Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདུགས་ལ་སོགས་པ་རབ་ཏུ་གནས་པ་དང་རྙིང་པ་འབྱོན་པའི་ཆོ་ག། 
   
   
   


 
previousགདུགས་ལ་སོགས་པ་རབ་ཏུ་གནས་པ་དང་རྙིང་པ་འབྱོན་པའི་ཆོ་ག། next

གདུགས་ལ་སོགས་པ་རབ་ཏུ་གནས་པ་དང་རྙིང་པ་འབྱོན་པའི་ཆོ་ག།


DTG053_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙྪ་ཏྲཱ་དི་པྲ་ཏིཥྛཱ་ཛཱིརྞྞོ་དྷཱ་ར་བི་དྷིཿ་བོད་སྐད་དུ། གདུགས་ལ་སོགས་པ་རབ་ཏུ་གནས་པ་དང་རྙིང་པ་འབྱིན་པའི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ནས་གསེར་ལས་གྲུབ་པ་ལ་སོགས་པའི་གདུགས་ཨ་ཡིག་ལས་སྐྱེས་པའི་ཡུ་བ་ཨ་བ་དྷཱུ་ཏཱིའི་རང་བཞིན་ཅན། ཧཾ་ཡིག་ལས་སྐྱེས་པ་རྩ་སུམ་ཅུ་རྩ་གཉིས་ཀྱིས་ངེས་པར་བཅིངས་པའི་རྩིབས་སུམ་ཅུ་རྩ་གཉིས་པ། སངས་རྒྱས་ཀྱི་ཡེ་ཤེས་བདུད་རྩིའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་མཚོན་པར་བྱེད་ཅིང༌། ཉོན་མོངས་པའི་ཚ་གདུང་ཐམས་ཅད་འཕྲོག་པར་བྱེད་པའི་དམ་ཚིག་སེམས་དཔའ་རྣམ་པར་བསམས་ནས། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ་དེར་གཞུག་པར་བྱ་ཞིང་བུམ་པའི་ཆུས་དབང་བསྐུར་ཏེ་ཡང་དག་པར་མཆོད་ནས། ཨོཾ་ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་ཨཱཿཙྪ་ཏྲཱ་བ་ལི་སྭཱ་ཧཱ། འདིས་ལན་བརྒྱ་རྩ་བརྒྱད་བསྔགས་པར་བྱ་སྟེ་གདུགས་རབ་ཏུ་གནས་པའོ། །དེ་བཞིན་དུ་ཨོཾ་ཡིག་ལས་སྐྱེས་པ་ཆེས་བཟང་པོའི་གསེར་གྱིས་སྤྲས་པའི་ཡུ་བ་ཅན་བཀྲ་ཤིས་པའི་རང་བཞིན་སྟོན་ཀའི་ཟླ་བའི་འོད་ལྟར་དཀར་བའི་རྔ་ཡབ་རྣམ་པར་བསམས་ནས། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ་དམ་ཚིག་སེམས་དཔའ་ལ་གཞུག་པར་བྱ་ཞིང༌། བུམ་པའི་ཆུས་དབང་བསྐུར་ཏེ་མཆོད་པ་བྱས་ནས། ཨོཾ་ཙུ་རུ་ཙཱ་མ་རི་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་དུ་ལྷག་པར་གནས་པར་བྱ་སྟེ་རྔ་ཡབ་རབ་ཏུ་གནས་པའོ། །དེ་བཞིན་དུ་སིཾ་ཡིག་ལས་སྐྱེས་པའི་སེང་གེ་དང༌། ཨ་ཡིག་


DTG053_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པའི་གཞན་གྱིས་མི་ཐུབ་པ་དང༌། ཀཾ་ཡིག་ལས་སྐྱེས་པའི་རིན་པོ་ཆེའི་བུམ་པ་དང༌། མ་ཡིག་ལས་སྐྱེས་པའི་ཉ་དང་རྨ་བྱ་དང་རི་དགས་དང་ཆུ་སྲིན་ལ་སོགས་པ་དང༌། གཾ་ཡིག་ལས་སྐྱེས་པའི་མཁའ་ལྡིང་དང༌། པཾ་ཡིག་ལས་སྐྱེས་པའི་པདྨ་དང༌། ཨ་ཡིག་ལས་སྐྱེས་པའི་མེ་ལོང་དང༌། ཨཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དང༌། ཁྱུ་མཆོག་དང༌། ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་དང༌། ཏྲཾ་ཡིག་ལས་སྐྱེས་པའི་རིན་པོ་ཆེ་དང༌། ཧཾ་ཡིག་ལས་སྐྱེས་པའི་དང་པ་ལ་སོགས་པས་མཚན་པར་གྱུར་པའི་དམ་ཚིག་སེམས་དཔའ་རྣམ་པར་བསམས་ནས་དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ་དམ་ཚིག་སེམས་དཔའ་ལ་གཞུག་པར་བྱ་ཞིང༌། བུམ་པའི་ཆུས་དབང་བསྐུར་ཏེ་ཡང་དག་པར་མཆོད་ནས། ཨོཾ་ཨཱཿབཛྲ་དྷཱ་ཛ་བ་ཏི་ཛ་ཡོཏྟ་རི་སྭཱ་ཧཱ། ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་དུ་ལྷག་པར་གནས་པར་བྱ་སྟེ་རྒྱལ་མཚན་རབ་ཏུ་གནས་པའོ། །དེ་བཞིན་དུ་པཾ་ཡིག་ལས་སྐྱེས་པ་འོད་གསལ་ཞིང་རབ་ཏུ་གདུང་བ་སྐྱེད་པར་བྱེད་པའི་དམ་ཚིག་སེམས་དཔའི་གཟུགས་རྣམ་པར་བསམས་ནས། དེ་དང་མཚུངས་པའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ་དམ་ཚིག་སེམས་དཔའ་ལ་གཞུག་པར་བྱ་ཞིང༌། བུམ་པའི་ཆུས་དབང་བསྐུར་ཏེ་ཡང་དག་པར་མཆོད་ནས། ཨོཾ་ཨཱཿབཛྲ་ཀེ་ཏུ་བཛྲ་པ་ཏཱ་ཀེ་དྷི་ཏིཥྛ་པཾ་སྭཱ་ཧཱ། ཞེས་པ་འདི་ལན་བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ་སྟེ་བ་དན་རབ་ཏུ་གནས་པའོ། །དེ་ནས་དཀྱིལ་འཁོར་པའི་ལྷ་དང་གནས་ཀྱི་བདག་པོ་དང་འཇིག་རྟེན་སྐྱོང་བ་དང་སའི་བདག་པོ་དང་གླགས་ལྟ་བའི་སྐྱེ་བོ་དང་བཟོ་བོ་དང་སློབ་དཔོན་དང་ཆོས་སྨྲ་བ་ལ་སོགས་པ་རྣམས་ལ་བདག་ཉིད་ཇི་ལྟ་བ་བཞིན་མཆོད་པ་བྱས་ནས་སྔར་བཤད་པའི་ཆོ་གས་གཏོར་མ་ཆེན་པོ་སྦྱིན་པར་བྱའོ། །གྲོང་དང་གྲོང་ཁྱེར་དང་གཙུག་ལག་ཁང་ལ་སོགས་པ་གང་དུ་མཆོད་རྟེན་དང༌། སྐུ་གཟུགས་དང༌། རྒྱལ་མཚན་ལ་སོགས་པ་རྙིང་པ་དང་གས་པ་དང་ཚིག་པ་དང་ཞིག་པ་ལ་སོགས་པར་ལྷ་རྣམས་གནས་བར་གྱུར་ན་གནས་དེར་སེམས་


DTG053_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ལ་ནོར་ཉམས་པ་དང་འཐབ་རྩོད་དང་མུ་གེ་དང་སྐྱེ་བོ་རྣམས་ཟད་པར་འགྱུར་བ་ལ་སོགས་པའི་སྐྱོན་རྣམས་འབྱུང་བས་རྙིང་པ་འབྱིན་པའི་ཆོ་ག་བྱའོ། །དེ་ལ་སློབ་དཔོན་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པ་ས་ཆུ་དང་མེ་ཏོག་དང་བདུག་པ་དང་མར་མེ་དང་ཞལ་ཟས་ལ་སོགས་པས་ཡང་དག་པར་མཆོད་དེ། འདིས་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག །རིག་སྔགས་རྒྱལ་པོ་ཁྱོད་ཕྱག་འཚལ། །སེམས་ཅན་རྣམས་ལ་ཕན་ཕྱིར་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་རྙིང་པ་འབྱིན་པ་ཡི། །ཆོ་ག་བཟང་པོ་བྱ་པར་འདོད། །ཡེ་ཤེས་བདུད་རྩིའི་རང་བཞིན་གྱི། །བུམ་པ་འདིར་ནི་གཞུག་པར་གསོལ། །ཞེས་སོ། །དེ་ནས་ཡུད་ཙམ་དེ་ལ་ངེས་པར་བརྟགས་ཏེ་དེའི་ཐུགས་ཀར་དེའི་ས་བོན་བལྟས་ཏེ་ལག་པ་གཡོན་པས་བགྲང་ཕྲེང་བཟུང་ནས། དེ་ལ་བཅིངས་པའི་སྲད་བུ་ལྔ་དང་རྡོ་རྗེ་དང་བཅས་པ་ལག་པ་གཡས་པས་བཟུང་སྟེ། རང་རང་གི་སྔགས་ལན་བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླ་ཞིང་ཧོཿ་ཡིག་གཉིས་དང་སྤེལ་བའི་ས་བོན་རྣམ་པར་གཞུག་པར་བྱའོ། །དེ་ནས་སྔར་བཤད་པའི་ཆོ་གས་སྦྱིན་སྲེག་བྱས་ནས་ཐག་པ་རྣམས་ཀྱིས་བཅིངས་ཏེ་ཁྱུ་མཆོག་གི་འཁྲུལ་འཁོར་ལ་སོགས་པ་རྣམས་ཀྱིས་བསྐྱོད་པར་བྱའོ། །དེ་ནས་བུམ་པ་དེ་ས་ཕྱོགས་དབེན་པར་བཞག་སྟེ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །མཆོད་རྟེན་ལ་སོགས་པ་རྡོའི་རང་བཞིན་གང་ཡིན་པ་དང༌། གྲུབ་པ་དང་ཞིག་པ་དེ་ནི་ཆུ་མང་པོ་ཡོད་པའི་ཆུ་ཀླུང་དུ་གཞུག་པར་བྱའོ། །སའི་རང་བཞིན་གྱི་མཆོད་རྟེན་ལ་སོགས་པ་གང་དང་གང་འདུ་བྱ་བར་མི་བཟོད་པར་རྣམས་ནི་དེ་ཉིད་དུ་གཞུག་པར་བྱའོ། །གང་དང་གང་ཤིང་ལས་བྱས་པའི་རྙིང་པ་དང་ཞིག་པ་དེ་དང་དེ་ནི་མར་གྱིས་བསྒོས་ཏེ་རས་ཀྱིས་དཀྲིས་ནས་སྦྱིན་སྲེག་གི་མེས་བསྲེག་པར་བྱའོ། །གང་ཞིག་ཟངས་ལ་སོགས་པ་ལས་བྱས་པ་དེ་ནི་བཞུ་ནས་སྔར་གྱི་ཚད་ལས་མི་དམན་པར་བྱའོ། །མཆོད་རྟེན་ལ་སོགས་པ་དེ་དག་གྲུབ་ནས་མཆོད་ཡོན་ལ་སོགས་པའི་མཆོད་པ་སྔོན་དུ་འགྲོ་བས་སྔར་བུམ་པར་བཞག་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་གྱི་ཡེ་


DTG053_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས་དཔའ་ཕྱུང་ནས་མཆོད་རྟེན་ལ་སོགས་པའི་དམ་ཚིག་སེམས་དཔའ་ལ་གཞུག་པར་བྱ་ཞིང་དེ་ལ་བུམ་པའི་ཆུས་དབང་བསྐུར་རོ། །དེ་ནས་རང་རང་གི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་དུ་བྱིན་གྱིས་བརླབས་ཏེ། སྔར་བཤད་པའི་རིམ་པས་མེའི་མཆོད་པ་དང་རབ་ཏུ་གནས་པ་ཡང་བྱའོ། །རྙིང་པ་འབྱིན་པའི་ཆོ་གའོ། །གདུགས་ལ་སོགས་པ་རབ་ཏུ་གནས་པ་དང་རྙིང་པ་འབྱིན་པའི་ཆོ་ག་འདིའི་རྒྱ་དཔེ་གཉལ་གྱི་ཕྱོགས་ནས་རྙེད་དོ། །བསྟན་པ་རིན་པོ་ཆེ་ལ་ཕུལ་དུ་བྱུང་བའི་གཅེས་སྤྲས་སུ་མཛད་པ་མཚུངས་མེད་ཆོས་ཀྱི་རྗེ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་ཞལ་སྔ་ནས་བསྒྱུར་ཅིག་ཅེས་བཀའ་སྩལ་པ་བཞིན་ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོས་དཔལ་སྣེའུ་གདོང་རྩེར་བསྒྱུར་བའོ།།


previousགདུགས་ལ་སོགས་པ་རབ་ཏུ་གནས་པ་དང་རྙིང་པ་འབྱོན་པའི་ཆོ་ག། next