དྲན་རྡོ་རྗེའི་གདན། །སྨྲ་བར་མ་ནུས་ཡིད་འཕམ་པ། །འོད་གསལ་འགྲོ་འོང་མེད་པའི་བདག །གཉིས་སྣང་གྲོལ་བ་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །རྡོ་རྗེ་བཟླས་པའི་རྣལ་འབྱོར་མ་ཨ་ནུ་ཀི་རའི་ཞལ་སྔ་ནས། དངས་མ་སྣང་སྟོང་རྐྱེན་དང་བྲལ། །ཚོགས་དྲུག་ཡུལ་དུ་མ་བཅད་པའི། །འགྲོ་འོད་མེད་པ་གཉུག་མའི་དང༌། །དྲན་བརྗེད་མཚམས་སུ་སེམས་ངལ་སོས། །ཞེས་གསུང་ངོ༌། །རི་ཁྲོད་དབང་ཕྱུག་ས་ར་ཧའི་ཞལ་སྔ་ནས། འཁྲུལ་པ་རྐྱེན་སྣང་གློ་བུར་བ། །དུས་གསུམ་སྐྱེ་འཇིག་གིས་སྟོང་པ། །གཞི་ལ་མ་གྲུབ་ངོ་མཚར་ཡུལ། །དེ་མཐོང་བ་ནི་གྲོལ་བའི་ཡུལ། །ཞེས་གསུང་ངོ༌། །སྐྱབས་ཀྱི་སྦྱིན་བདག་མོ་སུ་ཀ་བྷའུའི་ཞལ་སྔ་ནས། དྲན་རིག་རྣམ་པར་རྟོག་པ་ནི། །མ་རིག་པ་ཡི་སྟོབས་ལས་འབྱུང༌། །སྣ་ཚོགས་མེད་ཤར་ངོ་བོས་སྟོང༌། །རྩ་བྲལ་ནམ་མཁའི་རྗེས་ཐོབ་ཅན། །ཞེས་གསུང་ངོ༌། །མི་ལས་འདས་པ་ཨཱཪྻ་དེ་བའི་


DTG053_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྔ་ནས། འོད་གསལ་གདོད་ནས་དག་པའི་དང༌། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །རང་གནས་རྩ་བ་འདུས་མ་བྱས། །སྤྲོས་བྲལ་འདི་ནི་གཟིགས་མོར་ཆེ། །ཞེས་གསུང་ངོ༌། །དྲན་པ་གཅིག་པའི་རྣལ་འབྱོར་མ་བྷ་སུ་རི་ཀའི་ཞལ་སྔ་ནས། ཀུན་ལ་ཁྱབ་པ་འོད་གསལ་དང༌། །འགྲོ་འོད་མེད་པའི་བདག་ཉིད་ཅན། །སྤྲོས་བྲལ་དུས་རྣམས་ཐམས་ཅད་པ། །ཆོས་སྐུ་འགྲོ་བ་མི་འདོར་རོ། །ཞེས་གསུང་ངོ༌། །སྨྲ་བའི་སེང་གེ་ཀ་ལ་ཨ་ལེ་བའི་ཞལ་སྔ་ནས། གྲུབ་མཐའི་ལྟ་བ་མིང་དུ་བརྗོད། །མིང་རྣམས་རྣམ་པར་རྟོག་པ་སྟེ། །དེ་ཉིད་སྟོང་པ་ཆོས་ཀྱི་སྐུ། །མིང་ལས་གྲོལ་བ་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །རྩེ་གཅིག་གི་རྣལ་འབྱོར་མ་ཀ་རི་དྷ་རི་མའི་ཞལ་སྔ་ནས། བདེ་གཤེགས་བཙུན་མོ་མིང་མེད་མ། །ནམ་མཁའི་འོ་མ་རབ་འཐུངས་ནས། །སྨྲ་བསམ་བློ་ཡི་ཡུལ་ལས་འདས་།གཉིས་སྣང་ཟ་ཞིང་ནམ་མཁའ་འཇོ། །དེ་མཐོང་བས་ནི་གྲོལ་བར་འགྱུར། །ཞེས་གསུང་ངོ༌། །བློ་གྲོས་མི་བཟད་པ་ཤཱནྟ་དེ་བའི་ཞལ་སྔ་ནས། ཚེ་འདིའི་བློ་ལོག་ཐར་པའི་ལམ། །སྣང་ཕྱིར་མ་འབྲང་འཁྲུལ་པ་གྲོལ། །དུས་གསུམ་ཆིག་ཆོག་གནད་ཀྱི་མཚང༌། །དྲི་མེད་རང་སྣང་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །ཆོས་ཀྱི་སྦྱིན་བདག་མོ་ཨ་ནུ་ཏཱ་རའི་ཞལ་སྔ་ནས། གོ་ཆ་འཇིག་རྟེན་པ་ཡི་སྒྲོག །མ་གྲོལ་འཕགས་ལམ་ཟིན་མི་འགྱུར། །དེ་སྲིད་བདེ་བ་དང་མི་འཕྲད། །རང་སྣང་དག་ཚེ་ཞིང་ཁམས་འཆར། །ཞེས་གསུང་ངོ༌། །བརྟུལ་ཞུགས་མཐར་ཕྱིན་ཌོམྦི་པའི་ཞལ་སྔ་ནས། དམིགས་པས་ཆེད་དུ་མ་བཟུང་བའི། །ཤེས་པ་ཡུལ་ལས་མ་འཕྲོས་པ། །བདེ་གསལ་མི་རྟོག་དྲི་མ་མེད། །དངས་མ་ཡིད་འབྲལ་ལ་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །འདོད་པ་ལ་བློ་ལོག་པ་རྣལ་འབྱོར་མ་ཛྙཱ་ན་བི་མ་ལའི་ཞལ་སྔ་ནས། སྒོམ་བློའི་འདུན་པ་དྲི་མ་སྟེ། །རིག་པ་སོ་ལ་བཞག་པ་ཡི། །མ་བྱས་ཤེས་པ་སྐྱོན་ལས་གྲོལ། །འཛིན་རྟོག་དམིགས་པའི་སྟེང་དུ་ནི། །སྤྲོས་བྲལ་འཆར་བར་མི་འགྱུར་རོ། །ཞེས་གསུང་ངོ༌། །ཤེས་རབ་སྤྱན་ལྡན་ཀ་མ་ལའི་ཞལ་སྔ་ནས། དངོས་དོན་རང་རིག་ཡེ་ཤེས་ཀྱི། །ལྷན་ཅིག་སྐྱེས་པའི་ཉམས་མྱོང་ནི། །ཚིག་གི་སྤྱོད་ཡུལ་མ་ཡིན་ཏེ། །བརྡ་


DTG053_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་མཚོན་པ་སེང་གེའི་གསུང༌། །ཞེས་གསུང་ངོ༌། །བདག་མེད་ཀྱི་སྒྲ་སྒྲོགས་མ་པདྨ་དྷ་ནུའི་ཞལ་སྔ་ནས། གཉུག་མ་ངོ་བོ་ཉིད་ཀྱི་གཤིས། །བློ་ཡི་ཡུལ་ན་གནས་པ་མིན། །མཚོན་དུ་ཡོད་ལ་ངོས་གཟུང་བྲལ། །ཡང་དག་བླ་མའི་བརྡ་ལས་རིག །ཅེས་གསུང་ངོ༌། །འཁྲུལ་པའི་སྒྲོག་གྲོལ་བ་བྷི་ན་པའི་ཞལ་སྔ་ནས། ཇི་ལྟར་ཆུ་ཟླའི་དཀྱིལ་འཁོར་བཞིན། །སྣང་བའི་རང་མཚང་ངོ་བོས་སྟོང༌། །དངོས་པོར་འཛིན་པ་འཁྲུལ་པ་སྟེ། །དེར་འཛིན་གྲོལ་བས་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །སྡོམ་པའི་ཚུལ་ཁྲིམས་ཅན་མེ་ཁ་ལའི་ཞལ་སྔ་ནས། ཇི་ལྟར་དྲི་ཟའི་གྲོང་ཁྱེར་བཞིན། །ཆོས་རྣམས་རང་བཞིན་བརྟགས་ན་དབེན། །བདེན་ཟད་བརྫུན་ཟད་ཡི་གེ་ཟད། །ཚིག་གི་ལམ་ཆད་བློ་ལས་འདས། །ཞེས་གསུང་ངོ༌། །སྦས་པའི་རྣལ་འབྱོར་གོ་རཀྵའི་ཞལ་སྔ་ནས། རྟོག་པ་ཡིད་བཞིན་ནོར་བུ་ལ། གོམས་འདྲིས་ཕྱི་བདར་བྱས་པ་ཡིས། །བརྟན་པ་ཐོབ་པ་མདོག་ཕྱིན་ཏེ། །དེ་ཚེ་དགོས་འདོད་མངོན་དུ་འགྱུར། །ཞེས་གསུང་ངོ༌། །འཁོར་བའི་ཡིད་ཕྱུང་བ་མོ་ཀུ་མ་ལ་སཱུཪྻའི་ཞལ་སྔ་ནས། རང་སྣང་སྤྲིན་རུམ་མ་དངས་ན། །དཔལ་གྱི་བེའུའི་འོད་མི་གསལ། །རྣམ་རྟོག་རྒྱང་དུ་མ་བསྲིངས་ན། །ཡེ་ཤེས་ཉེ་རུ་མི་འདོད་དོ། །ཞེས་གསུང་ངོ༌། །རླུང་ལ་དབང་ཕྱུག་པ་ཙོ་བོ་རི་ཀའི་ཞལ་སྔ་ནས། ཟུང་འཇུག་གནས་པའི་ཡི་གེ་ནི། །འགྲོས་ཀྱི་རྣམ་ཤེས་ཡི་གེ་སེལ། །ཉམས་མྱོང་གསལ་བས་བདག་འཛིན་ཞིག །འདི་ཡིས་ཉམས་ཀྱི་འཕེན་ལེན་འཇིག །ཅེས་གསུང་ངོ༌། །དཔལ་མིའི་སེང་གེའི་སྤྱོད་པ་ཅན་ཨུ་མུ་ཀ་རིའི་ཞལ་སྔ་ནས། བདེ་ཆེན་ཆོས་དང་སྤྲུལ་པ་ཡི། །འཁོར་ལོ་གསུམ་གྱི་ལྟེ་བ་ལ། །གནས་པའི་ཡི་གེ་བདེ་གཤེགས་ཀྱི། །མ་ལུས་ཀུན་གྱི་སྐུ་གསུང་ཐུགས། །ཞེས་གསུང་ངོ༌། །བརྡ་ལ་རང་ངོ་མཐོང་བ་ན་དུ་བའི་ཞལ་སྔ་ནས། སྙིང་གི་དབུས་སུ་ངོ་སྤྲད་པའི། །བླ་མས་བསྟན་པ་མཆོག་གི་དོན། །ལྷུན་གྲུབ་རང་ངོ་ཤེས་པ་ནི། །གནད་དེ་ངེས་པའི་ཤེས་པས་མཐོང༌། །ཞེས་གསུང་ངོ༌། །དགེ་བའི་ཆོས་སྡུད་ཚུལ་ཁྲིམས་ཅན་བྷ་ཙ་ལའི་ཞལ་སྔ་ནས། བཞི་རྫོགས་རང་བྱུང་ཡེ་ཤེས་སུ། །ཚོས་མའི་རྐྱེན་ལ་རག་མི་ལས། །རང་རིག་འོད་


DTG053_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དངོས་པོའི་གཤིས། །རྟེན་འབྲེལ་གང་གི་ཐབས་ཀྱི་ས་རིག །ཅེས་གསུང་ངོ༌། །ལུང་རིགས་གཉེར་གྱི་དབང་ཕྱུག་ཏེ་པའི་ཞལ་སྔ་ནས། བླ་མའི་གསུང་གས་ལྡོངས་པ་བསལ། །དེ་མཐོང་མིང་གི་སྡེ་སྣོད་ལ། །བལྟས་ཚེ་གདམས་པར་མ་གྱུར་པའི། །ཡི་གེ་གཅིག་ཀྱང་བོར་དུ་མེད། །ཅེས་གསུང་ངོ༌། །གསལ་བའི་མདངས་ལྡན་མ་ཀརྨ་ལི་ཀའི་ཞལ་སྔ་ནས། ནམ་མཁའ་དབྱིངས་ཀྱི་གླེགས་བམ་ལ། དཀར་དམར་སྣ་ཚོགས་ཡི་གེ་རྣམས། །རྣམ་རྟོག་འཁྲུལ་པ་བློ་ཡི་ཆོས། །དོན་ལ་གླེགས་བམ་ཡི་གེས་སྟོང༌། །ཞེས་གསུང་ངོ༌། །བདེ་བ་ལམ་ཁྱེར་ཐབས་ལ་བྱེད་པ་དནྟི་བའི་ཞལ་སྔ་ནས། ནང་གྲོས་ཕྱི་ཡི་རྐྱེན་ཞུ་བས། །རྩོལ་བ་མ་བྱས་དང་གིས་སུ། །ཁམས་འདུས་རང་ལ་གནས་པ་ཡིས། །ཡེ་ཤེས་ཤར་བས་ལས་ལས་གྲོལ། །ཞེས་གསུང་ངོ༌། །བདེ་བ་ལམ་དུ་སློང་བ་ན་ཀ་རའི་ཞལ་སྔ་ནས། རྨི་ལམ་དབང་གིས་སྒོ་ང་རུ། །གྲོལ་ལམ་བསྐྱེད་རྫོགས་འདབ་གཤོག་རྒྱས། །མོས་གུས་དད་པས་སྦུབས་ཕྱེ་པས། །མ་རིག་འཁྲུལ་པའི་རྒྱ་ལས་གྲོལ། །ཞེས་གསུང་ངོ༌། །རྟོག་པ་བྱིན་རླབས་ལས་ཤར་བ་ཅ་རའི་ཞལ་སྔ་ནས། མཆོག་གི་ནོར་བུ་རིན་པོ་ཆེ། །སྙིང་ལ་བཅངས་པའི་བརྩེ་གདུང་གིས། །དཔལ་གྱི་གཏེར་མཛོད་ཡོངས་སུ་འགེངས། །གྲོགས་དག་ནོར་བུའི་གཅེས་འཛིན་གྱིས། །ཞེས་གསུང་ངོ༌། །སེམས་ཅན་གྱི་དོན་བྱེད་ཚུལ་ཅན་བྷི་ཀ་ལའི་ཞལ་སྔ་ནས། དེད་དཔོན་མེད་པར་རྒྱ་མཚོ་ཡི། །མཆོག་གི་གླིང་དོན་མི་འགྲུབ་བཞིན། །ཡོན་ཏན་དུ་མས་རབ་བརྒྱན་ཀྱང༌། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་གསུང་ངོ༌། །རྟོག་པ་ཤིང་བཟོ་ལ་ཤར་བ་ཁ་པའི་ཞལ་སྔ་ནས། དངོས་རྣམས་སྒྱུ་མའི་རང་བཞིན་ཏེ། །བདེན་མེད་ལྟོས་དང་འཁྲུལ་པ་འཇིག །འཁོར་བའི་མཚང་མཐོང་རང་བཞིན་མེད། །སྤང་བྱ་མ་རྙེད་གཉེན་པོ་སྟོར། །ཞེས་གསུང་ངོ༌། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཁོང་དུ་ཆུད་པ་མོ་རྫུ་ནུ་ཏ་རིའི་ཞལ་སྔ་ནས། འཁོར་བ་མ་གྲུབ་གཞི་ཡིས་སྟོང༌། །མྱང་འདས་མ་གྲུབ་བློ་ཡིས་སྟོང༌། །ས་ལམ་མ་གྲུབ་བདེན་པས་སྟོང༌། །འབྲས་བུ་མ་གྲུབ་ཡུལ་གྱིས་སྟོང༌། །ཞེས་གསུང་ངོ༌། །རེ་དོགས་ཀྱི་དྲི་མ་


DTG053_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་ཀ་ན་པའི་ཞལ་སྔ་ནས། གཞི་མེད་རྩ་བ་བྲལ་བ་ཡིས། །ཆོས་རྣམས་གདོད་ནས་སྟོང་བ་ལས། །འཁོར་བ་གང་ཡིན་མྱང་འདས་ཅི། །འབྲས་བུ་མ་མཐོང་ཉམས་ལེན་གྲོལ། །ཞེས་གསུང་ངོ༌། །སེམས་ལ་དམིགས་པའི་རྣལ་འབྱོར་མ་ག་ད་རའི་ཞལ་སྔ་ནས། ཇི་ལྟར་ཆུ་ཤིང་སྡོང་པོ་ལ། །ནམ་ཞིག་སྙིང་པོ་ཡོད་གྱུར་ཆེ། །དེ་ཡི་དུས་སུ་གསལ་བ་ལས། །འབྲས་བུ་གཞན་དུ་མཐོང་བ་མིན། །ཞེས་གསུང་ངོ༌། །ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཀ་ན་རའི་ཞལ་སྔ་ནས། །ཕྱི་རོལ་ལྷ་ཡི་བྱིན་རླབས་མིན། །ནང་དུ་རིག་པ་དངས་ལས་འབྱུང། །འཛིན་པ་ཆད་པས་ཉམས་མྱོང་འབར། །རིག་པ་དངས་པའི་སྟོབས་ལས་ནི། །སྒྱུ་རྩལ་སྣ་ཚོགས་འཆར་བར་འགྱུར། །ཞེས་གསུང་ངོ༌། །སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་ལྡན་པ་བཛྲ་སིདྡྷིའི་ཞལ་སྔ་ནས། མན་ཤེལ་མ་དག་ཕྱི་རོལ་རྐྱེན། །མི་འཇུག་གཡའ་དག་ངོས་དེར་ནི། །སྣ་ཚོགས་དར་གྱི་ཁ་དོག་ལེན། །སེམས་པའི་ལས་ཀྱང་དེ་བཞིན་ནོ། །ཞེས་གསུང་ངོ༌། །དེ་ཁོ་ན་ཉིད་སྣང་བ་རྡོ་རྗེའི་མགུར་ལས་མ་རིག་པ་སྒོ་ངའི་སྦུབས་རྣམ་པར་ཕྱེ་བ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །།ཡི་གེ་ལམ་དུ་འཁྱེར་བ་ཏ་ཀ་ནའི་ཞལ་སྔ་ནས། མཐའ་བཞི་ལས་ནི་གྲོལ་བ་ཡི། །སངས་རྒྱས་སྐྱེ་འགག་དྲི་མ་བྲལ། །རྣམ་པར་རྟོག་མེད་བདེ་གསལ་དང༌། །གཉིས་སྣང་བྲལ་བ་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །རྟོག་པ་རང་གྲོལ་གྱི་རྣལ་འབྱོར་མ་ཧུ་ལུ་ཀའི་ཞལ་སྔ་ནས། གང་གིས་མ་བཅོས་མ་བསླད་པ། །དབྱེར་མེད་དབྱིངས་སུ་གཅིག་པ་ཡི། །ཆོས་ཀྱི་སྐུ་ཡིས་ཀུན་ལ་ཁྱབ། །རྣམ་རྟོག་གིས་བཅིངས་མངོན་མི་འགྱུར། །ཞེས་གསུང་ངོ༌། །བདེན་པ་གཟིགས་པ་ཏི་ལོ་པའི་ཞལ་སྔ་ནས། དྲན་རྟོག་ཐ་མལ་ཤེས་པ་ནི། །འཆིང་བ་མཐའ་དག་ཉོན་མོངས་འགྱུར། །དྲན་རིག་ལྡང་རླུང་བདེ་བ་བཅད། །དེ་ཚེ་ཤེས་པ་ཡུལ་མི་གསོ། །ཞེས་གསུང་ངོ༌། །ཆུ་བོ་རྒྱུན་གྱི་རྣལ་འབྱོར་པ་མ་ཏི་ལའི་ཞལ་སྔ་ནས། ལྷ་ཡི་ལུས་ཀྱིས་ཐ་མལ་གྱི། །རྟོག་པ་ཡང་ནི་བདེན་པར་བྱེད། །རླུང་གི་ངག་ལ་བདེ་བ་ཡིས། །ཡིད་ཀྱི་ཐ་མལ་ཤེས་པ་སྤོང༌། །ཞེས་གསུང་ངོ༌། །བླ་མའི་བྱིན་རླབས་ཞུགས་པ་ནཱ་རོ་


DTG053_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞལ་སྔ་ནས། དཔལ་ལྡན་ཡོན་ཏན་ཀུན་གྱི་གཞི། །འདི་མེད་པར་ནི་རྙེད་མི་འགྱུར། །མོས་གུས་མེད་པར་བྱིན་བརླབས་ལ། །འཇུག་པའི་ཡུལ་མེད་སྨིན་མི་འགྱུར། །ཞེས་གསུང་ངོ༌། །གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་ལྡན་པ་ཀརྨ་ཀ་རིའི་ཞལ་སྔ་ནས། རང་གི་དོན་དུ་ཆོས་ཀྱི་སྐུ། །གཞན་གྱི་དོན་དུ་གཟུགས་སྐུ་གཉིས། །བླ་མའི་དུས་ཐབས་བསྟེན་ལས་བྱུང༌། །འདི་མེད་མཆོག་གི་དངོས་གྲུབ་སྟོར། །ཞེས་གསུང་ངོ༌། །ནུས་པ་ལ་ཐུགས་རྗེས་བརྒྱན་པ་ས་ལི་པའི་ཞལ་སྔ་ནས། བྱམས་པ་སྙིང་རྗེ་བྱང་ཆུབ་སེམས། །འདི་མེད་བྱང་ཆུབ་མཆོག་གི་ལམ། །ནམ་དུ་ཡང་ནི་ཕྲད་མི་འགྱུར། །གྲོགས་དག་གཅེས་པ་དོར་མི་བྱ། །ཞེས་གསུང་ངོ༌། །བདེ་བའི་གོས་ཀྱིས་དྲོས་ཏ་ར་ཨ་ལིང་གི་ཞལ་སྔ་ནས། ཕན་བདེའི་ས་བོན་བསྐྲུན་པའི་གཞི། །བྱམས་པའི་ས་གཞི་སྙིང་རྗེ་ཆུ། །བངས་པའི་སེར་ལ་བྱང་སེམས་ཀྱི། །མྱུ་གུ་སྐྱེ་འགྱུར་གཞན་དུ་མིན། །ཞེས་གསུང་ངོ༌། །སྤྲོས་བྲལ་སྒྲ་འགྲོས་ལ་ཤར་བ་ཙ་ཏ་ལའི་ཞལ་སྔ་ནས། རྣོ་ལ་དར་ཆགས་དྲག་པོའི་མིག །གསལ་དངས་ཕྱར་བས་བྱིང་རྨུགས་སེལ། །རྟོག་པ་ཆོད་རྗེས་ཆོས་ཉིད་ཀྱིས། །རང་ངོ་རྗེས་ཀྱི་ཤེས་པ་ཟིན། །ཞེས་གསུང་ངོ༌། །ཚེ་འདིའི་སོ་ཚིས་ཞིག་པ་ཨ་ནུ་སི་རའི་ཞལ་སྔ་ནས། རེས་གསོར་རྗེ་བ་དུམ་བུའི་འགྲོས། །ལྟ་སྟངས་འཇོག་འདོར་རྣམ་གཉིས་ཀྱིས། །བརྗེས་པས་ནང་ཕྲད་ངོས་གཟུང་བྲལ། །དེས་ནི་གཉུག་མའི་རང་ངོ་མཐོང༌། །ཞེས་གསུང་ངོ༌། །དཔའ་གདེང་ལམ་དུ་ཁྱེར་བ་བྷི་ཏའི་ཞལ་སྔ་ནས། ལྷན་ཅིག་སྐྱེས་པ་སེང་གེའི་གསང༌། །སྨྲ་བསམ་བློ་ཡི་ཡུལ་མ་ཡིན། །མ་སྐྱེས་མི་འགག་འོད་གསལ་དང༌། །རང་རིག་སྤྲོས་བྲལ་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །ཟབ་མོའི་ཆོས་ལ་བཟོད་པ་རུ་པ་ཏིའི་ཞལ་སྔ་ནས། གཉུག་མ་རང་ལ་གནས་པ་ཡི། །ཡེ་ཤེས་ཁུ་བ་འཐུངས་པའི་རོས། །མྱོས་པ་གྱད་ཀྱི་སྤྱོད་ལམ་འཛིན། །གདེང་ལྡན་འཁོར་བའི་གཡའ་དང་བྲལ། །ཞེས་གསུང་ངོ༌། །མིའི་ཁྱུ་མཆོག་ཏེ་ཁོ་ན་ཏི་པའི་ཞལ་སྔ་ནས། སྣ་ཚོགས་རྐྱེན་ལས་ཤར་བ་ཡི། །སྣང་བའི་ཆོས་རྣམས་སྟོང་པ་ལས། །མ་འདས་རང་གི་ངོ་བོས་དབེན། །གཉིས་མེད་དེ་ནི་ཕྱག་རྒྱ་ཆེ།།


DTG053_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུང་ངོ༌། །གཙང་སྨེ་དོར་བ་ཕག་གི་སྤྱོད་པ་ཅན་བི་ག་མའི་ཞལ་སྔ་ནས། དངོས་པོ་སྣ་ཚོགས་སེམས་ཉིད་དེ། །སྣང་བ་ལས་ནི་གཞན་འགྱུར་པའི། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །ཆུ་བོའི་མཐོང་སྣང་དེ་ཡིས་ཤེས། །ཞེས་གསུང་ངོ༌། །བདག་ཉིད་ཆེན་པོ་ཨ་ལུ་ཀིའི་ཞལ་སྔ་ནས། གདོལ་པའི་ལག་ན་མཚོན་ཐོགས་བཞིན། །ཙན་ཏ་ལི་ཡི་རྟོག་པ་འཇོམས། །བདེ་གསལ་ཕེང་གིས་གཟུང་བ་ཡིས། །དྲི་མེད་དངས་མ་སེམས་ལ་འཕེལ། །ཞེས་གསུང་ངོ༌། །ཕེང་གི་སྒྲ་སྒྲོག་ས་མ་བྷི་ཏུ་རའི་ཞལ་སྔ་ནས། བུང་བའི་སྒྲ་སྐད་ཕེང་གི་དབྱངས། །དཔལ་གྱི་བེའུའི་ནང་ན་སྒྲོགས། །འདི་ཡིས་གཟུང་འཛིན་རྟོག་པ་འཇོམས། །སེམས་པའི་འོད་ཟེར་ཡིད་ཕམ་བྱེད། །ཅེས་གསུང་ངོ༌། །ལྟ་སྟངས་ལམ་དུ་ཁྱེར་བ་ལ་བྱ་དེ་བའི་ཞལ་སྔ་ནས། སྲིད་གསུམ་མི་གཡོ་ཡེ་ཤེས་ཀྱི། །སྐྱེ་བའི་ཞིང་ནི་བཅིང་བའི་གདན། །ཕྲ་རགས་གཅོད་པ་ཀ་ར་ཎ། །དཔལ་གྱི་རྡོ་རྗེའི་མིག་ལས་འཁྲུངས། །ཞེས་གསུང་ངོ༌། །གོ་ཆའི་བརྩོན་འགྲུས་ཅན་སུ་ཀ་མ་ལའི་ཞལ་སྔ་ནས། གཡས་སུ་མཉམ་པར་བཞག་ནས་ནི། །དེ་ཡི་ཐུགས་རྗེས་གཡོན་དུ་གཟུང༌། །མདུན་དུ་རྣམ་པར་ལྟ་བ་ནི། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །ཞེས་གསུང་ངོ༌། །མི་རྟོག་པའི་མདངས་དང་ལྡན་པ་རཏྣ་ཨ་ལིང་གི་ཞལ་སྔ་ནས། ཐབས་ཀྱིས་མ་ཆུན་ཤེས་རབ་ཀྱིས། །ལམ་མི་འདོད་དེ་ཤེས་རབ་ཀྱིས། །མ་ཟིན་ཐབས་ཀྱང་དེ་བཞིན་ནོ། །གཉིས་འཛོམ་མཁའ་ལྡིང་གཤོག་པ་འདྲ། །ཞེས་གསུངས་ངོ༌། །སྦྱངས་པའི་ལས་ཅན་ཀ་དྷ་པའི་ཞལ་སྔ་ནས། ཐབས་ཀྱི་གཞུ་ལ་ཤེས་རབ་མདའ། །མ་བྲལ་དད་པས་བསྐུལ་བ་ཡི། །བསོད་ནམས་ཡེ་ཤེས་ཚོགས་བསགས་པས། །དམ་པ་གཉིས་ནི་ཐོབ་པར་བྱེད། །ཅེས་གསུང་ངོ༌། །འགྱུ་པ་སྟོད་ལ་གནོན་པ་ཀ་མ་ལའི་ཞལ་སྔ་ནས། རིག་པ་སོར་བཞག་རྒྱལ་ས་འཛིན། །དར་མེད་རླུང་གིས་འཕྲོ་རྒོད་འདུལ། །ཤེས་པ་གཟེངས་སྨད་རྨ་བྱའི་མིག །དོན་གྱི་གནད་རིག་དེར་འཛིན་པས། །དམ་པ་གཉིས་ནི་ཐོབ་པར་བྱེད། །ཅེས་གསུང་ངོ༌། །ང་རྒྱལ་ལམ་དུ་སློང་བ་མོ་ཀུན་མ་སི་ཏ་མོའི་ཞལ་སྔ་ནས། མདུན་དུ་ཟུག་པས་རྩ་བ་ཟིན། །བླུག་པའི་ལྟ་སྟངས་རྐྱེན་མི་གཡོ། །མཐོང་


DTG053_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་རྨ་བྱས་གཞན་སྣང་འགགས། །ཤེས་པ་ཆིག་ཚུགས་མི་རྟོག་ལམ། །ཞེས་གསུང་ངོ༌། །བསོང་ནམས་ཀྱི་ཚོགས་ལམ་དུ་ཁྱེར་བའི་ཌཱ་ཀི་ས་ལའི་ཞལ་སྔ་ནས། རྡུལ་མེད་ཞབས་ལ་བསྙེན་བཀུར་བའི། །རྣམ་པར་སྨིན་པ་སྐར་མདའ་བཞིན། །མ་རིག་མུན་སེལ་སྤྲིན་བྲལ་ལམ། །དེར་ནི་དཔལ་གྱི་བེའུ་མཐོང༌། །ཞེས་གསུང་ངོ༌། །སྦྱོར་བའི་བརྩོན་འགྲུས་དང་ལྡན་པ་བྷ་རི་དྷ་རའི་ཞལ་སྔ་ནས། མཆོག་གི་ནོར་བུ་རིན་པོ་ཆེ། །ཡིད་ལ་དྲན་པ་ཙམ་གྱིས་ཀྱང༌། །འཁོར་པའི་རྒྱུན་ཆགས་རབ་བཅོམ་ནས། །བླ་མེད་བྱང་ཆུབ་ཐོབ་པར་བྱེད། །ཅེས་གསུང་ངོ༌། །འཁྲུལ་པ་རྐྱེན་ཐོག་ཏུ་གྲོལ་བ་བྷ་དོ་དེ་བའི་ཞལ་སྔ་ནས། རྟོག་པ་ཐུགས་ཕྲད་ཡུལ་མི་དམིགས། །ཤེས་པ་སོ་མས་འཁྲུལ་པ་སེལ། །རིག་པ་ཡུལ་རྗེས་མི་འབྲང་བའི། །ཆིག་ཆོད་ཡེ་ཤེས་སྐྱེ་པའི་རྟེན། །ཞེས་གསུང་ངོ༌། །མེ་ལོང་ལྟ་བུའི་ཡེ་ཤེས་ཁོང་དུ་ཆུད་པ་མོ་སོ་རི་སཾ་གྷ་པའི་ཞལ་སྔ་ནས། དྲན་སྣང་ཆིག་ཆོད་སོ་མའི་རྩལ། །འཁྲུལ་པའི་སྣང་བ་ཐུགས་ཕྲད་སེལ། །དམིགས་མེད་རྟེན་བྲལ་འཛིན་པའི་རྟེན། །རིག་པ་སོར་བཞག་རྒྱལ་ས་འཛིན། །ཞེས་གསུང་ངོ༌། །འདོད་པའི་བློ་ལོག་ཏནྡྷ་བའི་ཞལ་སྔ་ནས། སྒྲུབ་པ་འདོད་བློ་མི་ཞུགས་པའི། །དམིགས་མེད་འཁོར་གསུམ་དག་པའི་ལམ། །འབྲས་བུ་རེ་ལྟོས་བདུད་ཀྱི་ཡུལ། །མཆོག་དོན་སྤུ་རིས་མེད་པས་འགྲུབ། །ཅེས་གསུང་ངོ༌། །སྒྱུ་ལུས་ཀྱི་རྣལ་འབྱོར་མ་ཀུནྡྷ་ལིའི་ཞལ་སྔ་ནས། འཁྲུལ་འཁོར་ལས་དང་ཤིང་གི་མི། །བྱ་བ་རྣམས་ལ་འདོད་པ་མེད། །དེ་བཞིན་འདོད་པའི་བློ་བྲལ་བ། །འཛིན་མེད་སྐྱེས་པ་འཕགས་པའི་ལམ། །ཞེས་གསུང་ངོ༌། །ནམ་མཁའ་ལམ་དུ་འཁྱེར་བ་ཀུ་ཀུ་རི་པའི་ཞལ་སྔ་ནས། ནམ་མཁའི་བདུད་རྩི་བྱུང་བ་ཡིས། །གྲུབ་མཐའི་འདོད་པ་ཇི་སྙེད་ཚེམ། །མ་བཅོས་རྣལ་མའི་སྟེང་དུ་ནི། །རིག་པ་མདུང་ཚུགས་འཛིན་རྟོག་གྲོལ། །ཞེས་གསུངས་ངོ༌། །ཡོངས་སུ་མཐར་ཕྱིན་པའི་བརྩོན་འགྲུས་ཅན་བཛྲ་བི་མ་ལའི་ཞལ་སྔ་ནས། ཤེས་པ་ཐ་མལ་ཡུལ་མི་དམིགས། །གཉུག་མའི་ངོ་བོ་འཛིན་རྟོག་མེད། །ཞེན་མེད་རང་གྲོལ་ངོ་བོ་གཤིས། །རྣལ་འབྱོར་མ་ཡི་གཟིགས་མོ་ས། །ཞེས་གསུང་ངོ༌། །རྣལ་འབྱོར་པ་སུ་ཀ་དྷ་ནུའི་ཞལ་སྔ་ནས། འགྲོན་


DTG053_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྤྱན་གྱིས་དྲི་མེད་འཛིན། །སྣང་བག་ཅུང་ལ་བོར་བ་ཡིས། །རང་ཉིད་ཉམས་མྱོང་འགྱུར་མེད་གསལ། །ངོ་བོ་མཐོང་ཚེ་རང་སྣང་གྲོལ། །ཞེས་གསུང་ངོ༌། །འོད་གསལ་རང་ངོ་ཕྲད་པ་དྷརྨ་བྷ་དྲའི་ཞལ་སྔ་ནས། སེམས་ཉིད་འོད་གསལ་དངོས་བོའི་དོན། །རང་བཞིན་ངོ་བོས་སངས་རྒྱས་རྒྱུ། །དམིགས་མེད་གདོད་ནས་དག་པ་ཡི། །ཡེ་ཤེས་དེ་མཐོང་མ་རིག་སེལ། །ཞེས་གསུང་ངོ༌། །དུ་མ་རོ་གཅིག་གི་རྣལ་འབྱོར་པ་བྷ་ཏ་ལིའི་ཞལ་སྔ་ནས། ངོ་བོ་སྤྲོས་བྲལ་དྲི་མ་མེད། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཤེལ་གོང་འདམ་གྱིས་གོས་པ་བཞིན། །གློ་བུར་འཁྲུལ་པའི་རྟོག་པས་འགྲིབས། །ཞེས་གསུང་ངོ༌། །མཉམ་གཞག་དངས་པ་མ་ཏི་པའི་ཞལ་སྔ་ནས། སྙིང་གི་དབུས་སུ་དྲན་པའི་གླིང༌། །ཕ་ཝང་མིག་གིས་རབ་ཏུ་འཛིན། །ཡུལ་སྣང་མི་དམིགས་ཕྲ་རགས་འགགས། །མ་བཅོས་རང་ལུགས་སྤྲོས་བྲལ་ལམ། །ཞེས་གསུང་ངོ༌། །ཡོན་ཏན་མངོན་པར་གྲུབ་པའི་བསམ་གཏན་དང་ལྡན་པ་མ་ཨ་རེ་ཏ་ལའི་ཞལ་སྔ་ནས། ཀ་ར་ཎ་བཅིངས་ལྕགས་སྒྲོག་གིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །རྒྱལ་པོ་བརྩོན་དུ་བཟུང་བ་ཡིས། །འབངས་རྣམས་འཕྲ་བར་མི་ནུས་སོ། །ཞེས་གསུང་ངོ༌།། ཡུལ་སྣང་སྒྱུ་མར་ངོས་ཟིན་པ་ཨ་བྷི་ཏའི་ཞལ་སྔ་ནས། རུས་སྦལ་མིག་གིས་རྣམ་རྟོག་བཅད། །དེ་དུས་ཆོས་རྣམས་ནམ་མཁའི་དང༌། །རྗེས་ཐོབ་ཡུལ་སྣང་རང་བཞིན་མེད། །བདེན་མེད་མཐོང་བས་འཁྲུལ་པ་གྲོལ། །ཞེས་གསུང་ངོ༌། །ཏིང་འཛིན་ཟས་ཀྱིས་འཚོ་བའི་རྣལ་འབྱོར་མ་ཙཎྜ་བ་མ་ལའི་ཞལ་སྔ་ནས། གྱེན་གྱི་ལྟ་སྟངས་ཚངས་པའི་གསང༌། །དབང་པོ་རང་སྣང་ཕྱག་རྒྱ་ཆེ། །ཆོས་ཉིད་ངོ་བོ་ཐབས་ཀྱིས་ཟིན། །སྤྲོས་བྲལ་འཆར་བ་ཡི་གེའི་གནད། །ཅེས་གསུང་ངོ༌། །གཞན་དོན་ལ་བསྙེལ་བ་མི་མངའ་བ་ས་ཧ་ལའི་ཞལ་སྔ་ནས། ཕ་དང་མ་རུ་མ་གྱུར་པའི། །སྲིད་པ་གསུམ་ན་སེམས་ཅན་མེད། །བདེ་མེད་འཁོར་བར་གནས་པ་ལ། །སྙིང་རྗེ་མི་སྐྱེ་སྨྱོན་པ་ཡིན། །ཞེས་གསུང་ངོ༌། །བསྒྲུབ་པ་ལྷུར་འཛིན་མོ་རུ་རུ་སུ་ཀའི་ཞལ་སྔ་ནས། སྤྲོས་བྲལ་འཆར་བ་གསང་གི་གནད། །འཕགས་ལམ་གཞུང་ནི་བྱང་ཆུབ་སེམས། །


DTG053_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་ལྷུར་བླངས་རང་དོན་རྫོགས། །འདི་ལ་དངོས་གྲུབ་ཉེ་བར་གནས། །ཞེས་གསུང་ངོ༌། །རྩ་རླུང་ལས་སུ་རུང་བ་ནི་ལ་པའི་ཞལ་སྔ་ནས། དྲན་རྟོག་འོད་གསལ་ལ་བཅིངས་པས། །རང་རིག་ཡེ་ཤེས་ལྔ་ཡི་མདངས། །ས་ཆུ་མེ་རླུང་ནམ་མཁའ་ཡི། །སྣང་བ་རྒྱུ་ལམ་འབྲས་བུའི་རྟགས། །ཞེས་གསུང་ངོ༌། །མི་གཡོ་བའི་བསམ་གཏན་ཛྙཱ་ན་དྷ་རའི་ཞལ་སྔ་ནས། དངས་མའི་འོད་ཟེར་དུ་བར་སྣང༌། །སྨིག་རྒྱུ་ལྟར་སྣང་བདེ་བའི་འོད། །གསལ་བ་སྲིན་བུ་མེ་ཁྱེར་འོང༌། །མི་རྟོག་འོད་ཟེར་མཁའ་ལྟར་སྣང༌། །ཞེས་གསུང་ངོ༌། །དེ་ཁོ་ན་ཉིད་རབ་ཏུ་སྣང་དང་རྡོ་རྗེའི་མགུར་ལས་གསེར་གྱི་ཉི་མ་རྣམ་པར་སྣང་བ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།དབང་ཕྱུག་དམ་པའི་མངའ་བདག་ཨིནྡྲ་བྷུ་ཏིའི་ཞལ་སྔ་ནས། འདོད་ཆགས་ཀྱིས་ནི་བདེ་བ་འཛིན། །ཞེ་སྡང་གིས་ནི་གསལ་བ་སྦོར། །གཏི་མུག་གིས་ནི་མི་རྟོག་འབབས། །ང་རྒྱལ་ཕྲག་དོག་ཡོན་ཏན་རྒྱུ། །ཞེས་གསུང་ངོ༌། །ལྷའི་རྒྱལ་པོ་དེ་བ་ར་མིའི་ཞལ་སྔ་ནས། གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །ཞིང་ལ་འབྲུ་རྣམས་སྐྱེད་པར་བྱེད། །དེ་བཞིན་རྣལ་འབྱོར་རྒྱུད་ལ་ནི། །ཉོན་མོངས་ཀྱིས་ནི་ཡེ་ཤེས་འཕེལ། །སྣང་བ་རང་གྲོལ་དེ་ལྟོས་དང༌། །ཞེས་གསུང་ངོ། །གསང་སྤྱོད་མཐར་ཕྱིན་མེ་གོ་བའི་ཞལ་སྔ་ནས། མཆོག་གི་དངོས་གྲུབ་སྦས་པའི་ལམ། །མ་གསངས་བགེགས་ཆེན་སྐྱེ་བར་འགྱུར། །གང་འདིར་མངོན་སུམ་མེད་པའི་གཟུགས། །རྟོགས་པ་གོང་དུ་འཕེལ་བར་འགྱུར། །ཞེས་གསུང་ངོ༌། །ཉིན་མཚན་མེད་པ་ཅེ་སྤྱང་གི་སྤྱོད་པ་ཅན་ཨ་ནུ་ཤྲིའི་ཞལ་སྔ་ནས། ལྷ་ཡི་ཐིག་ལེ་མ་བསྟན་པར། །ཕྱག་རྒྱའི་འོད་ཟེར་ཕྱིར་མི་སྤྲོ། །རིགས་ངན་གདོལ་པའི་སྤྱོད་ལམ་གྱིས། །བདུད་རྩི་འཐུངས་ན་བཅུད་དུ་འགྱུར། །ཞེས་གསུང་ངོ༌། །ན་བ་ལ་རྟོག་བ་ཤར་བཀོད་ཏ་རི་ཏོག་ཙེ་པའི་ཞལ་སྔ་ནས། རྟོག་པ་སྤང་བར་མི་བྱའོ། །མི་མཐུན་ལམ་དུ་བསླང་བ་ཡིས། །འགལ་བའི་རྐྱེན་རྣམས་གྲོགས་སུ་འཆར། །ཐབས་འདིས་གཉེན་པོའི་བྱ་བ་སྟོར། །ཞེས་གསུང་ངོ༌། །ཨེ་ཝཾ་གི་གླུ་ལེན་པ་དེ་བ་སུ་ཁའི་ཞལ་སྔ་ནས། ཇི་ལྟར་ནགས་ལ་མཆེད་པའི་མེ། །རླུང་གས་རབ་ཏུ་སྦོར་བ་ལྟར། །བརྟན་པ་ཐོབ་པའི་རྣལ་འབྱོར་ལ།།


DTG053_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚེ་རྐྱེན་ངན་གྲོགས་སུ་འགྱུར། །ཞེས་གསུང་ངོ༌། །སེམས་ཅན་དོན་བྱེད་ཀྱི་བསམ་གཏན་དང་ལྡན་པ་དྷ་ར་ནིའི་ཞལ་སྔ་ནས། ཡིད་ཀྱི་ཡུལ་དུ་གྱུར་པ་ཡི། །བློ་སྣང་རི་མོ་སུ་བས་པའི་རྗེས། །དྲན་བས་མ་གོས་སྤུ་རིས་བྲལ། །དངས་མའི་ཡེ་ཤེས་འཆར་བའི་ས། །ཞེས་གསུང་ངོ༌། །དུས་སྐད་ཅིག་མས་འདས་པར་རྟོགས་པ་ཤར་བ་ཛའ་ལནྡྷ་རའི་ཞལ་སྔ་ནས། མི་རྟོག་སྤྲོས་བྲལ་འདུས་མ་བྱས། །རང་བཞིན་མེད་པས་སྐྱེ་འགག་བྲལ། །གཉིས་སྣང་གྲོལ་བའི་དེ་ཉིད་ནི། །གཉུག་མ་ལྷན་ཅིག་སྐྱེས་པའི་དང༌། །ཞེས་གསུང་ངོ༌། །དགའ་བའི་མདངས་ལྡན་མ་བི་ཀ་སུ་རའི་ཞལ་སྔ་ནས། མ་བཅོས་ཤེས་རབ་འབྱུང་བའི་ས། །གཉིས་སྣང་རྐྱེན་དང་བྲལ་བའི་དབུས། །མཚན་མ་རང་སར་གྲོལ་བ་དེ། །དྲན་བརྗེད་མཚམས་སུ་མ་བུ་ཕྲད། །ཅེས་གསུང་ངོ༌། །བྱ་བའི་རྣལ་འབྱོར་པ་རཱ་ཧུ་ལའི་ཞལ་སྔ་ནས། དངོས་རྣམས་སྒྱུ་མའི་རང་བཞིན་ཏེ། །ཕུག་ཁྲུས་ཚེ་འདིའི་མངོན་ཞེན་བཟློག །བདེན་འཛིན་གྲོལ་བ་འཁྲུལ་ལམ་ཆད། །དེས་ནི་ཡེ་ཤེས་འབར་བར་བྱེད། །ཅེས་གསུང་ངོ༌། །ཕྲག་དོག་ལམ་དུ་སློང་བ་མོ་ཛ་ཀི་རིའི་ཞལ་སྔ་ནས། ངལ་བ་དོན་མེད་ཚེ་འདིའི་ཆེད། །རྩོལ་སྒྲུབ་ཚི་ཆད་སྡུག་བསྔལ་རྒྱུ། །དོན་དམ་སྤྱོད་ལམ་མ་སྤངས་པའི། །འཁྲུལ་པ་བཟློག་པར་མི་འགྱུར་རོ། །ཞེས་གསུང་ངོ༌། །འཆིང་བ་ལས་གྲོལ་བ་དྷརྨ་པའི་ཞལ་སྔ་ནས། ཆོས་རྣམས་ངོ་བོ་གཞི་རྩ་བྲལ། །གཉུག་མ་རང་ངོ་རྟོག་པ་ཡིས། །འདམ་གྱིས་མ་གོས་དངས་པའི་དང༌། །གནས་ལུགས་སྣང་སྟོང་རྐྱེན་དང་བྲལ། །ཅེས་གསུང་ངོ༌། །ཐོས་པ་ཤེས་རབ་ཅན་ཛོ་ཀི་ཨ་ལིང་གི་ཞལ་སྔ་ནས། སྣ་ཚོགས་རང་བཞིན་མེད་པའི་གཤིས། །དེར་ནི་གཞི་ལམ་འབྲས་གསུམ་མཉམ། །སྣང་བ་མེད་པའི་ཆོས་ཉིད་ནི། །དེ་ནི་སྣང་བ་རང་གིས་བསྟན། །ཞེས་གསུང་ངོ༌། །ཐུགས་རྗེའི་རྒྱན་དང་ལྡན་པ་གསེར་གླིང་པའི་ཞལ་སྔ་ནས། འདོད་པའི་འབྲས་བུ་སྟེར་བ་ཡི། །ཡིད་བཞིན་ནོར་འདྲ་བྱང་ཆུབ་སེམས། །སངས་རྒྱས་མ་བཅོས་ལྷུན་གྲུབ་སྐུ། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་གསུང་ངོ༌། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ་པདྨ་བི་མ་ལའི་ཞལ་སྔ་ནས། རྟོགས་པའི་བུམ་པ་བཟང་པོ་ནས། །ཆེད་འཛིན་རྩོལ་བ་མ་བྱས་པའི། །ཆོས་ཀྱི་སྐུ་དང་གཟུགས་སྐུ་གཉིས། །རང་གཞན་དོན་དུ་དང་གིས་འབྱུང༌། །ཞེས་གསུང་ངོ༌། །དྲན་པ་སོ་ལ་འཇོག་པ་དྷོ་ཀ་རི་པའི་ཞལ་སྔ་ནས། རྐྱེན་ཕྱིར་མི་འབྲང་ཚངས་པའི་སྤྱན། །


DTG053_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ་སོར་གཞག་དེར་འཛིན་བྲལ། །ཡེངས་པའི་ཤེས་པས་ཡུལ་མི་འཛིན། །ཀ་ར་ཎ་བཅིངས་བདེ་བའི་སྟན། །ཞེས་གསུང་ངོ༌། །འོད་གསལ་གྱི་རྣལ་འབྱོར་མ་ཀརྨ་སིདྡྷིའི་ཞལ་སྔ་ནས། འཇིག་རྟེན་གསུམ་བདག་གྱེན་ལ་བལྟ། །རྡོ་རྗེ་གཙུག་ཏོར་སྤྲོས་བྲལ་དང༌། །དྲི་མ་མེད་པའི་ཕྱག་རྒྱ་ཆེ། །དབང་པོ་རང་སྣང་དེར་ལྟོས་དང༌། །ཞེས་གསུང་ངོ༌། །རྒྱུད་རྣམ་པ་བཞི་ཡིས་གྲོལ་བས་ག་ཛའི་ཞལ་སྔ་ནས། ཐོས་པས་གྲོལ་བ་ཚིག་གི་གནད། །མཐོང་བས་ཆོག་པ་དོང་ཡི་གནད། །འདྲ་མན་མ་ཞུགས་སེང་གེའི་གསང༌། །རུ་ཏྲའི་སེལ་མེད་སྨིན་རྗེས་གྲོལ། །ཞེས་གསུང་ངོ༌། །བསམ་པའི་ཤེས་པ་ཅན་ས་ལི་ཏ་སུ་ཀའི་ཞལ་སྔ་ནས། སྣང་ལ་རང་བཞིན་མེད་པའི་སྒྲ། །སྙིང་ལ་ཞེན་པ་འཁྲུལ་པ་འཇིག །སྒྱུ་མའི་མཚང་རིག་བདེན་འཛིན་བྲལ། །གསེར་ལ་ར་མེད་འདོད་དགུར་བསྒྱུར། །ཞེས་གསུང་ངོ༌། །གྲུབ་ཆེན་བརྒྱད་ལྡན་མེ་དི་ནིའི་ཞལ་སྔ་ནས། བྱས་པ་དོན་མེད་སྡུག་བསྔལ་གྱི། །ཁུར་བོར་བདེ་འདོད་ཐར་པའི་ལམ། །སྒྲུབ་པ་ནན་ཏན་དངོས་གྲུབ་རྒྱུ། །ཡུན་དུ་བསྲིངས་ན་མངོན་དུ་འགྱུར། །ཞེས་གསུང་ངོ༌། །དག་རྣམ་པར་དབེན་པའི་རྣལ་འབྱོར་མ་ཨ་ནུ་ཀི་རིའི་ཞལ་སྔ་ནས། །རྩོལ་སྒྲུབ་མི་ཆད་འབྲས་བུ་སྟོར། །ཆུ་ལ་ཐུག་སྲུབ་ཐོན་མི་བྱ། །གསེར་མཚོན་མཐོང་བའི་ས་ལ་ནི། །ངལ་དུང་སྤངས་ན་མངོན་དུ་འགྱུར། །ཞེས་གསུང་ངོ༌། །རྟོགས་པའི་ཡེ་ཤེས་དབང་ཉམས་ལས་ཤར་བ་གྷ་དྷ་པའི་ཞལ་སྔ་ནས། མ་བཅོས་ཟླ་བ་ཚེས་པའི་སྤྱན། །རྣམ་པའི་ལྟ་སྟངས་སྤྲོས་དང་བྲལ། །འཇམ་པའི་རླུང་གཟུང་གཉུག་མའི་དང༌། །ཡེ་ཤེས་རྒྱུད་ལ་འཆར་བར་བྱེད། །ཅེས་གསུང་ངོ༌། །བདེ་ཆེན་ཟུང་འཇུག་གི་རྣལ་འབྱོར་མ་སུ་ནི་དྷ་རིའི་ཞལ་སྔ་ནས། ཞུན་ཐར་འབྱོངས་པས་འཕྲོ་རྒོད་འདུལ། །དེས་ནི་དངས་གསལ་དྲི་མེད་འཛིན། །ཕྲ་རགས་མི་མཐོང་ཟླ་ཚེས་མིག །ཡུལ་སྣང་མ་གཟིགས་འཛིན་རྟོག་བྲལ། །ཞེས་གསུང་ངོ༌། །བདེན་པ་གཟིགས་པ་ཨ་ཛུ་བའི་ཞལ་སྔ་ནས། བླ་མས་ངོ་སྤྲད་གཉུག་མའི་དོན། །རྒྱུད་ལ་འཇུག་པ་བྱིན་རླབས་མཐུ། །རྟོགས་ན་ཡོན་ཏན་ཀུན་གྱི་གཞི། །འདི་ཡིས་ལམ་འཁོར་ལོས་བསྟུང༌། །ཞེས་གསུང་ངོ༌། །བསྒོམ་པའི་


DTG053_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཤྲཱི་ཨ་པ་ཀའི་ཞལ་སྔ་ནས། ཁྱུད་ནི་མ་ཡི་མེ་དྲོད་ཀྱིས། །ཤིན་ཏུ་སྒོ་ང་རྒྱས་བར་བྱེད། །དབུགས་ཀྱང་རྒྱ་ལས་གྲོལ་ལ་ཁད། །བྱ་ཕྲུག་ནམ་འཕང་གཅོད་པར་འགྱུར། །ཞེས་གསུང་ངོ༌། །རྟོག་པ་མཁའ་འགྲོ་བརྡ་ལས་བྱུང་བ་ཀམྤ་ལའི་ཞལ་སྔ་ནས། ཇི་ལྟར་དྲ་བ་དབང་པོའི་གཞུ། །མཁའ་ལ་ཤར་པ་འབྱུང་བའི་དངས། །སྣང་ལ་རང་བཞིན་མེད་པའི་བདག །འདི་ཡིས་ཆོས་རྣམས་རང་མཚན་བསྟན། །ཞེས་གསུང་ངོ༌། །སེམས་ལ་དབང་ཐོབ་པའི་རྣལ་འབྱོར་མ་བྷི་ནུ་ཀ་རིའི་ཞལ་སྔ་ནས། སྣ་ཚོགས་སྣང་བ་དངོས་པོའི་ཆོས། །རང་གི་ངོ་བོ་རྣམ་པར་དབེན། །ཇི་ལྟར་ཆུ་སྣང་ཟླ་བ་བཞིན། །ཁོང་དུ་ཆུད་པས་འཁྲུལ་པ་འཇིག །ཅེས་གསུངས་ངོ༌། །ལྟ་སྟངས་ལམ་དུ་ཁྱེར་བ་ཀུནྡྷ་རིའི་ཞལ་སྔ་ནས། རྣོ་དར་ཆགས་པ་ཁྱབ་འཇུག་མིག །རྐྱེན་ལ་གཟིགས་པ་གཉིས་སྣང་འཇོམས། །ཡུལ་སྣང་མ་མཐོང་ནམ་མཁའི་དབྱིངས། །དེར་འཛིན་གྲོལ་བས་སྤྲོས་དང་བྲལ། །ཞེས་གསུང་ངོ༌། །སྣང་བ་སྒྱུ་མར་འབྱོངས་པ་ལེགས་སྨིན་ཀ་རའི་ཞལ་སྔ་ནས། ཀུ་མའི་རི་ཡི་རྣམ་པ་ལ། །མི་གཉིས་མཚུངས་པར་བསྣོལ་མར་བལྟ། །སྟེང་དང་འོག་གི་རྣམ་པ་ནི། །དེ་དུས་གང་ཡང་མཐོང་མི་འགྱུར། །ཞེས་གསུང་ངོ༌། །ཐོས་པས་མཐའ་ཆོད་པ་ཀཥ་ནའི་ཞལ་སྔ་ནས། ངེས་པའི་དོན་མཐོང་སྒྲོ་འདོགས་ཆོད། །མོས་གུས་ཕྱིན་ཅི་མ་ལོག་པའི། །བློ་ལ་ཁམས་རྣམས་དང་གིས་འདུ། །གཅིག་ལ་ཡོན་ཏན་ཀུན་མཐའ་ཡས། །ཞེས་གསུང་ངོ༌། །རང་གི་སྐྱོན་གཅུད་བ་ལ་མཁས་པ་མོ་སུ་ཀ་བྷི་རུའི་ཞལ་སྔ་ནས། ཐོས་དང་སྒོམ་དང་བསམ་པའི་མཐའ། །རིག་པ་སྙེམས་དང་བྲལ་བས་འབད། །དེ་ཡི་རྒྱུ་ནི་ཡིད་ཆེས་ཏེ། །རྩ་བ་མོས་གུས་མཆོག་ལས་བྱུང༌། །ཞེས་གསུང་ངོ༌། །རང་གནས་ཀྱི་ཡེ་ཤེས་ངོས་ཟིན་པ་ཀུ་ལི་པའི་ཞལ་སྔ་ནས། སོར་བཞག་དུས་གསུམ་ཆིག་ཆོད་ཀྱི། །སྣང་ཕྱིར་མི་འབྲད་དུས་གསུམ་གྲོལ། །རྣལ་མའི་རང་ཁང་སྤྲོས་བྲལ་འཛིན། །མ་བཅོས་པ་ནི་ཆོས་ཀྱི་སྐུ། །ཞེས་གསུང་ངོ༌། །ཆེད་དུ་མི་འཛིན་སྨྱོན་མ་ལྟ་བུའི་རྣལ་འབྱོར་མ་ཛཉཱ་ན་བྷི་ནུའི་ཞལ་སྔ་ནས། རྨ་བྱ་རྒྱ་རུ་ཆུད་པ་བཞིན། །རིག་


DTG053_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོ་ལ་བཞག་པ་ཡིས། །བདེ་བ་གསལ་བ་སྒྲོག་ཏུ་འཇུག །རྣམ་རྟོག་རླུང་གིས་བསྐྱོད་མི་འགྱུར། །ཞེས་གསུང་ངོ༌། །རྟོགས་པའི་ཡེ་ཤེས་དབང་ཉམས་ལ་ཤར་བ་ཛ་ཡིནྟའི་ཞལ་སྔ་ནས། མ་ཡེངས་རིག་པ་དྲན་པའི་རྩིས། །སྤྱོད་འགྲོས་བཞི་ལ་བཟུང་བ་ཡིས། །བདེན་པ་ཟད་པ་དོན་གྱི་གསང༌། །མཐོང་པས་འཁྲུལ་པ་ཡུལ་ལ་འཇིག །ཅེས་གསུང་ངོ༌། །ཀ་ཀི་དུང་འབུད་མ་ཨ་ཨུ་ད་རའི་ཞལ་སྔ་ནས། མཆོག་དོན་དྲན་པ་ལ་མ་ཆགས། །ཡེངས་པའི་སེམས་ལ་དེ་ཉིད་སྟོང༌། །གང་ལ་རང་བཞིན་མེད་པ་ཡི། །མཚང་བརྗེད་འཁྲུལ་པའི་དྲི་མ་འགོ། ཞེས་གསུང་ངོ༌། །རྟོག་པ་གླེགས་བམ་བལྟས་པ་ལ་ཤར་བ་རྩ་བ་རིའི་ཞལ་སྔ་ནས། ཡི་གེ་བཞི་ཡིས་བཀའ་རྒྱུད་ཁྲོལ། །ཐུབ་པའི་སྤྱོད་ལམ་རྣམ་གསུམ་གྱིས། །བདེ་གཤེགས་ལུང་གི་རྒྱུད་པ་ཟིན། །གནད་རིག་གསང་བའི་གཏེར་མཛོད་བརྟོལ། །ཞེས་གསུང་ངོ༌། །སེམས་འཇུག་པར་བྱེད་པ་ལ་མཁས་པ་མོ་ཀུ་ལ་ཙཎྜའི་ཞལ་སྔ་ནས། བདག་མེད་དོན་མཐོང་ཡུལ་ངོས་དེར། །ཆོས་རྣམས་མ་ལུས་ཟད་པའི་ས། །རིག་བྱེད་འཛིན་པ་བྲམ་ཟེའི་བུ། །གསང་ཚིག་ཕ་ཡི་གསུང་ལས་རྙེད། །ཅེས་གསུང་ངོ༌། །ཕྲ་རགས་བཅད་པ་ཙམ་པ་ཀའི་ཞལ་སྔ་ནས་རྩ་དང་རླུང་དང་རིག་བྱེད་གསུམ། །ཤེས་པ་ལུང་ཁྱེར་སྤྲོས་བྲལ་གྱིས། །སྟེང་དུ་བཅིངས་པ་གསང་གི་གནད། །བཤིག་རྗེས་བདེ་གསལ་མི་རྟོག་འཆར། །ཞེས་གསུངས་ངོ༌། །སྙིང་རྗེའི་མདངས་ལྡན་མ་ཤྲཱི་སིདྡྷིའི་ཞལ་སྔ་ནས། བདེ་དང་སྟོང་བ་གསལ་བའི་ཉམས། །རྟོག་པའི་གཡོ་འགུལ་ལས་གྲོལ་བ། །རིག་པ་ཆིག་ཚུགས་ལམ་ཁྱེར་གྱིས། །ལྟ་སྟངས་དོར་ཤུལ་སྤྲོས་བྲལ་དང༌། །ཞེས་གསུང་ངོ༌། །འགྲོ་རྣམས་གཟིགས་བ་རི་རིའི་ཞལ་སྔ་ནས། གཉིས་མེད་གཉིས་སུ་སྣང་བ་ཡི། །བློ་དེ་འཁྲུལ་པའི་སྣང་བ་དེ། །འདི་ཡིས་སྲིད་པའི་ཉིང་མཚམས་སྦྱོར། །སྣང་བ་རང་གྲོལ་དེ་ལྟོས་དང༌། །ཞེས་གསུང་ངོ༌། །ཟུང་འཇུག་གི་རྣལ་འབྱོར་མ་དྷ་རི་སུ་ཁའི་ཞལ་སྔ་ནས། མ་དག་དྲི་མ་ཅན་གྱི་བློ། །ཉ་ཕྱིས་འོད་ཀྱི་སྣང་བ་ལ། །དངུལ་འཛིན་ཤེས་པ་སྐྱེས་པའི་ཚེ། །ཉ་ཕྱིས་དངུལ་གྱིས་སྟོང་པར་བྱོས།།ཞེས་གསུང་ངོ༌། །


DTG053_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་རབ་ཏུ་སྣང་བ་རྡོ་རྗེའི་མགུར་ལས་ཡེ་ཤེས་ཀྱི་མདངས་རྣམ་པར་དངས་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །།སྤུ་རིས་ཡིད་ལ་མི་བྱེད་གཏུམ་མ་ལའི་ཞལ་སྔ་ནས། ཡུལ་གྱིས་མ་བསླད་སོ་མའི་རང༌། །མཛོད་སྤུའི་བར་ན་དབང་པོ་དངས། །སྣང་བ་རང་གྲོལ་ཡི་གེ་མིག །འདི་ཡིས་ཡིད་ལ་བྱེད་པ་འཇིག །ཅེས་གསུང་ངོ༌། །མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཐབས་ལ་མཁས་པ་མེ་ཏི་ཏའི་ཞལ་སྔ་ནས། ཡུལ་གྱི་གསལ་ཆ་མ་འགགས་ལ། །ཤེས་པ་དེར་འཛིན་བྲལ་བ་ཅན། །རྟོག་པའི་འཕེན་ལས་རྣམ་གྲོལ་བ། །སྨིན་མའི་མཚམས་ན་རབ་ཏུ་གནས། །ཞེས་གསུང་ངོ༌། །སྣང་བ་དཔེ་ཆར་ཤར་བ་མེ་ཁ་ལའི་ཞལ་སྔ་ནས། ལམ་ལ་གང་འཕེན་རྟེན་འབྲེལ་འགྲོས། །འདི་ལ་གདམ་ངག་ཡུལ་གྱིས་སྟོན། །ཚོགས་དྲུག་དཔེ་ཆར་ཤར་བ་ཡི། །རྟོགས་པའི་རྐྱེན་བསྐུལ་སྣང་བས་བྱེད། །ཅེས་གསུང་ངོ༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པ་མོ་བྷི་མ་ལ་སི་ཏིའི་ཞལ་སྔ་ནས། ལམ་གྱི་གྲོགས་སུ་འགྱུར་བ་ནི། །གཅིག་ཏུ་ངས་པ་མ་ཡིན་ཏེ། །རྟོག་པའི་རྟེན་དུ་གང་གྱུར་པ། །དེ་ནི་ལས་ཀྱི་ཕྱག་རྒྱ་ཡིན། །ཞེས་གསུང་ངོ༌།། དམིགས་མེད་ཉམས་སུ་མྱོང་བ་ཀ་ལི་པའི་ཞལ་སྔ་ནས། མཉམ་གཞག་མི་བསྐྱར་བཤིག་རྗེས་བལྟ། །དམིགས་བྲལ་ཤེས་པ་འཛིན་ལས་གྲོལ། །དེ་ཚེ་དུས་ཀྱི་རྗེས་མི་འབྲང༌། །རྣམ་རྟོག་ཆོས་ཉིད་དང་དུ་གྲོལ། །ཞེས་གསུང་ངོ༌། །གཏི་མུག་ལམ་སློངས་པ་མོ་བྷ་ལ་ཏའི་ཞལ། སྔ་ནས། བྱིང་རྒོད་བྱ་རས་མ་སླེབས་པའི། །གསལ་དངས་ཕྱེད་པའི་འཕྲོ་ལ་བཤིག །རྗེས་སྲོང་བ་ནི་བསྒོམ་གྱི་གནང༌། །འདི་ཡིས་ཕྲ་རགས་དྲི་མ་སེལ། །ཞེས་གསུང་ངོ༌། །བརྡ་ལ་གོ་བ་ལོངས་པ་ཀ་ན་པའི་ཞལ་སྔ་ནས། རྩ་བ་རང་དོ་བརྡ་ཡིས་རྟོགས། །ངེས་པ་བླ་མའི་གསུང་ལས་སྐྱེས། །དོན་མཐོང་བས་ནི་སྒྲོ་འདོགས་ཆོད། །མཁའ་འགྲོ་མཐུ་ཡིས་བར་ཆོད་སེལ། །ཞེས་གསུང་ངོ༌། །རང་གི་ཚིག་རྒྱུན་དུ་བྱེད་པའི་སྨོན་ལམ་ལ་གནས་པ་མོ་མོ་ཧ་རི་སུ་ཀའི་ཞལ་སྔ་ནས། ཡང་དག་དོན་ལ་ཡི་གེ་མེད། །སྨྲ་བསམ་བརྗོད་པའི་ཡུལ་ལས་


DTG053_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །བླ་མའི་བརྡ་ཐབས་ཆེ་བ་ཡིས། །རྟགས་པའི་འཆར་སྒོ་འབྱེད་པར་འགྱུར། །ཞེས་གསུང་ངོ༌། །རྟོག་པ་གྲུ་བཟོ་ལ་མཁས་པ་ཀནྟི་པའི་ཞལ་སྔ་ནས། དམིགས་པ་མ་བཅོས་བློ་རྟེན་ཞིག །མཚན་མ་རང་གྲོལ་སྒོམ་དང་བྲལ། །འཛིན་མེད་སྤྲོས་བྲལ་རྣམ་རྟོག་ནུབ། །ཉམས་ལེན་གྲོལ་བས་གྲོལ་བ་ཐོབ། །ཅེས་གསུང་ངོ༌། །སེམས་རྣམ་བར་དབེན་པའི་རྣལ་འབྱོར་མ་ཤཱི་མ་ནུ་རའི་ཞལ་སྔ་ནས། བློ་རྟོགས་མ་ཞུགས་ཐ་མལ་གྱི། །ཤེས་པ་དེ་ཉིད་གཉུག་མ་ཡི། །རང་ཁ་བཅོས་བསླད་དང་བྲལ་བ། །བསམ་དུ་མེད་དོ་སྒོམ་དང་བྲལ། །ཞེས་གསུང་ངོ༌། །རང་རིག་བློ་རྟེན་དང་བྲལ་བ་དའུ་བ་རིའི་ཞལ་སྔ་ནས། ཆོས་རྣམས་གཞི་ཡིས་སྟོང་པའི་སར། །ཤེས་པ་ཡུལ་མེད་བློ་རྟེན་ཤིག །དབྱིངས་དེར་རྟོག་པའི་རྩ་བ་བྲ། །ཡིད་ལ་མི་བྱེད་རྩོལ་ལས་འདས། །ཞེས་གསུངས་ངོ༌། །གཉིས་མེད་ཡེ་ཤེས་ཀྱི་རྣལ་འབྱོར་མ་ཀཾ་ཀ་དྷ་རིའི་ཞལ་སྔ་ནས། ཐོག་མ་ཐ་མ་དབུས་མི་དམིགས། །རིག་པ་མཁའ་ལྡིང་རྟེན་མི་འཚོལ། །རྩ་བྲལ་ནམ་མཁའི་རྗེས་ཐོབ་ཅན། །བསམ་མེད་ཉམས་མྱོང་དམིགས་དང་བྲལ། །ཞེས་གསུང་ངོ༌། །རྣམ་རྟོག་གཞི་མེད་དུ་མཐོང་བ་ཨུ་ཏི་བའི་ཞལ་སྔ་ནས། ཆོས་རྣམས་གཞི་མེད་སྐྱེ་འགག་གྲོལ། །རྟོག་བྲལ་བློ་ཡིས་མ་གོས་པ། །དྲི་མེད་མཚན་མ་རང་སར་དངས། །རིག་པ་གཅེར་བུ་དེ་ལྟོས་དང༌། །ཞེས་གསུང་ངོ༌། །སེམས་ཀྱི་དོན་དང་རྗེས་སུ་འབྲལ་པར་བྱེད་པའི་ཡེ་ཤེས་ཀྱི་མཛོད་འཛིན་མ་ཤྲཱི་སི་སུ་བའི་ཞལ་སྔ་ནས། རིག་པ་བསྒྲིམས་ནས་གློད་པ་ཡི། །དང་དེར་ཕྲ་རགས་རྟོག་པ་ཡལ། །སྤུ་རིས་མེད་པ་དྲན་མེད་དབྱིངས། །དྲི་མེད་ཡེ་ཤེས་འཆར་བའི་ས། །ཞེས་གསུང་ངོ༌། །གཉུག་མ་སྲངས་སུ་ཆུང་པ་ཀམྦ་ལའི་ཞལ་སྔ་ནས། ཡུལ་གྱི་གསལ་ཆ་མ་འགགས་པའི། །ཤེས་པ་དེར་འཛིན་བྲལ་བའི་གནས། །རྟོག་པའི་ཡལ་ས་སྣ་ཡི་རྩེ། །མ་ཡེངས་སྲངས་དེར་ཡེ་ཤེས་འཆང༌། །ཞེས་གསུང་ངོ༌། །སྨོན་ལམ་ལ་གནས་པ་མོ་ན་རུ་ཏའི་ཤལ་སྔ་ནས། མ་སྐྱེས་པ་ལ་འཆི་བ་མེད། །ཆོས་རྣམས་རང་གི་ངོ་བོས་དབེན། །མ་དྲན་པ་ལ་བརྗེད་པ་མེད། །བློ་ཡིས་


DTG053_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་གྲོལ་ཡིད་བྱེད་བྲལ། །ཞེས་གསུང་ངོ༌། །ངོ་སྤྲད་གནད་ལ་ཕོག་པ་དྷ་ཀ་རིའི་ཞལ་སྔ་ནས། ཡིད་ལ་མི་བྱེད་གཉུག་མའི་ལམ། །སྤུ་རིས་མ་དམིགས་རྟོག་པ་ཆད། །བློ་རྟེན་དྲི་མ་སྙིང་ལ་དག །རྣམ་རྟོག་ཆོས་ཉིད་ངང་དུ་གྲོལ། །ཞེས་གསུང་ངོ༌། །ཆོས་བརྒྱད་དང་བྲལ་བ་མོ་ཤྲཱི་དྷ་ནིའི་ཞལ་སྔ་ནས། སྣ་ཚོགས་ཡུལ་སྣང་གཞི་མེད་དུ། །ཕུག་ཁྲུས་འཁྲུལ་པ་ཡུལ་ལས་ལྡོག །ཡེངས་མེད་ནམ་མཁའ་མདུང་ཚུགས་ཀྱི། །སྲངས་དེར་རྟོག་པ་སྐྱེ་ལམ་ཆད། །ཞེས་གསུང་ངོ༌། །རྟོག་པའི་དྲི་མ་དག་པ་ས་པ་ཀ་ར་པའི་ཞལ་སྔ་ནས། རྟོག་བ་གྲོལ་བའི་རྗེས་ཐོབ་ནི། །ཡིད་ཀྱི་སྤུ་རིས་ངོས་གཟུང་བྲལ། །དམིགས་མེད་དང་དེར་བློ་མཐའ་གྲོལ། །གཉུག་མ་ངོས་གཟུང་མེད་པར་སངས། །ཞེས་གསུང་ངོ༌། །འཁྲུལ་པའི་སྒྲོག་གྲོལ་བ་མོ་སུ་ཁ་སིདྡྷིའི་ཞལ་སྔ་ནས། །ཚོགས་དྲུག་ཡུལ་དུ་མ་སྤྱད་པའི། །དྲན་མེད་མྱ་ངན་འདས་པའི་ལམ། །རྣམ་པར་མི་རྟོག་ཆོས་ཀྱི་དབྱིངས། །ཡིད་དང་བྲལ་བས་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །ཆགས་སྡང་གྲོལ་བ་སརྦ་བྷ་ག་ལའི་ཞལ་སྔ་ནས། གཟུང་འཛིན་ལམ་གྱི་ས་བོན་གྱི། །དེ་ཉིད་སྐྱེ་བ་མེད་པའི་ངང༌། །ཆོས་རྣམས་རྩ་བྲལ་གཞི་ཡིས་སྟོང༌། །གཉིས་སྣང་གྲོལ་བས་འཁོར་འདས་མེད། །ཅེས་གསུང་ངོ༌། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་སྨོན་ལམ་ལ་གནས་པ་མོ་བཛྲ་ཧ་ལུའི་ཞལ་སྔ་ནས། རིག་པ་བསྒྲིམས་ནས་ཀློད་པ་ཡིས། །དད་དེར་ཡིད་འཕམ་སེམས་ངལ་སོས། །རྟོག་པ་ཆོས་ཉིད་ངང་དུ་གྲོལ། །དེ་ཡིས་ཡེ་ཤེས་ལྔ་རྫོགས་བྱེད། །ཅེས་གསུང་ངོ༌། །གདམས་པ་ལྷ་ལ་གསན་པ་ཀམྤ་ལའི་ཞལ་སྔ་ནས། རྣམ་པར་རྟོག་པའི་རང་བཞིན་ནི། །ངོ་བོ་ཆོས་སྐུར་གྲོལ་གྱུར་ཀྱང༌། །སྐྱེ་བོས་མཐོང་བར་མི་འགྱུར་རོ། །རང་གསལ་ཐབས་ཀྱིས་ཆོད་པ་ནི། །བླ་མ་དུས་ཐབས་བསྟེན་པར་རིག །ཅེས་གསུང་ངོ༌། །རྟོག་བྲལ་རོའི་སྤྱོད་པ་ཅན་པུ་ཏྲ་ལིའི་ཞལ་སྔ་ནས། འཇིག་རྟེན་བདེ་སྡུག་སྐྱེས་པའི་རྒྱུ། །དེ་ནི་ལས་ཡིན་སེམས་ལ་བསགས། །དེ་ཡི་ངོ་བོ་ཡིད་ཀྱི་ལས། །རིག་པ་སེམས་ཉིད་གདོད་ནས་དག །ཅེས་གསུང་ངོ༌། །ལས་


DTG053_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ས་བོན་བསྲེགས་པ་སུ་ཀ་ཏོའི་ཞལ་སྔ་ནས། ཡེངས་ན་གནས་པའི་བར་དུ་ནི། །རིག་པ་སོ་ཟིན་དྲན་པ་འཁྱིམ་། །ངོ་བོ་འཛིན་རྟོག་ལས་གྲོལ་བ། །བློ་ཡི་སྣང་བ་གཞི་རྩ་བྲལ། །ཞེས་གསུང་ངོ༌། །ཧ་ཧ་ཧའི་གད་རྒྱངས་ཅན་ཨ་ཧ་རའི་ཞལ་སྔ་ནས། འཁོར་བ་སྤངས་པའི་ཕ་རོལ་ན། །མྱ་ངན་འདས་པ་ཡོད་མ་ཡིན། །འཁོར་བ་རང་བཞིན་མེད་པ་ཡི། །མཚང་དེ་མྱ་ངན་འདས་པའོ། །ཞེས་གསུང་ངོ༌། །འགྲོ་བ་ཐུགས་རྗེས་འཛིན་པ་ནཱ་ག་བོ་དྷིའི་ཞལ་སྔ་ནས། ངོ་བོ་ཅི་ཡང་སྣང་བ་སྟེ། །རང་བཞིན་ཅིར་ཡང་མ་ཡིན་ནོ། །མཚན་ཉིད་གཞི་རྩ་བྲལ་བ་ཅན། །སྐྱེ་མེད་ངོ་བོ་ཉིད་ལྟོས་དང༌། །ཞེས་གསུང་ངོ༌། །ལས་དང་འཇུག་པའི་སྟོབས་དང་ལྡན་པ་མོ་ཤྲཱི་སིདྡྷིའི་ཞལ་སྔ་ནས། དྲན་ནས་བརྗེད་པའི་མཚམས་དེ་ན། །བློ་དང་བྲལ་བའི་ཡེ་ཤེས་གནས། །རྐྱེན་བྲལ་དབུས་ན་རབ་ཏུ་འགིང་། །དེ་མཐོང་ན་ནི་གྲོལ་བར་འགྱུར། །ཞེས་གསུང་ངོ༌། །བདེན་འཛིན་མི་བརྟེན་མ་དབང་ནའི་ཞལ་སྔ་ནས། ཡུལ་སྣང་དཀར་དམར་སྣ་ཚོགས་ལ། རྐྱེན་གྱིས་སྣང་བའི་དུས་ཉིད་དུ། །སྐྱེ་བ་མེད་དང་བྲལ་བ་ཡིན། །བདེན་པ་ཟད་པ་མིག་གིས་སྟོང༌། །ཞེས་གསུང་ངོ༌། །ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་དྷ་རི་སུ་ཁའི་ཞལ་སྔ་ནས། དངོས་པོ་གཅིག་ལ་ཐ་དད་དུ། །སྣང་བའི་ནད་ཀས་དངོས་པོའི་ཆོས། །སེམས་ལས་ཕྱིས་གྱུར་ཕ་རོལ་ན། །དོན་དེ་ཡོད་པ་མ་ཡིན་ནོ། །ཞེས་གསུང་ངོ༌། །བློའི་མཐའ་གྲོལ་བར་ཏ་ནའི་ཞལ་སྔ་ནས། མ་སྐྱེས་དངོས་གཞི་རྩ་བ་བྲལ། །གཞི་མེད་བློ་འདས་དེ་ཁོ་ན། །དྲན་མེད་དབྱིངས་ན་གནས་པ་ནི། །དངས་མ་རྐྱེན་གྱིས་བསླད་མི་བྱ། །ཞེས་གསུང་ངོ༌། །ཉོན་མོངས་པ་མི་སྡུད་པར་བྱེད་པའི་སྟོབས་དང་ལྡན་པ་མོ་ཏ་དི་ལའི་ཞལ་སྔ་ནས། ཚོགས་དྲུག་ཇི་ལྟར་ཤར་གྱུར་ཀྱང༌། །བདེན་འཛིན་བཅད་པས་བག་མི་ཆགས། །འཁྲུལ་པའི་རྒྱུ་གྲོལ་ལས་མི་སོག །འཁོར་བ་རང་སར་གྲོལ་བར་འགྱུར། །ཞེས་གསུང་ངོ༌། །དཔའ་བོ་རྡོ་རྗེ་ཨ་ཀ་རའི་ཞལ་སྔ་ནས། འཁོར་བར་སྐྱེ་བའི་རྒྱུ་དེ་ལས། །དེ་ནི་ཉོན་མོངས་པས་བསྐྱེད་དེ། །ཉོན་མོངས་ཡིད་ཡིན་གཞི་རྩ་བྲལ། །དེ་མཐོང་སྲིད་པའི་འཁོར་ལོ་འཇིག །ཅེས་གསུང་ངོ༌། །


DTG053_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་འཕྲུལ་གྱི་འོད་དང་ལྡན་པ་མོ་ཤྲཱི་པ་ར་ནའི་ཞལ་སྔ་ནས། སྐྱེ་མེད་ངང་ལ་སྣ་ཚོགས་ཤར། །ཤར་པ་དེ་ཉིད་སྐྱེ་མེད་ལས། །མ་འདས་ཆུ་དང་འཁྱག་པ་བཞིན། །དབྱེར་མེད་རྟོགས་ན་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །སྣང་བའི་རང་མཚན་གཟིགས་པ་ལ་ལནྟ་ལི་ཞལ་སྔ་ནས། གཟུགས་ནི་གཟུགས་ཀྱིས་སྟོང་པ་སྟེ། །རང་བཞིན་མེད་པའི་ཆོས་རྣམས་ལ། །འཁོར་བ་དང་ནི་མྱ་ངན་འདས། །རྨི་ལམ་དུ་ཡང་མ་མཐོང་ངོ༌། །ཞེས་གསུང་ངོ༌། །མི་རྟོག་པའི་ཡེ་ཤེས་དང་ལྡན་པ་མོ་ཏ་པ་ས་རིའི་ཞལ་སྔ་ནས། མ་དང་སྲིད་མོ་བུ་མོ་ཡི། །ཐ་དད་སྒོ་ནས་བོས་པའི་མིང༌། །འགྲོ་བ་བཟང་མོའི་ངོ་བོ་ལས། །མ་གྱུར་པ་ནི་ངོ་མཚར་ཡུལ། །ཞེས་གསུང་ངོ༌། །རྩོལ་བ་དང་བྲལ་བ་ས་མུ་དྲའི་ཞལ་སྔ་ནས། །མཐུན་འཇུག་བཀྲོལ་བའི་རྗེས་དེ་ལ། །སྣང་བ་རྩ་བྲེལ་མཚན་མ་གྲོལ། །འཛིན་མེད་རང་གི་བློ་རྟེན་ཞིག །མ་བྱས་ཤེས་པ་དེ་ལྟོས་ཤིག །ཅེས་གསུང་ངོ༌། །བདུད་དང་གཞན་སྨྲ་བར་བྱེད་པས་མི་ཚུགས་པའི་སྟོབས་དང་ལྡན་པ་མོ་བི་མ་སི་ཏའི་ཞལ་སྔ་ནས། འཇིག་རྟེན་སྣ་ཚོགས་ལས་ལས་བྱུང༌། །སྣ་ཚོགས་རང་གི་ངོ་བོས་སྟོང༌། །རྒྱ་མཚོ་ནང་གི་གཟའ་སྐར་བཞིན། །བདེན་པར་འཛིན་པ་འཁྲུལ་པའི་བློ། །ཞེས་གསུང་ངོ༌། །ཆོས་རྣམས་རང་བཞིན་མེད་པར་ཤེས་པ་བྱ་ཏྲི་པའི་ཞལ་སྔ་ནས། ཉམས་སུ་མྱོང་བས་ངོས་གཟུང་བྲལ། །སེམས་ཉིད་རྩ་བྲལ་དེར་ངོས་ཟིན། །སྣ་ཚོགས་སྣང་ལ་རང་བཞིན་མེད། །ཆོས་རྣམས་གཞི་མེད་དེར་ངོས་ཟིན། །ཞེས་གསུང་ངོ༌། །རྣམ་པར་རྟོག་པ་འབིགས་པའི་ཡེ་ཤེས་དང་ལྡན་པ་མོ་རཏྣ་སིདྡྷིའི་ཞལ་སྔ་ནས། གཟུགས་ནི་དྲི་ཟའི་གྲོང་ཁྱེར་འདྲ། །སྒྲ་རྣམས་བྲག་ཅའི་རྣམ་པ་ཅན། །ཡིད་ནི་རྨི་ལམ་འཕར་མ་བཞིན། །རང་བཞིན་གང་ཡང་མ་མཐོང་ངོ༌། །ཞེས་གསུང་ངོ༌། །ཐབས་ལས་མི་འདའ་བའི་ཡེ་ཤེས་ཅན་ཛྙཱ་ན་ཀ་རའི་ཞལ་སྔ་ནས། དམིགས་པས་བཟུང་བ་ཡིད་ཀྱི་ལས། །བཤིག་པས་དངས་མ་གསལ་བར་འགྱུར། །དཔེར་ན་འཕྲུལ་གྱི་མེ་ལོང་བཞིན། །བློ་འཛིན་དྲི་མ་བསྟེན་མི་བྱ། །ཞེས་གསུང་ངོ༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་གྱིས་


DTG053_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པའི་རྣལ་འབྱོར་མ་དེ་བ་ས་རིའི་ཞལ་སྔ་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །གང་གི་རྒྱུད་ལ་སྐྱེས་པའི་ཚེ། །ཉམས་སུ་མྱོང་བ་བརྗོད་མི་ནུས། །བརྡ་ཡིས་མཚོན་པ་ཐབས་ཀྱི་གནད། །ཅེས་གསུང་ངོ༌། །ཡེ་ཤེས་ཀྱི་མཛོད་འཛིན་མ་སི་ར་ནུ་སའི་ཞལ་སྔ་ནས། རིག་པ་བསྒྲིམས་ནས་ཀློང་པ་ཡི། །དང་དེར་ཕྲ་རགས་རྟོག་པ་ཡལ། །སྤུ་རིས་མེད་པ་དྲན་མེད་དབྱིངས། །དྲི་མེད་ཡེ་ཤེས་འབར་བའི་ས། །ཞེས་གསུང་ངོ༌། །དཔལ་གྱི་མཛོད་འཛིན་མ་ར་སི་ནིའི་ཞལ་སྔ་ནས། གཉུག་མ་རྒྱུད་ལ་སྐྱེས་པ་ཡི། །ཤེས་པ་འདི་འདྲ་བརྗོད་མི་ཤེས། །ཆོས་རྣམས་ངོ་བོས་དབེན་པ་ཡིས། །གཤིས་དེ་བློ་ཡི་ཡུལ་མ་ཡིན། །ཞེས་གསུང་ངོ༌། །དེ་ཁོ་ན་ཉིད་རབ་ཏུ་སྣང་བ་རྡོ་རྗེའི་མགུར་ལས་གཉུག་མ་རང་གི་ངོ་བོ་གཟིགས་པ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།འཇིག་རྟེན་གྱི་བྱ་བ་བཏང་ཞིང་རྒྱལ་རིགས་དམན་པའི་ས་བཟུང་བ་དཱ་རི་ཀའི་ཞལ་སྔ་ནས། འདི་ལྟར་འདི་ལ་སེམས་གནས་པ། །དེ་ནི་མཉམ་པར་གཞག་པའོ། །བློ་ལྡན་དཔའ་བོས་འདུས་བྱས་དང༌། །འདུས་མ་བྱས་ཀྱི་གནད་ལ་བལྟ། །ཞེས་གསུང་ངོ༌། །ཐུགས་རྗེའི་དཔལ་ལྡན་ལི་ཏ་པུ་ཀིའི་ཞལ་སྔ་ནས། ཀྱེ་མ་མཚན་མའི་འདུ་ཤེས་ནི། །བཤིག་ནས་མཚན་མེད་ལ་གནས་ན། །དེ་ཡིས་ཆོས་རྣམས་མ་ལུས་པ། །སྟོང་པ་རབ་ཏུ་ཤེས་པར་འགྱུར། །ཞེས་གསུང་ངོ༌། །འཇིག་རྟེན་གྱི་བྱ་བ་གནས་སུ་བཏང་བ་ཨུ་ན་ལ་ནའི་ཞལ་སྔ་ནས། གདོད་ནས་མ་སྐྱེས་རང་གི་སེམས། །འོད་གསལ་བ་ཡི་རང་བཞིན་ཅན། །ཀྱེ་མ་དོན་དམ་བྱང་ཆུབ་སེམས། །ནམ་མཁའ་དང་མཚུངས་འདུས་མ་བྱས། །ཞེས་གསུང་ངོ༌། །བདེ་བའི་འབྱུང་གནས་མ་ཤྲཱི་ལ་ལི་ཏའི་ཞལ་སྔ་ནས། སྒྱུ་མའི་རྟ་དང་གླང་པོ་ལྟར། །སྣང་བའི་དུས་ན་ངོ་བོས་སྟོང༌། །ཀྱེ་མ་རྣམ་རྟོག་གིས་བརྟགས་པའི། །ཞེན་ཡུལ་དེ་ཉིད་གཞི་ཡིས་སྟོང༌། །ཞེས་གསུང་ངོ༌། །སྒྲོལ་མའི་བྱིན་རླབས་ཞུགས་པ་ཀམྤ་ལའི་ཞལ་སྔ་ནས། དང་པོ་ཤེས་བྱ་རྣམ་རྟོག་ཏུ། །མ་ཤེས་འཁོར་བ་སྟོང་མི་འགྱུར། །ངོ་བོ་གཞི་མེད་རྩ་བ་བྲལ། །འདི་ལ་རང་བཞིན་ཡོད་མ་ཡིན། །ཞེས་གསུང་ངོ༌། །དད་པའི་སྟོབས་མ་སུ་ཀ་རཏྣའི་


DTG053_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྔ་ནས། ཆུ་ཤིང་གི་ནི་སྙིང་པོ་བཞིན། །ཆོས་རྣམས་སྙིང་པོ་མེད་པ་ཅན། །བདག་མེད་རྟོགས་པ་དོན་གྱི་མཆོག །དེ་མཐོང་སྲིད་པ་ཧྲུ་ལ་པོར་བྱེད། །ཅེས་གསུང་ངོ༌། །བརྡལ་ཤེས་རབ་ཀྱི་མིག་ཕྱེ་བ་ཀ་ན་ཡེ་ན་པའི་ཞལ་སྔ་ནས། ཀྱེ་མ་རང་བཞིན་མ་བཅོས་པའི། །ཤེས་པ་རང་རྐྱ་མི་འགྱུར་རོ། །མ་བྱས་ཤེས་པ་སོ་མ་ནི། །གཉེན་པོ་མ་བྲལ་ལྷུག་པར་གནས། །ཞེས་གསུང་ངོ༌། །རྒྱ་མཚོའི་མདངས་ལེན་མ་ཛྙཱ་ན་སིདྡྷིའི་ཞལ་སྔ་ནས། ཤེས་པ་རྟེན་མེད་བདག་པོ་བྲལ། །གཅེར་བུ་བློ་ཡིས་མ་གོས་པ། །ཤེས་པ་རང་ཁ་སྐྱེ་འགག་གྲོལ། །རྟོག་པས་མ་གོས་དྲི་མ་མེད། །ཅེས་གསུང་ངོ༌། །རྟོག་པ་ཕྱག་རྒྱ་མ་ལ་ཤར་པ་ཨ་ནནྟའི་ཞལ་སྔ་ནས། ཆོས་རྣམས་རང་བཞིན་དངོས་མེད་ལ། །དོན་དེ་བྱིས་པས་མི་ཤེས་པས། །རང་བཞིན་སྐྱེ་བ་མེད་པའི་བདག །བླ་མའི་གསུང་ལས་ངེས་མཐོང་འགྱུར། །ཞེས་གསུང་ངོ༌། །དཔལ་གྱི་འོད་ཟེར་ཛམྦྷ་ལའི་ཞལ་སྔ་ནས། སྐྱེ་མེད་མཚན་མའི་དངོས་པོ་ཡིས། །འདུ་ཤེས་རྣམ་པར་གྲོལ་འགྱུར་ན། །ཕྱི་དང་ནང་གི་སྐྱེ་མཆེད་ལ། །ཀུན་དུ་སྤྱོད་པར་མི་འགྱུར་རོ། །ཞེས་གསུང་ངོ༌། །དབང་ལ་རྟོག་པ་ཤར་པ་ཨུ་ཏི་ཀུ་པ་ཏིའི་ཞལ་སྔ་ནས། གཟུགས་དང་ཚོར་བ་འདུ་ཤེས་དང༌། །འདུ་བྱེད་རྣམ་པར་ཤེས་པ་ནི། །རང་གི་ངོ་བོས་རྣམ་པར་དབེན། །གཞི་མེད་རྩ་བྲལ་དེ་ལྟོས་དང༌། །བདེན་པ་རང་འཛིན་གཞི་ལ་འཇིག །ཅེས་གསུང་ངོ༌། །ཤེས་རབ་འབྱུང་གནས་མ་ཤྲཱི་དུ་ཀ་རིའི་ཞལ་སྔ་ནས། གློ་བུར་རྐྱེན་ལས་སྐྱེས་པ་ཡི། །དྲན་རིག་རྟོག་པ་བདེན་པ་སྟོང༌། །འགྲོ་འོང་མེད་པའི་འོད་གསལ་ལ། །འདི་ལ་འཁོར་འདས་ཡོད་རེ་སྐན། །ཞེས་གསུང་ངོ༌། །བདག་མེད་མས་བྱིན་གྱིས་བརླབས་པ་ས་ག་ལ་བའི་ཞལ་སྔ་ནས། དཔལ་ལྡན་ཐུགས་ཀྱི་དཀྱིལ་འཁོར་གྱི། །ཡེ་ཤེས་མེ་ལོང་དེ་ལྟོས་དང༌། །འདས་དང་མ་འོངས་ད་ལྟར་གྱི། །ཆོས་རྣམས་སྟོང་པར་གསལ་བར་འགྱུར། །ཞེས་གསུང་ངོ༌། །བདེ་བའི་སྟོབས་དང་ལྡན་མ་སིངྒ་སིང་ངའི་ཞལ་སྔ་ནས། ཀྱེ་མ་ཡོངས་སུ་སྐྱོ་བའི་ཡིད། །མ་སྐྱེས་བླ་མེད་མཆོག་གི་ལམ། །རྙེད་པར་གྱུར་པ་མ་ཡིན་པས། །འཁོར་བ་ལས་ནི་ཡིད་དཔྱང་བྱ། །ཞེས་


DTG053_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངོ༌། །ཁར་ས་པཱ་ཎི་ལ་བསྐོར་བ་བྱས་པས་དབུགས་ཕྱིན་པ་ན་རི་པའི་ཞལ་སྔ་ནས། བླ་མའི་བརྡ་ལས་ངེས་རྙེད་པས། །དེས་ནི་ཆོས་རྣམས་སྟོང་པར་རིག །བྱིས་པས་མེད་པའི་ཆོས་ལ་རྟོག །དེས་ནི་ལས་ལས་གྲོལ་མི་འགྱུར། །ཞེས་གསུང་ངོ༌། །འགྲོ་བའི་དུག་སེལ་མ་དྷརྨ་ལང་གེའི་ཞལ་སྔ་ནས། དངོས་པོ་ཡི་ནི་མཚང་རིག་པས། །དངོས་མེད་ཡོངས་སུ་ཤེས་པར་འགྱུར། །ཆོས་རྣམས་སྒྱུ་མའི་རང་བཞིན་ལས། །མ་འདས་བདེན་པར་འཛིན་པས་འཁྲུལ། །ཞེས་གསུང་ངོ༌། །འོད་གསལ་ནང་ཕྲད་པ་ཙནྟི་བའི་ཞལ་སྔ་ནས། འོད་གསལ་འགྲོ་འོང་མེད་པ་ཡི། །བསམ་མེད་སྒོམ་དང་བྲལ་བ་ནི། །གཉུག་མ་སྲངས་སུ་ཆུད་པ་ལས། །འཆར་འགྱུར་གཞན་གྱི་སྤྱོད་ཡུལ་མིན། །ཞེས་གསུང་ངོ༌། །ནོར་བུའི་སྤྱན་ལྡན་མ་བྷ་ར་ཨ་ར་ལིའི་ཞལ་སྔ་ནས། སྣ་རྩེར་ཡིད་བཅིངས་གནད་ཀྱི་གསང༌། །མ་ཡེངས་མི་རྟོག་སྐྱེ་བའི་ས། །ཀ་ར་ཎ་ཡིས་བདེ་རླུང་བཟུང༌། །བདེ་ཆེན་ཐིག་ལེ་གནས་པར་བྱེད། །ཅེས་གསུང་ངོ༌། །ཟག་མེད་བདེ་བ་ལ་རྒྱལ་བ་ཤྲཱི་ཀྵུ་ཏིའི་ཞལ་སྔ་ནས། བསྐལ་པ་གངྒཱའི་བྱེ་སྙེད་དུ། །གསེར་གྱི་རྒྱལ་བའི་མཆོད་པ་གུས། །བླ་མའི་བ་སྤུ་ཁུང་གཅིག་ལ། །སྐུ་མ་ཉེད་སོང་ལ་ཁྱད་པར་འཕགས། །ཞེས་གསུང་ངོ༌། །ཐུགས་རྗེའི་འོད་ཟེར་ཅན་སུ་ཀ་དྷ་ནའི་ཞལ་སྔ་ནས། བསོད་ནམས་ཏིལ་དང་རི་རབ་ཁྱད། །སུ་ཞིག་ཐར་པའི་གྲོང་མཆོག་འདོད། །བླ་མ་གཙུག་ཏུ་བཀུར་བར་བྱ། །འདི་བརྗེད་མཆོག་གི་དངོས་གྲུབ་ཡལ། །ཞེས་གསུང་ངོ༌། །མ་རིག་སྒོ་ངའི་སྦུབས་འབྱེད་པའི་ཨ་ལི་པའི་ཞལ་སྔ་ནས། སྣང་བ་གཟུགས་ཀྱི་ངོ་བོས་སྟོང༌། །ཆོས་རྣམས་སྒྱུ་མར་བློ་ཐག་བཅད། །བདེན་འཛིན་རྒྱུད་ལ་བརྟེན་མི་བྱ། །གྲུབ་མཐའི་ལྟ་བ་འདོད་པ་སྤང༌། །ཞེས་གསུང་ངོ༌། །བརྩོན་འགྲུས་ཀྱི་སྟོབས་ལྡན་མ་རི་དྷ་རུའི་ཞལ་སྔ་ནས། གང་ལ་མངོན་པར་ཞེན་པ་ཡི། །བློ་དེ་ཐོང་ཅིག་བདུད་ཡིན་ནོ། །གཉིས་སྣང་ཤེས་པ་གྲོལ་གྱུར་ན། །འཁྲུལ་པ་ཆོས་ཉིད་དང་དུ་དངས། །ཞེས་གསུང་ངོ༌། །བརྡ་ལས་དོན་མཐོང་བས་འཁྲུལ་པའི་སྒྲོག་བཅད་པ་སུ་ཏ་ལ་ལི་པའི་ཞལ་སྔ་ནས། ཉོན་མོངས་གཉེན་པོར་མ་སོང་བའི། །ཆོས་ཀྱིས་སངས་ལམ་རྙེད་མ་ཡིན། །ཀྱེ་མ་རྒྱུད་དང་མ་འབྲེལ་པའི། །ལྟ་


DTG053_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མིང་ཡིན་ཅི་ཕྱིར་རུང༌། །ཞེས་གསུང་ངོ༌། །བསོད་ནམས་ཀྱི་རྒྱན་ལྡན་སུ་རི་ཀ་རིའི་ཞལ་སྔ་ནས། མ་བཅོས་རྣལ་མའི་ཐིག་ལེ་ནི། །སྙིང་ལ་བརྟེན་ནས་འཁྲུལ་པ་འཇིག །ཤེས་པ་རྐྱེན་གྱིས་མི་བསླད་དོ། །ཡུལ་གྱི་རྗེས་སུ་འབྲངས་གྱུར་ན། །ཁྲོ་བོའི་རིག་པ་རྟེན་པར་བྱེད། །ཅེས་གསུང་ངོ༌། །དུར་ཁྲོད་ཀྱི་ཀེང་རུས་མཐོང་བ་ལ་རྟོག་པ་ཤར་བ་ཀུམྤ་རི་པའི་ཞལ་སྔ་ནས། ཇི་ལྟར་ལྷ་དབང་བརྒྱ་བྱིན་གྱི། །མིང་དེ་གང་ལ་འོངས་བཙལ་ཀྱང༌། །ཕྱོགས་རྣམས་ཀུན་ནས་མི་རྙེད་ལྟར། །ལུས་ལ་བདག་ཀྱང་དེ་བཞིན་ནོ། །ཞེས་གསུང་ངོ༌། །ཟབ་མོ་དཔལ་གྱི་འོད་ལྡན་མའི་ཞལ་སྔ་ནས། རྨི་ལམ་དུ་ཡང་ཡོད་པ་རུ། །མ་མཐོང་བཙལ་བས་མ་རྙེད་པ། །བྱང་ཆུབ་ལམ་ཡིན་བརྟག་པར་རིགས། །བདག་མེད་སྒོམ་དང་རྣལ་འབྱོར་པ། །ཞེས་གསུང་ངོ༌། །སེམས་ལ་དབང་ཐོབ་པ་ཁ་དྷ་ག་ག་ཏི་པའི་ཞལ་སྔ་ནས། འོད་གསལ་དངོས་མེད་ངོ་བོས་སྟོང༌། །ཆོས་དབྱིངས་ཡེ་ཤེས་དེ་ལྟོས་དང༌། །སྟོང་ཉིད་རིག་པའི་རང་བཞིན་དུ། །འདུག་པ་ནུས་པའི་རྩལ་ཡིན་ཏེ། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་གསུང་ངོ༌། །ཐར་པའི་ལམ་སྟོན་མ་ཛྙཱ་ན་བཛྲའི་ཞལ་སྔ་ནས། མེ་ལོང་ལྟ་བུའི་ཡེ་ཤེས་ཟུང༌། །རིག་དང་སྟོང་པ་གཉིས་མེད་ལས། །མ་འདས་པ་ཉིད་ཡེ་ཤེས་ཡིན། །གསལ་བ་སོ་སོར་རྟོག་པ་ལ། །རྩལ་ནི་བྱ་བ་གྲུབ་པའོ། །ཞེས་གསུང་ངོ༌། །རྩ་རླུང་ལས་སུ་རུང་བ་དབེན་པ་ཨི་ལ་པའི་ཞལ་སྔ་ནས། ཆོས་རྣམས་རང་བཞིན་ངོ་བོས་སྟོང༌། །གང་གིས་རྨི་ལམ་ལྟ་བུར་ཤེས། །དེ་ལ་འཆིང་བ་མཐའ་དག་བྲལ། །སྐྱེ་དང་འཆི་བ་མི་མཐོང་ངོ༌། །ཞེས་གསུང་ངོ༌། །རྟོག་པའི་དཔལ་དང་ལྡན་པ་མ་བ་སུ་དྷ་རིའི་ཞལ་སྔ་ནས། སྟོང་པ་དག་ཀྱང་མ་མཐོང་བའི། །མིག་དེས་དངོས་པོའི་གནས་ཐབས་མཐོང༌། །འཁྲུལ་སྣང་དག་པའི་དུས་དེར་ནི། །སྐུ་གསུམ་ཞིང་ཁམས་འཆར་བར་འགྱུར། །ཞེས་གསུང་ངོ༌། །གནས་ངན་ལེན་དང་བྲལ་བ་ཀེ་དུ་ཨ་ལ་པའི་ཞལ་ནས། ཇི་ལྟར་དེད་དཔོན་རྒྱ་མཚོ་ལས། །མ་ཕྱིན་གླིང་དོན་མི་འགྲུབ་ལྟར། །འཁོར་བའི་བློ་སྣ་མ་ལོག་པར། །ཐར་པའི་ལམ་རྙེད་མ་ཡིན་ནོ། །ཞེས་གསུང་ངོ༌།།


DTG053_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པའི་འབྱུང་གནས་མ་སུ་ཁ་ཀུ་ལེའི་ཞལ་སྔ་ནས། བྱིས་པ་ཚེ་འདི་མིག་བལྟས་ནས། །འཇིག་རྟེན་ཆེ་ཐབས་བསྒྲུབ་པ་ནི། །ཕྱི་མ་རྣམ་སྨིན་སོག་པའི་རྒྱུ། །རང་མགོ་རང་གིས་འཚོགས་པར་བས། །ཞེས་གསུང་ངོ༌། །རྟོག་པ་ཁྱད་པར་འཕགས་པ་ག་ན་པའི་ཞལ་སྔ་ནས། ཆོས་རྣམས་དངོས་པོ་མེད་པ་ཡི། །ངོ་བོ་ཉིད་ཀྱི་ཡེ་ཤེས་ནི། །གདོད་མ་ནས་ནི་རང་བཞིན་གྱིས། །རྣམ་པར་དག་པའི་རང་བཞིན་ཅན། །ཞེས་གསུང་ངོ༌། །དཔའ་མོ་བློ་གྲོས་བཟང་མོ་བྷ་ག་དྷ་རིའི་ཞལ་སྔ་ནས། མ་སྐྱེས་མི་འགག་ཡི་གེ་མེད། །མཚན་མ་མེད་ཅིང་མཚན་ཉིད་མེད། །རྗེས་སུ་མི་མཐོང་མི་དམིགས་པ། །ཡང་དག་རྫོགས་པའི་བྱང་ཆུབ་མཐོང༌། །ཞེས་གསུང་ངོ༌། །བསགས་སྦྱངས་སྔོན་དུ་སོང་བའི་རྟེན་ལས་འཕྲོ་ཅན་ཙ་དུར་ཀི་པའི་ཞལ་སྔ་ནས། སྣང་སྟོང་སྐྱེ་བ་མེད་པ་ཡིས། །རྐྱེན་དང་བྲལ་བའི་ཤེས་པ་ནི། །བློས་མ་བྱས་ཀྱི་རང་ཁ་སྟེ། །མ་བཅོས་རྣལ་མ་སྤྲོས་དང་བྲལ། །ཞེས་གསུང་ངོ༌། །པདྨ་འོད་ལྡན་མ་སུ་དྷ་རའི་ཞལ་སྔ་ནས། འདི་ལ་རྟག་དང་ཆང་ལ་སོགས། །གྲུབ་མཐའི་ལྟ་བས་རེག་མི་ནུས། །བློ་འདས་སྨྲ་བསམ་ཡུལ་མ་ཡིན། །ཡི་གེས་སྟོང་བས་མིང་ལས་གྲོལ། །ཞེས་གསུང་ངོ༌། །མཐོང་ལམ་ཡེ་ཤེས་རྒྱུད་ལ་ཤར་བའི་མན་པའི་ཞལ་སྔ་ནས། ཆོས་རྣམས་དངོས་པོ་མེད་པ་ལས། །བྱུང་བ་ངོ་མཚར་རྨད་ཀྱི་ཆོས། །ལྟོས་དང་སྐལ་ལྡན་རིགས་ཀྱི་བུ། །མཐོང་ན་མཆོག་གི་སྐལ་བར་ལྡན། །ཅེས་གསུང་ངོ༌། །བདེ་བའི་འདོད་འཛོམ་ཤྲཱི་ས་བ་རིའི་ཞལ་སྔ་ནས། ངེས་པར་ཡང་དག་བརྟན་གྱུར་པ། །འདི་ནི་ལམ་གྱི་དམ་པ་སྟེ། །སྤངས་པ་མཐར་ཐུག་སངས་རྒྱས་ཀྱི། །ཡེ་ཤེས་བླ་མེད་ཡོངས་རྫོགས་བྱེད། །ཅེས་གསུང་ངོ༌། །མ་དད་པའི་སྣང་བ་སྒྱུར་ནུས་པ་ཀ་ན་ཀུ་ན་པའི་ཞལ་སྔ་ནས། སྐྱེ་བོ་འཁྲུལ་པའི་ངོ་གང་ལ། །འཁོར་བ་རང་རྒྱུད་པ་རུ་སྣང༌། །དེ་ནི་འཕགས་པའི་སྣང་བ་ལ། །སྒྱུ་མ་ཙམ་དུ་རབ་ཏུ་གཟིགས། །ཞེས་གསུང་ངོ༌། །བཟང་མོ་དགེ་བའི་འོད་ལྡན་མ་སུ་ཁ་དྷ་རིའི་ཞལ་སྔ་ནས། རྣལ་འབྱོར་པ་ཡི་སྣང་བ་ལ། །བདེན་བརྫུན་གཉིས་སྣང་གྲོལ་བ་ཡིས། །འཁོར་


DTG053_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཐོང་པར་མི་འགྱུར་ཏེ། །གཟོད་ནས་ཞི་ཞིང་དག་པའི་དབྱིངས། །ཞེས་གསུང་ངོ༌། །གཉིད་ཀྱི་སྒྲིབ་པ་དག་པ་ཨང་ཙིང་པའི་ཞལ་སྔ་ནས། མཁའ་ལ་ཟླ་བ་ཆུ་ནང་དུ། །ནམ་དུ་ཡང་ནི་འཕོས་པ་མེད། །ཆུ་ཟླ་རང་གི་ངོ་བོས་སྟོང༌། །ཆོས་རྣམས་དེར། ཤེས་འཁྲུལ་པ་འཇིག །ཅེས་གསུང་ངོ༌། །རིག་པའི་རྒྱལ་མོ་ཨ་སུ་དྷ་ལའི་ཞལ་སྔ་ནས། ཡོད་པ་དང་ནི་མེད་པ་ཡི། །བློ་འཛིན་དེ་ནི་དྲི་མ་སྟེ། །རྣལ་འབྱོར་མཐའ་གཉིས་རྣམ་སྤངས་ལ། །དབུས་ལ་གནས་པར་མི་བྱའོ། །ཞེས་གསུང་ངོ༌། །དེ་ཁོ་ན་ཉིད་རབ་ཏུ་སྣང་བ་རྡོ་རྗེའི་མགུར་ལས་སྙིང་གི་མེ་ལོང་རྣམ་པར་དག་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །།དྲོད་ཀྱི་ཡེ་ཤེས་ཐོབ་པ་བོ་དྷི་པི་པའི་ཞལ་སྔ་ནས། སྐྱེ་བོ་འཁྲུལ་པ་མ་ཁེགས་པས། །གཟུང་འཛིན་གཉིས་སུ་ལྟ་བའོ། །སེམས་བྱུང་དེ་ཡི་ཁམས་ཀྱིས་ནི། །མཚན་ཉིད་གཟུང་བས་ལོག་རྟོག་ཁེགས། །ཞེས་གསུང་ངོ༌། །ཤེས་རབ་ཀྱི་སྟོབས་ལྡན་མ་དྷི་རི་དྷ་ལའི་ཞལ་སྔ་ནས། རྟོག་པས་གཟུང་བས་སྐྱེ་མཆེད་ཀྱི། སྒོ་དབྱེ་དབང་པོ་རྣམ་ལྔ་ཤར། །དེ་ཡིས་ཡུལ་ལ་ཞུགས་གྱུར་པས། །དུག་ལྔ་སྐྱེས་ནས་ལས་བསགས་པས། །སྲིད་པའི་འཁོར་ལོ་གྲུབ་པར་བྱས། །ཞེས་གསུང་ངོ༌། །འཇིགས་པ་ལྔ་དང་བྲལ་བ་སེང་གེ་བའི་ཞལ་སྔ་ནས། ཇི་ལྟར་མུན་པའི་རྒྱ་རུམ་ནི། །སྣང་བྱེད་ཉི་མས་བསལ་བ་ལྟར། །སྤྲོས་མེད་ལྷན་ཅིག་སྐྱེས་པ་ཡིས། །དང་དེར་ཆོས་རྣམས་དག་པར་འགྱུར། །ཞེས་གསུང་ངོ༌། །བྱིན་རླབས་ཀྱི་དཔལ་ལྡན་མ་སུ་ཀ་ཏའི་ཞལ་སྔ་ནས། ཆུ་འཛིན་དག་ནི་ནམ་མཁའ་ལ། །དངས་ཚེ་གུད་ན་ཡིབ་མིན་ལྟར། །མཚན་མ་རང་སར་གྲོལ་བ་ཡི། །དབྱིངས་ན་འཁོར་བ་ཡོད་མ་ཡིན། །ཞེས་གསུང་ངོ༌། །གཉིས་འཛིན་མདུད་པ་ཁྲོལ་བ་ཀི་ལ་ལ་ཀིའི་ཞལ་སྔ་ནས། བདག་ཏུ་འཛིན་པ་འཁོར་བའི་རྒྱུ། །བདག་འཛིན་ཉོན་མོངས་ཞིང་ཡིན་ཏེ། །བདག་འཛིན་ལས་ཀྱི་ས་བོན་ནོ། །བདག་ཏུ་འཛིན་པ་འཁྲུལ་པའི་ལམ། །ཞེས་གསུང་ངོ༌། །དཔའ་མོ་ཤེས་རབ་བཟང་མོ་ཛྙཱ་ན་ལི་ཏ་རའི་ཞལ་སྔ་ནས། བདག་འཛིན་རྟོག་པའི་གཞི་ཡིན་ཏེ། བདག་འཛིན་རྣམ་


DTG053_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་མ་མོ་ཡིན། །བདག་འཛིན་བག་ཆགས་སྣོད་ཡིན་ཕྱིར། །མ་སྤངས་མྱ་ངན་འདས་མི་ཐོབ། །ཅེས་གསུང་ངོ༌། །འཁོར་བའི་བདེ་བ་ལ་སྙིང་རྗེའི་གནས་སུ་གཟིགས་པ་ཙནྡྷ་ལི་པའི་ཞལ་སྔ་ནས། འདི་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་མཉམ་པ་ཉིད་ཡིན་ཏེ། །སྒྱུ་མ་ལྟ་བུར་ཤེས་པར་བྱ། །རྨི་ལམ་སྨིག་རྒྱུ་བྲག་ཅ་དངོས། །ཞེས་གསུང་ངོ༌། །གྱད་ཀྱི་སྟོབས་ལྡན་མ་དྷ་ར་མ་ཧཱའི་ཞལ་སྔ་ནས། མི་གཡོར་སྤྲུལ་པ་ཆུ་ཟླ་དང༌། །ཆོས་རྣམས་གཟུགས་བརྙན་ལས་མ་འདས། །ནམ་མཁའ་ལྟ་བུར་ཤེས་གྱུར་ན། །དུས་གསུམ་མི་དམིགས་སྤྲོས་བྲལ་འཆར། །ཞེས་གསུང་ངོ༌། །མཁའ་འགྲོའི་བྱིན་རླབས་ཞུགས་པ་ཛ་ལ་སི་པའི་ཞལ་སྔ་ནས། འཛིན་བྲལ་རིག་པ་ཉམས་ལས་གྲོལ། །ཕྱག་རྒྱ་ཆེན་པོ་བློ་བྲལ་ལ། །བརྟགས་ན་འཁྲུལ་ལ་བསམས་ན་ལྡང༌། །བསྒོམས་ན་འཚལ་ལ་བཙལ་ན་འཇིག །ཅེས་གསུང་ངོ༌། །བཀྲ་ཤིས་དཔལ་འཛིན་མ་བི་མ་ལ་སིདྡྷིའི་ཞལ་སྔ་ནས། དཔྱད་ན་སྟོང་ལ་རིག་པ་འགག །སྣང་དང་སྟོང་པའི་རྐྱེན་དང་བྲལ། །བརྗོད་དུ་མེད་པའི་ཚིག་ཏུ་བརྗོད། །ཆོས་རྣམས་མིང་མེད་ཡི་གེ་བྲལ། །ཚིག་གི་ལམ་ལས་འདས་པ་ཅན། །ཞེས་གསུང་ངོ༌། །ནོར་བུའི་འོད་ལྡན་མ་སུ་ཁ་དྷ་རིའི་ཞལ་སྔ་ནས། མཚན་མ་རང་ཞི་སྐྱེ་འགག་བརླ། །མཚན་ཉིད་མེད་པའི་མཚན་ཉིད་ཅན། །བསམ་ཡིད་བྲལ་བ་དེ་ལྟོས་དང༌། །འདི་ནི་ངོ་མཚར་གཟིགས་མོར་ཆེ། །ཞེས་གསུང་ངོ༌། །རྟོགས་པའི་མཐར་ཕྱིན་ཀརྨ་བཛྲའི་ཞལ་སྔ་ནས། བློས་བྱས་བསམ་གཏན་གཟུགས་བརྙན་ཏེ། །རྟོག་པ་ཉིད་འབྲུ་འཁྲུལ་པའི་མཁར། །བསྒོམས་ན་ཡོད་ལ་མ་བསྒོམས་མེད། །དེ་ནི་རྐྱེན་ལ་རག་ལུས་སོ། །ཞེས་གསུང་ངོ༌། །པདྨའི་མདངས་ལྡན་མ་བྷ་སུ་ཀ་རའི་ཞལ་སྔ་ནས། དོན་གྱི་ལྷན་ཅིག་སྐྱེས་པ་ཡི། །ཕྱོགས་སུ་གང་ཞེན་ཉེ་མི་ནུས། །རང་བཞིན་གཉུག་མའི་བསམ་གཏན་ནི། །རང་ལ་བབས་པས་རྒྱུན་མི་འཆད། །ཅེས་གསུང་ངོ༌། །གཉིས་སྣང་གི་དྲི་མ་དག་པ་པདྨ་བཛྲའི་ཞལ་སྔ་ནས། འཁོར་བ་ཐོག་མ་མེད་པ་རུ། །ཡང་ནས་ཡང་དུ་འཁྱམ་པའི་རྒྱུ། །བྱིས་པས་རྟོག་པ་དོན་དུ་བཟུང༌། །དེས་ནི་སྲིད་པ་དྲ་བ་བཏགས།


DTG053_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུང་ངོ༌། །བདེ་བའི་རྒྱན་དང་ལྡན་པ་མོ་ཛྙཱ་ན་ས་གའི་ཞལ་སྔ་ནས། ཆོས་རྣམས་རང་བཞིན་སྤྲོས་དང་བྲལ། །གང་ཡང་ཡོད་པ་མ་ཡིན་ཏེ། །སྨིག་རྒྱུ་ཆུ་ཡིས་དབེན་པ་བཞིན། །ཆོས་རྣམས་དེར་ཤེས་གྲོལ་བར་འགྱུར། །ཞེས་གསུང་ངོ༌། །ཡི་གེ་བདུན་པས་ཉོན་མོངས་ཀྱི་དུག་ཐོན་པ་ཨ་ནནྟ་བཛྲའི་ཞལ་སྔ་ནས། རླུང་སེམས་འོད་གསལ་ལ་བཅིངས་པས། །གཉུག་མ་སྲངས་སུ་ཆུད་པར་བྱེད། །རིག་པ་ཡུལ་གྱི་རྗེས་མི་འབྲང༌། །ཕྱི་རོལ་ཆགས་ཞེན་བཟློག་པར་འགྱུར། །ཞེས་གསུང་ངོ༌། །བཟང་མོ་དད་པའི་སྟོབས་ཅན་མ་སུ་ནི་བི་ཀའི་ཞལ་སྔ་ནས། རིག་པ་བྱི་འཕུར་དུམ་བུའི་གནད། །ལྟ་སྟངས་འཇོག་འདོར་རེས་གསོར་གྱིས། །མི་རྟོག་ལྟེངས་ཀ་བསླང་ནས་ནི། །ཐ་མལ་མངོན་ཞེན་ལྡོག་པར་བྱེད། །ཅེས་གསུང་ངོ༌། །བླ་མའི་བརྡ་ལས་དོན་གྱི་རང་ངོ་ཤེས་པ་བ་སུ་དྷ་རའི་ཞལ་སྔ་ནས། ཀྱེ་མ་མཐོང་བར་དཀའ་བའི་ཆོས། །ཕྲ་ཞིང་ཞི་བའི་བདག་ཉིད་ཅན། །ཆོས་རྣམས་དམིགས་སུ་མེད་པ་ལ། །ཡི་གེར་འཇུག་པ་ནུས་མ་ཡིན། །ཞེས་གསུང་ངོ༌། །རྫུ་འཕྲུལ་དཔལ་ལྡན་མ་སུ་ཀ་ར་ཀིའི་ཞལ་སྔ་ནས། ཡིད་ལ་བྱེད་པ་དང་བྲལ་བ། །དེར་འཛིན་རྟོག་མེད་འདུ་ཤེས་གྲོལ། །བདག་ཅེས་བྱ་བ་གང་ཡང་བཙལ། །ངོ་བོ་སྟོང་པས་མི་རྙེད་དོ། །ཞེས་གསུངས་ངོ༌། །རྟོག་པ་རྐྱེན་ཐོག་ཏུ་ཁེལ་བ་པྲ་ཛྙཱ་ཕ་ལའི་ཞལ་སྔ་ནས། དངོས་འཛིན་གྲོལ་ན་བདེ་བ་ཆེ། །ཐབས་ཀྱིས་མཆོག་ཏུ་གྱུར་པའི་སྨན། །འཁོར་བའི་ནད་རྣམས་འཇོམས་པར་བྱེད། །འདི་ལས་ལྷག་པའི་སེམས་ཡོད་མིན། །ཞེས་གསུང་ངོ༌། །ཡེ་ཤེས་ཀྱི་འབྱུང་གནས་མ་ཤྲཱི་ཨ་ལི་ཏའི་ཞལ་སྔ་ནས། ཇི་སྲེད་གཅེས་འཛིན་མ་ཞིག་པར། །འཆིང་བའི་རྒྱུ་དང་བྲལ་བ་མིན། །བདག་ཏུ་འཛིན་པ་གྲོལ་བ་དང༌། །སྲིད་པའི་འཁོར་ལོ་འཇིག་པར་འགྱུར། །ཞེས་གསུང་ངོ༌། །འབྲས་བུ་རང་ཆས་སུ་གཟིགས་པ་ཙཪྻ་བའི་ཞལ་སྔ་ནས། སྐྱེ་བའི་ཆོས་རྣམས་མ་ལུས་པ། །ཀུན་གྱི་རང་བཞིན་འགྲོ་འོང་མེད། །རྟོག་མེད་སྤྲོས་བྲལ་ཡང་དག་མཐའ། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་གསུང་ངོ༌། །ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་མ་སིང་གྷ་དྷ་ལིའི་ཞལ་སྔ་ནས། ཚིག་གིས་གཏན་ལ་


DTG053_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕེབས་ཏེ། །བླ་མའི་བརྡ་ལས་ངེས་མཐོང་བྱ། །ཉམས་སུ་མྱོང་བ་ངོས་གཟུང་བྲལ། །འདི་ནི་རྣལ་འབྱོར་མ་ཡི་ཡུལ། །ཞེས་གསུང་ངོ༌། །རྩ་བའི་དོན་དབང་བཞི་ལས་རྙེད་པ་ཨ་བ་དྷཱུ་ཏཱི་པའི་ཞལ་སྔ་ནས། མི་མཐུན་ལམ་དུ་བ་སླང་པ་ཡིས་།། འགལ་བའི་རྐྱེན་རྣམས་གྲོགས་སུ་འགྱུར། །འདིས་ནི་སྣ་ཚོགས་ལམ་དུ་སློངས། །བགགས་སོལ་སྣང་བ་རང་སར་གྲོལ། །ཞེས་གསུང་ངོ༌། །ཟླ་བའི་འོད་ཟེར་མ་གྷ་མ་ལི་ཏིའི་ཞལ་སྔ་ནས། ནམ་མཁའ་མདུང་ཚུགས་བསམ་གཏན་མཁར། །རིག་པ་སོར་བཞག་གནད་ཀྱི་མཚང༌། །བདེ་གསལ་རྒྱུན་མི་འཆད་པར་བྱེད། །ཡུལ་ལ་ཡེངས་པར་མི་བྱའོ། །ཞེས་གསུང་ངོ༌། །རྟེན་འབྲེལ་གྱི་འགྲོས་ལ་བྱང་བ་ཀྲྀཥྞ་པའི་ཞལ་སྔ་ནས། ཀྱེ་མ་ངོ་བོ་ཉིད་ཀྱིས་ཟླ་བ། །གཟུགས་ཀྱི་རང་བཞིན་དེ་ལྟོས་དང༌། །སྟོང་པའི་ཚན་ཉིད་གསལ་འགྱུར་གྱིས། །གཟུགས་ཀྱི་མཚར་མཐོང་དེ་ཉིད་ཤེས། །ཞེས་གསུང་ངོ༌། །ལྷའི་རྒྱན་ལྡན་པར་བ་ཀི་རིའི་ཞལ་སྔ་ནས། །དེ་རིག་མྱ་ངན་འདས་རྟོགས་བྱེད། །དངོས་པོ་མེད་ལ་དངོས་པོ་རུ། །འཛིན་པའི་དམིགས་པ་ཅན་རྣམས་ལ། །ཐར་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུང་ངོ༌། །སྤྲོས་བྲལ་གྱི་ཡེ་ཤེས་ངོས་ཟིན་པ་ཀོ་ཤ་པའི་ཞལ་སྔ་ནས། ཆོས་རྣམས་ཐམས་ཅད་ངོ་བོས་སྟོང༌། །བདེན་ཟད་བརྫུན་ཟད་ཡི་གེ་ཟད། །དོན་ཟད་ནམ་མཁའི་རང་བཞིན་ཅན། །བསམ་དུ་མ་བཏུབ་བསྒོམས་ལས་གྲོལ། །ཞེས་གསུང་ངོ༌། །དཔལ་གྱི་འོད་འཛིན་མ་རཏྣ་ལི་ཏིའི་ཞལ་སྔ་ནས། རྟོག་བྲལ་ཡུལ་གྱི་རྗེས་མི་འབྲང༌། །སྣང་བ་ཧད་པོས་དེར་འཛིན་གྲོལ། །སོར་བཞག་ཚོགས་དྲུག་ལྷུག་པའི་ངང༌། །བསྒོམ་བློ་འདུན་པ་དྲི་མ་ཡིན། །ཞེས་གསུང་ངོ༌། །མོས་གུས་ཀྱིས་རྒྱུད་སྨིན་པ་ཨཱཪྻ་སིངྒའི་ཞལ་སྔ་ནས། ཆོས་རྣམས་མ་ལུས་རྣམ་ཀུན་ནི། །རྗོད་བྱེད་ཚིག་དང་བརྗོད་བྱའི་དོན། །རྣམ་པ་གཉིས་ཀྱིས་སྟོང་འགྱུར་བས། །གཞི་རྩ་མེད་པའི་བདག་ཉིད་ཅན། །ཞེས་གསུང་ངོ༌། །བཟོད་པའི་སྟོབས་ལྡན་མ་ན་ཏ་རའི་ཞལ་སྔ་ནས། །ཚོགས་དྲུག་ཡུལ་གྱི་སྣང་བ་ནི། །སྣ་ཚོགས་རྐྱེན་གྱི་སྣང་བ་སྟེ། །རྐྱེན་སྣང་སྒྱུ་མ་ལས་མ་འདས། །རང་བཞིན་མེད་དེ་ངོ་མཚར་


DTG053_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ། །ཞེས་གསུང་ངོ༌། །དངོས་རྣམས་བདེན་མེད་དུ་གཟིགས་པ་རཏྣ་བཛྲའི་ཞལ་སྔ་ནས། ཇི་སྲིད་འབྲས་བུ་འདོད་པའི་བློ། །མ་གྲོལ་མྱ་ངན་ལས་མི་འདའ། །གང་གི་མཐར་ཐུག་ངོས་ཟིན་པའི། །བློ་དེ་ཉིད་ནི་རྣམ་རྟོག་གོ །ཞེས་གསུང་ངོ༌། །དཔལ་གྱི་འོད་ཟེར་ཤྲིདྡྷཱ་ནའི་ཞལ་སྔ་ནས། མཆོག་ཏུ་འཛིན་པའི་དྲི་མ་དེ། །ལམ་གྱི་བདུད་དུ་ཤེས་པར་བྱ། །རེ་བ་མེད་པའི་སྙིང་དཀྱིལ་ན། །བླ་མེད་ནོར་བུ་རིན་ཆེན་གནས། །ཞེས་གསུང་ངོ༌། །གཉེན་པོའི་འཕྲང་ཆོད་པ་ཛ་ར་ནའི་ཞལ་སྔ་ནས། དཔའ་བོ་བློ་གྲོས་ལྡན་པ་ཡིས། །ཆོས་ཀྱི་རང་བཞིན་ཞི་བ་རུ། །ཤེས་ཚེ་རིང་དུ་མི་ཐོགས་པར། །སྲིད་པའི་འཁོར་ལོ་འཇིག་པར་བྱེད། །ཅེས་གསུང་ངོ༌། །བདེ་བའི་མདངས་ལྡན་མ་ཤྲཱི་ཀ་སུ་ཏའི་ཞལ་སྔ་ནས། འདས་དང་མ་འོངས་ད་ལྟར་གྱི། །ཐུག་པའི་གསུང་གི་སྡེ་སྣོད་རྣམས། །རྣམ་གྲངས་ཐ་དད་དོན་གཅིག་པར། །བླ་མའི་བརྡ་ལས་རབ་ཏུ་བླང༌། །ཞེས་གསུང་ངོ༌། །གོ་ཡུལ་རྗེས་ལ་འཁྱིལ་བ་ར་ཏྲི་ཏའི་ཞལ་སྔ་ནས། ཡིད་ལ་མ་བྱས་དངས་མའི་དང༌། །གང་ཡང་མ་སྐྱེས་གཉུག་མའི་གཤིས། །མ་བཅོས་རྣལ་མ་ཆོས་ཀྱི་སྐུ། །བདག་མེད་གཉིས་སྡུས་ཆོས་ཀྱིས་སྟོང༌། །ཞེས་གསུང་ངོ། །བྱིན་རླབས་ཀྱི་འབྱུང་གནས་མ་སུ་རི་སུ་ཀའི་ཞལ་སྔ་ནས། མཚང་མཐོང་ཆེད་འཛིན་བློ་མི་འཆར། །ཆོས་རྣམས་བདེན་པ་ཟད་པ་རུ། །མཐོང་པའི་དུས་བདེན་པ་གྲོལ། །དེས་ནི་སྲིད་པ་རྐུལ་པོར་བྱེད། །ཅེས་གསུང་ངོ༌། །རེ་དགོས་ཤིགས་པ་ཙནྡྲ་གོ་མིའི་ཞལ་སྔ་ནས། གཟུགས་ནི་གཟུགས་ཀྱིས་སྟོང་པ་སྟེ། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ཁམས་རྣམས་རང་གི་ངོ་བོས་དབེན། །ཆུ་ཡི་སྦུ་བ་ལྟ་བུའོ། །ཞེས་གསུང་ངོ༌། །བདེ་བའི་སྟོབས་ལྡན་མ་བྷ་ཏ་རའི་ཞལ་སྔ་ནས། སྨིག་རྒྱུ་བཞིན་དུ་སྐྱེ་མཆེད་རྣམས། །རང་བཞིན་མ་གྲུབ་ངོ་བོས་སྟོང༌། །སྣང་པ་རང་སར་གྲོལ་བའི་མཚང༌། །དེ་ཉིད་ལྟོས་དང་རྣལ་འབྱོར་པ། །ཞེས་གསུང་ངོ༌། །འབྲས་བུ་ལ་བསྒྲུབ་བློ་བྲལ་བ་ཨ་ཤོ་ཀ་རའི་ཞལ་སྔ་ནས། རྟོག་པ་བཙལ་པས་མི་རྟོག་པ། །ནམ་དུ་ཡང་ནི་མི་རྙེད་དེ། །ཚོལ་བའི་དུས་ཉིད་རྟོག་པ་ལས། །མ་འདས་དྲན་


DTG053_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤུ་རིས་སོ། །ཞེས་གསུང་ངོ༌། །དཔལ་གྱི་འོད་ལྡན་མ་སུ་ཀ་ཏོའི་ཞལ་སྔ་ནས། ཀྱེ་མ་རྟོག་པའི་རང་བཞིན་ནི། །རང་བཞིན་ངོ་བོས་སྟོང་གྱུར་པ། །དེ་ཚེ་རྟོག་པ་མ་སྤངས་པར། །དེ་ཚེ་རྟོག་པ་མ་སྤངས་པར། །རང་བཞིན་གྱིས་ནི་གྲོ་བར་འགྱུར། །ཞེས་གསུང་ངོ༌། །ཤྲཱི་ཙནྡྲ་པའི་ཞལ་སྔ་ནས། མི་རྟོག་འདོད་པའི་བློ་དེ་ཉིད། །ངོ་བོ་རྟོག་པའི་བདག་ཉིད་དེ། །རྟོག་དང་མི་རྟོག་གཉིས་མེད་པ། །དེ་ནི་རྩ་བའི་དོན་ཡིན་ནོ། །ཞེས་གསུང་ངོ༌། །རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སྣང་བ་གྲུབ་པ་ཐོབ་པ་རྣམས་ཀྱི་རྡོ་རྗེའི་མགུར་ལས་དཔལ་གྱི་འོད་ཟེར་རྣམ་པར་ཤར་བ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།ཉམས་མྱོང་ཚོགས་དྲུག་གིས་བསྐོར་བ་བྷུ་ཏའི་ཞལ་སྔ་ནས། ཕྱག་རྒྱ་ཆེ་ལ་བསྒོམ་དུ་མེད། །བློ་ཡིས་འདུན་བ་མི་རྟེན་ཏེ། །བསྒོམ་པ་བདག་པོ་ལ་གཏོད་ཅིག །ཅེས་གསུང་ངོ༌། །བདེ་བའི་འོད་ཟེར་ཅན་སིང་ལིའི་ཞལ་སྔ་ནས། མི་བསྒོམ་ཤེས་པ་དེ་ལྟོས་དང༌། །སྐྱེ་འགག་འཕེལ་འགྲིབ་མེད་པ་ཡི། །མ་བྱས་པ་ཡི་ཤེས་པ་ནི། །ངོ་མཚར་ལྟང་མོའི་ཡུལ་ཡིན་ནོ། །ཞེས་གསུང་ངོ༌། །རིག་པ་དངས་པ་ལ་རྟེན་འབྲེལ་གྱི་གནས་གཟིགས་པ་ཛཻ་ཏ་རིའི་ཞལ་སྔ་ནས། ཇི་ལྟར་རྒྱལ་པོ་རིགས་ངན་གྱི། །སྤྱོད་པ་བྱས་ན་གྱ་བ་བཞིན། །སྒྲུབ་པ་པོ་ནི་དོན་མེད་པའི། །སྤྱོད་པ་གཞི་དང་བཅས་ལ་སྤང༌། །ཞེས་གསུང་ངོ༌། །རྟོག་པའི་འབྱུང་གནས་མ་མ་དྷ་རོ་ཧའི་ཞལ་སྔ་ནས། ཟིལ་དང་ར་བཅུད་ལེན་སྨན་གྱི་མཆོག །སྐྱུགས་ན་ནད་དུ་འགྱུར་པ་བཞིན། །སྒོམ་ཉམས་མུ་ཅོར་སྨྲས་པ་ན། །ཡོངས་སུ་ཡལ་བར་འགྱུར་བ་ཡིན། །ཞེས་གསུང་ངོ༌། །བྱིངས་རྨུགས་རྣོ་ངར་གྱིས་བསལ་བ་བྷི་ཏ་ཀ་མའི་ཞལ་སྔ་ནས། སྣང་བ་སྟོང་པའི་ངོ་བོ་རུ། །གྲོལ་བར་མཐོང་པའི་མིག་དེ་ནི། །དྲི་མ་མེད་པའི་ངོ་བོའི་རྩལ། །དེ་ནི་རྟོགས་པའི་གདེང་ཡིན་ནོ། །ཞེས་གསུང་ངོ༌། །དབང་ཕྱུག་གི་སྟོབས་དང་ལྡན་མ་བུ་ག་དྷ་ལའི་ཞལ་སྔ་ནས། སྟོང་པའི་རང་བཞིན་འགག་མེད་དུ། །འཆར་བ་གང་གིས་ཤེས་འགྱུར་བ། །བློ་ལྡན་དེ་ནི་སྐལ་བ་བཟང༌། །ལས་གྲོལ་མེད་ན་ཐར་བར་བྱེད། །ཅེས་གསུང་ངོ༌།། སྟོང་ཉིད་རང་གི་ངོ་བོ་རྗེས་ལ་ཟིན་པར་ཏན་ཛ་ལའི་ཞལ་སྔ་ནས། སྐྱེས་ལ་མ་འགགས་


DTG053_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ཡི། །ཤེས་པ་སྐད་ཅིག་དང་པོ་ལ། །ཡུལ་དང་སྒོང་ཕྲད་པ་བཞིན། །དེ་ཉིད་བརྟགས་པས་རང་བཞིན་མེད། །ཅེས་གསུང་ངོ༌། །བདེ་བའི་མདངས་ལྡན་མ་ཨ་ཛུ་ལིའི་ཞལ་སྔ་ནས། སྟོང་པ་ཉིད་ཀྱིས་ཡོངས་སུ་འཛིན། །རིག་པ་སྤྲོས་བྲལ་འདུས་བྱས་མིན། །རྟོག་མེད་སེམས་ཀྱི་ངོ་བོ་ལ། །འཁོར་དང་མྱ་ངན་འདས་མ་གྲུབ། །ཅེས་གསུང་ངོ༌། །ལྟ་བ་མིང་ལས་གྲོལ་བས་གྲུབ་མཐའི་འདོད་པ་ཞིག་པ་བྷ་དྲ་པའི་ཞལ་སྔ་ནས། སྣ་རྩེར་ཡིད་བཅིངས་འགྱུ་བ་དང༌། །ཡུལ་སྣང་མ་མཐོང་དེར་འཛིན་བྲལ། །དུས་གསུམ་ཡིད་ལ་མ་བྱས་པའི། །དེ་ཚེ་དྲན་བའི་རིམ་མོ་འཇིག །ཅེས་གསུང་ངོ༌། །བདེ་བའི་མདངས་ལྡན་མ་སི་རིདྷི་ནའི་ཞལ་སྔ་ནས། ཤེས་པ་མདུང་ཚུགས་སྤྲོས་པ་ཞི། །དེ་ཡིས་རྟོག་པའི་འགྲོ་འོང་ཚད། །འདི་ལྟར་དབང་པོ་རང་སྣ་གི །ཡུལ་ན་བསམ་མེད་བསྒོམ་དང་བྲལ། །ཞེས་གསུང་ངོ༌། །རླུང་སེམས་ལྟ་སྟངས་ཀྱིས་འཆིང་བ་ཀུན་དུ་རུའི་ཞལ་སྔ་ནས། ཐར་ལམ་དགྲ་མེད་མི་འོང་བས། །སྒྲུབ་པ་རྐྱེན་ཁར་གཏང་མི་བྱ། །ལས་མཐའ་མ་ལོག་རབ་ཏུ་གཅེས། །གྲོགས་ནི་ཆགས་སྡང་སྐྱེ་བའི་རྒྱུ། །ཞེས་གསུང་ངོ༌། །ཐུགས་རྗེ་དཔལ་གྱི་སྒྲོན་མ་སུ་ཀ་པའི་ཞལ་སྔ་ནས། རི་དགས་སྨས་མ་ཇི་བཞིན་དུ། །ཨུ་པ་གཅིག་པུ་ར་གནས་པར་བྱ། །སྐྱེ་བོའི་དབུས་སུ་རྟོགས་པ་འགྲིབ། །མཆོག་གི་དོན་གཉེར་བས་མཐར་སོང༌། །ཞེས་གསུང་ངོ༌། །གཉེན་པོ་སྟོབས་སུ་གྱུར་པས་ཉོན་མོངས་པ་ལ་བཙན་ཆོད་ཀྱི་རྫིས་བྱེད་པ་ཛ་མྦུ་ཏའི་ཞལ་སྔ་ནས། ཀྱེ་མ་འཇིག་རྟེན་ཆེ་ཐབས་ནི། །ཐར་ལམ་སྒྲུབ་པའི་མི་མཐུན་ཕྱོགས། །ཀླུ་མཆོག་རྣམས་ཀྱི་མགོ་བོ་ནི། །དེ་ཉིད་སྡུག་བསྔལ་རྟེན་ཡིན་བཞིན། །ཞེས་གསུང་ངོ༌། །སྟོབས་ལྡན་རྒྱལ་མོ་སཱུཪྻ་ཁ་དྷིའི་ཞལ་སྔ་ནས། དངོས་པོའི་ཞེན་ཆགས་འཁོར་བའི་རྒྱུ། །ཞེ་ན་མེད་མྱ་ངན་འདས་པའི་ལམ། །འདོད་པའི་བློ་ཡིས་ཐར་པ་འདོར། །འདོད་པ་དང་བྲལ་བདེ་བའི་མཆོག །ཅེས་གསུང་ངོ༌། །ཉོན་མོངས་པ་རང་སར་གྲོལ་བས་འཁྲུལ་བའི་སྒྲོག་ཆོད་པ་ཛི་ན་མི་ཏྲའི་ཞལ་སྔ་ནས། ཕྲ་རགས་ཆོད་པ་སེང་གེའི་མིག །འདི་ཡི་ནང་ན་མི་རྟོག་


DTG053_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རང་རིག་ཡེ་ཤེས་དྲི་མེད་གནས། །མིག་ནི་ཟུམ་པར་མི་བྱའོ། །ཞེས་གསུང་ངོ༌། །བྱིན་རླབས་ཀྱི་འོད་ཟེར་ཅན་བྷ་ནུ་དྷཱ་རའི་ཞལ་སྔ་ནས། དྲི་མེད་དངོས་འཛིན་བཅིངས་པའི་གནས། །རླུང་སེམས་འོད་གསལ་ལ་འཇུག་པ། །བདེ་ཆེན་རྒྱལ་པོ་མཆོག་གི་ལམ། །འདི་ནི་ཐབས་ཀྱི་རྒྱལ་མོ་ཡིན། །ཞེས་གསུང་ངོ༌། །ཡུལ་སྣང་བརྡ་རུ་ཤར་བས་དོན་གྱི་གནད་རིག་པ་སོ་ན་ཤྲིའི་ཞལ་སྔ་ནས། ངེས་པའི་ཤེས་པ་སྨ་སྐྱེས་པར། །བདེན་པ་མཐོང་པར་མི་འགྱུར་ཏེ། །བསྙེམས་སེལ་ཁུ་འཕྲིག་དག་པའི་དབྱིག །མཆོག་ཏུ་གཅེས་པའི་གཏེར་ཡིན་ནོ། །ཞེས་གསུང་ངོ༌། །དབྱིངས་ཀྱི་གཙོ་མོ་ཛྙཱ་ན་རོ་ཧའི་ཞལ་སྔ་ནས། རྣལ་འབྱོར་ངེས་ཤེས་གཅེས་འཛིན་བྱ། །སོ་མ་ཉིད་བདུད་ཀྱིས་བྱིན་རླབས་སོ། །ཐེ་ཚོམ་གྱིས་ནི་དངོས་གྲུབ་འདོར། །ཡིད་ཆེས་ཡོན་ཏན་ཀུན་གྱི་གཞི། །ཞེས་གསུང་ངོ༌། །རིག་པ་སོ་ལ་བཞག་པས་བདེ་གསལ་རྒྱུན་མི་འཆད་པ་ཛ་བ་རི་བའི་ཞལ་སྔ་ནས། ཀ་ར་ན་བཅིངས་ཡོན་ཏན་གྱིས། །རིག་པ་སྲངས་སུ་ཆུད་པ་ཡིས། །ཡུལ་གྱི་གསལ་ཆ་མ་འགགས་པ། །དར་འཛིན་ཤེས་པ་གྲོལ་བར་བྱེད། །ཅེས་གསུང་ངོ༌། །དཔལ་མོ་པདྨ་ཁ་དྷའི་ཞལ་སྔ་ནས། དེས་ནི་ཕྲ་རགས་རྟོགས་པ་སྤོང༌། །བདེ་རླུང་རིག་པ་ཐོག་བབས་སུ། །འཛིན་པར་བྱེད་པའི་གནད་འདི་ལ། །ལྟ་སྟངས་སོ་མ་བརྗེ་བ་གཅེས། །གསུང་ངོ༌། །སྤྲོས་བྲལ་ཡེ་ཤེས་ཚོགས་བསགས་པ་ལས་བྱུང་བ་ཤྲཱི་སཱ་ག་རཱ་ཞལ་སྔ་ནས། རྟོག་པ་བསལ་ནས་མི་རྟོག་པ། །རྒྱུད་ལ་འགལ་ན་འཁྲུལ་པ་སྟེ། །རྟོག་བ་མེད་ན་ཡེ་ཤེས་ལ། །སྐྱེ་བའི་ཐབས་མེད་ཡེ་ཤེས་འགག །ཅེས་གསུང་ངོ༌། །བཟང་མོ་ནོར་བུའི་འོད་ལྡན་མ་བྷི་ག་སིའི་ཞལ་སྔ་ནས། རྟོག་པ་གང་སྐྱེ་མི་དམིགས་པར། །སྤྱད་པས་ཤེས་རབ་ཟས་སུ་འགྱུར། །ཐབས་དེས་རྣམ་པར་རྟོག་པའི་རྩལ། །ཡེ་ཤེས་ཆེན་པོར་འཆར་བར་བྱེད། །ཅེས་གསུང་ངོ༌། །ངོ་སྤྲོད་ཅིག་ཅར་ཕོག་པས་ཕྱིར་མི་ལྡོག་པའི་ས་དེ་ཉིད་དུ་ཐོབ་པ་སཱུཪྻ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། སྙིང་རྗེའི་མདའ་མེད་སྟོང་པའི་གཞུས། །རྒྱུད་ལ་མྱོང་བ་མི་སྐྱེ་སྟེ། །ཐབས་དང་བྲལ་པའི་ཤེས་རབ་ནི། །གོ་བའི་ཡུལ་དུ་ལྟུང་བར་འགྱུར། །ཞེས་


DTG053_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངོ༌། །དཔལ་གྱི་འབྱུང་གནས་ས་ལ་ཛ་དྷ་རའི་ཞལ་སྔ་ནས། གཞུ་མེད་སྙིང་རྗེའི་མདའ་ཡིས་ཀྱང༌། །དོན་བྱེད་ནུས་པ་མ་ཡིན་ཏེ། །ཤེས་རབ་དང་བྲལ་ཐབས་ཀྱིས་ནི། །ལག་ཏུ་ལོན་པ་མ་ཡིན་ནོ། །ཞེས་གསུང་ངོ༌། །ཤེས་པ་བདེན་མེད་དུ་སློང་བས་འཁྲུལ་པའི་རྐྱེན་ལས་གྲོལ་བ་ཤྲཱི་ཏ་རའི་ཞལ་སྔ་ནས། ཐུབ་པའི་སྤྱན་གྱིས་རླུང་སེམས་བཅིངས། །སྣང་བ་མ་དམིགས་དེར་འཛིན་གྲོལ། །དེ་ཚེ་ཤེས་པ་ཡུལ་མི་ཕྲོགས། །དུས་གསུམ་ཆིག་ཆོད་འགྲོ་འོང་མེད། །ཅེས་གསུང་ངོ༌། །བདེ་ཆེན་རྒྱལ་མོ་སུ་ལ་ཁ་དྷའི་ཞལ་སྔ་ནས། མི་གཡོ་རྩེ་གཅིག་དང་བའི་ངང༌། །རྟོག་པ་རང་གྲོལ་ཆོས་སྐུ། །རིག་པ་གཅེར་བུ་སྒྲིབ་གཡོགས་བྲལ། །ཤེས་པ་རང་ལུགས་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །འཁོར་གསུམ་ཡོངས་སུ་དག་པའི་རྩིས་འབྲས་བུ་ལ་འདོད་བློ་བྲལ་བ་གྷུ་དྷེ་རི་བའི་ཞལ་སྔས་ནས། སྐུ་བཞི་ཐོབ་ཏུ་མི་སྟེར་བའི། །བགེགས་དེ་འདོད་པའི་བློ་ཡིན་ནོ། །འདི་ཡོང་སྒྲིབ་པ་མི་འདག་པས། །ཞིང་ཁམས་གསལ་བར་མི་འགྱུར་རོ། །ཞེས་གསུང་ངོ༌། །དཔལ་གྱི་སྒྲོན་མེ་སུ་ཀ་ཙནྡྷའི་ཞལ་སྔ་ནས། འདོད་པའི་བློ་བྲལ་བདེ་ཆེན་གྱིས། །དུས་དེར་སྡུག་བསྔལ་བྲལ་བར་བྱེད། །འདོད་པའི་བློ་རྣམས་ལོག་པ་ཡིས། །ཟག་པ་འདམ་རྫབ་སྐམ་པར་འགྱུར། །ཞེས་གསུང་ངོ༌། །ངེས་པའི་ཤེས་པས་ཐེ་ཚོམ་གྱིས་དྲི་མ་སེལ་བ་ཤྲཱི་པ་ར་ནཱའི་ཞལ་སྔ་ནས། ཀུན་ལ་ཁྱབ་པ་ཆོས་ཀྱི་སྐུ། །རང་བཞིན་སྐྱེས་མ་འགགས་པའི། །སྤྲོས་དང་བྲལ་བའི་མཚན་ཉིད་དེ། །ཡེ་ཤེས་རང་གནས་རྒྱུན་ཆད་མེད། །ཅེས་གསུང་ངོ༌། །བདེ་བའི་ངོས་འཛིན་མ་བྷ་ནུ་རོ་ཧོའི་ཞལ་སྔ་ནས། ནམ་མཁའི་དང་ཅན་གདོད་ནས་དག །མཐའ་བཞི་ལས་ནི་རྣམ་པར་གྲོལ། །འདས་དང་མ་འོངས་ད་ལྟར་གྱི། །དུས་ཀྱིས་མ་བསྡུས་ཕྱ་རྒྱ་ཆེ། །ཞེས་གསུང་ངོ༌། །ཉོན་མོངས་པ་རང་ཐོག་ཏུ་གྲོལ་བས་གཉེན་པོའི་བྱ་ར་ཞིག་པ་ས་ར་དྷི་བའི་ཞལ་སྔ་ནས། ཤེས་པ་དར་ཅན་དེ་ལྟོས་དང༌། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །རིག་པ་དྲི་མེད་ལམ་གྱི་མཆོག །ཐིག་ལེ་གྲོལ་ན་རྣམ་པར་མཐོང༌། །ཞེས་གསུང་ངོ༌། །བདེ་བའི་སྒྲོན་ལ་ལ་དྷ་ལིའི་ཞལ་སྔ་ནས། སེམས་


DTG053_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡེ་ཤེས་སྐྱེ་འགྱུར་བ། །རིག་པ་དྲུངས་པ་ཁྲོ་བོའི་སྤྱན། །སོར་བཞག་རྣམ་རྟོག་རླུང་མི་བསྐྱོད། །རྟེན་འབྲེལ་གྱིས་ནི་ཡང་དག་འགྲུབ། །ཅེས་གསུང་ངོ༌། །ཉམས་མྱོང་སྣང་བ་ལས་གྲོལ་བས་སྒོམ་ཐུན་འཇོག་ཞིག་པ་ནཱ་ག་བཛྲའི་ཞལ་སྔ་ནས། བླ་མའི་བྱིན་རླབས་མ་ཞུགས་པའི། །རྒྱུད་ལ་རྟོག་པ་འཆར་བ་མིན། །ངེས་པའི་ཤེས་པ་མ་སྐྱེས་པར། །དེ་ཉིད་ཟབ་མོའི་དོན་མི་མཐོང༌། །ཞེས་གསུང་ངོ༌། །འབར་བའི་གཙོ་མོ་ཨ་མ་ཀ་པ་ལའི་ཞལ་སྔ་ནས། གཉུག་མ་རས་སུ་མ་ཆུད་པའི། །རྟེན་བྲལ་ཆེ་བ་བླ་མའི་བརྡ། །འདི་ལ་ངེས་པ་སྟོར་པ་ན། །མཚོན་བྱེད་ཡི་གེ་མང་དུ་འགྱུར། །ཞེས་གསུང་ངོ༌། །དུས་གསུམ་སྐྱེ་འགག་གིས་སྟོང་པའི་རིག་པས་རྣམ་རྟོག་རང་སར་དངས་པ་པདྨ་བཛྲའི་ཞལ་སྔ་ནས། བདེན་པར་མཐོང་བ་འཁྲུལ་པའི་བློ། །ཡང་དག་བདེན་པ་དེ་ཤིག་ཅིག །འདི་ཡིས་བློ་མཐའི་ལྟ་བ་གྲོ་ལ། །དེས་ནི་གཉིས་སྣང་མི་གནས་སོ། །ཞེས་གསུངས་ངོ༌། །ལེགས་པའི་དཔའ་མོ་སེ་རི་ཏེ་རའི་ཞལ་སྔ་ནས། རྟེན་འབྲེལ་རྩ་པ་ཕྱིན་པ་ཡིས། །འཁོར་བའི་ས་བོན་མི་གནས་ཏེ། །མ་རིག་པ་ནས་རྒ་ཤིའི་བར། །རྟེན་ཅིང་འབྲེལ་པས་འཁོར་བ་སྟོང༌། །ཞེས་གསུང་ངོ༌། །སྤྲོས་བྲལ་གྱི་དོན་དྲན་པས་བཟུང་བས་རྗེས་ལ་ཡུལ་རྗེས་མི་འབྲེལ་པ་བཛྲ་ཛྙཱ་ནའི་ཞལ་སྔ་ནས། ཐ་མ་ལ་རྣམ་རྟོག་ནུབ་པ་ཡི། །རྟེན་ལ་ཐབས་ཀྱི་ལམ་མི་དགོས། །འཁྲུལ་པ་དག་པའི་ཤེས་པ་ལ། །འདི་ལ་ལྟ་བ་དགོས་པ་མིན། །ཞེས་གསུང་ངོ༌། །དཔལ་གྱི་རྒྱལ་མོ་སུ་ཀ་ར་ལིའི་ཞལ་སྔ་ནས། རྟོག་པའི་སྤུ་རིས་སྤངས་པ་ཡི། །ཤེས་པ་ལ་ནི་བསྒོམ་མི་དགོས། །རང་སྣང་གྲོལ་བར་གྱུར་པ་ལ། །སྒྲུབ་པ་ཉམས་སུ་བླང་མི་དགོས། །ཤེས་གསུང་ངོ༌། །ཡུལ་སྣང་སྒྱུ་མར་ངོས་ཟིན་པས་ཤེས་པ་ལ་དེང་འཛིན་ཞིག་པ་བི་མ་ལ་གྷི་ཏིའི་ཞལ་སྔ་ནས། ཚོགས་དྲུག་ཡུལ་ལ་མ་འཕྲོས་པ། །དུས་གསུམ་རང་སར་གྲོལ་བར་འགྱུར། །བདེ་ཆེན་གོ་འཕང་མཆོག་འདོད་པས། །རྩེ་གཅིག་རྟེན་ལས་འདའ་མི་བྱ། །ཞེས་གསུང་ངོ༌། །རྫུ་འཕྲུལ་གྱི་འོད་ཟེར་ཅན་པདྨ་ཝ་ཏིའི་ཞལ་སྔ་ནས། ཡེངས་ན་དེ་ཉིད་མཐོང་མི་འགྱུར། །མ་ཡེངས་པ་ནི་ཐབས་ཀྱི་


DTG053_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གནད། །བདེ་གསལ་སྟོང་པའི་རང་བཞིན་ཅན། །འདི་ཡིས་རབ་ཏུ་རྙེད་པར་བྱེད། །ཅེས་གསུངས་ངོ༌། །།བརྡ་དོན་ཁོང་དུ་ཆུད་པས་འཁྲུལ་པ་ཡུལ་ཐོག་ཏུ་ཆོད་པ་གིར་ཏི་ཛྙཱ་ནའི་ཞལ་སྔ་ནས། ལེ་ལོ་འཁྲུལ་སྣང་གྲོང་ཁྱེར་དང༌། །འདྲེས་པ་འདིས་ནི་ས་ནི་ཐར་བའི་ལམ། །དུས་གསུམ་ན་ཡང་རྙེད་པ་མེད། །བརྟགས་ན་འཁྲུལ་པ་གཞི་ཡོད་མིན། །ཞེས་གསུང་ངོ༌། །དཔལ་གྱི་བདེ་སྟེར་མ་ས་རི་དྷ་རིའི་ཞལ་སྔ་ནས། འདི་ནི་རང་སྣང་གློ་བུར་བ། །རྩ་བྲལ་རང་བཞིན་ནི་མེད་པ་ཡི། །མཚང་དེ་ལྟོས་དང་རྣལ་འབྱོར་བ། །དེ་མ་ཐོང་འཁྲུལ་བ་འཇིག་པར་འགྱུར། །ཞེས་གསུང་ངོ༌། །རྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སྣང་བ་རྡོ་རྗེའི་མགུར་ལས་མི་ཟད་པའི་རིན་པོ་ཆེའི་གཏེར་མཛོད་རྣམ་པར་རྡོལ་བ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། །།མི་མཐུན་པ་ལམ་དུ་སློང་བས་འགལ་རྐྱེན་གྲོགས་སུ་འཆར་བ་ཤྲཱི་བཛྲ་བ་ལའི་ཞལ་སྔ་ནས། འཁོར་བ་པ་ལ་བདེ་བ་མེད། །ཆུག་ཡི་གཉེར་མ་ཇི་བཞིན་དུ། །སྡུག་བསྔལ་གཅིག་ཕྱིར་གཅིག་གིས་སླེབ།། ཚེ་འདི་ཅི་བྱས་སྡུག་བསྔལ་རྒྱུ། །ཞེས་གསུངས་ངོ༌། །བདེ་བའི་རོལ་མྱོས་མ་བྷུ་ག་ལ་མའི་ཞལ་སྔ་ནས། བལྟར་རུ་མེད་པ་དེ་མཐོང་ན། །གཟུར་དུ་མེད་པའི་དོན་ཟིན་ཏེ། །དེ་ནི་རྩོལ་བའི་ནད་ལས་གྲོལ། །བདེ་ཆེན་རྒྱལ་པོ་ཐོབ་པར་བྱེད། །ཅེས་གསུང་ངོ༌། །རྟོག་པ་སྔ་ཕྱིས་ལོང་མ་བརྟགས་པས་མ་བསྒོམས་པས་ཤེས་པ་སྤྲོས་བྲལ་དུ་གྱུར་པ་ཛྙཱ་ན་ཙ་ཀྲའི་ཞལ་སྔ་ནས། རྟོགས་ན་ཡོན་ཏན་མ་རྟོགས་སྐྱོན། །གང་གིས་གོས་པར་མི་འགྱུར་བའི། །རང་འབྱུང་ཡེ་ཤེས་འདུས་མ་བྱས། །གཉིས་མེད་ཤེས་བྱ་དངོས་པོའི་གཤིས། །ཞེས་གསུང་ངོ༌། །ཉིན་མོངས་པའི་སྐྱོན་གྱིས་མ་གོས་བ་བྷ་ནུ་ཧ་རིའི་ཞལ་སྔ་ནས། རྟོག་པ་འཛིན་པའི་ཉེར་ལེན་བྱེད། །དེས་ནི་སྲིད་པའི་འཁོར་ལོར་བཅུག །ཆོས་རྣམས་ཐམས་ཅད་སྟོང་པ་རུ། །མི་རིག་པ་ཡིས་བདག་ཏུ་བཟུང༌། །ཞེས་གསུངས་ངོ༌། །དོན་གྱི་གནད་རིག་པས་འཛིན་རྟོག་གྲོལ་པ་པྲཛྙཱ་ཙནྡྲའི་ཞལ་སྔ་ནས། གཉུག་མ་དོན་གྱི་ལྷན་ཅིག་སྐྱེས། །མ་བཅོས་རྣལ་མ་རང་ཁ་ལ། །དྲན་པའི་སྤུ་རིས་བརྟེན་མི་བྱ། །བློ་དཔྱད་ཞུགས་ན་རྟོག་པའི་གཞི། །ཞེས་གསུང་ངོ༌། །འཁྲུལ་


DTG053_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲོག་ལས་གྲོལ་བ་མོ་སུ་ཀ་ལེའི་ཞལ་སྔ་ནས། ལས་དང་ཉོན་མོངས་བག་ཆགས་ཀྱིས། །རྟེན་དེ་གྲུབ་པ་མ་ཡིན་ཏེ། །འཁོར་བ་གཞི་མེད་རང་གྲོལ་ལ། །མྱ་ངན་འདས་པ་ཇི་ལྟར་སྒྲུབ། །ཅེས་གསུང་ངོ༌། །འཁྲུལ་པའི་སྒྲོག་ཆད་པ་ལས་ཡེ་ཤེས་ཤར་བ་ཤྲཱི་རཏྣ་མ་ཏིའི་ཞལ་སྔ་ནས། ཆོས་རྣམས་གཞི་མེད་རང་གི་ངོ་བོས་སྟོང༌། །དོན་དམ་ཀུན་རྫོབ་གང་གིས་གཉིས་སུ་ཕྱེ། །འཁོར་འདས་རྨི་ལམ་ཉིད་དུའང་མེད་གྱུར་ན། །གྲུབ་མཐའ་ཞིག་པའི་ལྟ་བ་ཇི་ལྟར་སྨྲ། །ཞེས་གསུང་ངོ༌། །བརྡའི་གོ་བ་ལོངས་པ་མོ་ར་ལི་དྷ་རིའི་ཞལ་སྔ་ནས། སྤྲོས་པ་མེད་ཅིང་སྐྱེ་བ་མེད། །རྣམ་པར་མི་རྟོག་མ་བཅོས་པ། །སྙིང་རྗེ་ཆེན་པོའི་རང་བཞིན་ཏེ། །ལྷན་ཅིག་སྐྱེས་པའི་ངོ་བོར་རྟོགས། །ཞེས་གསུངས་ངོ༌། །སྣང་བའི་མཚང་མཐོང་བས་ཤེས་པ་རྐྱེན་དང་བྲལ་བ་ཀ་མོ་རོའི་ཞལ་སྔ་ནས། སྣ་ཚོགས་སྣང་བའི་གཟུགས་འཛིན་ཏེ། །མ་བཅོས་ལྷན་ཅིག་སྐྱེས་པ་ཡི། །ངོ་བོ་ལས་ནི་མ་འདས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཞེས་གསུངས་ངོ༌། །ཟབ་མོ་དོན་གྱི་དཔལ་འཛིན་མ་གྷ་ཛུ་དྷཱ་རིའི་ཞལ་སྔ་ནས། རགས་པའི་དངོས་པོར་སྣང་བ་ཀུན། །སྟོང་པ་ཉིད་ཀྱི་རང་བཞིན་ཏེ། །ཅེ་ར་ཅེ་ར་སྣང་བའི་དུས་ཉིད་དུ། །ཕྱུག་རྒྱུ་ཆེན་པོ་མཐོང་ནས་ཡོད། །ཅེས་གསུངས་ངོ༌། །གཉུག་མའི་རང་ངོ་མཐོང་བས་རྟོག་པས་བཅིང་དུ་མེད་པ་རཱ་ཛཱ་མེ་ཏོག་ཧ་ལིའི་ཞལ་སྔ་ནས། དད་པོ་འདི་ལྟར་སྣང་བ་ཀུན། །ཕྱག་རྒྱ་ཆེན་པོའི་ངོ་བོ་སྟེ། །རང་བཞིན་མེད་པའི་བདག་ཉིད་ཅན། །ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན་ནོ། །ཞེས་གསུང་ངོ༌། །ཟག་མེད་བདེ་བའི་མདངས་ལྡན་མ་རུ་ཀ་ལིའི་ཞལ་ནས། མཚོན་བྱེད་དཔེ་ཨི་ལྡན་སྐྱེས་ཀྱིས། །མཚོན་བྱ་དོན་གྱི་ལྷན་སྐྱེས་རྟོགས། །དེས་ནི་འགྲོ་འོང་མེད་པའི་བདག །སེམས་ཉི་ད་གཉུག་མའི་རང་བཞིན་ནོ། །ཞེས་གསུང་ངོ༌། །ཟག་མེད་ཀྱི་ཤེས་པ་ཡུལ་གྱིས་མ་ཕྲོགས་པ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། སྣང་བའི་བླ་མས་དངོས་རྣམས་གདམས་པར་སྟོན། །སྔར་འདྲིས་མི་དེ་མཐོང་བས་ངོ་ཤེས་བཞིན། །བླ་མའི་ངོ་སྤྲོད་གནད་ལ་ཟུག་པ་ཡིས། །ཆོས་རྣམས་རང་བཞིན་སྐྱེ་བ་མེད་པར་རིག །ཅེས་གསུང་ངོ༌། །རང་རིག་འོད་གསལ་གྱི་མདངས་ཅན་མ་གངྒ་ལེའི་ཞལ་སྔ་ནས། དབང་


DTG053_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དྲུག་གི་སྤྱོད་ཡུལ་དུ། །གང་གང་སྣང་བའི་དངོས་པོ་ལ། །རང་བཞིན་བདེན་བས་དབེན་པའི་ཕྱིར། །སྟོང་ཉིད་ཅི་ཕྱིར་མི་གཟིགས་ཞེས། །ཞེས་གསུང་ངོ༌། །ཚེ་འདིའི་ཞེན་བ་ལོག་བ་ཙནྡྲ་སིང་ངའི་ཞལ་སྔ་ནས། བླ་མའི་བྱིན་རླབས་ཞུགས་པའི་མཐུས། །ཨེ་ཝཾ་སྙིང་གི་དཀྱིལ་དུ་ཞུ། །དེ་ཡིས་སྣང་བའི་དངོས་པོ་འདི། །རྟོག་བ་སྐྱེ་མེད་དང་དུ་འཇུག །ཅེས་གསུང་ངོ༌། །དཔའ་མོ་ཡེ་ཤེས་ཀྱི་མདངས་འཕྲོག་མ་བྷ་ག་དྷ་རའི་ཞལ་སྔ་ནས། ཚོགས་དྲུག་ཡུལ་སྣང་སྒྱུ་མ་ལ། །ངོས་ཟིན་འཁྲུལ་བ་ཡུལ་ལ་ལྡོག །གཞི་མེད་རང་གིས་སྟོང་བའི་མཚང༌། །མཐོང་བས་བག་ཆགས་གནས་སུ་འཇོམས། །ཞེས་གསུང་ངོ༌། །རང་གི་བདེ་སྡུག་ཁྱད་དུ་བསད་ནས་གཞན་དོན་འཛིན་བ་པྲཛྙཱ་པ་ལའི་ཞལ་སྔ་ནས། རྗེས་ལ་གཉེན་པོ་བྱ་རབ་ཤིག །བདེ་པའི་རོ་ལ་ཆགས་པ་ན། །སྒོམ་བ་ཉམས་ཀྱི་འཆིང་བ་སྟེ། །ལྷ་ནི་བདུད་དུ་བབ་པར་འགྱུར། །ཞེས་གསུང་ངོ༌། །བཟང་མོ་དཔལ་གྱི་འོད་ཟེར་ཅན་རཏྣ་རོ་ཧའི་ཞལ་སྔ་ནས། རེ་བ་དང་ནི་དོགས་བ་ཡིས། །མཚན་མའི་ཆོས་ལ་རྟོག་པ་ནི། །ཉམས་སུ་མ་མྱོང་སྐྱོན་ཡིན་པས། །གཉིས་མེད་རྩི་ཡིས་ཟིན་པར་བྱ། །རང་སྣང་རང་སར་གྲོལ་བར་བྱ། །ཞེས་གསུང་ངོ༌། །སྣང་བའི་མཚང་གིས་གཉུག་མའི་ངོ་བོ་མཐོང་བ་དེ་བ་ཤྲཱི་སཱུཪྻའི་ཞལ་སྔ་ནས། གང་ཟག་ལམ་པའི་རྒྱུད་ལ་ནི། །རེ་དོགས་གཉིས་སུ་བྱུང་གྱུར་ན། །ལྟ་བ་མ་རྟོགས་སྐྱོན་ཡིན་པས། །འཁོར་བ་དང་ནི་མྱ་ངན་འདས། །རང་གི་སེམས་སུ་བློ་ཐག་བཅད། །ཅེས་གསུང་ངོ༌། །དཔའ་མོ་ལྷའི་སྒྲོལ་མ་བྷ་ག་ཛུ་ལུའི་ཞལ་སྔ་ནས། བླང་བྱ་དོར་བྱ་གཉིས་བྱུང་ན། །སྤྱོང་པ་གོམས་པར་མ་བྱས་པའི། །རོ་མ་སྙོམས་པའི་སྐྱོན་ཡིན་པས། །དང་བཞིན་སེམས་ལས་ཕྱིར་གྱུར་བའི། །འཁོར་འདས་མེད་པར་ཤེས་པར་བྱ། །ཞེས་གསུང་ངོ༌། །ཤེས་པ་རྐྱེན་དང་བྲལ་བས་རྟོག་པས་མི་འཆིང་བ་དཱ་ན་ཤྲཱི་རཱ་ཛཱའི་ཞལ་སྔ་ནས། འཕགས་ལམ་བགྲོད་པའི་དུས་དེར་ནི། །བསྒོམ་བྱ་སྒོམ་བྱེད་གཉིས་བྱུང་ན། །གནས་ལུགས་ངོ་ཡིས་མ་ཟིན་པའི། །རྐྱེན་གྱི་དྲི་མ་འཐས་པ་ཡིན། །སེམས་དོ་སྐྱེ་མེད་ཤེས་པར་བྱ། །ཞེས་གསུང་ངོ༌། །སྤྲོས་བྲལ་གྱི་རྒྱན་དང་


DTG053_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་བྷ་བ་དེ་བའི་ཞལ་སྔ་ནས། མཆོག་གི་འབྲས་བུར་གྱུར་པ་ན། །མ་རྟོགས་སྐྱོན་གྱིས་གོལ་བ་མིན། །ཀྱེ་མ་གང་ལ་རེ་བ་དེའི། །མ་སྤངས་དྲི་མ་མི་འདག་པས། །རེ་བ་མེད་པ་བདེ་བའི་མཆོག །ཅེས་གསུང་ངོ༌། །ཕྲིན་ལས་ཀྱིས་གདུལ་བྱའི་རེ་བ་སྐོང་བ་བཛྲ་རཥྨིའི་ཞལ་སྔ་ནས། །སྣང་བ་ལ་ནི་ཆགས་གྱུར་ན། །ལམ་ཁྱེད་མ་ཤེས་སྐྱོན་ཡིན་པས། །བདེན་བརྫུན་དངོས་པོའི་ཆོས་ལ་བལྟ། །གང་ལ་མངོན་པར་ཞེན་པ་ནི། །འཆིང་བའི་རྒྱུད་དེ་བོར་དེ་སྒྲིམ། །ཞེས་གསུང་ངོ༌། །ཕྱིར་མི་ལྡོག་པའི་ཕྱག་རྒྱ་ཅན་རཏྣ་ཁ་དྷའི་ཞལ་སྔ་ནས། ལམ་དུ་མཐོང་བའི་རྟགས་རྣམས་ལ། །བདག་བྲོད་རེ་བས་སྔོན་བསུ་ནས། །དམིགས་མེད་རྩི་ཡིས་མ་ཟིན་པའི། །བློ་བྲལ་མ་དག་སྐྱོན་ཡིན་པས། །ཤེས་བའི་ཕུ་ཐག་གཅད་པར་བྱ། །ཞེས་གསུང་ངོ༌། །ཐོས་པའི་མཐའ་ཚིག་གི་ཐོག་ཏུ་བཅད་བ་ཙནྡྲ་ཧྲྀ་དའི་ཞལ་སྔ་ནས། འཁོར་བ་སྡུག་བསྔལ་དུ་མཐོང་བས། །དོགས་བས་སྐྱོ་ན་གོལ་བ་སྟེ། །ཡུལ་མ་འབྱོངས་པའི་སྐྱོན་ཡིན་པས། །མཁས་པས་དོགས་པ་སྤངས་པ་ན། །བདེ་བའི་ཚད་དུ་ཆུད་པ་ཡིན། །ཞེས་གསུང་ངོ༌། །འཁྲུལ་བ་ཆོས་ཉིད་དུ་ཤར་བ་མོ་ཧ་ར་དྷ་ནའི་ཞལ་སྔ་ནས། རྩོལ་བ་མེད་པའི་བརྩོན་འགྲུས་ཀྱིས། །ངོས་གཟུང་བྲལ་བའི་ཉམས་མྱོང་བསྐྱང༌། །བྱིང་རྒོད་ལ་སོགས་བྱུང་གྱུར་ཀྱང༌། །དེ་ཡི་སྐྱོན་ངོ་ཤེས་བྱས་ལ། །ཁོ་ན་ཉིད་ལ་གློད་ལ་བཞག །ཅེས་གསུང་ངོ༌། །དོན་གྱི་གནད་རིག་པས་བསམ་པའི་མཐའ་ཆོད་པ་བཛྲ་དྷ་ལི་བའི་ཞལ་སྔ་ནས། ཀྱེ་མ་ཀྱེ་མ་ཐ་མལ་གྱི། །མ་བཅོས་ཤེས་པ་ངོས་གཟུད་དང༌། །རང་གི་རང་བཞིན་ཉིད་ལ་བལྟ། །འདི་ཡི་དུས་སུ་རང་སྣང་གི །ཆོས་ལ་བརྟག་དཔྱད་སྤང་བར་བྱ། །ཞེས་གསུང་ངོ༌། །འདོད་པའི་བློ་ལོག་མ་ར་ས་བྷིའི་ཞལ་སྔ་ནས། ཅིར་སྣང་ངོ་བོས་རང་གྲོལ་བས། །ཉོན་མོངས་བག་ཆགས་ཀྱིས་མི་འོག །ཆོས་དང་སེམས་སུ་རོ་མཉམ་བས། །སྣ་ཚོགས་གཟུགས་མེད་རྩ་བྲལ་དུ། །གྲོལ་བས་སྨྱོན་པ་ལྟ་བུའོ། །ཞེས་གསུང་ངོ༌། །བྱིན་རླབས་ཀྱི་ཉམས་འབར་བས་བསྒོམ་ཐོག་བབས་སུ་འཆར་པ་རཥྨི་སཱུཪྻའི་ཞལ་སྔ་ནས། ཐམས་ཅད་སྒྱུ་མ་ལས་མ་འདས། །རང་བཞིན་མེད་པའི་མཚང་གོ་བས། །ནང་གིས་ཕྱི་རོལ་བྱིན་བརླབས་


DTG053_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མཚོ་ལ་འཁྱག་དར་ཞིག་པ་བཞིན། །སྣང་བ་རང་སར་གྲོལ་བར་འགྱུར། །ཞེས་གསུང་ངོ༌། །རིག་པ་སྙེམས་ལས་གྲོལ་བ་མོ་བྷ་ག་ད་ནུའི་ཞལ་སྔ་ནས། འཁོར་འདས་རོ་གཅིག་རྟོགས་པ་ལས། །དེས་ནི་གཉིས་འཛིན་ཤེས་པ་གྲོལ། །འབད་རྩོལ་མེད་པར་གདུལ་བྱ་ཡི། །དོན་འབྱུང་ཡིད་བཞིན་ནོར་བུ་ལྟར། །འབྲས་བུ་རང་ལས་རྙེད་པར་འགྱུར། །ཞས་གསུང་ངོ༌། །ཚེ་འདིའི་རྩིས་བཤིག་པས་ཅི་བྱས་ཆོས་སུ་སོང་བ་རཏྣ་པ་ལིའི་ཞལ་སྔ་ནས། གཞི་ལ་གནས་པའི་འབྲས་བུ་ནི། །ཨེ་མ་རང་བྱུང་བསམ་མི་ཁྱབ། །རང་སེམས་སྐྱེ་མེད་དོ་ཤེས་པས། །སྐུ་གཉིས་བསྒྲུབ་པའི་འདུན་མ་གྲོལ། །ཐོབ་བྱའི་འབྲས་དུ་ཕྱི་ནང་མེད། །ཅེས་གསུང་ངོ༌། །ཉོན་མོངས་པ་རང་ཐོག་ཏུ་བརྙིལ་བ་མོ་རི་བྷ་ན་དིའི་ཞལ་སྔ་ནས། འདི་ནི་གཟུགས་ཅན་མ་ཡིན་པས། །དུས་གསུམ་འགྱུར་བ་མེད་པར་གནས། །འཁོར་བ་དང་ནི་མྱང་འདས་ཀྱི། །ཆོས་རྣམས་ཕྱག་རྒྱ་ཆེན་པོ་ལས། །མ་འདས་ཀུན་ལ་ཁྱབ་པའི་བདག །ཅེས་གསུང་ངོ༌། །ལྟ་སྟངས་ཀྱི་གཟེངས་སྨད་པས་འཇམ་རླུང་ཐོག་བབས་སུ་ཟིན་པ་གི་རྟི་པིང་ངའི་ཞལ་སྔ་ནས། གདོད་ནས་སྟོང་ཞིང་བདག་མེད་པ། །རིན་ཆེན་སེམས་ནི་ཕྱག་རྒྱ་ཆེ། །རྒྱུ་ལས་མ་བྱུང་སྐྱེ་འཇིག་མེད། །མ་སྐྱེས་ངོ་བོ་དེ་མཐོང་བས། །འཁོར་བའི་ཐོག་མཐའ་ཆོད་བར་འགྱུར། །ཞེས་གསུང་ངོ༌། །དུས་གསུམ་རང་སར་གྲོལ་བ་མོ་བྷ་ག་ཏའི་ཞལ་སྔ་ནས། སེམས་ཉིད་ངོ་གསལ་ངོ་བོས་དབེན། །སངས་རྒྱས་དང་ནི་སེམས་ཅན་གྱི། །ཁྱད་པར་ཡོད་པ་མ་ཡིན་ཏེ། །མར་མེ་དང་ནི་འོད་བཞིན་ནོ། །འདི་ཤེས་འཁོར་བདས་འཛིན་རྟོག་བྲལ། །ཞེས་གསུང་ངོ༌། །རྟོག་པ་བྱིན་རླབས་ལས་འཁྲུངས་པ་ཙནྡྲ་པྲཛྙཱ་ལི་ཞལ་སྔ་ནས། ཡིད་ལ་མི་བྱེད་དོན་འདི་ལ། །སྐྱེ་དང་འགག་དང་འགྲོ་འོང་མེད། །རང་སྣང་བ་ནི་རང་གི་སེམས། །ཐ་དད་པར་ནི་མི་རྟོག་གོ །གཉིས་འཛིན་བྲལ་ན་ཕྱག་རྒྱ་ཆེ། །ཞེས་གསུང་ངོ༌། །རྟོག་པ་རང་གྲོལ་ང་ར་བྷེ་ནའི་ཞལ་སྔ་ནས། སྟོང་པ་ཉིད་ལ་བདེན་པ་ཡི། །བློར་འཇོག་བདག་འཛིན་མདུད་པར་འགྱུར། །བྱེད་མཁན་ངོས་འཛིན་འཁྲུལ་པ་འཇིག །དེ་ནི་གནད་ཀྱི་གདམས་པ་ཡིན། །


DTG053_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུང་ངོ༌། །དོ་སྤྲོད་ཀྱི་གནད་ལ་ངེས་པའི་ཤེས་པ་སྐྱེས་པ་རཏྣ་བོ་དྷིའི་ཞལ་སྔ་ནས། རྟོགས་པའི་དོན་ལ་མཆོག་འཛིན་སྤང༌། །འདག་པར་དཀའ་བའི་དྲི་མ་ནི། །ངོ་བོ་མཐོང་བའི་རང་ཉིད་དེ། །མཐའ་དང་བྲལ་བ་ལྟ་བ་ཡིན། །ཞེས་གསུང་ངོ༌། །དབང་གི་ཉམས་ཀྱིས་བཟི་བ་མོ་བྷ་ཙ་ལའི་ཞལ་སྔ་ནས། གློ་བུར་རྐྱེན་ལས་སྐྱེས་པ་ཡི། །དྲན་རིག་རྣམ་པར་རྟོག་པ་ནི། །དེ་ཉིད་ངོ་བོ་གཞི་མེད་དེ། །རང་བཞིན་མ་སྐྱེས་བ་ཡི་གཞི། །དེ་མཐོང་འཁྲུལ་པའི་སྣང་བ་འཇིག །ཅེས་གསུང་ངོ༌། །འོད་གསལ་གྱི་རང་ངོ་མཁའ་འགྲོ་མའི་བརྡ་ལས་ཕྲད་བ་ཀནྡྷ་རི་པའི་ཞལ་སྔ་ནས། རྣམ་པར་རྟོག་པ་ཆོས་ཉིད་དུ། །མ་ཤེས་དབྱིངས་ཀྱི་ཡེ་ཤེས་ནི། །མཚང་མ་མཐོང་བས་ངོས་མ་ཟིན། །ཨེ་མ་དེ་ཉིད་ལྟོས་དང་ཀྱེ། །ཞེས་གསུང་ངོ༌། །མི་རྟོག་པའི་གཉིད་ལོག་མ་སིདྷ་དྷ་ནའི་ཞལ་སྔ་ནས། དེ་ཉིད་ངོ་བོ་འདུས་མ་བྱས། །འགྲོ་འོང་མེད་པའི་བདག་ཉིད་ཅན། །སྤྲོས་པ་ཉེར་ཞི་འོང་གསལ་དང༌། །ག་དོད་ནས་དག་པ་དེ་ལོས་དང༌། །ཞེས་གསུང་ངོ༌། །གཉིས་སྣང་གི་ཤེས་པ་གྲོལ་བ་བཱིཪྻ་ཛ་ལའི་ཞལ་སྔ་ནས། མ་སྐྱེས་མི་སྐྱེ་སྐྱེ་བ་མེད། །སྟོང་ཉིད་ལས་བྱུང་སྐྱེ་བ་མེད། །སྐྱེ་མེད་སྐྱེ་བའི་ངོ་བོས་སྟོང༌། །རྒྱུ་རྐྱེན་བྱེད་པ་པོ་མ་གྲུབ། །ཅེས་གསུང་ངོ༌། །བདེ་བའི་རོས་མྱོངས་པ་མོ་གྷ་ཛུ་ལིའི་ཞལ་སྔ་ནས། སྐྱེ་མེད་དབྱིངས་ལས་ཤར་བ་ཡི། །ཆོས་རྣམས་སྐྱེ་བ་མེད་པའི་བདག །རང་བཞིན་ལས་ནི་མ་འདས་ཏེ། །དངོས་རྣམས་སྐྱེ་བ་མེད་པའོ། །ཞེས་གསུང་ངོ༌། །དགེ་བའི་དཔལ་འཛིན་བི་ལི་ཏའི་ཞལ་སྔ་ནས། བྱ་བ་བཏང་བའི་སྐྱེས་བུ་བདེ། །འཇིག་རྟེན་པ་ལ་སྡུག་བསྔལ་དུ། །མ་སོང་བ་ཡི་དངོས་པོ་གང༌། །དེ་ནི་འཕགས་པས་གཟིགས་མི་འགྱུར། །ཞེས་གསུང་ངོ༌། །རྣལ་འབྱོར་པ་རྣམས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་སྣང་བ་གྲུབ་པ་རྣམས་ཀྱི་རྡོ་རྗེའི་མགུར་ལས་དཔལ་གྱི་བེའུའི་བཅུད་རྣམ་པར་འཐིགས་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།སྣང་བ་རྒྱུད་ལ་ངེས་སྐྱེས་པ་ས་རྫ་ནའི་ཞལ་སྔ་ནས། ལས་ཀྱི་ཕྱག་རྒྱ་མཚོན་བྱེད་དེ། །ཆོས་ཀྱི་ཕྱག་རྒྱ་སྒོམ་པའི་ལམ། །ཕྱག་རྒྱ་ཆེན་པོ་འབྲས་བུ་སྟེ། །དམ་ཚིག་ཕྱག་རྒྱ་ཕྲིན་ལས་སོ། །


DTG053_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུང་ངོ༌། །སེང་གེའི་རྩལ་དང་ལྡན་པ་སིདྡྷ་ནའི་ཞལ་སྔ་ནས། མཚོན་བྱེད་མེད་ན་དོན་མི་མཐོང༌། །བསྒོམ་བྱ་མེད་ན་ལམ་དང་བྲལ། །འབྲས་བུ་མེད་ན་བསྒྲུབས་ནས་ཅི། །ཕྲིན་ལས་མེད་ན་དགོས་པ་སྟོར། །ཞེས་གསུང་ངོ༌། །དོན་རྒྱུད་ལ་སྒྲོ་འདོགས་ཆོད་པ་དེ་བ་ཤ་རིའི་ཞལ་སྔ་ནས། བདེ་བ་ཉམས་མྱོང་དགའ་བ་སྟེ། །འཛིན་གྲོལ་ཉམས་མྱོང་མཆོག་ཏུ་དགའ། །བདེ་སྟོང་དབྱེ་རུ་མེད་པ་ནི། །ལྷན་ཅིག་སྐྱེས་བའི་དགའ་བའོ། །ཉམས་ལས་གྲོལ་ན་དགའ་བྲལ་ལོ། །ཞེས་གསུང་སོ། །བདེ་བའི་འོད་ཟེར་ཅན་བི་མ་ལདྷའི་ཞལ་སྔ་ནས། མྱོང་བས་ལུས་སེམས་རྣལ་དུ་གསོལ། །ཞོན་མེད་ཉམས་མྱོང་འཛིན་པ་གྲོ། །སྤྲོས་བྲལ་སྟོང་པ་བདེ་བའི་ཉམས། །ཤེས་པ་དེར་འཛིན་བྲལ་བ་ཅན། །ཞེས་གསུང་ངོ༌། །བྱིན་རླབས་ཀྱི་རྒྱུད་པས་ཆོད་སེལ་བ་ཤྲཱི་ས་ར་བའི་ཞལ་སྔ་ནས། །རང་གནས་རྩ་བ་འདུས་མ་བྱས། །སྐད་ཅིག་མ་ཡི་མཚང་གིས་རིག །ཏོལ་སྐྱེས་ཤེས་པ་སྔ་ཕྱིར་བྲལ། །དེར་ནི་གཉིས་སྣང་མདུད་པ་གྲོལ། །ཞེས་གསུང་ངོ༌། །བཟང་མོ་ནོར་བུའི་འོད་ལྡན་མ་དྷ་ན་ལའི་ཞལ་སྔ་ནས། དྲན་རིག་རྣམ་པར་རྟོག་པ་ནི། །དམིགས་པ་མེད་པར་མཆོད་ན། །བག་ཆགས་གནས་པའི་རྟེན་མི་འཇིག །མཚན་མ་རང་གྲོལ་དེ་ལྟོས་ཤིག །གསུང་ངོ༌། །བློ་རྟེན་མ་བཅས་པས་མཚན་མ་རང་སར་གྲོལ་པག་ཛུ་དྷ་རིའི་ཞལ་སྔ་ནས། ཉེ་བར་ལེན་པའི་ཕུང་པོ་ལྔ། །སྒྱུ་མ་ལྟ་བུར་མཚན་ཉིད་མེད། །གང་ལ་རང་བཞིན་མེད་པ་ནི། །མཚན་ཉིད་མེད་པའི་མཚན་ཉིད་གཅིག །ཅེས་གསུང་ངོ༌། །རྫུ་འཕྲུལ་གྱི་འོད་ཟེར་ཅན་རདྣཾ་ཏའི་ཞལ་སྔ་ནས། ཆོས་རྣམས་སྒྱུ་མའི་ངོ་བོ་ལ། །རང་བཞིན་ཡིད་ལ་མ་ཡིན་ཀྱང༌། །ལམ་དུ་འཁྲུལ་པ་མ་བསལ་ན། །སྒྱུ་མར་མཐོང་བས་གྲོལ་བ་མིན། །སྒྱུ་མས་སྒྱུ་མ་འཆིང་བར་འགྱུར། །ཞེས་གསུང་ངོ༌། །དུས་གསུམ་མ་དམིགས་པས་རྟོག་པ་ཆད་པ་ཐ་རིནྡྷ་པའི་ཞལ་སྔ་ནས། ཆུན་རྗེས་བཤིག་པ་ཤེས་རབ་ལམ། །ཆོས་ཉིད་སྤྲོས་བྲལ་འཆར་བའི་ས། །རིག་པ་སྒྲིམ་གློད་ཐབས་ཀྱི་མཆོད། །མ་རིག་བསྒོམ་གྱིས་གནད་མི་རྟོགས། །ཞེས་གསུང་ངོ༌། །དཔལ་གྱི་བདེ་སྟེར་མ་


DTG053_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཀ་རིའི་ཞལ་སྔ་ནས། མཚུན་གནད་དུ་ཆུད་མི་འགྱུར། །མ་ཤིགས་རྗེས་ཀྱི་ངོས་མི་ཟིན། །མ་བསྒྲིབས་ལོག་ཤེས་ཚར་མི་ཆོད། །མ་གློད་སྤྲོས་བྲལ་འཆར་བའི་ལམ། །ཞེས་གསུང་ངོ༌། །རྩ་བ་གཞི་མེད་མཐོང་བས་གཉིས་འཛིན་གྲོལ་བག་གདྷ་རའི་ཞལ་སྔ་ནས། །ཆོས་རྣམས་མིང་དུ་ཤེས་པར་གྱིས། །དེ་ཡིས་བདེན་འཛིན་གྲོལ་བ་ཡིན། །གནས་ལུགས་གཞི་མེད་མཐོང་བར་གྱིས། །འདི་ཡིས་ཟག་པའི་ཟུག་རྡུ་གྲོལ། །ཞེས་གསུང་ངོ༌། །དཔལ་གྱི་སྒྲོན་མ་ཀ་ན་ལིའི་ཞལ་སྔ་ནས། འཁོར་བའི་རང་མཚན་མཐོང་བར་གྱིས། །དེ་ཡིས་མྱང་འདས་འདོད་པ་གྲོལ། །དྲན་རིག་ཡེ་ཤེས་ངོ་བོར་མཐོང༌། །འདི་ཡིས་སངས་རྒྱས་སྒྲུབ་བློ་འཇིག །ཅེས་གསུང་ངོ༌། །འདོད་བ་ཡིད་ལ་ཞིག་པས་ཟག་མེད་ཀྱི་བདེ་བ་འབར་བཤྲཱི་སཱུཪྻའུ་ཞལ་སྔ་ནས། ཇི་ལྟར་ཏིལ་གྱི་འབྲུ་གུ་ལ། །མར་གྱིས་ཁྱབ་པར་གནས་མོད་ཀྱང༌། །སྐམ་ལམ་གཅུན་ཁུ་བ་མེད། །ཏིལ་གྱི་མར་གྱིས་དོན་མི་ནུས། །ཞེས་གསུང་ངོ༌། །བུམ་འཛིན་མ་དྷ་ན་རུའི་ཞལ་སྔ་ནས། རིགས་དྲུག་འཁོར་བའི་སེམས་ཅན་ལ། བདེ་གཤེགས་སྙིང་པོ་ཡོད་གྱུར་ཀྱང༌། །མ་བསྒྲུབས་གྲོལ་བ་ཐོབ་མི་འགྱུར། །ཞེས་གསུང་ངོ༌། །རྣམ་རྟོག་གཞི་མེད་དུ་མཐོང་བས་གཉེན་པོའི་བྱར་ལས་གྲོལ་བ་སུ་ག་དེ་བའི་ཞལ་སྔ་ནས། རིག་པ་མདུང་ཁྱེར་བསྒོམ་གྱི་གནད། །མ་བསྒོམས་ཤེས་པ་གཉུག་མའི་དང༌། །བསྒོམས་དང་མ་བསྒོམས་གཉིས་མེད་པས། །ཤེས་པ་ཟུང་འཇུག་ངོ་མཚར་ཆེ། །ཞེས་གསུང་ངོ༌། །བདེ་བའི་མདངས་ལྡན་མ་བྷ་ཨ་ར་དྷའི་ཞལ་སྔ་ནས། ཤེས་པ་མཐའ་བྲལ་ལྟ་བའི་གནད། །ཐ་མལ་ཤེས་པ་བློ་རྟོག་བྲལ། །མ་བཅོས་པ་ནི་ཆོས་ཀྱི་སྐུ། །བསྒྲུབ་བློ་ཞིག་པ་ངོ་མཚར་ཆེ། །ཞེས་གསུང་ངོ༌། །ལམ་ལ་གང་ཕན་གྲོགས་སུ་སྟོན་ཤེས་པས་སྣང་བ་དཔེ་ཆར་ཤར་བ་བྷ་ན་སཱུཪྻའི་ཞལ་སྔ་ནས། ཇི་ལྟར་སོལ་བའི་སྡོང་པོ་ལ། །ལོ་འབྲས་མེ་ཏོག་མི་འབྱུང་ལྟར། །དེ་བཞིན་དད་པ་མེད་པ་ལ། །ཡོན་ཏན་ནོར་བུ་འབྱུང་མི་འགྱུར། །ཞེས་གསུང་ངོ༌། །ཡེ་ཤེས་སྤྱན་ལྡན་རས་མ་དྷ་ནའི་ཞལ་སྔ་ནས། མངལ་དུ་འཕྱེས་པའི་གླིང་པོ་ཡིས། །འདམ་བུའི་ཚལ་


DTG053_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་རྟོལ་ལྟར། །རང་བཞིན་བརྩོན་འགྲུས་མི་ལྡན་པས། །ཐར་པའི་གྲོང་ཁྱེར་ཕྱིན་མི་འགྱུར། །ཞེས་གསུང་ངོ༌། །སེང་གེའི་ལྟ་སྟངས་ལ་རིག་པ་དབངས་པ་ད་ར་ཙའི་ཞལ་སྔ་ནས། ཇི་ལྟར་རྨི་ལམ་སྒྱུ་མ་བཞིན། །ཀུན་རྫོབ་སྣང་བའི་དང་བཞིན་སྟོང༌། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །སྐྱེ་དང་གནས་པས་དེ་བཞིན་ནོ། །ཞེས་གསུང་ངོ༌། །ལྷའི་མདངས་འཕྲོག་མ་མ་ནི་ལའི་ཞལ་སྔ་ནས། འདི་དག་ཡང་དག་མ་ཡིན་པས། །ཁམས་གསུམ་དོ་པོས་རྣམ་པར་དཔེན། །ཆོས་རྣམས་དོན་དུ་མ་གྲུབ་པས། །རང་བཞིན་དག་པ་ངོ་མཚར་ཆེ། །ཞེས་གསུང་ངོ༌། །དྲན་པའི་རྩལ་ངོ་བོ་སྐྱེས་པ་ཙཎྜ་ལཱིའི་ཞལ་སྔ་ནས། ཆོས་རྣམས་རང་བཞིན་རྣམ་པར་དག །རྒྱུ་མེད་འཁོར་པ་མཐོང་མི་འགྱུར། །མ་མཐོང་མྱ་ངན་འདས་པའི་གནད། །དེ་རྟོགས་ནས་ནི་གྲོལ་བ་ཐོབ། །ཨེ་མ་མཁའ་འགྲོ་གསང་བའི་གནད། །ཅེས་གསུང་ངོ༌། །འབར་བའི་གཙོ་མོ་བྷ་ནུ་ཧི་རིའི་ཞལ་སྔ་ནས། བློ་ཡི་མཐའ་བྲལ་གཉུག་མའི་དང༌། །སྒོམ་དང་བསྒོམ་བྱ་ལས་གྲོལ་ཏེ། །ཕྱག་རྒྱ་ཆེ་ལ་བསྒོམ་དུ་མེད། །མ་བྱས་ཤེས་པ་ངར་དང་བཅས། །རིག་པ་རྟེན་མེད་ནམ་མཁའ་འདྲ། །ཞེས་གསུང་ངོ༌། །ཤེས་པ་ཡུལ་ལ་མ་འཕྲོས་པས་རྟོག་པ་ཆད་བ་ཨ་སུ་ར་དྷེའི་ཞལ་སྔ་ནས། རྟོག་པ་མཐར་ཕྱིན་འབྲས་བུའི་ས། །རེ་དོགས་གོལ་བ་དབྱིངས་སུ་དག །དོན་རྟོགས་རྣལ་འབྱོར་ཉམ་ད་བྲལ། །འཁོར་བ་རང་གྲོལ་ངོ་མཚར་ཆེ། །ཞེས་གསུང་ངོ༌། །ཡེ་ཤེས་ཀྱི་སྤྱན་ལྡན་མ་བྷ་ནུ་ཧ་རིའི་ཞལ་སྔ་ནས། བདེན་གཉིས་ངོ་བོ་ཐ་མི་དད། །སྣང་སྟོང་གཉིས་མེད་ཟུང་དུ་འཇུག །སྣང་སྟོང་གྲོལ་བའི་རྣལ་འབྱོར་པ། །འཁོར་འདས་མེད་པ་ངོ་མཚར་ཆེ། །ཞེས་གསུང་ངོ༌། །རྩ་བའི་གནད་ཀྱིས་རང་ངོ་བརྡ་ལས་ཕྲད་པ་གྷཙ་ལི་པའི་ཞལ་སྔ་ནས། ངེས་པའི་ཤེས་པས་སྐྱེས་པ་ལ། །ཐེ་ཚོམ་སོམ་ཉི་ཡིད་གཉིས་བྲལ། །ཡེ་ཤེས་རྒྱུན་ཆད་མེད་པ་ལ། །སྐད་ཅིག་མ་ཡི་ཆོས་མི་གནས། །ཞེས་གསུང་ངོ༌། །དཔལ་གྱི་འོད་འཇོམ་སུ་ཀ་དྷ་ནའི་ཞལ་སྔ་ནས། བར་དོ་མེད་པའི་ཆོས་ཉིད་ལ། །འགྲོ་དང་འོང་བའི་ཆོས་མི་གནས། །བློ་དང་བྲལ་བའི་ཡེ་ཤེས་ལ། །འཁྲུལ་པའི་དྲི་མ་རྣམ་པར་དག།


DTG053_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུང་ངོ༌། །ཤེས་པ་སོ་ལ་བཞག་པས་འཁྲུལ་པའི་སྣང་བ་ལ་སྒྲོག་ཆད་བ་ཙནྡྷི་པའི་ཞལ་སྔ་ནས། རྩི་ཡིས་ཟིན་པའི་ལྕགས་བཞིན་དུ། །ངོ་བོ་གསེར་དུ་འགྱུར་བ་བཞིན། །བདེ་གསལ་མི་རྟོགས་ཟིན་པས། །དྲན་རིག་ཡེ་ཤེས་ཉིད་དུ་འགྱུར། །ཞེས་གསུང་ངོ༌། །དབྱིངས་ཀྱི་གཙོ་མོ་བྷ་ཏ་ཧའི་ཞལ་སྔ་ནས། གང་ཚེ་གནད་ཀྱི་ངོ་བོར་རིག །དེ་དུས་མ་རིག་མུན་པ་དངས། །གང་དུ་འཁྲུལ་པའི་སྣང་བ་དག །དེ་ནི་སྐུ་གསུམ་ཞིང་ཞེས་ཤེས། །གསུང་ངོ༌། །ཨཱ་ལི་ཀཱ་ལིའི་གནད་ཀྱིས་བཀའ་རྒྱུད་ཀྱི་དོན་གྲོལ་བ་ཤོ་ས་རི་བའི་ཞལ་སྔ་ནས། གང་ལ་གཏེར་གྱི་ཁྲོན་ཡོད་ན། །དེ་ལ་ཆགས་པའི་བློ་འབྱུང་གིས། །གཏེར་མེད་པ་ལ་ཆགས་བློ་མེད། །སོ་བྱ་ནགས་ཀྱི་ཁྲོད་མི་སྙག །ཅེས་གསུང་ངོ༌། །རྫུ་འཕྲུལ་གྱི་རྒྱན་དང་ལྡན་པའི་ཐན་མོའི་ཞལ་སྔ་ནས། རྩི་མེད་སྤྲད་མ་བདེ་བར་གནས། །ཉ་བཏང་སྐྱར་མོ་སེམས་ངལ་སོས། །ཆོག་མེད་བློ་ནི་དབུལ་པོ་ཡིན། །ཞེས་གསུང་ངོ༌། །དཀའ་ཐུབ་ཀྱི་སྲངས་ཚར་བས་འཕགས་པའི་རྒྱུད་པ་ཟིན་པ་རཏྣ་དེ་བའི་ཞལ་སྔ་ནས། རྒྱུ་ཡི་རྣལ་འབྱོར་རྐྱེན་ལས་བྱོལ། །ལམ་པའི་རྣལ་འབྱོར་རྐྱེན་དང་བྲལ། །འབྲས་བུའི་རྣལ་འབྱོར་རྐྱེན་ཐོག་འབབ། །རྟོག་པའི་རྐྱེན་དུ་གང་མ་སོང༌། །ཞེས་གསུང་ངོ༌། །ཐུགས་རྗེའི་འོད་ལྡན་མ་སུ་རི་དྷ་ནའི་ཞལ་སྔ་ནས། རྒྱ་མཚོ་ནང་གི་སེམས་ཅན་ལ། །ཆུ་སྲིན་ཟས་སུ་མ་གྱུར་གང༌། །དེ་བཞིན་བརྟན་པ་ཐོབ་པ་ལ། །གྲོགས་སུ་མ་གྱུར་གང་ཡང་མེད། །ཅེས་གསུང་ངོ༌། །འཁྲུལ་པ་ངོས་ཟིན་པས་ཚོགས་དྲུག་རྟོག་པའི་རྐྱེན་བསྐུལ་དུ་ཤར་བ་ཨ་མོ་གྷ་ཙནྡྲའི་ཞལ་སྔ་ནས། ལྟ་མེད་ལྟ་དང་བྲལ་བ་ལ། །ལྟ་བ་འདི་ཡིན་ཇི་ལྟར་སྨྲ། །གཞོན་ནུ་མ་ཡི་བདེ་བ་བཞིན། །ཉམས་མྱོང་བརྗོད་པར་ནུས་མ་ཡིན། །ཞེས་གསུང་ངོ༌། །བདེ་བའི་སྟོབས་ལྡན་མ་ས་ན་ལིའི་ཞལ་སྔ་ནས། གང་གིས་མཁུར་བར་ཆུ་བླུགས་ན། །སྨྲ་བརྗོད་ནུས་པ་མ་ཡིན་ནོ། །དོན་གྱི་རྩི་འཐུངས་རྣལ་འབྱོར་པས། །ཕྱག་རྒྱ་ཆེན་པོ་བརྗོད་མི་ཤེས། །ཞེས་གསུང་ངོ༌། །གནད་ཀྱི་རང་མཚང་གོ་བས་རིག་པའི་རྩལ་འབྱོངས་པ་སུ་ཁ་ཛྙཱ་ནའི་ཞལ་སྔ་ནས། ཆུ་རྣམས་ཐམས་ཅད་རྒྱ་མཚོ་རུ། །ལན་ཚྭའི་རོ་རུ་གཅིག་པ་ལྟར། །གདམས་


DTG053_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནད་ཀྱི་ངོ་སྒྲོད་དུ། །ཆོས་རྣམས་དོན་གཅིག་གོ་མར་འགྱུར། །ཞེས་གསུང་ངོ༌། །སེམས་ལ་དབང་ཐོབ་པར་ནུ་དྷ་རའི་ཞལ་སྔ་ནས། མིག་སེར་གྱིས་ནི་གཟིར་བ་ཡི། །ས་གཞིག་སེར་དུ་མཐོང་བ་བཞིན། །དེ་ལྟར་དོན་གྱི་རྩི་འཐུངས་པས། །ཅིར་སྣང་གདམས་པར་མཐོང་བར་འགྱུར། །ཞེས་གསུང་ངོ༌། །ཡེ་ཤེས་བཤིག་རྗེས་ལ་ངོས་ཟིན་པ་བི་མེད་བའི་ཞལ་སྔ་ནས། སྐྱེས་བུ་བདུད་ཀྱིས་ཁྱེར་བ་ནི། །དེ་ཚེ་བདག་བསྟོད་གཞན་ལ་སྨོད། །རྨོངས་པའི་གྲུབ་མཐའ་མངོན་ཞེན་ཅན། །འདི་ནི་ལྟ་བའི་བདུད་ཡིན་ནོ། །ཞེས་གསུང་ངོ༌། །དཔའ་མོ་ཁྱུང་བྱའི་ལྡེ་མ་རུ་ཅན་པ་ལི་པ་དའི་ཞལ་སྔ་ནས། མཁས་པས་ཁས་ལེན་སྤང་བར་བྱ། །ཐོས་པས་རང་རྒྱུད་དུལ་བ་ནི། །འདི་ཡི་ཡོན་ཏན་དགོས་པ་སྟོར། །རིག་བྱེད་མཐར་ཕྱིན་ཞི་ཞིང་དུལ། །ཞེས་གསུང་ངོ༌། །སྣ་རྩེར་ཡིད་བཅིངས་པས་འགྱུ་བ་སྲངས་སུ་ཆུད་པར་ནུ་ཙནྡྲའི་ཞལ་སྔ་ནས། ཇི་ལྟར་ཡོལ་བས་བཅད་པའི་རྒྱབ། །བུམ་བ་ལ་སོགས་མི་མངོན་བཞིན། །དེ་ལྟར་འདོད་པའི་མིག་བཙུམས་པས། །ཟག་པ་ཕྱི་རུ་མཐོང་མི་འགྱུར། །ཞེས་གསུང་ངོ༌། །ཡིད་འཕྲོག་རྨ་བྱའི་ལྡེ་རུ་ཅན་བྷ་གསུ་ནའི་ཞལ་སྔ་ནས། གང་དུ་གཉིས་འཛིན་གྲོལ་བའི་ཚེ། །དེ་དུས་འཁྲུལ་པ་རང་སར་དག །ཆོས་ཉིད་སྣང་བ་ཤར་བ་ལ། །བདེན་པ་མཐོང་ཞེས་རབ་ཏུ་བརྗོད། །ཅེས་གསུང་ངོ༌། །ངོ་སྤྲོད་གནད་ལ་ཕོག་པའི་ཕྱག་རྒྱ་ཆེན་པོ་ཐོག་བབས་སུ་ཤར་བ་མོ་ཙི་ར་དེ་བའི་ཞལ་སྔ་ནས། །བློ་མཐའ་མ་མཐོང་ལྟ་བ་ནི། །ཤེས་བྱ་མུ་ལས་གྲོལ་བས་ཞིག །སྣང་སྟོང་རྐྱེན་དང་བྲལ་བ་ལས། །སྐྱེ་བ་མེད་པའི་ཕྱག་རྒྱས་བཅིངས། །ཞེས་གསུང་ངོ༌། །བདེ་ལྡན་མ་དུང་གི་ཐོར་ཅོག་ཅན་བ་ཏ་མིའི་ཞལ་སྔ་ནས། འཛིན་བློ་ཐོང་ལ་རྟོག་པ་ཆོད། །ཆོས་རྣམས་གཞི་རུ་མཉམ་པ་ལ། །བརྒྱད་དང་བྲལ་བ་རྣལ་འབྱོར་ཡིན། །ཡེ་ཤེས་སྐུ་ནི་ལས་ལས་གྲོལ། ཞེས་གསུང་ངོ༌། །ངོ་སྤྲོད་གཅིག་གི་ཐོག་ཏུ་ཆོས་རྣམས་ཀུན་གྱི་དོན་རིག་ས་གྷ་ཛུ་ད་བའི་ཞལ་སྔ་ནས། ཇི་ལྟར་དབང་པོ་དངས་པའི་མིག །ལོང་ན་གཟུགས་རྣམས་མི་མཐོང་བཞིན། །དེ་ལྟར་འདོད་པའི་བློ་མེད་ན། །སྒྲིབ་པས་མཐོང་བར་མི་འགྱུར་རོ། །ཞེས་གསུང་ངོ༌། །གཏུམ་མོ་འབྲུག་གི་སླག་པ་ཅན་བི་ཏ་ལའི་


DTG053_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྔ་ནས། གང་ཞིག་གཟུགས་མེད་བར་དུ་ནི། །དེ་ལ་གྲི་བ་མ་འོང་བ་བཞིན། །དེ་ལྟར་འདོད་བའི་བློ་ཡོད་ཕྱིར། །སྒྲིབ་བ་སྤངས་པར་འགྱུར་མ་ཡིན། །གྲོགས་དག་འདོད་པའི་བློ་དང་བྲལ། །ཞེས་གསུང་ངོ༌། །ཉམས་ཀྱི་མན་ངག་མར་མེ་གཅིག་ནས་གཅིག་ཏུ་སྤེལ་བའི་ལུགས་དེ་ཁོ་ན་ཉིད་རྣལ་དུ་མཚོན་པ་ལས་བདུད་རྩིའི་ཆར་རྣམ་པར་ཕབ་པ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །།རྒྱལ་སྲས་མིའི་སང་གེ་རྗེད་མ་པ་རྒྱ་གར་རིན་པོ་ཆེའི་ཞལ་སྔ་ནས་རང་འགྱུར་དུ་མཛད་པ། ཕྱག་རྒྱ་ཆེན་པོ་དུ་མ་བུ་ཁྲིགས། །ཚིག་ཏུ་ཉུང་ལ་དོན་དུ་འགྲིལ། །ཉམས་མྱོང་སྐྱེས་བ་རྡོ་རྗེའི་མགུར། །མ་རིག་མུན་སེལ་སྒྲོན་མེ་འདི། །སྐལ་ལྡན་མིག་གི་དབང་པོ་ཡིས། །ལྟ་བས་མི་ངོམས་བློས་མི་འཁྱུད། །སྒྲོ་འདོགས་བཀླགས་པ་ཙམ་གྱིས་ཆོད། །ཨེ་མ་ངོ་རེ་མཚར་རྫོགས་སོ།།


previousརྣལ་འབྱོར་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་རྣམས་ཀྱི་རྡོ་རྗེའི་མགུར། next