Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་གཉིས་པ།


   
   
   
   
   
དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། ཀུན་དགའ་སྙིང་པོ།
   
   
   
   
   
   
   
   
   
   
   


 
previousདཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།ཀུན་དགའ་སྙིང་པོ།next

དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།
ཀུན་དགའ་སྙིང་པོ།


DTG062_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་བཞུགས། དཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྙེན་པ་བྱས་ནས། ཉིན་རེའམ། ཟླ་རེའམ། ལོ་རེ་ཞིང་རྣལ་འབྱོར་ཆེན་པོ་ཉིད་ཀྱིས་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །དེ་ལ་དང་པོ་ཁོ་ནར་ཡོ་བྱད་ཐམས་ཅད་དང་ཡང་དག་པར་ལྡན་པས། མངོན་པར་འདོད་པའི་སའི་དབུས་སུ་མི་རུས་ཀྱི་ཕྱེ་མའི་སྦྱིན་སྲེག་དང་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གས་དཀྱིལ་འཁོར་གྱི་བགེགས་བཟློག་ལ། བདག་དང་སློབ་མའི་བགེགས་ཞི་བར་བྱེད་པའི་སྦྱིན་སྲེག་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་སེམས་ཅན་གདུག་པ་ཅན་རྣམས་བསྐྲད་ལ་གནས་བསྲུང་བར་བྱ་སྟེ། ཡང་དེ་ཉིད་ཀྱི་སྔགས་ལན་བདུན་བཟླས་པའི་ཉུངས་ཀར་དང་ཆུ་དང་ཐལ་བ་རྣམས་ཀྱིས་གཏོར་ལ། སའི་ཕྱོགས་དེར་ཁྲུ་གང་ཙམ་མམ། འདོམ་གང་ཙམ་བརྐོས་ལ། སྟེང་འོག་བཟློག་ལ། སྐྲ་དང་རུས་པ་དང༌། ཞོག་


DTG062_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང༌། ཐལ་བ་ལ་སོགས་པ་བསལ་ཏེ། དག་ཅིང་དྲི་ཞིམ་པའི་སས་བཀང་ལ། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་སྦོས་ཆུས་སྤང་ཞིང་འཐས་པར་བཅག་པར་བྱའོ། །ཤིན་ཏུ་མཉམ་པའི་སྒོ་བཞི་པའི་ཁང་པ་བརྩེགས་པའི་ནང་དུ་ཆུད་པར་རྟ་བབས་བཞིས་མཛེས་པར་བྱས་པ། སྒོ་བཞི་སྒོ་གླེགས་བཟང་པོས་བརྐོས་བའི་གནས་སུ། །སློབ་མ་ཤིན་ཏུ་མཁས་པས་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་པའི་བའི་རྣམ་ལྔས་ལེགས་པར་བྱུག་ཅིང་དེ་ཉིད་ཡོངས་སུ་བཟླས་པའི་སྤོས་ཆུས་བསང་གཏོར་བྱ་བ་དང༌། དེ་ཉིད་ཡོངས་སུ་བཟླས་པའི་རིན་པོ་ཆེ་དང༌། འབྲུ་དང་སྨན་ཐམས་ཅད་དེའི་དབུས་སུ་གཞག་པར་བྱ་སྟེ། ས་ཡོངས་སུ་སྦྱང་བའི་ཆོ་གའོ། །དེ་ལས་ཡོངས་སུ་སྦྱངས་ཤིང་འཐས་པར་བཅགས་ཟིན་པ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། ཉུངས་ཀར་དང༌། ཆུ་དང་ཐལ་བ་རྣམས་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལན་བདུན་བཟླས་པས་མངོན་པར་གཏོར་བར་བྱའོ། །དེ་ནས་ཡང་སློབ་མ་ཤིན་ཏུ་མཁས་པས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ལན་བདུན་བཟླས་པའི་བའི་རྣམ་ལྔས་ལེགས་པར་བྱུག་ཅིང༌། སྤོས་ཆུས་ཀྱང་ཕྱོགས་ངེར་བསང་གཏོར་བྱའོ།། དེ་ནས་རིན་པོ་ཆེ་དང༌། འབྲུ་སྨན་ཐམས་ཅད་ལ་བཟླས་བརྗོད་ལན་བདུན་བྱས་པས་དེའི་དབུས་སུ་གཞུག་པར་བྱ་སྟེ། འདི་ཡིས་འདིར་ས་སྦྱང་བའི་ཆོ་གའོ། །དེ་ནས་ཡང་སློབ་མ་ཤིན་ཏུ་མཁས་པས་སའི་ཤར་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཡོངས་སུ་བཟླས་པའི་དྲིས་ལེགས་པར་བྱུག་པར་བྱའོ། །དེ་ནས་ལུགས་མ་དང༌། འབུར་དུ་བརྐོས་པ་དང༌། རིས་སུ་བྲིས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། དབང་ཕྱུག་ཆེ་སོགས་ཕྱག་རྒྱ་ཡིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རིགས་པའི་ཚོགས་རྣམས་ཀྱིས་བརྒྱན་ཅིང༌། །ཐ་མར་མཚོན་གྱི་ར་བས་ཉེ་བར་མཛེས་པར་བྱ་བ་དང༌། རྒྱལ་མཚན་གྱི་དམ་པ་དང༌། བླ་རེའི་མཆོག་དྲིལ་བུ་བཏགས་པ་བྲེ་བ་དང༌། མེ་ཏོག་དང་མར་མེ་དང༌། མེ་ཏོག་གི་ཆུན་འཕྱང་དང༌། དྲ་བ་དང་དྲ་བ་ཕྱེད་པ་དང༌། ཟླ་བ་ཕྱེད་པ་དང༌།


DTG062_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་རྡོ་རྗེ་དང༌། རིན་པོ་ཆེ་དང༌། བ་དན་དང་ཕྲེང་བ་རྣམས་དང༌། སྒོ་བཞི་དང་མཚམས་བཞིར་སྤོས་ཁང་བཞག་པ་དང༌། རོལ་མོ་དང༌། གླུ་དང༌། གར་རྣམས་ཀྱིས་ཡང་དག་པར་མཆོད་ནས། ས་ལ་ལག་པ་བཞག་སྟེ། ཧཱུཾ་དང་ཡི་གེ་བརྒྱ་པ་ལན་བདུན་བཟླས་བརྗོད་བྱའོ། །ས་ཡོངས་སུ་གཟུང་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ། བགེགས་གཞོམ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ། དང་པོའི་རྡོ་རྗེས་དཀྱིལ་འཁོར་གྱི་ཡུལ་ལ་ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྔོམ་པ་བཟུང་ནས་ལྷའི་རྣལ་འབྱོར་དང༌། གཞལ་ཡས་ཁང་དང༌། གདན་རྣམས་བསྐྱེད་དེ། དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། འདི་ལྟར་བདག་ཉིད་སྤྲོ་བ་བསྐྱེད་པར་བྱ་སྟེ། དེང་དུ་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པ་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། བདུག་སྦོས་ཕུལ་ཏེ་སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བརྗོད་དེ་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ཏེ། དང་པོའི་སྦྱོར་བ་དང༌། དཀྱིལ་འཁོར་གྱི་ཕྱོགས་དང་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་བསྒོམས་ལ། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ཧཱུཾ་ཟློས་པ་ལ་བརྩོན་ཞིང་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར། །བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་


DTG062_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གསོལ་བ་བཏབ་པར་གྱུར་པར་བསམས་ཏེ། བཅོམ་ལྡན་ཁྱོད་ལ་གསོལ་བ་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །སྙིང་པོ་འདི་ནི་རྟག་པ་ཉིད། །བདེ་ཆེན་མྱུར་དུ་བསྒྲུབ་པར་མཛོད། །ཅེས་བྱ་བས་གསོལ་བ་བཏབ་པར་བསམ་མོ། །དེ་ནས་དེ་ལས་ལངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་ཀུན་དུ་གང་བར་བསམས་ལ། བདག་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག །ཕྱག་ན་རྡོ་རྗེ་བསྟན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་བརླབས་པ་མི་འདོར་རོ། །ཧཱུཾ་ཞེས་བརྗོད་པར་བྱའོ། །མཆོག་ཏུ་དམ་ཚིག་གསུམ་ཐོབ་པའི། །སློབ་དཔོན་རང་གི་ཕྱག་རྒྱ་ཡིས། །རྡོ་རྗེ་དྲིལ་བུ་འཆང་བྱ་ཞིང༌། །འཁོར་ལོའི་ཆོ་ག་ཐམས་ཅད་བྱ། །རྟོག་པ་ཀུན་ལ་སྙོམས་འཇུག་པས། །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱ། །དམ་ཚིག་ཆེ་གསུམ་ཅེས་བྱ་བའི། །རྒྱ་འདི་གསང་སྔགས་སྒྲུབ་བྱེད་པའོ། །དངོས་གྲུབ་ཀུན་གྱི་ཆོག་ལ། །རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །ཆོག་ལྷག་གམ་མ་ཚང་ན། །འགྲུབ་པར་འགྱུར་ཏེ་སྨད་མི་བྱ། །དེ་ནས་དཀྱིལ་འཁོར་ཐམས་ཅད་མངོན་དུ་བྱས་ལ། དང་པོའི་རྡོ་རྗེ་ཧཱུཾ་བཛྲ་ཨུ་ཏིཥྛ་མ་ཧཱ་མཎྜལ་ཨུ་ཐ་པ་ལ་ཞེས་བརྗོད་དོ། །བར་སྣང་གི་ཕྱོགས་སུ་དཀྱིལ་འཁོར་བཞག་ལ། བདག་ཉིད་བདག་པོའི་རྡོ་རྗེ་དེ་ཉིད་ཧཱུཾ་གིས་བྱིན་གྱིས་བརླབས་ལ། ཡང་ཕྱག་རྒྱ་ཆེན་པོ་བསམས་ཏེ། ཨོཾ་བཛྲ་ཏིཥྛ་མ་ཊ་ཞེས་བྱ་བ་མིག་གཉིས་སུ་བཀོད་དེ། དེ་བཞིན་དུ་ལངས་ལ་ཕྱག་རྒྱས་གནས་པས་ཐམས་ཅད་དུ་བལྟས་ཏེ། བསྙེམས་པས་ཧཱུཾ་འདོན་ཞིང་སོང་ལ་རྐང་པ་གཉིས་ཀྱི་འོག་ཏུ་ཨ་ལས་སྣ་ཚོགས་རྡོ་རྗེ་བསམས་ཏེ། རྐང་པ་ནས་བརྩམས་ནས་ནམ་མཁའི་ཁམས་མ་ལུས་པ་དང་མཉམ་པར་གནས་པའི་སའི་ཆ་རྡོ་རྗེར་གྱུར་པར་ལྷག་པར་མོས་པར་བྱས་ལ། རྡོ་རྗེའི་ལྟ་བས་ཀྱང་གཡོན་པར་བགེགས་བསལ་ཏེ། བསྐོར་ཕྱོགས་དང་སྟེང་ཕྱོགས་དང་ནམ་མཁའི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་མཚམས་བཅད་


DTG062_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། རབ་དང་དྲ་བ་དག་བྱའོ། །དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ། རྡོ་རྗེ་རྒྱུའི་ངོ་བོ་ཞལ་བཞི་པ་། ཕྱག་བཞི་པའི་གསང་བའི་གཟུགས་ཅན་གྱིས་དཀྱིལ་འཁོར་ཕྱག་རྒྱ་དང༌། སྔགས་འདི་དང་ལྡན་པས་དགུག་པར་བྱའོ། །ཨོཾ་མ་ཧཱ་བཛྲ་མཎྜལ་ཧཱུཾ་ཛཿ་རྡོ་རྗེ་ཁུ་ཚུར་གཉིས་ལས་མཐེ་བོང་དང་མཛུབ་མོ་རྡོ་རྗེར་བྱ་བ་ནི་དཀྱིལ་འཁོར་ཐམས་ཅད་དགུག་པར་བྱེད་པ་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཕྱག་རྒྱའོ། །ཨོཾ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷཾ་ཧཱུཾ། ཞེས་བྱ་བའི་ཕྱག་རྒྱ་འདི་དང་ལྡན་པས་དཀྱིལ་འཁོར་ཡང་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་འཁོར་ལོ་བསྐོར་བའི་ཚུལ་དུ་མགལ་མེ་བསྐོར་བ་ལྟར་བྱ་བ་ནི་འདིའི་ཕྱག་རྒྱའོ། །དེ་ནས་སེང་ལྡེང་གི་རྡོ་རྗེ་ཕུར་བུ་མཐའ་ཡས་དང་རྣམ་པར་རྒྱལ་བ་དང༌། སྤྲིན་སྒྲ་དང་གསུས་པོ་ཆེ་རྒྱལ་བ་ཞེས་བྱ་བ་དང༌། རིམ་པ་བཞིན་དུ་སྟེང་གི་འཁོར་ལོས་སྒྱུར་བ་དང༌། རྡོ་རྗེ་ཧཱུཾ་མཛད་དང། འཕགས་པ་འཇམ་དཔལ་དང༌། གཤིན་རྗེ་གཤེད་དང༌། རྡོ་རྗེ་ཆེན་པོ་དང༌། རྟ་མགྲིན་ལྟ་བུ་ལ་འོག་རྡོ་རྗེ་རྩེ་གཅིག་པ་ལྟ་བུར་བསྐྱེད་ལ་ཙནྡན་དམར་པོ་བྱུག་ཅིང༌། སྲད་བུ་དམར་པོ་དང༌། མེ་ཏོག་གི་ཕྲེང་བ་དམར་པོས་བཅིངས་ལ། ཨོཾ་ཀོ་ཏ་ཡ་ཏྲི་ཡ་ཏ་མ། ཙི་ཏ་ཏྲ་ཏི་ཏ་མ་ཊ་ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཕྱིའི་དཀྱིལ་འཁོར་གྱི་གྲྭ་བཞིར་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། རྡོ་རྗེ་ཐལ་མོས་བརྡུང་བར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ། སྲུང་བ་བྱས་ཏེ་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ་རྡོ་རྗེ་གནོད་སྦྱིན་གྱི་སྲུང་བས་ཡང་དག་པར་བསྲུངས་ཏེ། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བུམ་པ་དཀྱིལ་འཁོར་གྱི་སྐོར་བསང་གཏོར་བྱ་བའི་ཕྱིར་གཞག་པར་བྱའོ། །དེ་ནས་སྦོས་ཆུ་ལ་རྡོ་རྗེ་གནོད་སྦྱིན་གྱི་བཟླས་པ་དེ་ཉིད་འདོན་ཅིང༌། སྦོས་ཆུས་དཀྱིལ་འཁོར་གྱིས་གཞི་བྱུག་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་དྲིའི་དཀྱིལ་འཁོར་བྱས་ལ། ལག་པས་བྲན་ལ་ཧཱུཾ་ལན་བདུན་དེ་དག་ལ་བཟླས་ལ། དེ་རྣམས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནམ་མཁའི་


DTG062_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་ཕབ་སྟེ། ཧཱུཾ་ཉིད་ཀྱིས་བཅུག་ལ་མཆོད་པ་རྣམ་པ་ལྔས་མཆོད་དོ། དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། རྣམ་པར་རྒྱལ་བའི་བུམ་པ་ཇི་སྐད་དུ་བཤད་པའི་མཚན་ཉིད་རྣམས་དང་ལྡན་པ་སྨན་དང་འབྲུ་དང་རིན་པོ་ཆེ་ལ་སོགས་པ་ཡང་དག་པར་ལྡན་པར་བྱས་ལ། ཆུ་ཉུང་ཟད་བླུགས་ཏེ་རྡོ་རྗེ་གནོད་སྦྱིན་དང༌། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང༌། རྡོ་རྗེ་སེམས་དཔའ་ལ་རེ་རེ་ཞིང་ཡང་ལན་བརྒྱ་རྩ་བརྒྱད་བཟླས་པའི། མཆོད་ཡོན་བུམ་པའི་སྟེང་དུ་བཞག་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་བཟུང་བའི་རྡོ་རྗེ་དང༌། །མེ་ཏོག་གི་ཡལ་ག་ཕྲེང་བ་རེ་རེ་ཞིང་ཡང་ཉི་མ་གཉིས་པ་ལ་དེ་དུས་གསུམ་དུ་བཟླས་བརྗོད་བྱའོ། །དེ་ལྟར་བུམ་པའི་བསྙེན་པ་བྱས་ནས་རྡོ་རྗེ་གནོད་སྦྱིན་དང༌། རྡོ་རྗེ་སེམས་དཔའ་དང༌། སངས་རྒྱས་སྤྱན་གྱི་མར་ལ་སོགས་པའི་སྦྱིན་སྲེག་རེ་རེ་ཞིང་བརྒྱ་རྩ་བརྒྱད་བྱས་ཏེ་འདི་ནི་ལག་པར་གནས་པའི་སྦྱིན་སྲེག་གི་ཆོ་གའོ། །དེ་ནས་བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ལ། མཆོད་པ་བཅུ་གཉིས་ཀྱིས་འཁོར་དང་བཅས་པ་ཡང་དག་པར་ལེགས་པར་མཆོད་ལ་སྔ་མ་བཞིན་དུ་ཕྱག་བྱས་ནས་མཆོད་ཡོན་ཕུལ་ཏེ། སློབ་མ་ལྷག་པར་གནས་པའི་ཆོ་ག་བྱའོ། །དེ་ལ་དང་པོར་ལག་ན་མེ་ཏོག་ཐོགས་པའི་སློབ་མས་སློབ་དཔོན་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་སྩལ་དུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་ལ། ལག་པ་གཡས་པས་རྡོ་རྗེ་བླངས་ཏེ། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ། ཞེས་བྱ་བའི་སྙིང་པོས་དེའི་སྙིང་གར་རྡོ་རྗེ་གཞག་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་པར་བྱ་སྟེ། རྟོག་པ་མ་ལུས་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་


DTG062_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སྩོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང༌། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང༌། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་མ་ལུས་དེ་དག་སོ་སོར་བཤགས། །བདེ་གཤེགས་རྣམས་ཀྱི་ཚོགས་གཉིས་བསགས་པ་དང༌། །སྲས་རྣམས་ཀྱིས་ནི་ཟབ་ཅིང་མཐའ་མེད་པའི། །འགྲོ་བ་མ་ལུས་དོན་རྣམས་གྲུབ་མཛད་དང༌། །དེ་ལས་གཞན་པའང་བདག་ནི་ཡི་རང་གི །ཐུགས་རྗེས་གདུང་བའི་ཐབས་དང་ལྡན་གྱུར་ཅིག །བློ་གྲོས་སྡིག་མེད་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །རབ་མཆོག་བློ་ཡི་ཀུན་དགའ་ར་བ་སྟེ། །དམན་པ་འཇིགས་པར་བྱེད་བས་འཁོར་ལོའི་ཚུལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་ཕུལ། །གསུང་མཆོག་ཆོས་ཀྱི་མཆོག་ལ་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་དུག་གི་སྦྲུལ་བཅོམ་ཞིང༌། །བློ་གྲོས་རྣམ་རྒྱས་ཐུགས་རྗེ་ཆེན་པོའི་ཡིད། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་གསོལ་ཞིང༌། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ཐོགས་བདག་པོའི་ཡུལ་ཉིད་ལ། །འབྲས་བུའི་ནུས་པས་དགྲ་ཡི་ཚོགས་ལས་རྒྱལ། །སོ་སོར་རིག་དང་སྙིང་རྗེའི་རྩ་བ་མཆོག །བྱང་ཆུབ་ཡང་དག་རིག་པ་བདག་གིས་གཟུང༌། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་ཕྱིར་དང། །བསྐྱབ་པའི་ཕྱིར་རམ་ཡང་ན་བདག་གི་སེམས། །ཡང་དག་ཉིད་དུ་དག་པར་བྱ་བའི་ཕྱིར། །ཐམས་ཅད་རྩྭ་མཆོག་ཉིད་དུ་ལྟོས་པ་མེད་པར་སྦྱིན། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་དང་ནི་ཤེས་རབ་བླ་མེད་པ། །བདག་དང་གཞན་རྣམས་དག་པར་བྱ་ཕྱིར་འདི། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་གཤེགས་སྔགས་ལ་རྒྱ་ཆེར་མཁས་པ་དང༌། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་འདི་རྣམས་ཀྱིས་ཐོབ་པར་བྱ་བའི་ཕྱིར། །འདི་ན་མཁའ་བཞིན་དུ་ནི་གནས་པར་བགྱིད། །ཅེས་


DTG062_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་བརྗོད་དོ། །བདག་གི་དགེ་བའི་རྩ་བ་ཡང་དག་པར་བསྡུས་པ་འདི། བདག་གིས་ཐམས་ཅད་ཡོངས་སུ་གཏང་བར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱིའོ། །བདག་གིས་སེམས་ཅན་ཐམས་ཅད་ལ་ཐེག་པ་ཐམས་ཅད་དང་ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བཏུལ་ནས། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གཞག་པར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང༌། སེམས་ཅན་འགའ་ཡང་མྱ་ངན་འདས་པར་གྱུར་པ་མེད་དོ། །ཞེས་སེམས་བསྐྱེད་པར་བགྱིའོ། །བདག་གིས་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོགས་པར་བགྱིའོ། །བདག་གིས་མ་ཡེངས་པའི་སེམས་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བགྱིའོ། །བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པ་སོ་སོར་རྟོག་པའི་ཕྱིར་བསླབ་པར་བགྱིའོ། །བདག་གིས་སྟོབས་བཅུ་དང༌། མི་འཇིགས་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ། །དེ་བཞིན་དུ་བདག་གིས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་མ་ལུས་པ་ལ་མངོན་པར་གནས་ཤིང་བསྒྲུབ་པར་བགྱིའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྡོ་རྗེ་ལྟ་བུར་བྱང་ཆུབ་ཆེན་པོར་སེམས་བསྐྱེད་བ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་སྟེ། འདི་ཉིད་ཀྱིས་བཅོམ་ལྡན་འདས་ཀུན་དུ་བཟང་པོའོ། །དེ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྱས་པའི་དགེ་བའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་ལ་གནས་པས་བདེ་བ་མཐའ་ཡས་པ་ལ་གནས་པའི་ཀུན་དུ་བཟང་པོའི་སྤྱོད་པ་ཞེས་བྱ་བ་རྫོགས་པ་ལ་གདུལ་བར་བྱ་བའི་སྐྱེ་བོའི་ཚོགས་མ་ལུས་པ་ལ་བདེ་བའི་དབང་ཕྱུག་གི་རབ་ཏུ་དབྱེ་བ་མང་པོ་ཡང་དག་པར་བསྟན་པས་སྨིན་


DTG062_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་ཞིང༌། རབ་ཏུ་དགའ་བའི་གཟེངས་བསྟོད་པ་ལ་ངེས་པར་སྦྱར་བར་བྱའོ། །དེ་ནས་དཔལ་ཆེན་མོས་སློབ་མའི་ལག་ཏུ་དྲི་ཕྱིན་པ་དང༌། རབ་ཏུ་དག་པས་མེ་ཏོག །རབ་ཏུ་དགའ་བས་བདུག་སྤོས། སྤྱན་གྱིས་མར་མེ་སྦྱིན་ཞིང་བཛྲ་ཧ་ས་ཞེས་བྱ་བ་མངོན་པར་བཟླས་ཤིང༌། ཕྱག་རྒྱ་མཆོག་གིས་བསྲུང་བ་བྱས་པའི་ཨ་ཤྭ་ཏྠ་ལས་བྱས་པ་དྲིས་བསྒོས་ཤིང་མེ་ཏོག་གིས་བཅིངས་པའི་སོ་ཤིང་དང༌། བཛྲ་ཏཱི་ཀྵཱ་ཞེས་བྱ་བ་བཟླས་པའི་ཀུ་ཤ་གསར་པ་སློབ་མ་ལ་སྦྱིན་པར་བྱའོ། །དེ་ནས་དཔུང་པ་གཡོན་པར་མདུད་པ་གསུམ་དང་ལྡན་པའི་སྲུང་སྐུད་ལ་ཨོཾ་བཛྲ་ར་ཀྵ་ཧཾ་ཞེས་བྱ་བའི་སྔགས་འདི་བཟླས་ལ་བདག་ཉིད་ཀྱིས་ཡང་དག་པར་བཅིང་བར་བྱའོ། །དེ་ནས་ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ་ཞེས་བྱ་བ་མདུད་པ་དང་ལྡན་པའི་སྔགས་བྱམས་པའི་གོ་ཆས་གོ་བསྐོན་པར་བྱའོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཛུབ་མོ་གཉིས་ཀྱི་མདུད་པ་དང༌། །བདག་གམ་གཞན་ལ་གོ་བསྐོན་ན། །བདག་པོ་ཡི་ནི་བསྲུང་བར་འགྱུར། །ཡང་ཨོཾ་བཛྲ་སྟྭ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཞེས་བྱ་བ་སློབ་མའི་སྤྱི་གཙུག་ཏུ་དགོད་དོ། །དེ་ནས་འདིའི་ཕྱག་རྒྱ་བཤད་དེ། རྡོ་རྗེ་བསྡམས་པ་དམ་བྱས་ལ།། མཐེ་བོ་བསྙམས་པ་བཅུག་ནས་སུ། །མཛུབ་མོ་རྩེ་མོ་བཀབ་པས་ནི། །སེམས་དཔའི་གཙུག་ཏོར་ཞེས་བྱར་གྲགས། །དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཞིན་བཟངས་དག་ལོངས་ལ་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་གིས་ཤིག །ནང་པར་སེམས་དཔའ་ཆེན་པོའི་གྲོང་ཁྱེར་མཐོང་བར་འགྱུར་རོ། །སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་མཆོད་པ་བྱས་ལ་བདུག་སྦོས་གཏུལ་ཏེ། བཅོམ་ལྡན་འདས་འཁོར་དང་བཅས་པ་ཉེ་བར་སྙན་གསན་དབབ་པ་སྤྱན་དྲངས་ལ་བྱའོ། །རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འདྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པར་རིགས། །སངས་རྒྱས་


DTG062_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མགོན་བརྩེ་བས། །བྱང་ཆུབ་སེམས་དཔའི་དགྲ་བཅོམ་དང༌། །གསང་སྔགས་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྦྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པོའི་མིང༌། །འདི་ཞེས་བགྱི་བ་ཅི་ནུས་ཀྱིས། །ཆོག་བཞིན་དུ་འདྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། །མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། མཆོད་ཡོན་ཕུལ་བ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། སློབ་མ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་བཤད་པ་བྱས་ནས། སློབ་མའི་ཚོགས་དང་བཅས་པ་སློབ་དཔོན་གྱི་དཀྱིལ་འཁོར་གྱི་སའི་མཐའ་ལོགས་སུ་ཉལ་བར་བྱའོ། །དེ་ནས་སྐྱ་རེངས་ཤར་བའི་དུས་སུ་ཁྲུས་བྱ་བ་སྔོན་དུ་འགྲོ་བས་ལྷའི་རྣལ་འབྱོར་བྱས་ལ། ཉི་མ་ཤར་བའི་དུས་སུ་དཀྱིལ་འཁོར་བྲི་བ་བརྩམ་པར་བྱས་ཏེ། དེ་བཞིན་དུ་དང་པོའི་རྡོ་རྗེར་བསྐྱེད་ནས། དང་པོ་ཁོ་ནར་སྲད་བུ་ཚོན་དམར་པོ་དང༌། ལྗང་གུ་དང༌། སྔོན་པོ་དང༌། སེར་པོ་དང༌། དཀར་པོ་དྲི་ཞིམ་པོས་སོ་སོར་བཙོ་བར་བྱའོ། །དེ་ནས་རིམ་པ་དེ་ཉིད་ཀྱིས་བཞག་ལ། ཧྲཱིཿ་ཨོཾ་ཧཱུཾ་ཏྲཱཾ་ཨ་ཞེས་བྱ་བའི་ས་བོན་གྱི་ཡི་གེ་རྣམས་ལས་དེ་བཞིན་གཤེགས་པ་འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་དང༌། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། རྣམ་པར་སྣང་མཛད་སྲད་བུ་ལ་རྣམ་པར་བསམས་ལ། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་སོགས་པ་རང་རང་གི་ཕྱོགས་ན་བཞུགས་པ་རང་གི་ས་བོན་གྱི་འོད་ཟེར་སྲད་བུ་རང་རང་གི་ཐུགས་ཀ་ལས་ཡང་དག་པར་གཏོང་བར་བསམ་པར་བྱའོ། །དེ་ནས་དེ་རྣམས་འབར་བའི་ལྟ་བ་དང༌། ཛ་ཧྲི་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། འབར་བའི་ལྟ་བ་དང༌། ལྕགས་ཀྱུས་བཀུག་ནས་རང་གི་ལག་པ་གཉིས་སུ་


DTG062_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ལ། རང་གི་ལག་པར་བཞག་པ་དེ་རྣམས་ཀྱི་ཕྱི་རོལ་གྱི་སྲད་བུ་ལ་ཀུན་དུ་གང་བར་བསམས་ལ་བསྒྲིལ་བར་བྱ་སྟེ། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་སྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ། ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚི་སརྦ་དྷརྨཱ་ཧཱུཾ། ཞེས་བརྗོད་པར་བྱའོ། །དེ་ནས་དྲི་བཟང་པོས་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་བཞག་ལ། མེ་ཏོག་གིས་གཏོར་ཏེ་ཡང་དག་པར་མཆོད་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་དཀྱིལ་འཁོར་གྱིས་དྲི་ཞིམ་པོས་བྱུག་ལ། མེ་ཏོག་གི་སིལ་མ་གཏོར་ཏེ། ནམ་མཁའ་ལ་བཞུགས་པའི་བཅོམ་ལྡན་འདས་མེ་ཏོག་ལ་སོགས་པ་དང༌། གླུ་དང་རོལ་མོ་ལ་སོགས་པས་ཡང་དག་པར་མཆོད་ལ། མིག་གཡས་གཡོན་དུ་ཛ་གཉིས་ལས་ཉི་མ་དང་ཟླ་བ་ཁ་དོག་སེར་པོ་བསྐྱེད་དེ། ཡིད་ལ་ཧཱུཾ་འདོན་ཅིང་རྣམ་པར་སྣང་མཛད་དུ་བསྒྱུར་ནས། བཛྲ་ཀརྨ་ཞེས་བརྗོད་དེ། རང་གི་སྙིང་ག་ལས་སྒྲུབ་པའི་གྲོགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་སུ་དྲངས་ལ་ཕུང་སྟེ། ཧཱུཾ་ཞེས་བྱ་བ་འདོན་ཅིང་ཡང་རྡོ་རྗེ་འཛིན་པ་ཆེན་པོར་བདག་ཉིད་བསམས་ལ་དྲི་ཞིམ་པོ་དང༌། ཡུངས་ཀར་དང་ལྡན་པའི་ཚོན་དཀར་པོ་དང་ལྷན་ཅིག་བསྒོས་ཏེ། སྲད་བུ་དེ་དང་པོའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཕྱི་ནས་ཅི་བདེར་བྱ་བ་དང༌། རིམ་པ་འདིས་ཐིག་གདབ་པར་བྱའོ། །དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་སྟེ། ཡི་གེ་ཛས་སྒྲུབ་པའི་གྲོགས་མཆོག་རྡོ་རྗེ་ལས་ཀྱི་གཟུགས་ཅན་གྱི་ལག་ཏུ་གཏད་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་སློབ་དཔོན་ནུབ་ཏུ་གནས་ནས་ཤར་དུ་བལྟས་ཏེ། ཚངས་པའི་ཐིག་གདབ་པར་བྱའོ། །ཡང་ལྷོ་ཕྱོགས་སུ་གནས་ནས། བྱང་ཕྱོགས་སུ་བལྟས་ཏེ། ཚངས་པའི་ཐིག་གཉིས་པ་གདབ་པར་བྱའོ། །དེ་ནས་ཤར་ལྷོའི་མཚམས་སུ་གནས་ནས་བྱང་དུ་བལྟས་ཏེ། ཕྱིའི་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་ནས་ནུབ་བྱང་མཚམས་སུ་གནས་ནས་ལྷོ་ཕྱོགས་སུ་ཁ་བལྟས་ཏེ། ནུབ་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་བཞིན་དུ་གནས་ནས་ཤར་དུ་ཁ་


DTG062_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ཏེ་བྱང་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །ཡང་ཤར་ལྷོ་མཚམས་ཀྱི་ཆལ་འདུག་ནས། ནུབ་ཕྱོགས་སུ་བལྟས་ཏེ་ལྷོ་ཕྱོགས་ཀྱི་ལོགས་ཐིག་གདབ་པར་བྱའོ། །དེ་བཞིན་དུ་ཁྱམས་ཀྱི་ཐིག་དང༌། ལྷའི་སྣམ་བུའི་ཐིག་གདབ་པར་ཤེས་པར་བྱའོ། །ཐམས་ཅད་དུ་སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག་ནི་གཡས་སུ་བསྐོར་བའི་ཚུལ་གྱིས་འགྲོ་བར་ཤེས་བར་བྱའོ། །དེ་ནས་ཤར་ལྷོའི་མཚམས་སུ་གནས་ནས། ནུབ་བྱང་མཚམས་ཀྱི་བར་དུ་སྲད་བུ་བརྐྱང་སྟེ་ཐིག་གདབ་པ་དང༌། ཡང་ལྷོ་ནུབ་མཚམས་སུ་འདུག་ལ་བྱང་ཤར་མཚམས་སུ་སྲད་བུ་བརྐྱང་སྟེ་ཐིག་གདབ་པར་ཤེས་པར་བྱའོ། །དེ་ནས་སྒོ་དང་སྒོ་ཁྱུད་གདབ་སྟེ། དེ་ལ་ཐིག་གི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་སུ་ཏྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱའོ། །ཛ་ཛ་ཛ་ཞེས་བྱ་བའི་ཛ་གསུམ་དང༌། སྒྲུབ་པའི་གྲོགས་མཆོག་གིས་སྲང་བུ་དྲང་བར་བྱའོ། །དེ་ལ་སྒོ་ཐམས་ཅད་དང་སྒོ་ཁྱུད་ནི་བརྒྱད་ཆར་བྱའོ། །སྒོ་འགྲམ་དང༌། ཁ་ཁྱེར་དང་ལྷའི་སྣམ་བུ་ནི་སྒོའི་ཕྱེད་ཀྱི་ཚད་དོ། །ཚོན་སྣ་ལྔའི་ས་ནི་ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་དོ། །རྟ་བབས་ནི་སྒོའི་སུ་མ་འགྱུར་དུ་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ནི་ནང་གི་དཀྱིལ་འཁོར་ཏེ། ཟུར་བཞི་པ། སྒོ་བཞི་པ། ཀ་བ་བརྒྱད་དང༌། རྟ་བབས་མེད་པར་ལེགས་པར་ཐིག་གདབ་ལ། དཀྱིལ་འཁོར་གྱི་དབུས་སུ་སེང་ལྡེང་གི་ཕུར་བུ་འོག་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ལ། སྟེང་རྡོ་རྗེ་རྩེ་ལྔ་ལྟ་བུར་བྱས་ཏེ། ཧཱུཾ་ལས་བསྐྱེད་ལ། ཨོཾ་བཛྲ་ཀཱི་ལིཀཱི་ལི་ཡ་སརྦ་བི་གྷྣཱ་བཾ་ཧཱུཾ་ཕཊ། ཅེས་བརྒྱར་ཙ་བརྒྱད་བཟླས་ཏེ་རྡོ་རྗེས་བརྡུང་བར་བྱའོ། །དེ་ལ་བཏགས་པའི་སྲད་བུས་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བའི་ཐིག་གདབ་པར་བྱའོ། །དེ་ལ་དཀྱིལ་འཁོར་བརྒྱད་འདྲ་བའི་ཀ་བརྒྱད་ཀྱི་ཐིག་ཆ་མཉམ་པར་ཐིག་གདབ་པར་བྱ་སྟེ། ཤར་ཕྱོགས་ཀྱི་ཕྱིའི་ཀ་བའི་ཐིག་ནི། ལྷོ་ཕྱོགས་ཀྱི་ཆར་འདུག་ལ་བྱང་དུ་བལྟས་ཏེ་ཐིག་གདབ་པར་བྱའོ། །ནུབ་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་བྱང་ཕྱོགས་ཀྱི་ཆར་གནས་ལ་ལྷོ་ཕྱོགས་སུ་བལྟས་ཏེ་གདབ་བོ། །བྱང་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་ནུབ་ཕྱོགས་སུ་འདུག་ལ་ཤར་


DTG062_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱོགས་སུ་བལྟས་ཏེ་གདབ་པར་བྱ་སྟེ། ལྷོ་ཕྱོགས་ཀྱི་ཆའི་ཀ་བའི་ཐིག་ནི་ཤར་ཕྱོགས་ཀྱི་ཆར་འདུག་ལ་ནུབ་ཏུ་བལྟས་ཏེ་གདབ་བོ། །ད་ནི་ལུང་ལས་གསུངས་པའི་ཐིག་གདབ་པའི་ཆོ་ག་བཤད་པར་བྱ་སྟེ། དེ་ནས་ཐིག་ནི་གདབ་བྱ་བ། །སྲད་བུ་ཉིས་འགྱུར་དག་གིས་ཏེ། །ནམ་མཁའ་ཐམས་ཅད་ཆར་འགྱུར་བས། །ཚད་མེད་པ་ནི་ཚད་ཡིན་ནོ། །བཟང་པོ་སངས་རྒྱས་ཀུན་གྱི་གནས། །ཕྱོགས་རྣམས་ཐམས་ཅད་མཉམ་པ་ཉིད། །ཤར་དང་ནུབ་དང་བྱང་དང་ལྷོར། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །ཟུར་བཞི་པ་ལ་སྒོ་བཞི་པ། །ཁྱམས་རྣམས་ཀྱིས་ནི་ལེགས་པར་བསྐོར། །རྟ་བབས་བཞི་དང་ཡང་དག་ལྡན། །འོད་ཟེར་འབར་བས་འཁྲིགས་པ་ཡི། །དཀྱིལ་འཁོར་ཀུན་གྱི་གྲྭ་རྣམས་དང༌། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །ཟླ་བ་ཕྱེད་ལ་རབ་གནས་པའི། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་སྤྲས། །མི་མཉམ་མེད་པས་ཟུར་བཞི་སྟེ། །དྲན་དང་དབང་པོ་སྒོ་བཞིའོ། །བསམ་གཏན་རྣམས་ནི་རྟ་བབས་བཞི། །ཏིང་འཛིན་ཁ་ཁྱེར་ཤེས་པར་བྱ། །ཁ་ཁྱེར་ལ་བརྟེན་རྡོ་རྗེའི་བདག །གཟུགས་རྣམས་ལྷ་མོས་མཆོད་པ་ཡིན། །རྒྱན་རྣམས་ཀུན་གྱིས་དགྲམ་པ་ཡང༌། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །གདུལ་བྱ་སྤྱོད་པ་སྣ་ཚོགས་མཆོག །དར་འཕན་དྲིལ་བུ་སྒྲོགས་པ་ཡིན། །མེ་ལོང་ཡེ་ཤེས་རྟགས་མེ་ལོད། །བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང༌། །དྲ་བ་དྲ་ཕྱེད་རིན་ཆེན་མཆོག །ཉི་མ་ཟླ་བ་ཡང་དག་ལྡན། །ཀུན་གྲུབ་མི་ཟད་བདེ་བ་སྟེ། །བདེ་བ་ཆེན་པོ་ཞེས་གྲགས་པའོ། །ཕྱིའི་དཀྱིལ་འཁོར་རོ། །དེ་ཡི་ནང་གི་དཀྱིལ་འཁོར་ནི། །དཀྱིལ་འཁོར་བརྒྱད་པ་དག་དང་མཚུངས། །རྡོ་རྗེའི་ཐིག་ནི་ཡོངས་བཏབ་པས། །རྡོ་རྗེའི་འཁོར་ལོ་ཞེས་བྱར་གྲགས། །བྱང་ཆུབ་སེམས་ནི་ཐེག་པ་ཆེ། །རྡོ་རྗེའི་ཐིག་ནི་རབ་བསྐོར་བས། །རྡོ་རྗེའི་ཐིག་ནི་ཡོངས་བཏབ་ལ། །རྡོ་རྗེ་འཁོར་ལོ་ཡང་དག་བྲི། །ཡང་དག་བྲིས་ཏེ་ཀུན་གྱི་མཆོག །ཐར་པ་ཆེན་པོའི་རང་བཞིན་འགྲོ། །ཐོག་མ་མེད་ཅིང་མཆོག་ཉིད་པས། །ཕྱོགས་རྣམས་ཐམས་ཅད་མཉམ་པ་ཡིན། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་


DTG062_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། །བྷ་ག་བཱ་ན་བཛྲ་རཱ་ཛ་ཧཱུཾ་ཕཊ་ཅེས་བརྗོད་ལ། དཀྱིལ་འཁོར་ལྟེ་བ་ལ་གནས་པའི་ཕུར་བུ་ཕྱུང་ལ། འོག་ནས་བཤད་པའི་ཚོན་སྣ་ལྔས་ཕུར་བུའི་ཁ་བཀང་སྟེ་མཉམ་པར་བྱའོ། །དེ་ནས་མིག་གཉིས་སུ་ཧྲཱིཿ་ལས་ཟླ་བ་དང་ཉི་མ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་དུ་བལྟས་ཏེ་སྒོ་རྣམས་དབྱེའོ། །དེ་ནས་ཚོན་སྦྱངས་པ་བཤད་པར་བྱ་སྟེ། ཨོཾ་ཙི་ཏྲ་ས་མ་ཡེ་ཧཱུཾ་ཞེས་བྱ་བས། ཕྱག་རྒྱ་འདི་དང་ལྡན་པས་ཚོན་ཐམས་ཅད་ལ་ལན་བདུན་བཟླས་ན། རྡོ་རྗེའི་རང་བཞིན་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་ལས་ནི། །མཛུབ་མོའི་རྩེ་མོ་མཉམ་སྦྱར་བས། །བྱས་ལ་ཚོན་རྩི་ཐམས་ཅད་ནི། །འབར་བའི་ལྟ་བས་དགུག་པར་བྱ། །ཧྲཱིཿ་ཞེས་བྱ་བའི་མཐར་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ལ་སྦྲེལ་བར་བྱའོ། །དེ་ལ་ཚོན་རྩི་དཀར་པོ་ལ་ནི། དེ་བཞིན་གཤེགས་པ་དཀར་པོའི་ཕྲ་རབ་རྣམས་གཞུག་པར་བྱའོ། །སེར་པོ་ལ་ནི་སེར་པོའོ། །སྔོན་པོ་ལ་ནི་སྔོན་པོའོ། །ལྗང་གུ་ལ་ནི་ལྗང་གུའོ། །དམར་པོ་ལ་ནི་དམར་པོ་བཅུག་ནས། ཇི་སྐད་དུ་བཤད་པའི་འབར་བའི་ལྟ་བས། མངོན་པར་སྦྱངས་པའི་དུས་སུ་ཡང་དང་པོའི་རྡོ་རྗེའི་ཐོག་མར་ཚོན་དགྱེ་བ་བརྩམ་པར་བྱའོ། །ཚོན་ཐམས་ཅད་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་བསྐོར་ཕྱོགས་སུ་ཧཱུཾ་ཟློས་ཤིང་དགྱེ་ལ། དེའི་འོག་ཏུ་ཇི་ལྟར་དགའ་བས་ཚོན་དགྱེ་བར་བྱའོ། །དེ་ལ་ཚོན་དགྱེ་བའི་རིམ་པ་ནི་འདི་ཡིན་ཏེ། དམར་པོ་དང༌། ལྗང་གུ་དང༌། སྔོན་པོ་དང༌། སེར་བོ་སྟེ། དཀར་པོ་ནི་ཐམས་ཅད་ཀྱི་ནང་རོལ་དུའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས། དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས་པདྨའི་གདན་ལ། དཔལ་རྡོ་རྗེ་སེམས་དཔའ་མཚན་ཉིད་སྔར་བཤད་པ་ལྟ་བུའི་ལུགས་མ་ལ་སོགས་པའི་གཟུགས་བཀོད་ལ་ཧཱུཾ་གིས་ཀྱང་བར་སྣང་གི་ཕྱོགས་ནས་སྤྱན་དྲངས་ནས། གཟུགས་དང་གཅིག་ཏུ་བསྲེ་བར་བྱའོ། །དེ་བཞིན་དུ་ཐམས་ཅད་ལའང་ཤེས་པར་བྱའོ། གང་གི་ཕྱིར་ལྷ་ཐམས་ཅད་ཀྱི་ཡང་དགོད་པའི་སྙིང་པོ་ནི་ཧཱུཾ་འདི་ཉིད་དོ། །དེ་ལ་དེའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བ་སྐུ་མདོག་དམར་སྐྱ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་


DTG062_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མེ་ཏོག་ཅན་གྱི་གཞུ་བསྣམས་པ། ཕྱག་གཡས་པ་རྡོ་རྗེ་རྩེ་གཅག་པའི་མདེའུ་ཅན་གྱི་མདའ་གསོར་བ་ལ་བརྩོན་པའོ། །དེའི་གཡས་ལོགས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལི་སྐུ་མདོག་རྡོ་རྗེ་ཡིད་ལས་བྱུང་བ་དང་མཐུན་པས། རྡོ་རྗེ་ཁུ་ཚུར་བཅིངས་པའི་ཕྱག་གཉིས་ཀྱིས་རང་གི་ཐུགས་ཀའི་ཕྱོགས་སུ་དང་པོའི་རྡོ་རྗེ་རྩེ་ལྔ་པ་མདོག་དམར་པོ་བསྣམས་ནས་འཁྱུད་པའི་ཚུལ་དུ་བཞུགས་པའོ། །དེའི་རྒྱབ་ཏུ་རྡོ་རྗེ་དྲན་པ་སྐུ་མདོག་དམར་སྐྱ། ཕྱག་གཡས་ན་ཆུ་སྲིན་གྱི་རྒྱལ་མཚན་བསྣམས་པ་ཕྱག་གཡོན་གྱི་བ་དན་ལ་བསྙེམས་པ་དང་བཅས་པས་བཞུགས་པའོ། །དེའི་གཡོན་ལོགས་སུ་རྡོ་རྗེ་བསྙེམས་པ་དང་བཅས་པའི་གསེར་བཙོ་མ་ལྟ་བུའི་མདོག་ཅན། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ཏེ། དཀུ་གཉིས་སུ་བསྙེམས་པ་དང་བཅས་པ་དབུ་གཡོན་དུ་ཅུང་ཟད་འདུད་ལ་སྒེག་པ་དང་བཅས་པའོ། །ནང་གི་དཀྱིལ་འཁོར་གྱི་དེ་ཉིད་ཀྱི་ཤར་ལྷོའི་མཚམས་སུ་རབ་ཏུ་དགའ་བ་སྐུ་མདོག་རྡོ་རྗེ་ཡིད་ལས་བྱུང་བ་དང་མཐུན་པའོ། །ལྷོ་ནུབ་མཚམས་སུ་རབ་ཏུ་དགའ་བ་སྐུ་མདོག་ཀཱི་ལི་ཀཱི་ལི་དང་མཐུན་པའོ། །ནུབ་བྱང་མཚམས་སུ་སྤྱན་མ་སྐུ་མདོག་རྡོ་རྗེ་དྲན་པ་དང་མཐུན་པའོ། །བྱང་ཤར་མཚམས་སུ་དཔལ་ཆེན་མོ་རྡོ་རྗེ་བསྙེམས་པ་དང་མཐུན་པའོ། །དེ་དག་ཀྱང་གོ་རིམས་ཇི་ལྟ་བ་བཞིན་དུ། མེ་ཏོག་གི་ཟ་མ་ཏོག་དང༌། སྤོས་ཁང་དང༌། མར་མེའི་སྡོང་བུ་དང༌། དྲིའི་དུང་ཆོས་རང་གི་སྤྱི་བོའི་ཕྱོགས་སུ་ཐལ་མོ་ཁ་ཕྱེ་བས་འཛིན་པའོ། །རྡོ་རྗེ་ཕྲེང་པའི་ཕྱི་རོལ་གྱི་ནང་དུ་ཤར་ཕྱོགས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་སྐུ་མདོག་དཀར་པོ་རྩེ་ལྔ་པ་བསྣམས་པ་ས་གནོན་གྱི་ཕྱག་རྒྱས་བཞུགས་པའོ། །དེའི་གཡས་ཕྱོགས་སུ་ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་ཤིང་གཡོན་པ་བསྙེམས་པ་དང་བཅས་པའོ། །གཡོན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ནམ་མཁའི་མདོག་ཅན། གཞོན་ནུའི་ཆ་ལུགས་འཆང་བ། འཛུམ་པ་དང་བཅས་པ་ཕྱག་བཞི་རལ་གྲི་བཞི་དེ་བཞིན་གཤེགས་པ་རྣམས་ལ་འདེབས་པའོ། །རྡོ་རྗེ་ཕྲེང་བའི་ནང་གི་ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་བཻ་ཌཱུ་ཪྻ་སྡོ་


DTG062_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་ལྟ་བུའི་མདོག་ཅན། རྡོ་རྗེ་རིན་པོ་ཆེ་མཆོག་སྦྱིན་པའི་ཕྱག་གིས་བསྣམས་པའོ། །དེའི་གཡས་ལོགས་སུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་སྐུ་མདོག་མརྒད་ལྟ་བུ་རང་གི་མགོ་ལ་དབང་བསྐུར་བའི་ཕྲེང་བ་རང་ཉིད་ཀྱིས་འཆིང་བ་ཞལ་རྣམ་པར་བཞད་པའོ། །གཡོན་ལོགས་སུ་ནམ་མཁའ་མཛོད་སྐུ་མདོག་སྣ་ཚོགས་པ། ཕྱག་ན་རྡོ་རྗེ་དང༌། སྣ་ཚོགས་དྲིལ་བུ་བསྣམས་ནས་རྡོ་རྗེ་བསྙེམས་པ་འགྱིང་ནས་བཞུགས་པ་ཞལ་རྣམ་པར་བཞད་པར་མཛད་པའོ། །རྡོ་རྗེ་ཕྲེང་བའི་ནང་གི་ནུབ་ཕྱོགས་སུ་འོད་དཔག་ཏུ་མེད་པ་གསེར་བཙོ་མ་ལྟ་བུའི་མདོག་ཅན་པདྨ་བསྣམས་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་ཆོས་སྟོན་པར་མཛད་པའོ། །དེའི་གཡས་ལོགས་སུ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་སྐྱ། གཡོན་བསྙེམས་པས་པདྨའི་སྡོང་བུ་འཛིན་པ་ཕྱག་གཡས་པས་རང་གི་ཐུགས་ཀར་པདྨ་ཁ་འབྱེད་པར་མཛད་པའོ། །གཡོན་ལོགས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གསེར་གྱི་མདོག་ཅན། ཕྱག་གཡོན་པ་གདན་ལ་བརྟེན་པ། ཕྱག་གཡས་པའི་གུང་མོའི་རྩེ་མོར་རྡོ་རྗེ་འཁོར་ལོ་རྩིབས་བརྒྱད་པ་རང་གི་ཐུགས་ཀའི་ཕྱོགས་སུ་བསྐོར་བའི་ཚུལ་དུ་བསྣམས་པ་ཞལ་རྣམ་པར་བཞད་པས་བཞུགས་པའོ། །རྡོ་རྗེ་ཕྲེང་བའི་ནང་གི་བྱང་ཕྱོགས་སུ་དོན་ཡོད་གྲུབ་པ་སྐུ་མདོག་སྣ་ཚོགས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེ་བསྣམས་པའོ། །དེའི་གཡས་ལོགས་སུ་རྡོ་རྗེ་ཁུ་ཚུར་གསེར་གྱི་མདོག་ཅན་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྟ་བ་བསྣམས་ནས་ཞལ་རྣམ་པར་བཞད་ནས་བཞུགས་པའོ། །དེའི་གཡས་ལོགས་སུ་རྡོ་རྗེ་གནོད་སྦྱིན་སྐུ་མདོག་སྔོན་པོ་རྡོ་རྗེ་མཆེ་བ་རྣམ་པར་གཙིགས་པ་འབར་བའི་ཕྲེང་བ་ཀུན་དུ་འཁྲིགས་པའི་འོད་མངའ་བ་འཇིགས་པར་མཛད་པ། ཧ་ཧ་ཞེས་གསལ་བར་བཞད་པའི་ཞལ་གྱིས་བཞུགས་ཤིང༌། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་མ་ཆེ་བའི་མཚོན་ཆ་བསྣམས་ནས་ཞལ་གྱི་གྲྭ་གཉིས་སུ་འཇོག་པར་བཞུགས་པའོ། །ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་ཤར་ལྷོ་མཚམས་ཀྱི་ཕྱོགས་སུ་རྡོ་རྗེ་སྒེག་མོ་རྡོ་རྗེ་ཡིད་ལས་བྱུང་བའི་མདོག་ཅན། རྡོ་རྗེ་ཁུ་ཚུར་གཉིས་


DTG062_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ནས་གཉིས་ཀ་བསྙེམས་པར་བྱས་ཏེ་དབུ་གཡོན་དུ་འདུད་པས་ཕྱག་འཚལ་བའོ། །ལྷོ་ནུབ་མཚམས་སུ་རྡོ་རྗེ་བཞད་པ་རྡོ་རྗེ་ཀཱི་ལི་ཀཱི་ལི་དང་མདོག་འདྲ་བ་ཕྱག་གཡས་ན་སོའི་ཕྲེང་བ་གཉིས་དང་ལྡན་པའི་རྡོ་རྗེ་གཉིས་བསྣམས་ནས་བཞད་པའི་ཚུལ་དུ་མཛད་པ་གཡོན་གྱི་གདན་ལ་བརྟེན་ཏེ་བཞུགས་པའོ། །ནུབ་བྱད་དུ་རྡོ་རྗེ་གླུ་མ་ཆེན་མོ་སྐུ་མདོག་རྡོ་རྗེ་དྲན་པ་དང་མཐུན་པ། རྡོ་རྗེ་པི་ཝང་བརྡུང་བ་ལ་བརྩོན་པར་མཛད་པའོ། །བྱང་ཤར་མཚམས་སུ་རྡོ་རྗེ་གར་མ་རྡོ་རྗེ་བསྙེམས་པ་དང་མཐུན་པ་ཕྱག་གཉིས་ཀྱིས་རྩེ་གསུམ་པ་བསྣམས་ཏེ་གར་མཛད་པའོ། །ནང་དང་ཕྱི་རོལ་དུ་བཅས་པའི་ཤར་གྱི་སྒོ་གཉིས་སུ་རྡོ་རྗེ་གཟུགས་སྐུ་མདོག་རྡོ་རྗེ་ཡིད་ལས་བྱུང་བ་དང་མཐུན་པ། ཕྱག་ན་མེ་ལོང་བསྣམས་པའོ། །ལྷོ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་སྒྲ་སྐུ་མདོག་ཀཱི་ལི་ཀཱི་ལ་དང་མཐུན་པ། བྱང་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་རོ་སྐུ་མདོག་རྡོ་རྗེ་བསྙེམས་པ་དང་མཐུན་པ། ཕྱག་ན་རོའི་སྣོད་བསྣམས་པའོ། །དེའི་ཕྱིར་འདི་དག་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཉིད་ཡིན་པར་འདོད་དེ། མེ་ལོང་དང༌། པི་ཝང་དང༌། དྲིའི་སྣོད་དང༌། རོའི་སྣོད་ནི་གཟུགས་ལ་སོགས་པའི་ཕྱག་མཚན་ཡིན་ལ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་མཚན་ནོ་ཞེས་རྩ་བའི་རྒྱུད་ལས་གསུངས་པ་ཡིན་པས་སོ། །ཕྱིའི་དཀྱིལ་འཁོར་གྱི་ཤར་གྱི་ཁྱམས་ཀྱི་ནང་དུ། འདོད་པའི་ཁམས་ཀྱི་དབང་ཕྱུག་དང༌། །ཚངས་པ་དང༌། ལྷ་ཆེན་པོ་དང༌། ཁྱབ་འཇུག་དང༌། བརྒྱ་བྱིན་ཆུང་མ་དང་བཅས་པ་བྲིའོ། །ལྷོར་ཉི་མ་དང༌། ཟླ་བ་དང༌། སྦེན་པ་དང། མིག་དམར་རོ། །ནུབ་ཏུ་སྟོབས་ཀྱི་ལྷ། དཔྱིད་ཀྱི་ལྷ། རྒྱལ་བ། རྒྱལ་བ་ནོར་སྦྱིན། རླུང་ལྷ། མེ་ལྷ། ལུས་དན་པོ་རྣམས་བྲིའོ། བྱང་དུ་འཕགས་པ་དང༌། གཤིན་རྗེ་ཚོགས་ཀྱི་བདག་པོ་དང༌། ཆུ་ལྷ་ལ་སོགས་པ་རྣམས་སྔར་བཤད་པའི་རིམ་གྱིས་ཆུ་ལྷའི་མཐར་ཐུག་གི་བར་དུ་ཆུང་མ་དང་བཅས་པར་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོས་བྲི་བར་བྱའོ། །དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་གཟུགས་ཀྱི་བར་དུ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །རྡོ་རྗེ་སེམས་དཔའ་ནི་ཤར་


DTG062_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་གཟིགས་ནས་བཞུགས་པའོ། །ལྷག་མ་རྣམས་ནི་རང་གི་བདག་པོ་ལ་གཟིགས་པར་བྲི་བར་བྱའོ། །དེ་ལྟར་དཀྱིལ་འཁོར་ཆེན་པོ་བྲིས་ནས་ཕྱི་དྲོའི་དུས་སུ་མཚམས་ལ་བབས་པ་ན། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ་ཁྲོ་བོ་ཏི་རཱིནྟི་རི་བཅིངས་ཏེ། བཛྲ་དང་ཧཱུཾ་བཞི་ཟློས་ཤིང་དཀྱིལ་འཁོར་ཆེན་པོར་འཇུག་པར་བྱའོ། །དེ་ནས་བསྐོར་བ་ལན་བདུན་བྱས་ལ་ལྷག་པ་དང་མ་ཚད་བ་རྣམས་ཀྱི་ཉེས་པ་ཞི་པར་བྱ་བའི་ཕྱིར། རྡོ་རྗེ་དྲིལ་བུ་དཀྲོལ་ལ་དཀྱིལ་འཁོར་ལ་བལྟ་བར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ལ། གར་བྱ་བའི་ཚུལ་གྱིས་བླངས་ཏེ། ཕྲེང་བས་དབང་བསྐུར་བའི་སྔགས་ཀྱིས་རང་གི་མགོ་ལ་བཅིངས་ནས་སྒོ་དབྱེ་བ་ཇི་ལྟ་བ་བཞིན་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། སུ་ར་ཏ་བཛྲོ་ཧཾ་ཞེས་བྱ་བ་ལ་སོགས་པ་དང༌། གཞན་ཡང་རང་གི་མིང་བརྗོད་ཅིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཧཱུཾ་ཨ་ཞེས་བྱ་བ་དང༌། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྟེ་བར་རང་གི་རྡོ་རྗེའི་གཟུགས་སུ་བསམ་པར་བྱའོ། །དེ་ནས་ཧཱུཾ་བཛྲ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར་བསམས་ལ་ཧཱུཾ་བཛྲ་སྟྭ་ཧཱུཾ་ཞེས་བྱ་བས། རྡོ་རྗེ་དེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དུ་བདག་ཉིད་བསམ་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་རོའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཧཱུཾ་ཨ་ཞེས་བྱ་བ་དང༌། རྡོ་རྗེའི་གཟུགས་སུ་རོའི་སྣོད་བསམ་མོ། །དེ་ནས་ཧཱུཾ་བཛྲ་ར་ས་བྷ་ཛ་ནོ་ཧཾ་ཞེས་བྱ་བ་དང༌། ཕྱག་རྒྱའི་ང་རྒྱལ་དུ་བསམས་ལ། ཧཱུཾ་བཛྲ་ར་ས་རོ་ཧཾ་ཞེས་བྱ་བས་ཕྱག་རྒྱའི་གཟུགས་དེ་རྡོ་རྗེ་རོའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དུ་བདག་ཉིད་བསམ་པར་བྱའོ། །དེ་ནས་རྡོ་རྗེ་བསྡུ་བ་དང་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་དེ་བཞིན་བྱས་ལ། རྡོ་རྗེ་ཅན་གྱི་སྤྱན་སྔར་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། ཡོངས་སུ་བརྟགས་པའི་དཀྱིལ་འཁོར་དེར་གསང་བའི་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ལ། དེ་བཞིན་དུ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་ལ་སོགས་པ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ། རྡོ་རྗེ་གནོད་སྦྱིན་གྱིས་སྲུང་བས་ཐམས་ཅད་ཡང་དག་པར་བསྲུངས་


DTG062_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་བཞིན་དུ་མཆོད་ཡོན་ཕུལ་ནས་དང་པོའི་རྡོ་རྗེ་བསྒྲུབ་པར་བྱའོ། །དེ་ནས་དེ་བཞིན་དུ་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུཾ་བསམས་ནས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། ཆུ་ལྷའི་མཐར་ཐུག་པའི་བར་དུ་ལས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་ཉེ་བར་བསྟན་ནས་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དེ་རྣམས་དབང་བསྐུར་ལ་མཆོད་ཡོན་ཕུལ་ཏེ། བུམ་པ་གང་བ་ལ་སོགས་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་མཆོད་པར་བྱའོ། །དྲིལ་བུ་མཆོག་བརྟག་རྒྱལ་མཚན་དག །གྲྭ་རྣམས་སུ་ནི་གཞག་པར་བྱ། ཕྱི་ཡི་མཚམས་ཀྱི་གནས་སུ་ནི། །བུམ་པ་ཡལ་གར་བཅས་པས་མཛེས། །ཕྱག་ན་རྡོ་རྗེའི་སྤྱན་སྔར་ཡང༌། །བུམ་པ་སྦོས་ཆུས་གང་བ་གཞག །གང་ཞིག་རྡོ་རྗེར་བཅས་པ་ལ། །ནགས་ཀྱི་ལྕག་མས་བཟླས་པ་བརྗོད་བྱ། །འདི་སྐད་སྟོན་པར་འགྱུར་ཏེ། རྩ་བ་ནག་པོ་ར་རི་མེད་པ། ལྟོ་བ་ཆེ་བ། མགྲིན་པ་མཐོ་བ། མཆུ་འཕྱང་བ། བྱུ་རུ་དང༌། གསེར་དང་དངུལ་དང༌། དུང་དང༌། མུ་ཏིག་དང༌། པདྨ་རཱ་ག་སྟེ། རིན་པོ་ཆེ་ཐམས་ཅད་དང༌། བྲྀ་ཧ་ཏི་དང་ཀཎྜ་ཀ་རི་དང༌། ཧ་ས་དང༌། དཎྜ་ཨུཏྤལ་དང༌། ཨ་པ་ར་ཛི་ཏ་དཀར་པོ་སྟེ་སྨན་ཐམས་ཅད་དང༌། འབྲས་སཱ་ལུ་དང༌། ནས་དང༌། གྲོ་དང་ཏིལ་དང་མ་ཤ་སྟེ་འབྲུ་ཐམས་ཅད་དང༌། ཙནྡན་དཀར་པོ་ལ་སོགས་པ་དང་ལྡན་པའི་ཆུ་དང༌། མེ་ཏོག་དཀར་པོ་དང༌། དྲི་ཤིན་ཏུ་ཞིམ་པ་རྣམས་ཀྱིས་ཡོངས་སུ་བཀང་ལ། ཕྱི་རོལ་ཀུན་དུ་དྲི་ཞིམ་པོས་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་བཏགས་ལ། རང་གི་ལྷའི་ཕྱག་རྒྱས་མཚན་པ་དང༌། མགུལ་བར་རས་ཙམ་པ་དཀར་པོས་དཀྲིས་ལ། འབྲས་བུ་དང་ལོ་མ་བཟང་པོ་དང་ལྡན་པའི་ཡལ་གས་ཁ་བརྒྱན་པ། དང་པོའི་རྡོ་རྗེས་ཡོངས་སུ་བཟུང་བའི་མེ་ཏོག་གི་ལྕུག་མ་ལ་བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་ཤིད་ཧཱུཾ་ཡང་བཟླས་ལ། ཕྱི་རོལ་ཀུན་དུ་ལྷ་རེ་རེ་ཞིང་དབུལ་བར་བྱ་སྟེ། དེ་ལ་དང་པོར་དཔལ་རྡོ་རྗེ་སེམས་དཔའི་མདུན་དུ་གཅིག་དབུལ་བར་བྱའོ། །ཡང་བུམ་པ་གཅིག་འཇུག་པའི་སྒོར་མངོན་དུ་ཕྱོགས་པར་གཞག་གོ །དེ་ལྟར་བུམ་པ་ཕུལ་ནས་བུམ་པ་གང་བ་ཡང་སོ་སོར་དབུལ་བར་བྱའོ། །དེ་ལྟར་འབྱོར་བར་མ་གྱུར་ན་བཅོམ་ལྡན་འདས་ལ་བུམ་པ་གཅིག །


DTG062_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་རྣམས་ལ་བུམ་པ་བཅུ་དང༌། བུམ་པ་གང་བ་ཡང་དབུལ་བར་བྱ་སྟེ། བཅུ་ལས་ནི་ཉུང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བུམ་པ་རྣམས་དང༌། བུམ་པ་གང་བ་ཡང་ཕུལ་ནས། རས་ཟུང་འབུམ་མམ། ཁྲིའམ། སྟོང་ཕྲག་གཅིག་གམ། ལྷ་རེ་རེ་ཞིང་རེ་རེ་རྡོ་རྗེ་རིན་པོ་ཆེ་དང་ཧཱུཾ་གཉིས་བཟླས་ལ་དབུལ་བ་དང༌། བླ་རེ་རྒྱལ་མཚན་དང༌། བ་དན་སྣ་ཚོགས་པ་རྣམས་ཀྱང་བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ལ་དབུལ་བར་བྱའོ། །མེ་ཏོག་གི་ཤིང་བརྒྱའམ། བཞིའམ། མེ་ཏོག་ཐམས་ཅད་སྔར་བཤད་པའི་མེ་ཏོག་གི་རིག་སྔགས་ཀྱིས་དབུལ་བ་དང། དྲི་ཐམས་ཅད་ཀྱང་དྲིའི་རིག་སྔགས་ཀྱིས་དབུལ་བ་དང༌། ག་པུར་དང༌། ཨ་ག་རུ་དང༌། ཏུ་རུ་སྐ་དང༌། ཙནྡན་ལ་སོགས་པ་བདུག་པ་རྣམས་ནི་བདུག་པའི་རིགས་སོ། །ཁ་ཟས་རོབ་རྒྱལ་སོགས་པ་ནི་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པས་སོ། །མར་མེ་ལ་སོགས་པ་ནི་མར་མེའི་རིག་སྔགས་མངོན་པར་བཟླས་ལ། བཛྲ་སྥ་ར་ཎ་ཁཾ་ཞེས་བརྗོད་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་དབུལ་བར་བྱའོ། །མ་འབྱོར་ན་བཅུ་ལས་ཉུང་བར་མི་བྱའོ། །མར་མེའི་སྣོད་བུ་དང་བཅས་པའི་སྣོད་ཆེན་པོ་སྟོང་གཞག་པར་བྱ་སྟེ། ཐ་ན་མར་མེའི་སྣོད་ཆེན་པོ་བཞི་མར་མེའི་རིག་སྔགས་ཉིད་བཟླས་ལ་དབུལ་བར་བྱའོ། །རོལ་མོ་བརྒྱ་སྟོང་ངམ་རོལ་མོ་སིལ་སྙན་ཧཱུཾ་གིས་རོལ་མོའི་ཕྱག་རྒྱ་དང་ལྡན་པས་བཟླས་ལ་དབུལ་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ལག་པའི་སོར་མོ་རྣམས་ཀྱིས་རོལ་མོ་བརྡུང་བ་རྣམ་པ་བཅུ་པོ་འདི་ལྟ་སྟེ། པི་ཝང་དང༌། གླིང་བུ་དང། རྔ་དང༌། མུ་ཀུནྦ་དང༌། ཆ་ལང་དང༌། རྔ་བོ་ཆེ་དང༌། རྫ་རྔ་དང༌། རྔ་རིངས་དང༌། ཀུན་ཛ་དང༌། ཏི་མི་ལི་བརྡུང་པའི་ཚུལ་དུ་བྱེད་པའོ། །ཕྱི་རོལ་གྱི་གར་ལ་སོགས་པ་ཡང་ཧཱུཾ་ཉིད་ཀྱིས་དབུལ་བར་བྱའོ། །དར་དཔྱངས་འཕྱང་བ་དང༌། མེ་ཏོག་གི་ཆུན་པོ་དང༌། རྔ་ཡབ་ཀྱིས་རྣམ་པར་བརྒྱ་ན་པ་དང༌། དྲ་བ་དང༌། དྲ་བ་ཕྱེད་པས་སྤྲས་པ་དང༌། ཟླ་བ་ཕྱེད་པ་དང་བཅས་པས་ཉེ་བར་མཛེས་པར་བྱས་པ་དང༌། རྟ་དང༌། གླང་པོ་ཆི་དང༌། བ་གླང་གི་ཁྱུ་མཆོག་ཤིན་ཏུ་བརྟགས་པ་རྣམས་ཀྱང་དབུལ་བར་བྱའོ། །རྟ་བབས་ཡིད་དུ་འོང་བ་དྲིལ་བུ་ལ་སོགས་པ་དང་


DTG062_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཡང་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་རྣམ་པ་བཅུ་གཉིས་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། ཨོཾ་གྱིས་རིན་པོ་ཆེ་སྣ་བདུན་དང༌། །དཔག་བསམ་གྱི་ཤིང་དང༌། ཁ་ཟས་རོ་བརྒྱ་དང་གླུ་དང་གར་ལ་སོགས་པའི་སྤྲིན་རྣམས་སྦྲུལ་ལ། དཔྲལ་བའི་ཕྱོགས་སུ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། ཨོཾ་སརྦ་བིད་པཱུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོ། །ཞེས་བྱ་བས་དེ་རྣམས་དབུལ་བར་བྱའོ། །དེ་ནས་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཅེས་པས་མངོན་པར་བཟླས་ལ། འདི་ཉིད་བརྗོད་ཅིང་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང༌། རྡོ་རྗེ་གནོད་སྦྱིན་དང༌། རྡོ་རྗེ་སྤྱན་ལ་སོགས་པས་སྦྱིན་སྲེག་བྱས་ལ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཚུལ་གྱིས་ཐབ་ཀྱི་དབུས་སུ་མེ་ཏོག་གིས་བཞུགས་སུ་གསོལ་ལོ། །ཧཱུཾ་ཟློས་ཤིང་མར་ལ་སོགས་པའི་རྫས་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེ་ནས་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས། རྡོ་རྗེ་རོའི་བར། ཨ་ཧཱུཾ་ཟློས་ཤིང་རེ་རེ་ལ་སྦྱིན་སྲེག་བདུན་བདུན་དབུལ་བར་བྱའོ། །དེ་ནས་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྔོམ་པ་བཟུང་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་ཏྤཱ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ནས། རང་གི་སྙིང་གར་ལེགས་པར་བཞག་སྟེ། ཧཱུཾ་ཞེས་བྱ་བས་རྡོ་རྗེ་བསྐྱེད་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། སུ་ར་ཏ་ས་མ་ཡ་སྟྭཾ་ཧོ། བཛྲ་སིདྡྷ་ཡ་ཐཱ་སུ་ཁཾ། དེ་ནས་སྒོར་བཞག་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་ལ། རས་དམར་པོའི་གོས་ཟུང་གོན་ཞིང་མེ་ཏོག་ཕྲེང་བ་བཏགས་པ་དང༌། གདོང་དྲི་ཞི་མ་པོས་བྱུགས་ལ། ཇི་སྐད་དུ་བཤད་པའི་གར་ལས་བྱུང་བའི་རྡོ་རྗེ་ཐལ་མོ་བཅིངས་ནས་དེ་དང་མེ་ཏོག་བླངས་ཏེ། དེ་སྙིང་གའི་ཕྱོགས་སུ་བསྐོར་ནས་བཞག་ལ། བཛྲ་བཛྲ་ཧཱུཾ་ཞེས་བྱ་བས་ཟློས་ཤིང་སློབ་དཔོན་འཇུག་པར་བྱའོ། །ཤར་ཕྱོགས་ཀྱི་སྒོར་བཛྲ་ཨཾ་ཀུ་ཤ་ཛཿ་ཞེས་བརྗོད་ལ་རྡོ་རྗེ་ལྕགས་ཀྱུས་བདག་ཉིད་དགུག་པར་བྱའོ། །ཡང་ལྷོ་ཕྱོགས་ཀྱི་


DTG062_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་དཀྱིལ་འཁོར་ཆེན་པོ་དེར་དེ་བཞིན་དུ་འཇུག་པར་བྱ་སྟེ། བཛྲ་པཱ་ཤ་ཧཱུཾ་ཞེས་བརྗོད་ལ། རྡོ་རྗེ་བསྡམས་པ་ལས་ཞགས་པས་བདག་ཉིད་གཞུག་པར་བྱའོ། །དེ་ནས་ནུབ་ཕྱོགས་ཀྱི་སྒོར་དེ་བཞིན་དུ་བདག་ཉིད་ཞུགས་ལ། བཛྲ་སྥོ་ཊ་བཾ་ཞེས་བྱ་བས་རྡོ་རྗེ་ལྕགས་སྒྲོག་བཅིངས་ཏེ་བདག་ཉིད་བཅིང་བར་བྱའོ། །ཡང་བྱང་ཕྱོགས་ཀྱི་སྒོར་ཞུགས་ལ་བཛྲ་ཨཱ་བེ་ཤ་ཨཿ་ཞེས་བྱ་བས་བདག་ཉིད་དབང་དུ་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོར་ཞུགས་ལ། མ་ཧཱ་ར་ཏ་སུ་ཌི་ཌྷ་སུ་ཏོ་ཥྱ་སུ་བོ་ཥྱོ་བཛྲ་སྟྭ་ཨ་དྷྱ་སི་དྷྱ་མཾ་ཞེས་བརྗོད་དེ། རྡོ་རྗེ་གར་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཕྱག་བྱའོ། །དེ་སྐད་ཞུགས་ནས་མགོན་ལ་ཕྱག་བྱས་ཏེ། གཡོན་པའི་རྡོ་རྗེ་མིག་དང་ནི། །གཡོན་བསྙེམས་འཛུམ་པའི་མཆོག་གི་ནི། །རོལ་པའི་མིག་ནི་བཙུམ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཨོཾ་པ་ར་མ་སུ་ཁཾ་ཨ་ཤ་ཡ། སུ་ལ་ལི་ཏ་བི་ལ་སྱ་ན་མི་ཏ་ཏ་མི་ཏོ་ཏ། བྷ་ག་བཱ་ན་ཏ་མ་ཛཿ་ཧཱུཾ་བཾ་ཧོཿ་ཧི་ཧི་ཧི་ཧི་ཧི་ཧི་པྲ་ཏཱི་ཙྪ་ཀུ་སུ་མ་ཨ་ཉྩ་ལི་ནཱ་ཐ་ཞེས་བྱ་བ་ནི་ཕྱག་འཚལ་བའི་རིག་སྔགས་སོ། །ཡང་གཞུག་པའི་ཕྱག་རྒྱ་བཅིངས་ལ། དཀྱིལ་འཁོར་ལན་གསུམ་བསྐོར་བྱའོ། །དེ་ནས་ཡང་མདུན་དུ་འདུག་ལ་དེ་ཁོ་ན་ཉིད་འདི་ལན་ཅིག་བརྗོད་པར་བྱ་སྟེ། འདོད་ཆགས་ཆེན་པོ་བདེ་བ་ཆེ། །རྡོ་རྗེ་ཆོས་ནི་ནོར་ཆེ་ཞིང༌། །ཡེ་ཤེས་ཆེན་པོ་ལས་ཆེ་བ། །རྡོ་རྗེ་སེམས་དཔའ་དེང་བདག་འགྲུབ། །ཛཿ་ཧཱུཾ་པཾ་ཧོཿ་པྲ་སིདྡྷ་མཾ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ། །ཨས་བདག་ཉིད་ལ་དབབ་པར་བྱས་ཏེ། ཨ། ཡང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་སེམས་མ་བདག་ཉིད་ལ་དབབ་པར་བྱ་སྟེ། ཨོཾ་ཨ་ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བདག་ཉིད་ཀུན་དུ་གང་བར་བསམ་མོ། །དེ་ནས་ཧཱུཾ་གིས་མེ་ཏོག་གི་ཕྲེང་བ་དོར་ལ། དེ་སླར་བླངས་ཏེ་རང་གི་མགོ་ལ་དེ་ཉིད་བཅིང་བར་བྱའོ། །དེ་ནས་དེ་ཉིད་ཀྱི་གདོང་གཡོགས་བཀྲོལ་ལ། དེ་ཉིད་ཟློས་ཤིང་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། རྡོ་རྗེ་གཟུགས་ཀྱི་བར་གྱིས་དཀྱིལ་འཁོར་བལྟ་བར་བྱའོ། །ཏི་ཥྛ་བཛྲ་ཞེས་བྱ་བ་ལ་སོགས་པ་གཞུག་པའི་ཕྱག་རྒྱ་སྙིང་གར་དགྲོལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །བཅོམ་


DTG062_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟ་ཞིང༌། ཇི་སྲིད་བཅོམ་ལྡན་འདས་ཀྱི་མཐོང་བ་སྣང་ནས་དངོས་གྲུབ་ཐམས་ཅད་སྩོལ་བ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ་འདུག །ཤིས་པ་བརྗོད་པའི་ཚུལ་གྱིས་བདག་ཉིད་སྙིང་གར་བཞག་ལ། མཚན་བརྒྱ་རྩ་བརྒྱད་ལ་སོགས་པའི་བསྟོད་པ་བྱས་ལ། འདོད་ཆགས་རྡོ་རྗེ་ལ་སོགས་པ། གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ཡང་དག་པར་མཆོད་དེ། གླུ་དང་རོལ་མོ་ལ་སོགས་པས་ཀྱང་མཆོད་ལ། ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟས་ནས་རྡོ་རྗེ་ཐལ་མོས་བསྐོར་བས་བཅོམ་ལྡན་འདས་ལ་ཕྱག་བྱའོ། །ཕྱག་བྱས་ནས་ཀྱང༌། མེ་ཏོག་ལ་སོགས་པའི་དབང་བསྐུར་བ་བླང་བར་བྱ་སྟེ། དེ་ཡང་དང་པོ་ཁོ་ནར་དང་པོ་རྡོ་རྗེས་བཟུང་བའི་མེ་ཏོག་གི་ཡལ་ག་ལས་རྣམ་པར་རྒྱལ་བའི་བུམ་པ་ལ་སྔགས་འདི་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱ་སྟེ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷ་ཨ་བྷི་ཥིཉྩ། སརྦ་སུ་ཁ་སོ་མ་ན་སྱ་ནི་ཨ་ནི་ཨ་ད་ད་ཀུ་རུ་ཀུ་རུ་ཛཿ་ཧཱུཾ་བཾ་ཧོཿ་དེ་ནས་རྡོ་རྗེ་སེམས་དཔར་བདག་ཉིད་བྱིན་གྱིས་བརླབས་ལ། དམ་ཚིག་གི་ཕྱག་རྒྱས་རང་གི་རྣལ་འབྱོར་ཆེན་པོ་ལས་བཤད་པའི་གནས་རྣམས་སུ་ལྷ་ཐམས་ཅད་དགོད་པར་བྱ་སྟེ། ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་ཕྱག་རྒྱ་ཆེན་པོས་འདུག་ལ། མེ་ཏོག་ལ་སོགས་པས་བདག་ཉིད་ཡང་དག་པར་མཆོད་དེ། མཆོད་ཡོན་བླངས་ནས་དཔལ་རྡོ་རྗེ་སེམས་དཔའི་སྐུ་གཟུགས་རང་གི་མགོ་ལ་བཞག་སྟེ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་བླངས་ལ། ཨོཾ་བཛྲ་ཨ་བྷིཥིཉྩ་ཧཱུཾ་ཞེས་བརྗོད་དེ། དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་བཏུང་བར་བྱའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿ་ཧཱུཾ་བཾ་ཧོཿ་སུ་ར་ཏ་སཏྭཾ་ཞེས་བྱ་བས། ཐོག་མར་རྡོ་རྗེ་རང་གི་མགོ་ལ་བཅིངས་ཏེ། བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །དེ་ནས་སྔར་བཤད་པའི་ཕྱག་རྣམས་ནི་དབང་བསྐུར་ཐམས་ཅད་ཡང་དག་པར་བླངས་ཏེ། ལུགས་མའམ། བརྐོས་མའམ། བྲིས་པའམ། བྱས་པའི་སངས་རྒྱས་ཀྱི་ཕྲེང་བ་ལ་སོགས་པ་དང་ལྡན་


DTG062_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཅོད་པན་རྡོ་རྗེ་རིན་པོ་ཆེའི་སྔགས་དང༌། ཕྲེང་བའི་དབང་བསྐུར་བའི་སྔགས་བཟླས་པས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །དེ་ནས་རྡོ་རྗེ་དང༌། བདག་པོ་དང༌། མིང་གི་དབང་བསྐུར་བླངས་ལ། དངོས་གྲུབ་ཀྱི་བརྟུལ་ཞུགས་བླང་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང། ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདག་ཉིད་མཆོད་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་ཀྱིས་བཟུང་ལ། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་ཞིང༌། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། ཧཱུཾ་ཞེས་བྱ་བ་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་སྔགས་བཟུང་སྟེ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནད་པ་དང༌། གཟེངས་བསྟོད་པ་དང༌། ལུང་བསྟན་པ་བླང་བར་བྱའོ། །བདག་ལ་བྱིན་གྱིས་བརླབ་པར་བྱ་སྟེ། ཇི་ལྟར་འདོད་པའི་ཆོ་གས་བཅོམ་ལྡན་འདས་རབ་ཏུ་བསྒྲུབས་ལ་ཕྱིར་དབྱུང་བར་བྱའོ། །སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་རྫོགས་སོ།། །། དེ་ནས་སྔར་བཤད་པའི་ཆོ་གཉིད་ཀྱིས་སློབ་མ་གཞུག་པར་བྱ་སྟེ། སློབ་དཔོན་གྱི་ས་ལྔ་པོ་བཅས་པ་འདི་ཉིད་བཅིངས་ལ། སླར་ཡང་གཞུག་སྟེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་སྔོན་ཁྱིམ་ལ་དགའ་བ་ཡིས། །སྲིད་པའི་དགེ་བ་དག་པའི་ཕྱིར། །འདོད་པ་ཀུན་གྱི་དངོས་གྲུབ་ཅེས། །འགྲོ་བ་ཀུན་ཀྱང་གྲུབ་པར་གྱིས། །དེ་ནས་བཅོམ་ལྡན་འདས་ལ་མཆོད་པ་ཐམས་ཅད་ཡང་དག་པར་མཆོད་དེ། སློབ་མ་གཞུག་པར་བྱའོ། །དེ་ལ་བསླབ་པའི་གཞི་ལྔ་བླངས་པའམ། དགེ་སློང་ངམ། དགེ་སློང་གི་བསླབ་པ་ཡོངས་སུ་བཟུང་བས་སྡོམ་པ་བཟུང་ལ། དེས་སློབ་དཔོན་ལ་ཕྱག་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་ནི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །སྡོམ་པ་རྣམས་ཀྱང་སྩལ་དུ་གསོལ། །དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་རས་དམར་པོ་བཟང་པོ་གཅིག་གིས་སྨད་གཡོགས་བྱ། །གཅིག་གིས་སྟོད་གཡོགས་བྱས་ལ། ཡང་རྡོ་རྗེ་ལྕགས་ཀྱུ་དང༌། ཞགས་པ་


DTG062_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དང། ལྕགས་སྒྲོག་དང༌། རྡོ་རྗེ་འབེབས་པའི་གདོང་གཡོགས་ལ་ཡོངས་སུ་བཟླས་ལ་དེས་སློབ་མ་གདོང་གཡོགས་པ་དང༌། མེ་ཏོག་གི་ཕྲེང་བ་གདགས་ཤིང༌། གདོང་དྲི་ཞིམ་པོས་བྱུགས་ལ། ཕྱག་བཞི་བྱེད་དུ་གཞུག་གོ །ཡང་ལག་ན་མེ་ཏོག་ཐོགས་པ་ཉིད་ཀྱིས་སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་བསྐུལ་བ་དང༌། གསོལ་བ་གདབ་པ་བྱས་ནས། སློབ་མས་འདི་སྐད་བརྗོད་པར་བྱ་སྟེ། ཐུབ་པ་ཉི་མ་ལུས་པ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་འདི་ཞེས་བྱ་བ་ཡིས། །སློབ་དཔོན་དབང་དུ་གནས་པ་ལ། །སངས་རྒྱས་རོལ་མོ་ལས་བྱུང་བ། །མི་ལྡོག་པ་ཡི་འཁོར་ལོ་སྦྱོར། །ཐར་པ་ཆེན་པོའི་གྲོང་ཁྱེར་ཆེ། །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བ་ཐམས་ཅད་བསྡུས་པ་ནི། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་པ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱིས་རྒྱབ་བཏབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་ཆེན་པོ་རྨད་བྱུང་བ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་ཞེས་པ་འདི་ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་མཆོག་དང་གསང་བ་འདི། །འཁོར་ལོ་འདི་ནི་འཇུག་པར་འཚལ། །དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱ་སྟེ། བདག་ཉིད་ཆེན་པོ་ཁྱོད། གསང་བ་ཆེན་པོའི་རིགས་དག་པ། །ཤིན་ཏུ་སྦས་པ་ཡོངས་སུ་འཛིན་པར་འདོད་དམ་ཞེས་དྲི་བར་བྱའོ། །དེས་ཀྱང་བདག་འཚལ་ཞེས་བརྗོད་པར་བྱའོ། །དེ་ནས་ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་


DTG062_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སོ། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གྲགས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །གཞན་ཡང་བཅུ་བཞི་འདི་དག་ནི། །ཕས་ཕམ་པར་ནི་ཡང་དག་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཤེས་པར་བྱ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླས་པར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་བ། །ཁ་ན་མ་ཐོ་ཆེན་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་ལ་ལོག་པར་མ་སྤྱད་ཅིག །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་རབ་ཏུ་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བརྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང༌། །ཐེག་པ་དམན་པ་འདོན་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤོང༌། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོང་བར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་པར་བྱའོ། །སློབ་དཔོན་འདི་ནི་བདག་ལ་གསོན། །གཙོ་བོས་ཇི་སྐད་བཀའ་སྩལ་བ། །དེ་ལྟར་བདག་ནི་བགྱིད་པར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས་བརྩམས་ཏེ།


DTG062_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་ནས་དེ་ལ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ཞེས་བྱ་བས་བྱང་ཆུབ་སེམས་བསྐྱེད་དུ་བཅུག་ལ། དེའི་སྙིང་གར་དེ་བཞིན་དུ། །རྡོ་རྗེ་བསྐྱེད་ནས། རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླ་བ་པ་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་གྱིས། དེང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག །དད་པ་མེད་པ་རྣམས་ལ་སྨྲ་བར་ཡང་མ་ཡིན་ནོ། །དེ་ནས་ལྔ་པོ་བསྡུས་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་དམ་ཚིག་རྩ་བ་སྟེ། །སངས་རྒྱས་ཐམས་ཅད་རབ་བསྒྲུབས་པས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །རིགས་རྣམས་ཐམས་ཅད་དེ་བརླག་འགྱུར། །ཨོཾ་མ་ཧཱ་སུ་ཁ་ཧ་ན་ས་མ་ཡ་ཨ་ཏི་ཀྲི་མི་ཎཾ་སུ་ར་སཏྭཾ། དེ་ནས་ཡོན་གྱི་མཆོག་བླངས་ལ། །སྒྲོ་བཞག་པའི་བུམ་པའི་ཆུས་དབང་བསྐུར་ནས། དང་པོ་རང་ཉིད་གཞུག་པའི་ཆོ་གས་གཞུག་པར་བྱའོ། །ཞུགས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་ཧཱ་ར་དྷི་སུ་ཏྲ་དྷི། སུ་ཏོ་ཤྱ། སུ་སུ་ཁོ། །བཛྲ་སཏྭ་ཨདྷྱ་སིདྡྷྱ་མཱཾ། ཞེས་སྨྲོས་ཤིག་ཅེས་བསྒོའོ། །དེ་ནས་ཡང་འདི་སྐད་ཅེས་བརྗོད་པར་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་འགྲུབ་པ་ཡང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་ཞིག །ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང༌། གྱེན་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱི་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་མནའི་སྙིང་པོ་ཚུལ་ཡོངས་སུ་བཟླས་ལ། སློབ་མ་དེ་འཐུང་དུ་གཞུག་གོ །དེ་ལ་མནའི་སྙིང་པོ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཉིད་


DTG062_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི། དེ་ནི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བཛྲོ་ད་ཀ་ཋ། དེ་ནས་སློབ་མ་ལ་འདི་སྐད་བསྒོ་ཤིག །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ཡང་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་བར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག །ཅེས་བརྗོད་དུ་གཞུག་གོ །དེ་ནས་སློབ་དཔོན་གྱིས་མྱུར་དུ་སེམས་དཔའི་རྡོ་རྗེ་ཕྱག་རྒྱ་བཅིངས་ལ། དེའི་སྙིང་གར་གཞག་སྟེ། འདི་སྐད་ཅེས་བརྗོད་དུ་གཞུག་གོ །འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་ཉིད་དུ་འབབ་པར་ཤོག །དེ་ནས་བཛྲ་ཨཱ་བེ་ཤ་ཨཿ་ཞེས་བྱ་བ་འདི་ལན་བརྒྱ་ཟློས་སུ་གཞུག་གོ །ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་བཅིངས་ལ། སེམས་དཔའ་རྡོ་རྗེའི་ཕྱག་རྒྱ་ཕྱེ་སྟེ། ཧཱུཾ་ཨཿ་ཨཿ་ཨ་ཞེས་བྱ་བ་ལན་བརྒྱ་ཟློས་སུ་གཞུག་གོ །སྦྱོར་བ་གཉིས་ཀ་ཡང་འོད་ཟེར་དམར་པོ་འབར་བའི་འོད་ཀྱིས་ཀུན་ནས་འཁྲིགས་པའི་རྡོ་རྗེ་སེམས་དཔའ་ཀུན་དུ་གང་བར་བསམས་ན་ངེས་པར་འབབ་པར་འགྱུར་རོ། །ལྷའི་ཡེ་ཤེས་ཀྱང་འདི་ལས་སྐྱེ་བར་འགྱུར་རོ། །དེ་ནས་མེ་ཏོག་གི་ཕྲེང་བས་དབང་བསྐུར་བ་དང༌། གདོང་གཡོགས་དགྲོལ་ཞིང་དཀྱིལ་འཁོར་བསྟན་པ་དང༌། འཇུག་པའི་ཕྱག་རྒྱས་དགྲོལ་བ་དང༌། སློབ་དཔོན་གྱི་ལས་ཀྱི་ཆོ་གར་བསྟན་པའི་སྦྱོར་བས་བྱེད་དུ་གཞུག་གོ །དེ་ནས་དེ་བཞིན་དུ་པདྨ་བྲིས་ལ། སློབ་མ་དེ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། པདྨ་དེ་ལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་ཉེ་བར་བཞག་ལ། ཡོན་གྱི་མཆོག་བླངས་ཏེ། མཆོད་ཡོན་བྱིན་ལ་མ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱིས་ཆུ་བླངས་ཏེ། སློབ་དཔོན་གྱི་ཆོ་གས་དབང་བསྐུར་ཞིང་ཆུ་དེ་འཐུང་དུ་བཅུག་སྟེ་འདི་སྐད་ཅེས་བརྗོད་དོ། །འདི་ནི་སེམས་ཅན་དམྱལ་བའི་


DTG062_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས། །གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས། །སྐྱེ་བོ་འདུས་པའི་ནང་གནས་ཤིང༌། །དད་པ་མེད་པས་བགད་པར་འགྱུར།། དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང༌། །ཅོད་པན་གྱི་དབང་བསྐུར་བ་དང༌། རྡོ་རྗེ་དང་བདག་པོ་དང༌། མིང་གི་དབང་བསྐུར་བ་དང༌། རང་གི་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་དང༌། ཆོས་དང་དེ་ཁོ་ན་ཉིད་ཀྱི་དམ་ཚིག་རྣམས་སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང་རྡོ་རྗེ་མཚོན་ཆ་ལ་སོགས་པས་དེ་ཡང་དག་པར་མཆོད་ལ། དེ་ལ་སྙིང་པོ་བྱིན་ཏེ། དང་པོར་མནའ་འདོར་དུ་བཅུག་ལ་ལྷའི་ཕྱག་རྒྱ་བཞི་བསླབ་པར་བྱའོ། །དེ་ནས་གསང་བའི་དབང་བསྐུར་བ་བཤད་དེ། སློབ་དཔོན་དུ་དབང་བསྐུར་བར་འོས་པ་བཅུག་ལ། སློབ་དཔོན་གྱི་ལས་ཀྱི་ཆོ་ག་ཐམས་ཅད་དང༌། དཀྱིལ་འཁོར་དང༌། ལྷའི་དེ་ཁོ་ན་ཉིད་བསྟན་པར་བྱའོ། །འདི་དག་གིས་ནི་དབང་བསྐུར་བར་གྱུར་པ་ཡིན་ནོ། །དེ་ནས་དབང་བསྐུར་བའི་ཆོ་ག་རྒྱས་པར་བཤད་པར་བྱ་སྟེ། རྩ་བའི་དཀྱིལ་འཁོར་ལས་རབ་ཏུ་ཁྲུ་དོ་དོར་ལ་དབང་བསྐུར་བའི་དཀྱིལ་འཁོར་ཤར་ཕྱོགས་ཀྱི་སྒོར་བལྟས་པས། ནང་གི་དཀྱིལ་འཁོར་གྱི་ཚད་ཙམ་ཟུར་བཞི་པ་སྒོ་ནུབ་ཏུ་བལྟས་ལ། ཚོན་གྱི་ཕྱེ་མ་སྣ་ལྔས་བྲི་བར་བྱ་སྟེ། དཀྱིལ་འཁོར་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་དང་པོའི་རྡོ་རྗེ་ཁ་དོག་དམར་པོ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་དེ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། སྣ་ཚོགས་པདྨ་དང༌། རས་ཀྱིས་གཡོགས་པའི་སེང་གེའི་གདན་ནམ། སྟན་ནང་ཚངས་ཅན་རྡོ་རྗེ་རྩེ་མོ་མངོན་པར་བཟླས་པ་དེར་བཞག་སྟེ། དེ་ཡང་དབང་བསྐུར་བར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། དེའི་ལུས་ལ་ལྷ་ཐམས་ཅད་ཀྱི་གནས་སུ་སྔ་མ་བཞིན་དུ་པདྨའི་གདན་བསམས་ནས། གདན་དེ་རྣམས་ལ་དང་པོའི་རྡོ་རྗེ་སྙིང་པོ་དང་བཅས་པས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་དེ། གདན་དེ་ལ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོར་འདུག་ནས། དང་པོའི་རྡོ་རྗེ་དེ་ཉིད་དང༌། རྡོ་རྗེ་སེམས་དཔའ་ལ་སོགས་པས་སྙིང་ག་དང༌། སྨིན་མཚམས་དང༌། ལྐོག་མ་དང༌། སྤྱི་བོ་རྣམས་སུ་བྱིན་གྱིས་


DTG062_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པ་དང༌། སེང་གེའི་གདན་གྱི་སྟེང་དུ་བླ་རེ་བྲེ་ཞིང༌། གཡས་ལོགས་སུ་དར་དང༌། མེ་ཏོག་ཆུན་པོས་བརྒྱན་པའི་གདུགས་དཀར་པོ་རིན་པོ་ཆེའི་ཏོག་ཅན་ལ་ཧཱུཾ་བཟླས་པ་བཞག་པ་དང༌། གཡོན་གྱི་ཕྱོགས་ཀྱི་ཆར་དར་སྣ་ཚོགས་ཀྱི་རྒྱལ་མཚན་དང༌། བ་དན་ལ་ནམ་མཁའ་མཛོད་ཀྱི་སྔགས་བཟླས་པ་བཞག་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། དུང་དང༌། རྔ་རིངས་དང༌། རྔ་པོ་ཆེ་དང༌། རུ་དུད་ལ་སོགས་པའི་རོལ་མོ་རྣམས་རོལ་མོའི་ཕྱག་རྒྱས་བྱིན་གྱི་བརླབས་ཀྱི་བསླབ་པའི་སྒྲ་དང༌། ཕྱི་རོལ་དུ་གླུ་དང་གར་རྣམས་བྱ་བ་དང༌། རྡོ་རྗེ་མཚོན་ཆ་ལ་སོགས་པས་མཆོད་དེ། དེ་ནས་ཡོན་གྱི་མཆོག་བླངས་ལ། དཔལ་རྡོ་རྗེ་སེམས་དཔའ་སྐུ་གཟུགས་དེའི་སྤྱི་བོར་བཞག་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གདོན་པར་བྱའོ། །དེ་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདྲ་བའི་སྤྱན་མངའ་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་ཞི་བྱེད་དང་པོའོ། །དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིགས་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོབ་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང༌། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བའོ། །དོན་རྣམས་ཐམས་ཅད་འགྲུབ་པར་བརྟུལ་བ་ཡོངས་ལྡན་པ། །ཚོགས་ཀྱི་ལས་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི། །གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ། །དབང་བཅས་ལྷས་བསྐོར་བ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལོ་མ་མེ་ཏོག་འོད་འབར་ལུམྦིའི་ཚལ། །ལྷ་མོ་དག་གིས་བརྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པ་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་


DTG062_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོར་ཁྱེར་སེར་སྐྱའི་གནས་ནས་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ན་བལྟམས་པ་སྟོན་པ་བདེ་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩིའི་ཆུས་གཏོར་བ་ཡི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་དུ་གྲགས་པ་ཆེ་བ་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་བསྒྲུབས་བསོད་ནམས་ཕུང་པོའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་མཆོག་ནས་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བཻ་ཌཱུ་ཪྻ་ལྟར་སྡོ་པའི་རྩྭ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཆུ་བོའི་འགྲམ་ན་རྩྭ་ཤའི་ཕྲེང་གིས་ཡོངས་བསྐོར་བ། །ཤིན་ཏུ་རྨད་དུ་བྱུང་བ་སྲིད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ཤིན་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཚེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་བཞི་བྱེད་ཤོག །སྡུག་བསྔལ་མཐའ་དག་གཞིག་ཕྱིར་རྡོ་རྗེ་གདན་བཞུགས་ཏེ། ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམས་འདུལ་བ། སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །གྲོང་ཁྱེར་བཱ་རཱ་ཎ་སཱིར་གྲོང་ཁྱེར་མཆོག་ཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་བསྐོར་བ་ཡི་བཀྲ་ཤིས་གང༌། །ལྷ་ཡུལ་དང་འདིར་ཤིན་ཏུ་རྨད་དུ་བྱུང་འགྱུར་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག་།བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་དག་བྱེད་པས། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཤཱཀྱ་ཐུབ་པ་སེང་གེས་ཀུན་གསུངས་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང༌། འགྲོ་


DTG062_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདེ་བ་བསྐྱེད་པའི་ཆོ་འཕྲུལ་དམ་བ་དག །ཉེ་བར་སྟོན་པ་རྒྱལ་བའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །འགྲོ་ལ་ཕན་ཕྱིར་མཐོ་རིས་གནས་ནས་འདིར་གཤེགས་ཏེ། །ཚངས་པ་ལ་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ཞི་བ་མཆོག་ཏུ་ཉེར་གཤེགས་པ། །མནྡཱ་ར་བའི་མེ་ཏོག་མང་པོས་མངོན་མཆོད་པ། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་བ། །ནམ་མཁའི་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་གྱུར་པ། །དེ་བཞིན་གཤེགས་པ་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ལ། དང་པོར་བུམ་པ་གང་བ་དང༌། རྡོ་རྗེ་གཟུགས་ལ་སོགས་པ་དེ་དག་དང༌། དེ་ནས་བུམ་པ་དེ་རྣམས་ཀྱིས་སོ། །དེའི་འོག་ཏུ་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། དེ་བཞིན་དུ་དབང་བསྐུར་བར་བྱ་ཞིང་གཟུང་དུ་ཡང་གཞུག་གོ །དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང༌། ཅོད་པན་དང༌། དར་དཔྱངས་ཀྱི་དབང་བསྐུར་བ་དང༌། རྡོ་རྗེ་དང༌། བདག་པོ་དང༌། མིང་གི་དབང་བསྐུར་བ་ཡང་བྱིན་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཡང་སྦྱིན་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་དང༌། རྡོ་རྗེ་མཚོན་ཆ་ལ་སོགས་པའི་མཆོད་པའི་ཕྱག་རྒྱ་རྣམ་པ་བཅུ་གཉིས་དུམ་བུ་གཉིས་པའི་རྩ་བའི་དཀྱིལ་འཁོར་དུ་བཤད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། ཆོས་དང་དེ་ཁོ་ན་ཉིད་ཀྱི་དམ་ཚིག་རྣམས་སྦྱིན་པར་བྱའོ། །དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་དུ་ཡང་མཆོད་པ་བཅུ་གཉིས་པོ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉས་ལས་བྱུང་བའོ། །རྡོ་རྗེ་རིགས་ལས་ཁྲོ་བོའི་ཁུ་ཚུར་གཉིས་ལས་བྱུང་བའོ། །པདྨའི་རིགས་ལས་པདྨའི་ཁུ་ཚུར་གཉིས་ལས་བྱུང་བའོ། །རིན་པོ་ཆེའི་རིགས་ལས་ནི་རིན་པོ་ཆེའི་ཁུ་ཚུར་གཉིས་ལས་བྱུང་བ་གཟུང་བར་བྱའོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་ནི་ཁ་དོག་སྣ་ཚོགས་པའོ།


DTG062_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ་ནི་དཀར་པོའོ། །རྡོ་རྗེ་དཀྱིལ་འཁོར་ལ་ནི་སྔོན་བོའོ། །པདྨའི་དཀྱིལ་འཁོར་ནི་དམར་པོའོ། །རིན་པོ་ཆེའི་དཀྱིལ་འཁོར་ལ་ནི་སེར་པོར་ཤེས་པར་བྱའོ། །དེ་ནས་སྔ་མ་བཞིན་དུ་ཆོ་ག་རྣམས་བཞིན་རྗེས་སུ་སྤྱད་ལ། ཡི་གེ་ཕྲས་བྱིན་གྱིས་བརླབས་པའི་རིན་པོ་ཆེའི་ཐུར་མའམ། གསེར་གྱི་ཐུར་མ་བླངས་ལ། སློབ་མའི་མིག་གཉིས་སུ་པྲ་བཀོད་དེ། ཐུར་མ་དེས་དེའི་མིག་ཏུ་བྱུགས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། དེ་ནས་མེ་ལོང་ལ་སོགས་ལ་ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་ཉིད་ཤེས་ནས་སུ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་ཡི་གེ་ཧོས་མདའ་དང་བཅས་པའི་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་གྱིས་ཤིག་ཅེས་བརྗོད་ལ། ཕྱོགས་བཞིར་མདའ་བཞི་ཕན་དུ་གཞུག །སྟེང་དུ་ཡང་འཕེན་དུ་གཞུག་ལ། ཨོཾ་བཛྲ་རཱ་ག་ཧོཿ་ཞེས་ཀྱང་སྨྲར་གཞུག་པར་བྱའོ། །དེ་ནས་ཨ་བཛྲ་སཏྭ། ཞེས་པས་མེ་ལོང་བསྟན་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །དེ་བཞིན་གཤེགས་པ་ཀུན་བདག་གང༌། །བྱང་ཆུབ་སེམས་འདིར་ཤེས་པར་གྱིས། །དེ་ནས་བཛྲ་ཧེ་ཏུ་མཾ། ཞེས་བྱ་བས་ཆོས་ཀྱི་འཁོར་ལོ་རྐང་པ་གཉིས་སུ་དགོད་པ་དང༌། བཛྲ་བྷ་ཥ་རཾ་ཞེས་བྱ་བ་དང༌། དུང་ལག་པ་གཡས་པར་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ནི་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ན་སངས་


DTG062_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཀྱང༌། །ཀུན་དུ་ཁྱོད་ལ་སྲུང་བར་བྱེད། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ཁྲོ་བོའི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །མདོར་ན་འཇིག་རྟེན་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་པའི། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་སེམས་དཔའ་དང༌། རྡོ་རྗེ་ཧཱུཾ་མཛད་དང༌། འཇིག་རྟེན་དབང་ཕྱུག་དང༌། ནམ་མཁའ་སྙིང་པོའི་ང་རྒྱལ་དང༌། ཚིགས་སུ་བཅད་པ་འདི་རྣམས་ཀྱིས་རྗེས་སུ་གནང་བ་བྱིན་ལ། རང་གི་ལྷའི་སྙིང་པོ་སྦྱིན་པར་བྱའོ། །དེ་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ། །གཟེངས་བསྟོད་པའི་ཕྱག་རྒྱ་བཅིངས་ལ། སློབ་མ་ཐམས་ཅད་ལ་དབང་བསྐུར་བར་བྱའོ། །ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་གསུམ་དུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་དག་ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་སཏྭཾ་བྷུར་བྷུ་བ་སྭཿ་དེ་ལ་གཟེངས་བསྟོད་ང་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ། གཡོན་པ་ཆོས་གོས་ཀྱི་མཐར་འཛིན་པའི་ཚུལ་དང་གཡས་པ་མི་འཇིགས་པའི་ཚུལ་བྱས་ལ། ཆོ་ག་ལྷག་མ་རྣམས་ནི་དུམ་བུ་གཉིས་པ་ལས་ཤེས་པར་བྱའོ། །རྗེས་སུ་བསྒྲུབ་པ་དང༌། རྗེས་སུ་བསྒྲུབ་པའི་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་སྦྱིན་སྲེག་བྱ་སྟེ། སློབ་མ་བསང་གཏོར་བྱས་ལ། གཡོན་ལོགས་སུ་བཞག་སྟེ། དེའི་གཡས་པའི་མཐེ་བོང་ལག་པ་གཡས་པ་གཡོན་པས་བཟུང་ནས། ཧཱུཾ་གིས་མར་གྱི་སྦྱིན་སྲེག་ལན་བདུན་བྱས་ལ། བླུགས་གཟར་


DTG062_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སློབ་མ་ལ་བསྐོར་བ་བྱ་སྟེ། དེ་ཉིད་ཀྱིས་དགང་བླུགས་གསུམ་དབུལ་བར་བྱའོ། །དེ་ནས་སངས་རྒྱས་སྤྱན་གྱི་དེ་བཞིན་དུ་སྦྱིན་སྲེག་བྱའོ། །དེ་ནས་སློབ་མའི་ལག་པར་རྡོ་རྗེ་གནོད་སྦྱིན་བཟླས་པའི་གདུ་བུ་བཏགས་ལ། དེ་ཉིད་བཟླས་པའི་ཆུས་བསང་གཏོར་བྱའོ། །ཨོཾ་རུ་རུ་ཨཕུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བྱ་བ་སངས་རྒྱས་སྤྱན་གྱི་སྔགས་དང༌། སྙིང་གར་བྱུགས་ཏེ་སློབ་མ་གཏང་བར་བྱ་བ་ནི། སློབ་མའི་ཐུན་མོང་གི་ཆོ་གའོ། །གང་ཞིག་སློབ་དཔོན་གྱི་དབང་བསྐུར་བ་ལ་ནི་དེ་ལ་དམིགས་ཏེ། མར་གྱི་སྲེག་བླུགས་བརྒྱ་ཧཱུཾ་ཞེས་བྱ་བ་དང་སྦྱིན་སྲེག་བྱའོ། །དེ་ནས་སངས་རྒྱས་སྤྱན་གྱི་ཡང་སྦྲང་རྩི་དང༌། མར་དང་ཞོ་དང་བསྲེས་པའི་ཏིང་གིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་སངས་རྒྱས་སྤྱན་གྱི་སྔགས་ཉིད་ཀྱིས་དབུལ་ལོ། །དེ་ནས་དེ་བཞིན་དུ་གདུ་བུ་བཏགས་ལ་བསང་གཏོར་བྱས་ཏེ། སྙིང་གར་བྱུགས་ནས་ཡང་སྔ་མ་བཞིན་དུ་ཐབ་ཀྱི་ནང་དུ་དཀྱིལ་འཁོར་བསམས་ལ། དཀྱིལ་འཁོར་པའི་ལྷ་རྣམས་ལ་སྦྱིན་སྲེག་ཕུལ་ནས། ཡང་དཀྱིལ་འཁོར་ལ་བཞུགས་པའི་བཅོམ་ལྡན་འདས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། །ཕྱི་རོལ་དུ་གཏོར་མ་བྱིན་ལ་ཉེ་རེག་བྱ་སྟེ། ཕྱག་རྒྱ་དགྲོལ་པ་ལ་སོགས་བ་སྔར་བཤད་པའི་ཆོ་ག་རྣམས་རྗེས་སུ་སྤྱད་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་དེ་བཞིན་དུ་རང་གི་ལུས་ལ་སྤྲུལ་པའི་དཀྱིལ་འཁོར་བཅུག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་བ་ཉིད་པས། དེ་བཞིན་གཤེགས་པ་མཐའ་ཡས་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས། རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས། ཆོས་ཐམས་ཅད་དུ་མ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་ཉིད་པས། ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་དོ། །སེམས་ཅན་ཆེན་པོ་ལེགས་སོ་ལེགས། །བདེ་བ་ཆེན་པོ་ལེགས་སོ་ལེགས། །ཐེག་པ་ཆེན་པོ་ལེགས་སོ་ལེགས། །བློ་གྲོས་ཆེན་པོ་ལེགས་སོ་ལེགས། །ཆོ་ག་འདི་ནི་ལེགས་པར་སྨྲས།།


previousདཔལ་མཆོག་དང་པོའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།ཀུན་དགའ་སྙིང་པོ།next