Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་གཉིས་པ།


   
   
   
   
   
   
   
   
   
ཐུགས་རྗེ་འབྱུང་བ་ཞེས་བྱ་བ་བསྒོམ་པ་དང་བཟླས་པའི་ཆོ་ག། ཡེ་ཤེས་རྡོ་རྗེ།
   
   
   
   
   
   
   


 
previousཐུགས་རྗེ་འབྱུང་བ་ཞེས་བྱ་བ་བསྒོམ་པ་དང་བཟླས་པའི་ཆོ་ག།ཡེ་ཤེས་རྡོ་རྗེ།next

ཐུགས་རྗེ་འབྱུང་བ་ཞེས་བྱ་བ་བསྒོམ་པ་དང་བཟླས་པའི་ཆོ་ག།
ཡེ་ཤེས་རྡོ་རྗེ།


DTG062_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀཱ་རུ་ཎོ་ད་ཡ་ནཱ་མ་བྷཱ་བ་རྫ་བ་བིདྷིཿ། བོད་སྐད་དུ། ཐུགས་རྗེ་འབྱུང་བ་ཞེས་བྱ་བ་བསྒོམ་པ་དང་བཟླས་པའི་ཆོ་ག་།བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བསྒོམ་དང་བཟླས་པའི་ལམ་ནི་རྡོ་རྗེ་སློབ་དཔོན་དག་གིས་རབ་མཛད་པའི། བསྟན་བཅོས་ཤིན་ཏུ་ཟབ་དང་བཅས་ཕྱིར་ཐུབ་པའི་གསུང་བཞིན་དེ་ཉིད་མི་རྟོགས་ཏེ། །རང་བློའི་རྣམ་པར་རོལ་བས་མི་གསལ་དཔེ་དང་ཐེག་པ་གཞན་རྣམས་དང་ནི་གཅིག་བྱེད་པ། །སློབ་མའི་ཚོགས་གཉིས་དག་གིས་བྱིན་བརླབས་ཐེག་པ་ལ་ནི་ཆེན་པོར་འཛིན་མི་བྱེད། །ཆོས་རྣམས་ཡང་དག་སྟོན་ཅིང་ཆོ་ག་མ་ལུས་འཆད་པ་འགལ་མེད་ལ། །སེར་སྣས་བྱང་ཆུབ་འཇིག་ཅིང་མ་བཤད་ཡུལ་ནི་ཡེ་ཤེས་དག་ལས་ཉམས་འགྱུར་ཕྱིར། །སྙིང་རྗེས་བྱམས་ཆོས་སློབ་དཔོན་ཡེ་ཤེས་རྡོ་རྗེ་གཞན་ཡང་པད་དཀར་ཞེས་བྱ་བས། །བྱིས་པ་ལེགས་རྟོགས་ཚིག་གིས་སྐུ་དང་ཕྱག་རྒྱ་སྔགས་རྣམས་ཆོ་ག་བཞིན་བཤད་བྱ། །དེ་ལ་དང་པོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་དང༌། གཟུངས་ཀྱི་དཀྱིལ་འཁོར་དང་ཆོས་ཀྱི་དཀྱིལ་འཁོར་དང༌། ལས་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་བ་ཐོབ་པ། །དཔལ་རྣམ་པར་སྣང་མཛད་ཀྱི་གསང་སྔགས་གཟུང་བ་དང༌། རིག་པའི་དབང་བསྐུར་བ་དང༌། མཉན་པའི་དབང་


DTG062_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་དང༌། རྗེས་སུ་གནང་བའི་དབང་བསྐུར་བ་དང༌། སློབ་དཔོན་གྱི་དབང་བསྐུར་བ་དང༌། ལུང་བསྟན་པའི་དབང་བསྐུར་བ་ཐོབ་ཅིང༌། བསྒོམ་པ་དང་ཟློས་པར་འདོད་པས། དང་པོ་ཁོ་ནར་ཡིད་དུ་འོང་བའི་གནས་སྒྲའི་ཚེར་མ་ལ་སོགས་པ་དང་བྲལ་བར་སྟན་ཤིན་ཏུ་འཇམ་པོ་ལ་འདུག་སྟེ། ཁ་ཤར་རམ་ནུབ་ཏུ་ལྟ་བའམ། ཇི་ལྟར་དགའ་བར་བལྟས་ཏེ། རྡོ་རྗེའི་སྐྱིལ་མོ་ཀྲུང་དང༌། སྐྱིལ་མོ་ཀྲུང་ཕྱེད་པ་དང༌། སེམས་དཔའི་སྐྱིལ་མོ་ཀྲུང་དང༌། བཀྲ་ཤིས་ཀྱི་འདུག་སྟངས་དང༌། བཟང་པོའི་འདུག་སྟངས་ཀྱིས་ཐལ་མོ་མཉམ་པར་སྦྱར་བའི་ཟླ་བ་ཕྱེད་པས་ཀུན་དུ་བཟང་པོ་ཞེས་བྱ་བའི་སྟན་དེ་གང་ཡང་རུང་བས་འབད་པ་མེད་པར་ལག་པ་གཉིས་རྡོ་རྗེའི་བཅིང་བ་བྱས་ལ་ལུས་དྲང་པོར་བསྲང་སྟེ། མགྲིན་པ་བསྟོད་ལ་སོས་སོ་མནན་པ་སྦུ་རྩེ་ཙམ་གྱིས་སོའི་ཐད་ཀར་ལྕེ་རྡོ་རྗེ་ལྟར་མི་གཡོ་བར་བཞག་ལ། ནགས་ཀྱི་རི་དགས་བག་ཕེབས་ནས་ཉལ་བ་ལྟར་མིག་ཅུང་ཟད་བཙུམས་ཏེ། མིག་གཉིས་སྣའི་རྩེ་མོར་གཏད་པར་བྱའོ། །དེ་ནས་རིམ་པ་འདིས་གནས་བསྲུང་བར་བྱ་སྟེ། རང་གི་ལུས་རང་གི་ལྷའི་སྐུར་བསམས་ལ། ལག་པ་གཉིས་སུ་ཡི་གེ་ཧཱུཾ་གཉིས་ལས་རྡོ་རྗེ་གཉིས་རྣམ་པར་བསམས་ཏེ། སོར་མོ་ལྔའི་ཚིགས་རྩེ་མོའི་རྣམ་པར་བསྒོམ་པར་བྱའོ། །དེ་རྣམས་ཀྱི་དབུས་སུ་དེ་བཞིན་གཤེགས་པ་ལྔའི་ས་བོན་གྱི་ཡི་གེ་རྣམ་པར་དགོད་པར་བྱ་སྟེ། དེ་ལ་གུང་མོ་ལ་ནི་ཡི་གེ། མཛུབ་མོ་ལ་ནི་ཧཱུཾ། སྲིན་ལག་ལ་ཏྲཱཾ། མཐེའུ་ཆུང་ལ་ཧྲཱིཿ། མཐེ་བོ་ལ་ནི་ཡི་གེ་ཨའོ། །ལག་པ་གཡོན་པ་ལ་ཡང་དེ་བཞིན་དུ་དགོད་དོ། །དེ་ནས་ལག་པ་གཡས་པར་གནས་པ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུར་བསམ་པར་བྱས་ལ། ལག་པ་གཡོན་པ་ལ་གནས་པ་རྣམས་ཀྱང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་སྐུར་བསམས་ནས། ཕན་ཚུན་ཐབས་དང་ཤེས་རབ་དག་དང་བཅས་པའི་མངོན་པར་འདོད་པས་མངོན་དུ་ཕྱོགས་པའི་ཐལ་མོ་མཉམ་པར་བྱས་ལ། ཨ་ནྱོ་ནྱ་ཨ་ནུ་གཏཱ་སརྦ་དྷརྨཱཿ་ཞེས་བརྗོད་དོ། །དེ་ནས་སོར་མོ་དེ་རྣམས་


DTG062_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཡང་བཅེར་ཏེ། ལྷ་མོ་རྣམས་ཀྱི་ཐུགས་ཀར་ཞུགས་པར་གྱུར་པ་རྣམ་པར་བསམས་ལ། ཨཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ་ཞེས་བརྗོད་དོ། །དེའི་འོག་ཏུ་རྡོ་རྗེ་བསྡམས་པ་བཅིངས་ལ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཡང་དག་པར་བསྐྱེད་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པར་བསམས་ལ། བཛྲ་བནྡྷ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་སྙིང་གར་བཛྲ་བནྡྷ་ཏྲཊ་ཅེས་ལན་གསུམ་བརྗོད་ལ་དགྲོལ་ལོ། །དེ་ནས་རང་གི་ལུས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཚོགས་ཞུགས་པར་གྱུར་པར་བསམས་ལ། བཛྲ་ཨཱ་བེ་ཤ་ཨཿ། ཞེས་ལན་གསུམ་བརྗོད་དོ། །རྡོ་རྗེ་བསྡམས་པ་བཅིངས་ཏེ་སྲིན་ལག་དང་མཐེའུ་ཆུང་གི་རྩ་བའི་བར་དུ་མཐེ་བོ་གཉིས་བཅུག་ལ་སྙིང་གར་བསྐྱེད་པ་ནི་རྡོ་རྗེ་དབབ་པའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་བསྡམས་པ་བཅིངས་ལ་ཕྱེ་སྟེ་ཁ་ཐུག་དུ་བསྟན་ཏེ་ས་ལ་གཞག་ལ། ཨོཾ་བཛྲི་བྷ་བ་ཧཱུཾ་ཞེས་ཀྱང་བརྗོད་དོ། །དེ་ནས་རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཡི་གེ་ཧཱུཾ་གི་ཚོགས་མེ་ལྕེ་ཤིན་ཏུ་འཕྲོ་བའི་ཚོགས་རྣམས་ཀྱིས་ས་གཞིའི་གཏན་པ་ལ་ཐུག་གི་བར་དུ་མ་ལུས་པའི་ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་དག་དང༌། སེམས་ཅན་དེ་རྣམས་རྡོ་རྗེ་འབར་བའི་གཟུགས་ཅན་ལྟ་བུར་བསམ་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་སུ་ཡི་གེ་ཧཱུཾ་རྣམ་པར་འཕྲོ་བ་དང་བཅས་པར་བསམས་ལ་དེ་ཉིད་ཡོངས་སུ་གྱུར་པ་ལས། ལྟེ་བ་ཡན་ཆད་རྡོ་རྗེ་ཧཱུཾ་མཛད་ལྟ་བུ་ལ། དེ་མན་ཆད་རྩེ་གཅིག་པ་ལྟ་བུས་བགེགས་རྣམས་ཀུན་དུ་འབིགས་པར་བསམས་ལ་ཀུན་ནས་ཀྱང་འཇིག་པའི་དུས་ཀྱི་མེ་འབར་བ་ལྟ་བུས་ཁེབས་པར་གྱུར་པའི་གནས་ཀྱི་ས་ལ་ཞུགས་པར་གྱུར་པར་བསམས་ནས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣན་བནྡྷ་ཧཱུཾ་ཕཊ་ཅེས་ཀྱང་བརྗོད་ལ། རྡོ་རྗེ་འབར་བ་རྣམས་ཀྱིས་གདུག་པ་རྣམས་རབ་ཏུ་ཚིག་པར་གྱུར་ཅིང་འབྱེར་བར་གྱུར་པར་བསམ་མོ། །དེའི་སྟེང་དུ་ཡི་གེ་ཨོཾ་ལས་རབ་ཏུ་གྲགས་པའི་ཉི་མ་སྟོང་པས་ལྷག་པའི་འོད་དང་ལྡན་ཞིང༌། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཁྱབ་པར་བྱེད་པའི་ཉི་མའི་དཀྱིལ་འཁོར་ཆེན་པོ་བསམ་པར་


DTG062_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བླང་བར་བྱ་སྟེ། རང་གི་ལུས་ཡི་གེ་མཾ་དམར་པོ་ཙམ་དུ་བསམས་ལ། དེ་ཉིད་འཁོར་ལོ་རྩིབས་བཅུ་དྲུག་བར་བསམས་ཏེ། སྟེང་གི་རྩིབས་གཉིས་ནི་མགོ་བོ། །དེའི་ངོས་གཉིས་ཀྱི་རྩིབས་གཉིས་ནི་དཔུང་པ། ཡང་ངོས་གཉིས་ཀྱི་རྩིབས་གཉིས་ལྟེ་བ་དང་བཅས་པ་ནི་སྙིང་ག་དང་རྩིབ་ལོགས་གཉིས་སོ། །ཡང་ངོས་གཉིས་ཀྱི་རྩིབས་གཉིས་ནི་བརླབ་དང་བྱིན་པ་གཉིས་སོ། །རྩིབས་ལྷག་མ་གཉིས་ནི་མཚན་ཏེ་རྡོ་རྗེ་ཞེས་བྱ་བ་བསྐྱེད་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོའི་སྐུ་མདོག་དམར་པོ་ཐུགས་ཀའི་ཟླ་བའི་དབུས་ན་གནས་པའི་འཁོར་ལོའི་ནང་དུ་ཆུད་པའི་ཆོས་ཀྱི་ཕྱག་རྒྱའི་སྙིང་པོ་ལ་སྣ་ཚོགས་རྡོ་རྗེའི་སྟེང་དུ་ཡི་གེ་མཾ་དམར་པོ་ཤིན་ཏུ་འཕྲོ་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་དུ་འགེངས་ཤིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སྤྲིན་གྱི་རྒྱ་མཚོ་རྣམས་དང༌། སེམས་ཅན་ཐམས་ཅད་ཀྱི་དཀྱིལ་འཁོར་དེ་རྣམས་སུ་ཞུགས་པར་གྱུར་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བས་དབང་བསྐུར་བར་གྱུར་ལ། བདག་ཉིད་ཀྱང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེ་རྣམས་ཉིད་སླར་བྱོན་པས་དབང་བསྐུར་བར་གྱུར་ནས་རང་གི་ལུས་ལ་ཞུགས་ནས་བྱིན་གྱིས་བརླབས་པར་གྱུར་བར་བསམས་ལ། རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱ་ཞིང། སྔགས་ཀྱང་བརྗོད་པར་བྱ་སྟེ། ཨོཾ་བཛྲ་ཙཀྲ་ཧཱུཾ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཛུབ་མོ་དང་མཐེའུ་ཆུང་གཉིས་ལྕགས་སྒྲོག་བཅིང་བའི་ཚུལ་དུ་མདུད་ནས་དེའི་དབུས་སུ་མཾ་གྱིས་མཚན་པའི་འཁོར་ལོ་བསམས་ཏེ། སྙིང་གའི་ཐ་དཀར་འཁོར་ལོ་བཞིན་དུ་ཡོངས་སུ་བསྐོར་ནས་ཁའི་སྟེང་དུ་བཞག་ལ། སྔར་གྱི་སྔགས་བརྗོད་པར་བྱ་སྟེ། དེ་ས་ནི་དམ་ཚིག་ཉམས་པ་རྣམས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཐོབ་པར་འགྱུར་རོ། །དམ་ཚིག་ཆེན་པོ་ཉམས་པས་ནི་སྟོང་རྩ་བརྒྱད་བཟླས་པར་བྱའོ། །འབྲིང་ལ་


DTG062_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བརྒྱ་རྩ་བརྒྱད་དོ། །ཕྲ་མོ་ལ་ནི་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །དེ་ནས་སྦྱོར་བ་གཉིས་པོ་འདིས་སྡིག་པ་དྲལ་བར་བྱ་སྟེ། ལྟེ་བའི་ཕྱོགས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་འོད་ཟེར་དང་བཅས་པ་བསམ་པ་དང༌། སྙིང་གར་ཡི་གེ་ཀ་ཁ་དོག་ནག་པོ་སྒྲིབ་པ་གསུམ་གྱི་བག་ཆགས་ཀྱི་ས་བོན་བསམས་ནས། ཡི་གེ་ཧཱུཾ་གི་སྒྲ་དང་གྱེན་དུ་འཕྲོ་བའི་འོད་ཟེར་རྣམས་ཀྱིས་འབྱིན་པར་གྱུར་པ་དང༌། ཡི་གེ་ཧཱུཾ་ཡང་སྟེང་དུ་སོང་ནས་རང་གི་འོད་ཟེར་གྱི་ཚོགས་ཀྱིས་ཡི་གེ་ཀ་ཕྱི་རོལ་དུ་ཕྱུང་ལ། གང་གི་ཚེ་འདི་སྙིང་གའི་ཕྱོགས་སུ་ཀུན་དུ་གནས་པ་དེའི་ཚེ་ཡི་གེ་ཀ་སྣའི་རྩེ་མོར་བྱུང་སྟེ། མི་དགེ་བ་མ་ལུས་པའི་གཟུགས་ཤ་ཟའི་ལུས་ཅན་གདོང་རྣམ་པར་འགྱུར་བ་ཤ་མེད་པ་སྐྲ་གྱེན་དུ་བརྫེས་པ། ལག་པ་གནམ་དུ་བརྐྱང་བ་གཅེར་བུ་བ་མདོག་གང་པ་འཇིགས་པས་ཁྱབ་ཅིང་རབ་ཏུ་འདར་བའི་གཟུགས་ཅན་བརྒྱལ་བར་གྱུར་པར་བསམ་པར་བྱའོ། །ཡི་གེ་ཧཱུཾ་ཡང་རང་གི་འོད་ཟེར་གྱི་ཚོགས་ཀྱིས་རྡོ་རྗེར་གྱུར་ནས་འབར་བ་རྣོན་པོའི་ཚོགས་དེ་ཉིད་ལས་རང་གི་གཟུགས་སུ་ཡོངས་སུ་གྱུར་ཏེ། རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཅན་ཞལ་མཆེ་བ་རྣམ་པར་གཙིགས་པ། འབར་བའི་ཚོགས་ཀྱིས་རྣམ་པར་དཀྲིགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་དག་པའི་བསོད་ནམས་ཀྱི་ཚོགས་ཀྱིས་ཡོངས་སུ་འབར་བར་གྱུར་བའི་འབར་བའི་མེའི་ངོ་བོ་ཉིད་དུ་ཡོངས་སུ་བསམ་པར་བྱའོ། །དེའི་ནང་ན་ཡོད་པའི་རྡོ་རྗེའི་ལྟེ་བའི་དབུས་སུ་རྡོ་རྗེ་གནོད་སྦྱིན་དང་འདྲ་བ་གཡོན་བརྐྱང་བའི་གནས་པས་བཞུགས་པ་དང༌། སྣ་རྩེའི་གནས་སུ་གནས་པའི་རྡོ་རྗེ་ཕྲ་མོ་འབར་བར་གྱུར་ཅིང་མེ་འབར་བའི་ནང་དུ་ཆུད་པའི་ལྕགས་ཀྱི་གོང་བུ་ལྟ་བུ། བཅོམ་ལྡན་འདས་དེ་ཉིད་ཀྱི་ཆོས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ། ཞལ་རྣམ་པར་གདངས་ཤིང༌། སྣ་ཁུང་དང༌། མཁུར་ཆོས་རྣམ་པར་འགྱུར་བ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་ཅིང༌། གཡས་པའི་དཔུང་པ་བཏེག་ནས་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་འབར་བ་འཛིན་པ། ཁྲོ་གཉེར་བསྙེར་བའི་ཁྲོ་བོའི་ཁུ་ཚུར་གྱིས་རྣམ་པར་བརྒྱན་པ། བཛྲ་མུཿ་ཞེས་བྱ་


DTG062_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཕྱུང་ལ། ཁམས་གསུམ་འབར་བར་བྱས་པས། སྡིག་པའི་ལུས་སྐད་ཅིག་གིས་འཇིགས་ཤིང་རབ་ཏུ་འདར་བ་དང༌། བྱེར་བར་གྱུར་ནས། རྒྱ་མཚོ་ཆེན་པོར་ལྷུང་བར་གྱུར་ལ་ཀུན་དུ་འབར་བའི་རྡོ་རྗེ་དེས་ངེས་པར་བསྲེགས་ནས་རྡོ་རྗེ་དེས་སླར་བླངས་ཏེ། རང་གི་སྙིང་གའི་རྡོ་རྗེའི་ནང་དུ་ཆུད་པར་བསམ་མོ། །དེ་ནས་དམ་ཚིག་གི་ཕྱག་གྱ་བཅིངས་ལས། སྔགས་བརྗོད་པར་བྱ་སྟེ། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ནོ། །རྡོ་རྗེ་བསྡམས་པ་དེ་དམ་དུ་བཅིངས་ལས། །མཐེའུ་ཆུང་གཉིས་རྣམ་པར་ཕྱེ་སྟེ། སོ་སོར་བཞག་ནས་མཛུབ་མོ་གཉིས་ཀྱང་གདུ་བུ་ལྟ་བུར་བྱས་ཏེ། མཐེ་བོ་གཉིས་བསྐུམ་ནས་རང་གི་ཁ་འགྲམ་གྱི་གནས་གཉིས་སུ་ཇི་ལྟ་བ་བཞིན་དུ་བཞག་ལ། ཁ་དང༌། སྣ་ཁུང་དང༌། མཁུར་བ་དང༌། མིག་རྣམ་པར་གདངས་ཤིང༌། ཕྱག་རྒྱ་འདི་བཅིངས་ལ། ལན་གསུམ་ནས་བདུན་གྱི་བར་དུ་སྔགས་ཧཱུཾ་བཛྲ་ཡཀྵ་ཁཱ་ད་ཡ། སརྦ་པཱ་བཾ་ནི་མེ་ཧཱུཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་བཞི་རྡོ་རྗེའི་ནང་དུ་ཆུད་པར་བསམས་ལ་ནམ་མཁའི་ཁམས་མ་ལུས་པར་ཁྱབ་པའི་དུས་མཐའི་མེ་མང་པོ་འབར་བའི་ཚོགས་རྣམས་ལས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་སུ་བདག་ཉིད་བསམས་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱའམ། །རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱས་བྱིན་གྱིས་བརླབས་ལ། སྡིག་པ་ཐམས་ཅད་དགུག་པའི་སྔགས་དང་ཕྱག་རྒྱ་དང་བཅས་པས་ངན་འགྲོའི་འགྲོ་བར་གཏོགས་པའི་སེམས་ཅན་སྣོད་དང་བཅས་པར་བཀུག་ལ་སྡིག་པ་དྲལ་བའི་ཕྱག་རྒྱ་སྔགས་དང་བཅས་པས་སྒྲིབ་པ་ཐམས་ཅད་དང་བྲལ་བར་བྱ་སྟེ། ཨོཾ་སརྦ་པཱ་པཾ་ཨཱ་ཀཪྵ་ཎ་བི་ཤོ་དྷ་བཛྲ་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ནི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་བསྒྲེངས་ཏེ་མཉམ་པོར་བྱས་ནས་འོག་ནས་འདྲེན་པའི་ཚུལ་གྱིས་སྟེང་དུ་བཏེག་ལ། མཛུབ་མོ་དེ་གཉིས་མདུད་པའི་ཚུལ་དུ་བཅིང་བར་བྱ་སྟེ། ཕྱག་རྒྱ་འདི་སྔར་བཤད་པའི་སྔགས་དང་བཅས་པ་ནི་དགུག་པའོ་།།རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་སྦྱར་ཏེ། གཡས་དང་གཡོན་གྱི་མཐེ་བོ་དང༌། མཐེའུ་ཆུང་གཉིས་ཀྱི་ཐུར་དུ་


DTG062_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པར་སྦྱར་བར་བྱའོ། །འདི་ཡང་སྙིང་གར་བཅིངས་ནས་གུང་མོ་སྦྱར་བ་སྔགས་ཀྱི་མཐར་དགྲོལ་བར་བྱ་སྟེ། དེ་རྣམས་ཀྱིས་སྒྲིབ་པ་རྣམས་ཟད་པར་བསམས་ལ། སེམས་ཅན་དེ་རྣམས་ཀྱང་སྒྲིབ་པ་དང་བྲལ་ནས་དེ་བཞིན་གཤེགས་པའི་ཞབས་དྲུང་དུ་སྐྱེས་པར་གྱུར་ཅིང་སྣོད་ཀྱི་འཇིག་རྟེན་དེ་ཡང་རྒྱ་མཚོར་ལྷུང་བར་གྱུར་པར་བསམ་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་པཱ་ཎྀ་བི་སྥོ་ཊ་ཡ། སརྦ་པཱ་པ་བནྡྷ་ནཱ་ནི། བྲ་མོ་ཀྵ་ཡ། སརྦཱ་པ་ཡ་ག་ཏེ་བྷྱཿ་སརྦ་སཏྭ་ན། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། དེ་ནས་ཕྱག་རྒྱ་འདི་མགོ་བོར་བཞག་ལ་སྔགས་བརྗོད་པར་བྱ་སྟེ། ཁྱད་པར་ནི་མཾ་ཞེས་བྱ་བའོ། །འདིས་ནི་རང་གི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ངེས་པར་བཟློག་པར་འགྱུར་རོ། །དེས་ན་འདོད་པའི་རྒྱལ་པོ་སྙིང་གར་བསམས་ལ། འདོད་ཆགས་དང་བྲལ་བར་གཞིག་པར་བྱ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་དང་མཐེའུ་ཆུང་སྦྱར་ཏེ། ཁ་གྱེན་དུ་བལྟས་པར་བྱས་ལ། ལྷག་མ་རྣམས་རྣམ་པར་ཕྱེ་སྟེ། འཁོར་ལོ་ལྟ་བུར་བྱ་བ་ནི་འཁོར་ལོ་རྩི་བས་བརྒྱད་པ་ལྟ་བུའི་ཕྱག་རྒྱ་སྟེ། སྔགས་ཀྱི་མཐར་སྙིང་གར་དགྲོལ་བར་བྱའོ། །ཧཱུཾ་ཊ་ཀྐི་སྥོ་ཊ་ཡ་མ་ཧཱ་བི་རཱ་ག་བཛྲ། བཛྲ་དྷ་ར་ས་ཏྱེ་ནཱ་ཐ། དེ་ནས་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ལ། སྔགས་བརྗོད་པར་བྱ་སྟེ། ཨོཾ་མ་ཧཱ་དུཿ་ཁ་བཛྲ་སཏྭ་སཱ་ད་ཡ། སརྦ་སཏྭེ་བྷྱོ་མ་ཧྱན་ཙ་ཛཿ་ཧཱུཾ་བཾ་ཧོཿ། རྡོ་རྗེ་བསྡམས་པ་དམ་བཅིངས་ཏེ། །གཡོན་པའི་མཐེབ་མཛུབ་མངལ་དུ་ནི། །གཡས་པ་ཡི་ནི་མཐེ་བོའི་མཚན། །བཅུག་ལ་བསྐྱེད་ཅིང་བཙིར་བར་བྱ། །དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་དང། གནས་པ་ཉིད་ཀྱི་མཛུབ་མོའི་ཚིགས་དང་པོ་ལ། ཨོཾ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་ཧཱུཾ་ལས་འཇིག་བརྟེན་གྱི་ཁམས་དཔག་ཏུ་མེད་པ་ཁྱབ་པར་བྱེད་པ་འོད་ཟེར་རྣོན་པོ་འབར་བའི་ཚོགས་ཀྱིས་ཀུན་ནས་དཀྲིགས་པའི་རྡོ་རྗེ་ཆེན་པོའི་གཟུགས་ཀུན་དུ་བསྐོར་བས་མ་རུངས་པ་ཐམས་ཅད་དང༌། བགེགས་ཐམས་ཅད་དེར་བྱེར་བར་གྱུར་ཏེ། ཕྱོགས་བཅུར་སོང་བར་གྱུར་པར་བསམས་ལ། དེ་ནས་རྡོ་རྗེ་ཆེན་པོ་དེ་ཉིད་ཤིན་ཏུ་འབར་བར་གྱུར་བར་བསམ་ཞིང༌། དེ་ཉིད་ཀྱི་ཡན་ལག་དང༌། ཉིང་ལག་རྣམས་ཀྱང་ཤིན་ཏུ་རྣོ་ཞིང་འབར་བར་གྱུར་བ་རྡོ་རྗེ་


DTG062_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྟ་བུ་ཕྲ་བའི་ཚད་ཅན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་གྱུར་ཅིང༌། རྡོ་རྗེ་ཐམས་ཅད་ཀྱི་ནང་ན་ཡོད་པའི་ཡི་གེ་ཧཱུཾ་གི་སྒྲ་ལས་ཉེ་བར་གྱུར་པའི་ཅ་ཅོའི་ཚོགས་ཆེན་པོས་བར་མཚམས་མེད་པའི་རྡོ་རྗེའི་ཚོགས་ཕན་ཚུན་འདྲེས་པར་གྱུར་པ་དང༌། རྡོ་རྗེ་འབར་བའི་རླབས་ལྟ་བུས་འགྲོ་བ་ཐམས་ཅད་ཁྱབ་པར་བྱེད་པའི་རྡོ་རྗེ་ཆེན་པོའི་རྒྱ་མཚོ་བསམ་པར་བྱའོ། །དེས་ཀྱང་གདུག་པ་ཐམས་ཅད་སྔ་མ་བཞིན་དུ་འབྱེར་བར་གྱུར་ཅིང་སེམས་ཅན་གཞན་རྣམས་ཡོང་སུས་སྦྱངས་ཏེ། ཉོན་མོངས་པ་རྣམས་ཀྱི་ལུས་ཐལ་བར་བྱས་ནས་དེ་བཞིན་གཤེགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་བསམས་ལ། དེ་ཉིད་བསྡུས་ནས་བསྒྲུབ་པ་ལས་རང་ཇི་ཙམ་འདོད་པའི་མཐར་ཐུག་པའི་རྡོ་རྗེ་ཆེན་པོའི་དྲ་བ་བསམ་པར་བྱའོ། །དེའི་འོག་ཏུ་ཡང་རང་གི་མཛུབ་མོ་གཡོན་པའི་རྩེ་མོར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ལས་ཞི་བའི་རྡོ་རྗེ་དྲི་མ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་བསམས་ལ་སྔ་མ་བཞིན་དུ་སྤྲོས་ཏེ། རྡོ་རྗེ་ཤིན་ཏུ་ཕྲ་བ་ལས་བསྒྲུབ་པ་རྡོ་རྗེ་དྲ་བའི་ནང་དང་འདབས་འབྱོར་པར་ཞི་བའི་རྡོ་རྗེའི་དྲ་བ་བསམ་པར་བྱའོ། །དེ་ཉིད་ཀྱི་སྟེང་དུ་བཾ་འོད་ཟེར་དང་བཅས་པའི་གཟུགས་ཅན་རྣམ་པར་བསམས་ལ། ཨོཾ་བཛྲ་མུཥྚི་བཾ་ཞེས་བརྗོད་དེ་རྒྱ་མཚོར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་བཛྲ་དྲྀ་ཌྷ་ཏིཥྛ་ཞེས་བྱ་བ་འདིས་བརྟན་པར་བྱ་སྟེ། སྲུང་བ་ཆེན་པོ་འདི་ནི་རྟག་ཏུ་བྱས་ན་གལ་ཏེ་སངས་རྒྱས་ཐམས་ཅད་བདུད་ཉིད་དུ་མཛད་ཀྱང་གཞིག་པར་མི་སྤྱོད་ན་གདུག་པ་གཞན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། །དེ་ནས་རྣམ་པར་སྣང་མཛད་འདི་ནི་ང་ལ་དད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒོམ་པ་དང་བཟླས་པ་ལ་རབ་ཏུ་འཇུག་པ་ཡིན་ནོ་ཞེས་ཤིན་ཏུ་དགྱེས་པར་གྱུར་ནས་རང་ལ་བྱིན་གྱིས་བརླབས་པའི་ཕྱིར་མདུན་དུ་བྱོན་པར་བསམས་ལ། རྡོ་རྗེ་ཕྲ་མོར་གྱུར་ཏེ་རང་གི་ལུས་ལ་ཞུགས་ནས་རིམ་པ་ཇི་ལྟ་བ་བཞིན་དུ་དབང་དུ་བྱས་ཤིང་ཞུགས་པར་གྱུར་པས་སྡིག་པ་ཐམས་ཅད་འཇོམས་ཤིང་བདག་ཉིད་བསྲུང་བར་གྱུར་པར་སྔགས་དང་ཕྱག་རྒྱའི་སྦྱོར་བ་འདིས་


DTG062_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པར་བྱ་སྟེ། རྡོ་རྗེ་ཐལ་མོ་སྦྱར་ལ། རང་གི་ཡི་གེ་ངོ་བོ་ཉིད་རང་གི་ས་བོན་ལག་པ་གཉིས་ཀྱི་མཐིལ་དུ་ཧཱུཾཿ་ཧྲཱིཿ་ཞེས་བྱ་བ་དམར་པོ་དང༌། རང་གི་ས་བོན་དམར་པོ་ཉིད་དང༌། རང་གི་ལུས་དམར་པོའི་སེ་གལ་གཏོགས་པ་ལས་བྱུང་བའི་ཚོགས་དམར་པོ་རྣམས་ཀྱིས། ཨོཾ་བཛྲ་དྷཱ་ཏུ་ཛཿ་ཧཱུཾ་བཾ་ཧོཿ། བ་ཤཾ་ཀུ་རུ་མ་མེ་ཡ་ཨཱཿ་ཞེས་བརྗོད་ལ། རྡོ་རྗེ་ཐལ་མོ་ཡང་དལ་བུས་བརྡབས་ནས་བསམ་མོ། །དེ་ནས་རྡོ་རྗེ་བསྡམས་པ་བྱས་ལ། དེའི་ལག་མཐིལ་གཉིས་སུ་ཧོ་ཨ་ཧོ་ཞེས་བྱ་བ་རྣམ་པར་བཀོད་དེ། ཐལ་མོ་དལ་བུས་བརྡབས་ལ། དེའི་འོད་ཀྱི་ཚོགས་ཀྱིས་ལུས་ཐམས་ཅད་ཁྱབ་པར་གྱུར་ཅིང་བརྒྱལ་ཞིང་མྱོས་པར་གྱུར་ལ། ལུས་ཐམས་ཅད་ཀྱི་གཤིས་ཀྱི་མཚན་ཞིག་ནས་རིམ་གྱིས་བྱུང་བར་གྱུར་ཅིང་ཡེ་ཤེས་ཕུལ་དུ་བྱུང་བས་འགྲོ་བ་མ་ལུས་པའི་ངོ་བོ་ཉིད་མངོན་སུམ་དུ་གྱུར་ནས་ཡོངས་སུ་དག་པའི་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ཡོངས་སུ་རྫོགས་པའི་ཡེ་ཤེས་བབས་པར་གྱུར་པར་རིམ་གྱིས་བསམས་ཏེ། ཨོཾ་བཛྲ་དྷཱ་ཏུ་ཛཿ་ཧཱུཾ་པཾ་ཧོཿ་ཨ་བཛྲ་ཨཱ་བེ་ཤ་ཨཿ། ཞེས་ཀྱང་བརྗོད་ཅིང་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་ཉིད་ལས་མཛུབ་མོ་གཉིས་བསྒྲེངས་ཏེ། ལག་མཐིལ་གཉིས་ཀྱང་བརྡབ་པ་བྱས་ནས་ཧཱུཾ་ཕཊ་ཅེས་བྱ་བ་རྣམ་པར་བཀོད་ལ་སྒྲིབ་པ་ལྷག་མ་རྣམ་ཟད་པར་གྱུར་བར་བསྒོམ་ཞིང༌། ཨོཾ་བཛྲ་དྷཱ་ཏུ་ཛཿ་ཧཱུཾ་བཾ་ཧོཿ་ཕཊ་བཛྲ་ལ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་བསྡམས་པ་བཀྲོལ་ལ། རཀྵ་ཧཾ་རཀྵ་ཞེས་བྱ་བ་རྣམ་པར་བཀོད་པས་ཡོངས་སུ་དག་པའི་ལུས་དེ་ཉིད་བསྲུངས་པར་གྱུར་པར་བསམས་ལ། ཨོཾ་བཛྲ་དྷཱ་ཏུ་ཛཿ་ཧཱུཾ་བཾ་ཧོཿ་རཀྵ་ཧཾ་རཀྵ་ཨ་ཞེས་བརྗོད་དོ། །དེ་ནས་འདི་ནི་བདག་དང་མཉམ་པའོ་ཞེས་དེ་ཉིད་དུ་བྱིན་གྱིས་བརླབ་པར་མཛད་པར་བསམ་པར་བྱའོ། །དེ་ནས་བྱིན་གྱིས་བརླབས་པ་དེའི་མཐུས་དེ་བཞིན་གཤེགས་པའི་འོད་ཟེར་དཔག་ཏུ་མེད་པའི་དབང་བསྐུར་བས་བདག་ཉིད་དབང་བསྐུར་བར་ཤེས་ནས་སེམས་ཅན་ཐམས་ཅད་མགྲོན་དུ་བོས་ཏེ་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་ཕྱོགས་པར་བྱེད་པས་རྡོ་རྗེའི་དབང་པོའི་གནས་སུ་


DTG062_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ། །དེ་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མཐོང་ནས་སྦྱོར་བ་འདིས་ཕྱག་རྣམ་པ་བཞི་བྱ་སྟེ། རང་གི་སྙིང་ག་དང༌། དཔྲལ་བ་དང༌། ལྕེ་དང་སྤྱི་གཙུག་ཏུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་དེ། དེ་རྣམས་ལ་ཡང་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང་སྣ་ཚོགས་རྡོ་རྗེ་ཧཱུཾ་ཏྲཱཾ་ཧྲཱྀཿ་ཨ་ཞེས་བྱ་བ་ལས་བསྐྱེད་ལ། ཤར་ཕྱོགས་སུ་ལུས་ཐམས་ཅད་ཕབ་སྟེ། རྡོ་རྗེ་ཐལ་མོ་སྦྱར་ན་སྙིང་གར་གནས་པའི་རྡོ་རྗེ་ཕྱག་བྱ་སྟེ། ཨོཾ་སརྦ་ག་ཏ་པཱ་ཛོ་པས་ཐཱ་ནཱ་ཡ། ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཡ་དྷི་ཏིཥ་སྭ་མཱཾ། དེ་ནས་མི་བསྐྱོད་པ་ལ་རྗེས་སུ་གནང་བ་ཐོབ་ནས་རང་གི་རིགས་ལུས་ལ་བཅུག་སྟེ། བདག་ཉིད་ཀྱང་མི་བསྐྱོད་པའི་སྐུ་ལ་ཞུགས་ནས་དེ་ཡང་བླངས་ཏེ་རང་གི་སྙིང་པའི་རྡོ་རྗེ་ཞུགས་ཤིང་ཡི་གེ་ཧཱུཾ་དེ་ཉིད་ལ་ཐིམ་པར་གྱུར་པར་བསམ་མོ། །རྡོ་རྗེ་སེམས་དཔའ་སྤྲོས་པས་ཀྱང་བྱིན་གྱིས་བརླབས་པའི་འབྲས་བུར་གྱུར་པས་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་ཐོབ་པར་བསམས་ལ། བསྡུ་བ་དང༌། གནས་པ་དང༌། བརྟན་པར་གྱུར་ཅིང་སྔར་སྤྲོས་པས་རྡོ་རྗེ་སེམས་དཔའི་སྐུར་བསྐྱེད་པར་བྱའོ། །དེ་ནས་ལྷོ་ཕྱོགས་སུ་སོང་ནས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། དཔྲལ་བར་གནས་པའི་རིན་པོ་ཆེས་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ། ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥྙྩ་མཱཾ། དེ་བཞིན་དུ་གནང་བ་སྔོན་དུ་འགྲོ་བས་རིན་པོ་ཆེའི་རིགས་ཐམས་ཅད་དཔྲལ་བར་གནས་པའི་རིན་པོ་ཆེ་ལ་ཞུགས་ཤིང༌། ཡི་གེ་ཏྲཱཾ་སྤྲོས་པས་ཀྱང་སྔར་རྡོ་རྗེ་སེམས་དཔའི་སྐུ་བསྐྱེད་པ་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབང་བསྐུར་བས། བསྡུ་བ་དང༌། གནས་པ་དང༌། བརྟན་པར་གྱུར་པར་བྱའོ། །དེ་ནས་ནུབ་ཕྱོགས་སུ་སོང་སྟེ། རྡོ་རྗེ་ཐལ་མོ་སྤྱི་བོར་སྦྱར་ལ་སྙིང་གར་གནས་པའི་པདྨས་ཆོས་ཀྱི་རིགས་ལ་ཕྱག་བྱ་སྟེ། ཨོཾ་སརྦ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ། ཨཱཏྨ་ནཱཾ་ནི་ཪྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏཱ་བཛྲ་དྷརྨ་པྲ་བརྟ་ཡ་མཱཾ། དེ་བཞིན་དུ་གནང་བ་སྔོན་དུ་འགྲོ་བས་ཆོས་ཀྱི་རིགས་ཐམས་ཅད་ལ་ཞུགས་ཤིང་སྤྲོས་པས་སྔར་རྡོ་རྗེ་སེམས་དཔའི་


DTG062_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བྱུང་བ་རྣམས་ལ་དབང་བསྐུར་ནས། འདི་སྤྲོས་པས་ཀྱང་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ངོ་བོ་ཉིད་དུ་བྱས་པ་རང་གི་ཁ་ལ་གནས་པའི་ཡི་གེ་ཧྲཱིཿ་ལ་བསྡུ་བ་དང༌། གནས་པ་དང༌། བརྟན་པར་གྱུར་པར་བྱའོ། །དེ་ནས་བྱང་ཕྱོགས་སུ་སོང་སྟེ། ཐལ་མོ་སྙིང་གར་སྦྱར་ལ་སྤྱི་གཙུག་ན་གནས་པའི་སྣ་ཚོགས་རྡོ་རྗེས་ཕྱག་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཊ་པུ་ཛ་ཀརྨ་ཎེ་ཨཱཏྨ་ནཱཾ་ནི་ཏྱཱ་ཏ་ཡཱ་མི། སརྦ་ཏ་ཧཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། དེ་བཞིན་དུ་རིགས་ཐམས་ཅད་ལ་ཞུགས་པ་དང༌། སྤྲོས་པས་ཀྱང་རྡོ་རྗེ་སེམས་དཔའི་སྐུ་ཐོབ་ཅིང་དབང་བསྐུར་བ་དང༌། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་རང་བཞིན་ཅན་རྣམས་ལ་ཕྱི་དང་གསང་བའི་མཆོད་པ་སྤྲོ་ཞིང་སྤྱི་གཙུག་ན་གནས་པའི་སྣ་ཚོགས་རྡོ་རྗེ་ལ་བསྡུ་བ་དང་གནས་པ་དང༌། བརྟན་པར་གྱུར་པར་བྱའོ། །དེ་ལྟར་རིགས་བཞིའི་ངོ་བོ་ཉིད་དུ་གྱུར་ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་དཔལ་བེའུ་ལྟ་བུར་ཞུགས་ཏེ། རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་དེ་ཉིད་སྐུ་དང༌། གསུངས་དང་ཐུགས་རྡོ་རྗེ་དང་དབྱེར་མེད་པར་གྱུར་ཏེ། སེང་གེའི་གདན་གྱི་སྟེང་དུ་འདུག་པར་བྱའོ། །དེ་ནས་ཡིད་དུ་འོང་བའི་ཕན་ཡོན་ལ་སོགས་པའི་སྒོ་ནས་བྱམས་པ་ལ་སོགས་པའི་ཚངས་པའི་གནས་པ་བཞི་མངོན་དུ་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཤན་སི་ཏཱ་སརྦ་སིདྡྷ་ཡ། སཾ་པད་ཡན་ཏ་མ་སརྦ་ཏ་ཐཱ་ག་ཏ་ཡ་དྷི་ཏིཥྛ་ན་ཏ། ཞེས་བྱ་འདི་ནི་བདེ་བ་སྐྱེད་པའི་མཚན་ཉིད་ཅན་བྱམས་པ་བསྟན་པ་ཡིན་ནོ། །སྭ་བྷཱ་ཝ་ཤུདྡྷཿ་སརྦ་དྷྲྨཱཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་འདིས་ཀྱང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་དམིགས་པ་ལས་བྱུང་བའི་མགུ་བ་སྟེ། དགའ་བ་སྟོན་པ་ཡིན་ནོ། །ངོ་བོ་ཉིད་དག་པར་སེམས་ཅན་རྣམས་ཀྱིས་མི་ཤེས་པ་ལ་དེ་མ་ཤེས་པས་མི་འདོད་པའི་སྡུག་བསྔལ་ངེས་པར་ཞུས་པར་གྱུར་པ་དེ་དང་བྲལ་བར་འདོད་པ་ནི་སྙིང་རྗེ་སྟེ། འདི་ནི་སྙིང་རྗེའི་སེམས་སྐྱེ་བར་སྟོན་ཏོ། །དེ་ནས་དེ་བསྒྲལ་བར་བྱའོ་ཞེས་པ་འདིས་ཀྱང་ཁྱད་པར་ཅན་གྱི་དུས་ལ་སྡོད་པས་གནས་ཤིང་ནུས་པ་ཐོབ་ཅིང་བར་དུ་བཏང་སྙོམས་སུ་བྱེད་པ་སྟོན་ཏོ། །དེ་ནས་སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་བྱེད་པས་དེ་བཞིན་


DTG062_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་འཇིག་རྟེན་པའི་བསམ་གཏན་རྣམས་མངོན་སུམ་དུ་བྱས་ཏེ་རྣམ་པར་སྣང་མཛད་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་མཆོག་རིམ་པ་འདིས་མངོན་སུམ་དུ་བྱའོ། །དེ་ལ་དང་པོ་ཁོ་ནར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་རིན་ཆེན་སེམས་མས་བསྐྱེད་པའི་ཟད་པར་ས་བསྒོམ་པར་བྱའོ། །དེ་ནས་སའི་རྡུལ་དེ་ཉིད་མེའི་ཕྲ་རབ་ཀྱིས་བཤིགས་ནས་རྡོ་རྗེ་སེམས་མས་རབ་ཏུ་བསྒྲུབས་པའི་ཟད་པར་མེ་བསྒོམ་པར་བྱའོ། །མེའི་ཕྲ་རབ་དེ་ཉིད་ཆུའི་རྡུལ་ཕྲ་རབ་ཀྱིས་ཁྱེར་ནས་ཆོས་ཀྱི་སེམས་མས་བསྒྲུབས་པའི་ཟད་པར་ཆུ་བསྒོམ་པར་བྱའོ། །ཆུའི་རྡུལ་ཕྲ་རབ་དེ་ཉིད་ཀྱང་རླུང་གི་རྡུལ་ཕྲ་རབ་རྣམས་ཀྱིས་རབ་ཏུ་བསྐམས་ཏེ། ལས་ཀྱི་སེམས་མས་རབ་ཏུ་བསྒྲུབས་པའི་ཟད་པར་རླུང་དུ་བསྒོམ་པར་བྱའོ། །རླུང་གི་རྡུལ་ཕྲ་རབ་དེ་ཉིད་ནམ་མཁའི་ཕྲ་རབ་རྣམས་ཀྱི་ནང་དུ་ཐིམ་ནས་འགྲོ་བ་ཐམས་ཅད་ནམ་མཁའ་ཙམ་དུ་རྣམ་པར་བསྒོམས་ལ་ཟད་པར་ནམ་མཁའ་ལ་འཇུག་པ་དེ་ཉིད་ནི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབ་པའི་ངོ་བོའོ། །ནམ་མཁའ་དེ་ཉིད་ཀྱི་ཕྲ་རབ་རྣམ་པར་ཤེས་པའི་ཕྲ་རབ་ཏུ་མི་སྣང་བར་བྱས་ཤིང་མི་བསྐྱོད་པར་བྱིན་གྱིས་བརླབས་པའི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒོམ་པར་བྱའོ། །རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་མི་སྣང་བར་བྱས་ནས། འོད་དཔག་ཏུ་མེད་པ་དང༌། རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པར་རབ་ཏུ་བསྒྲུབས་པའི་ཅི་ཡང་མེད་པའི་སྐྱེ་མཆེད་རྣམ་པར་བསྒོམ་པར་བྱའོ། །ཐམས་ཅད་ཁྱབ་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཡང་དོན་ཡོད་པར་གྲུབ་པའི་ངོ་བོ་ཉིད་བསྐྱེད་པ་ཡིན་ནོ། །དེ་ནས་བདག་ཆགས་ལ་གོམས་པའི་དབང་གིས་འདུ་ཤེས་ཆུང་ངུ་ཐོབ་ཅིང་སླར་ཡང་དེ་ཁོ་ན་ཉིད་ལ་བཅུག་ནས་སྟོང་པ་ཉིད་ཆེན་པོ་རྣམ་པར་བསྒོམ་མོ། །དེ་རྣམ་པར་བསྒོམ་པ་ལ་ནི། བསོད་ནམས་ཀྱི་ཚོགས་ཤིན་ཏུ་ཡང་མེད་པས་ཉན་ཐོས་ཀྱི་ཡུལ་ལ་འཇུག་པའམ། ཅི་ཡང་མེད་པར་རྟོག་པའམ། མི་གཡོ་བའི་ཏིང་ངེ་འཛིན་ཐོབ་ནས་དེ་ཡང་འཁོར་བའི་བདེ་བའི་ཆ་ཙམ་ཡང་མེད་པར་ཐལ་བར་འགྱུར་བ་སྟེ། གཉི་ག་ཡང་མཛེས་


DTG062_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པར་འགྲོ་བའི་དོན་དུ་བདག་ཉིད་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། དེར་དེ་བཞིན་གཤེགས་པ་ཐམས་ཅད་ཉེ་བར་ལྷགས་ནས་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ཏེ། སེ་གོལ་གཏོགས་པས་སློང་བར་མཛད་པར་བསམས་ཏེ། རིགས་ཀྱི་བུ་ཇི་ལྟར་ན་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར་ཤིན་ཏུ་དཀར་བ་ལ་སྤྱོད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་ཚིག་འདི་གསུངས་པར་གྱུར་པར་བསམ་མོ། །དེ་ནས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསམས་ལ། དེའི་གྲངས་དང་མཉམ་པའི་ལུས་སྤྲོས་ལ་མཆོག་ཏུ་གུས་པས་རང་ཉིད་ཀྱིས་ཕྱག་རྒྱ་བཞིས་དེ་བཞིན་གཤེགས་པའི་ཕྱག་རྒྱ་བཞིའི་ཕྱག་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ། བཛྲ་བནད་ནཱཾ་ཀ་རོ་མི་ཞེས་བརྗོད་པར་བྱའོ། དེ་ནས་འདུག་ལ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མ་འཚལ་ན། བཅོམ་ལྡན་འདས་དེ་ཁོ་ན་ཉིད་དེ་དཀའ་སྩལ་དུ་གསོལ། །གང་གིས་རྣམ་པར་སྣང་མཛད་ཆེན་པོའི་ཡེ་ཤེས་ཀུན་དུ་བསྒྲུབས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་སྔོན་དུ་འགྲོ་བ་འདི་ནས་བཟུང་སྟེ། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་རིམ་པ་འདིས་ཡང་དག་པར་བསྐྱེད་པར་བྱའོ། །དང་པོ་ཁོ་ནར་རང་གི་ལུས་དང༌། འཁོར་བར་འཇུག་པའི་དངོས་པོ་རྣམས་ཡི་གེ་ཤཾ་གིས་སྟོང་པར་བྱས་ལ་ཡང་དག་པའི་མཐའི་ཏིང་ངེ་འཛིན་ལ་དུས་ཅུང་ཟད་ཅིག་འཇུག་པར་བྱའོ། །དེ་ནས་རང་ཡེ་ཤེས་ཙམ་ལ་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་ལྟ་བུའི་ཐིག་ལེ་ཙམ་དཔག་ཏུ་མེད་པའི་སྙིང་རྗེའི་སྣང་བའི་རྒྱུད་ཡོངས་སུ་འགྱུར་བཞིན་པ་ལས་ཡི་གེ་ཨའི་ངོ་བོ་ཉིད་དུ་བསམས་ལ་ས་བོན་གྱི་ཡི་གེ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་གྱིས་བྱིན་གྱིས་བརླབས་པའི་


DTG062_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། དེ་ཉིད་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང༌། ལྷའི་སྐུ་དང་རིགས་རྣམས་དང༌། དཀྱིལ་འཁོར་དང༌། འགྲོ་བ་དང༌། སེམས་ཅན་དང༌། དུས་གསུམ་དང༌། སྲིད་པ་གསུམ་དང་མཆོག་གསུམ་དང༌། འཇིག་རྟེན་གསུམ་གྱི་མཆོག་དང༌། ཁམས་གསུམ་དང༌། འཁོར་བ་དང། མྱ་ངན་ལས་འདས་པ་ཉིད་དང༌། འདོད་ཆགས་དང་ཐར་པ་ཡང་དེ་ཉིད་དོ། །དེ་ཉིད་ཡོངས་སུ་གྱུར་པ་ལས་སེམས་སོ་སོར་རྟོག་པའི་རྣམ་པར་བསྒོམ་པར་བྱ་སྟེ། ཉི་མའི་ཆ་གྱེན་ཁར་གནས་པ། རྣོ་བ་ཡེ་ཤེས་ཀྱི་ངོ་བོ་ཉིད། རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཐིག་ལེ་དེའི་གདན་དུ་གྱུར་པ། ཉི་མ་སྟོང་བས་ལྷག་པའི་འོད་ཀྱིས་སྣང་བའི་ལུས་ཅན་ཏེ་དེས་གཉི་ག་ཡང་པདྨའི་སྡོང་བུའི་སྣལ་མ་བཀས་པ་ཙམ་གྱི་རི་མོ་དཀར་པོས་གྱེན་དུ་ཕུག་པའི་གནས་སྐབས་ནི་སྐྱེ་བ་མེད་པ་ཉིད་དུ་སྟོན་པའི་གནས་སྐབས་ཏེ་མཐའ་མེད་པ་ཉིད་དུ་བལྟའོ། །ཐབས་དང་ཤེས་རབ་དེ་གཉིས་ནི་མ་སྐྱེས་པ་ཉིད་དུ་སྟོན་ཅིང་གནས་པར་བཤད་ལ། ཡེ་ཤེས་ཀྱི་མཚན་ཉིད་ཅན་གྱི་དབུས་ཀྱི་དབུས་ཀྱི་ཕྲ་བའི་སྐུ་ནི་ཡེ་ཤེས་ཙམ་གྱི་ངོ་བོ་ཉིད་དེ། ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཤེས་ཡའི་སྒྲིབ་པ་ལ་སོགས་པ་བག་ཆགས་ཐམས་ཅད་དང་བྲལ་བས་བདེ་བར་གནས་པ། མྱ་ངན་ལས་འདས་པའི་མཆོག་གི་བདེ་བ་ཆེན་པོའི་རང་བཞིན་རྣམ་པར་སྣང་མཛད་ཆེན་པོའོ། །ཐིག་ལ་ཡང་དེ་ཉིད་ཀྱི་འོད་ཀྱི་དཀྱིལ་འཁོར་རོ། །རི་མོ་དེ་ཉིད་ཀྱིས་ཚངས་པའི་རི་མོ་བཞིན་དུ་སྐུའི་དབུས་ཕུག་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་མཉམ་པར་འཇོག་པར་བསྒོམ་པར་བྱའོ། །འདི་ནི་སེམས་སོ་སོར་རྟོག་པ་སྐུ་གསུམ་གྱི་ངོ་བོ་ཉིད་དང༌། དེ་ཁོ་ན་ཉིད་གསང་ཞིང་སྦ་བའི་རང་བཞིན་ཏེ། རང་སེམས་དེ་བཞིན་གཤེགས་པའི་རིགས་སུ་བསྐྱེད་པ་ལ་སོ་སོར་རྟོག་པ་ནི་རབ་ཏུ་ཆུད་ཅིང་འཇུག་པའོ། །སེམས་ཅན་ཐམས་ཅད་ཀྱི་སྲིད་པ་བར་མར་སྐྱེ་བ་བཞིན་ཏེ། དོན་འདི་ཉིད་སྔགས་ཀྱིས་གསུངས་པ་ཡིན་པས་དེ་ཉིད་ཀྱིས་འདིར་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི་ཞེས་བརྗོད་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་གསུང་སྔོན་དུ་


DTG062_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་བཅུ་དྲུག་གི་ངོ་བོ་ཉིད་དང༌། དེས་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་བསྒོམ་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ་ཞེས་བྱ་བའི་ཡི་གེ་བཅུ་དྲུག་པོའི་ས་བོན་གྱི་ཡི་གེ་རྣམས་ཀྱིས་སེམས་སོ་སོར་རྟོག་པ་ཡོངས་སུ་བསྐོར་ལ་ཤར་ལ་སོགས་པ་ཕྱོགས་བརྒྱད་ཀྱི་ཕྱོགས་རེ་རེ་ཞིང་ཡི་གེ་གཉིས་གཉིས་ཀྱི་ཕྲེང་བ་ཀུན་ནས་ཟླུམ་པའི་ཚུལ་གྱིས་བཞག་ནས་དེ་ནས་དེ་ཉིད་ཡོངས་སུ་གྱུར་པ་ལས་ཉི་མའི་ཆ་ལྔ་བུ་སྔ་མ་བཞིན་དུ་ཡེ་ཤེས་ཀྱི་ཐིག་ལེའི་གཟུགས་ཅན་ཤེས་རབ་དང༌། སྙིང་རྗེའི་རྒྱུ་མཐུན་པ་ལས་བྱུང་བ་ལ་སྔ་མ་བཞིན་དུ་དེའི་ནང་དུ་ཆུད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སུ་བྱུང་བར་གྱུར་པར་བསམས་ལ། སེམས་སོ་སོར་རྟོག་པའི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ནང་ན་ཡོད་པའི་རི་མོའི་རྒྱབ་ཀྱི་ཆ་ལ་རྒྱབ་དང་ཉེ་བར་ཡི་གེ་ཨ་གནས་པར་བསམས་ལ། དེ་ཉིད་ཀྱི་ཐད་ཀར་ཉི་མའི་ཆ་ལྟ་བུར་ཡོངས་སུ་གྱུར་པར་རྣམ་པར་བསམས་ཏེ། དེའི་འོད་ཀྱིས་རེག་པ་ཉིད་ཀྱིས་བདག་ཉིད་ཀྱི་གཟུགས་རྡོ་རྗེ་སེམས་དཔའི་གཟུགས་སུ་ཡོངས་སུ་གྱུར་པར་བསམས་ཏེ། མདུན་ན་གནས་པའི་ཉི་མའི་ཆ་ལ་གནས་པའི་རྡོ་རྗེ་སེམས་དཔའ་བཀུག་ནས་རང་གི་ལུས་ལ་བཅུག་སྟེ། གཅིག་ཏུ་བྱས་ནས་བཅིང་བ་དང་དབང་དུ་བྱས་ཏེ། ཡིད་ཀྱིས་ཛཿ་ཧཱུཾ་བཾ་ཧོཿ་ཞེས་བྱ་བས་གཞག་པར་བྱའོ། །མདུན་ན་གནས་པའི་ཉི་མའི་ཆ་ཡང་དེའི་རྒྱབ་ཉིད་དུ་འོངས་ནས་ཉི་མའི་དཀྱིལ་འཁོར་གྱི་ཕྱོགས་གཅིག་ཏུ་གྱུར་པར་བསམ་མོ། །སེམས་སོ་སོར་རྟོག་པའི་ཆ་ལ་ཡི་གེ་ཨའི་ཆ་སྟེང་དུ་བལྟས་པས་ལྷག་པར་གྱུར་པའི་འོད་ཀྱི་དཀྱིལ་འཁོར་གྱི་གཟུགས་ཀྱིས་རྡོ་རྗེ་སེམས་དཔའི་སྐུ་ཅུང་ཟད་རྒྱས་པར་གྱུར་པར་བསམ་མོ། །དེ་ནས་ཡི་གེ་ཨ་རྡོ་རྗེ་སེམས་དཔའི་ཐུགས་ཀར་གནས་པ་ཉི་མའི་ཆ་དང་ཉེ་བར་གནས་པ་ཉིད་དུ་བསམས་ལ་ཡོངས་སུ་གྱུར་པ་ལས་ཐད་ཀའི་ཆ་གཞན་སྔ་མ་དང་ལྷན་ཅིག་ཐ་མི་དད་པར་གྱུར་པས་དུས་གཅིག་ཏུ་རང་གི་གཟུགས་རྡོ་རྗེ་རྒྱལ་པོའི་གཟུགས་


DTG062_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པར་བསམས་ལ། ཕྱི་རོལ་ན་གནས་པའི་ཉི་མའི་ཆ་ལ་བཞུགས་པའི་རྡོ་རྗེ་རྒྱལ་པོ་བཀུག་ལ་རང་གི་ལུས་ལ་བཅུག་སྟེ། བཅིངས་ནས་དབང་དུ་བྱས་པས་ལུས་ཅུང་ཟད་ཀྱིས་རྒྱས་པས་གྱུར་པར་བསམས་ལ། བདག་ཉིད་ཀྱང་ཨཱ་ཉིད་ཀྱི་འོད་ཀྱིས་དཀྱིལ་འཁོར་གྱི་ཆ་ལས་ཆ་གཞན་བསམས་ནས་རྒྱས་པར་གྱུར་པར་བསམ་མོ། །དེ་ལྟར་རིམ་གྱིས་ཆ་བརྒྱད་པོ་ཐུགས་ཀའི་རི་མོའི་རྒྱས་ཀྱི་ཆ་དང༌། མདུན་གྱི་ཆ་ལ་ཆ་བརྒྱད་པོ་ཉིད་བསམས་ལ། ཆ་གསུམ་པ་ནས་བརྩམས་ཏེ། ཨི་ལ་སོགས་པའི་ཡི་གེ་རྣམས་རིམ་གྱིས་རྡོ་རྗེ་ཆགས་པ་ལ་སོགས་པའི་གཟུགས་སུ་གྱུར་པ་ལ་མདུན་ན་གནས་པའི་རྡོ་རྗེ་ཆགས་པ་ལ་སོགས་པ་དགུག་པ་ལ་སོགས་པ་བྱ་ཞིང་རྗེས་སུ་འགྲོ་བའི་ཉི་མའི་ཆ་རྣམས་ཀྱིས་ཉི་མའི་དཀྱིལ་འཁོར་གྱི་ཡན་ལག་རྫོགས་པར་བསྐྱེད་ལ་ཨི་ལ་སོགས་པ་ཉིད་ཀྱི་འོད་ཀྱིས་དཀྱིལ་འཁོར་ལ་སོགས་པའི་ཆ་རྒྱས་པར་བྱས་ཏེ། ཨི་ལ་སོགས་པ་ཉིད་ཀྱིས་རང་གི་སྙིང་གའི་ཆ་རྫོགས་པར་བསྐྱེད་དེ། རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག་པའི་བར་གྱིས་རང་གི་ལུས་རྒྱས་པར་བྱའོ། །དེས་ཀྱང་གདན་དང༌། ཐུགས་ཀ་དང༌། རྒྱབ་ཏུ་ཉི་མའི་དཀྱིལ་འཁོར་ཡོང་སུ་གང་བར་བསམ་པར་བྱའོ། །ཡང་སྙིང་གར་ཡི་གེ་ཨ་ལ་སྔར་བཤད་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཉིས་པ་བསྐྱེད་ལ་དེ་གཉིས་ཡང་གཅིག་ཏུ་བྱའོ། །གདན་དང་འོད་ཀྱི་དཀྱིལ་འཁོར་ཡང་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པ་བྱས་ལ། རང་གི་ལུས་དེ་བཞིན་གཤེགས་པའི་ཡོན་ཏན་གྱིས་ཡོངས་སུ་གང་ཞིང༌། སྔོན་མ་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་འགྲོ་བ་མ་ལུས་པའི་མི་ཤེས་པ་འཇིག་ཅིང༌། དགའ་བར་བྱེད་པ་རི་མོས་ཕུག་པའི་སྐྱེས་བུ་ཆེན་པོའི་སྐུར་བྱང་ཆུབ་ཀྱི་སེམས་བསྒོམས་ལ། འདི་སྐད་དུ་བོ་དྷི་ཙིཏྟཾ་ཨུཏྤཱ་ད་ཡཱ་མི། ཞེས་ལན་གསུམ་བརྗོད་ལ་བྱིན་གྱིས་བརླབ་པར་བྱའོ། །སྙིང་གའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་ཆོས་ཀྱི་རི་མོས་ཕུག་པ་ཡེ་ཤེས་ཀྱི་འོད་ཟེར་རྣོན་པོའི་ཚོགས་འཕྲོ་བ་སྔོན་དུ་འགྲོ་བའི་སྣང་བའི་ཚོགས་ཀྱི་རྡུལ་ཕྲ་རབ་ཀྱི་ངོ་བོ་མི་གཡོ་བའི་ཏིང་


DTG062_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་གྱི་མཐུས་བརྟན་པར་གྱུར་པ་ནམ་མཁའི་ཁམས་མ་ལུས་པར་ཀུན་དུ་ཁྱབ་པའི་ཚད་དང་ལྡན་པའི་རྡོ་རྗེ་ཆེན་པོའི་གཟུགས་ས་བོན་གྱི་ཡི་གེས་མཚན་པ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཉི་མའི་དཀྱིལ་འཁོར་བས་ལྷག་པའི་འོད་དང་ལྡན་པའི་སྔར་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའི་ངོ་བོ་ཉིད་བསམས་ལ། ཨོཾ་ཏིཥྛ་བཛྲ་ཞེས་ལན་གསུམ་བརྗོད་ལ་བྱིན་གྱིས་བརླབ་པར་བྱ་ཞིང༌། དེ་དག་ཀྱང་དེ་བཞིན་གཤེགས་པའི་གསུང་སྔོན་དུ་འགྲོ་བར་བྱ་སྟེ་འོག་མ་རྣམས་ལ་ཡང་དེ་བཞིན་ནོ། །དེ་ནས་དེ་ཉིད་ཀྱི་གཟུགས་བརྙན་དུ་གྱུར་པའི་ཕྱིར་ཆོས་ཀྱི་རི་མོས་ཕུག་པ་ཉིད་ཀུན་དུ་བཟང་པོའི་དཔྲལ་བའི་ཕྱོགས་སུ་ཡི་གེ་ཨ་ཉི་མ་འཆར་ཀའི་འོད་དང་ལྡན་པས་ནམ་མཁའི་ཕྱོགས་ཐམས་ཅད་ཀུན་དུ་གང་བར་གྱུར་པར་ཀུན་དུ་བསམས་ལ། དེའི་འོད་ཀྱིས་རེག་མ་ཐག་ཏུ་ནམ་མཁའ་མ་ལུས་པའི་ཁོངས་སུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་ཀྱི་རྡོ་རྗེའི་དབྱིངས་ཕྱག་རྒྱ་རྣམ་པ་བཞིའི་ངོ་བོ་ཉིད་དེ་བཞིན་གཤེགས་པའི་ས་བོན་གྱི་ཡི་གེས་བྱིན་གྱིས་བརླབས་པའི་མཐུ་ལས་རྡོ་རྗེ་ཆེན་པོ་དེའི་ལྟེ་བའི་དབུས་སུ་ཞུགས་པར་གྱུར་པར་བསམས་ལ། འོད་ཀྱི་ཚོགས་དེ་རྣམས་ལས་ཀྱང་ཕྱི་རོལ་ཏུ་རྩེ་ལྔ་པའི་རྡོ་རྗེ་ཆེན་པོ་རྣམ་པར་བསམ་མོ། །དེས་ཀྱང་དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་ཕྱག་རྒྱའི་གཟུགས་ཀྱིས་དཔག་ཏུ་མེད་པའི་དེ་བཞིན་གཤེགས་པའི་རང་བཞིན་ཉིད་དུ་བཅོམ་ལྡན་འདས་དམ་ཚིག་སེམས་དཔའི་མཆོག་རྡོ་རྗེ་སེམས་དཔའ་ཞི་བ་རྒྱན་མེད་པ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད་ལ་སྣ་རྩེར་རྡོ་རྗེ་ཕྲ་མོ་ཡོད་པ། རལ་པ་དང་ཐོར་ཚུགས་དཀར་པོ་འཆང་བ། བདེ་བ་ཆེན་པོའི་ངོ་བོ་ཉིད་རྣམ་པར་སྣང་མཛད་ཆེན་པོ་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་དུ་ཡང་དག་པར་བྱུང་བར་བསམ་མོ། །འདིའི་ཐུགས་ཀར་ཡང་ཡི་གེ་ཨ་དཔྲལ་བ་དང༌། ལྐོག་མར་ཡང་ཡི་གེ་ཨཱཿ་དང་པོ་རི་


DTG062_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཕུག་པ་བསམས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་ལེན་གསུམ་བརྗོད་པར་བྱའོ། །དེ་ནས་དེ་ཉིད་ཀྱི་སྤྱི་གཙུག་ཏུ་ཡི་གེ་ཨ་ཆོས་ཀྱི་རི་མོ་དེ་ཉིད་ཀྱིས་ཕུག་པར་བསམས་ལ། རང་གི་ལུས་ཀྱི་ཡན་ལག་དང་ཉིད་ལག་རྣམས་ལས་འོད་ཟེར་རྣམ་པར་འཕྲོ་བར་བསམ་མོ། །དེ་ནས་སྤྱི་གཙུག་ནས་འོད་ཟེར་དཀར་པོ། སྙིང་གའི་ཕྱོགས་ནས་ནག་པོ། ཁ་ནས་དམར་པོ། དཔྲལ་བ་ནས་སེར་པོ། ལུས་ཀྱི་འོག་དང༌། ལུས་ཀྱི་ཕན་ཚུན་གྱི་བ་སྤུའི་བུ་ག་ལ་སོགས་པ་ལས་ལྗང་གུ་བྱུང་སྟེ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་སུ་ཁ་དོག་དང་སྤྱོད་ལམ་སྣ་ཚོགས་པའི་རྣམ་པར་སྣང་མཛད་དང༌། རྡོ་རྗེ་ཧཱུཾ་མཛད་དང༌། འགྲོ་བ་འདུལ་བ་དང༌། རིན་ཆེན་འབྱུང་ལྡན་དང༌། མཚོན་ཆ་མཆོག་དང༌། དཔལ་མཆོག་དང་པོ་དང༌། བདེ་བ་ཆེན་པོ་ལ་སོགས་པའི་སྐུ་དཔག་ཏུ་མེད་པ་བྱུང་ནས་ཞི་བ་དང་དྲག་པོ་ལ་སོགས་པའི་བསམ་པ་སྣ་ཚོགས་པས་ཕྱེ་བ་རྣམས་ཀྱི་དོན་མཛད་ནས་སླར་ཡང་གཅིག་ཏུ་གྱུར་ཏེ། འདུས་ནས་རྣམ་པར་སྣང་མཛད་ཆེན་པོའི་ཕྱག་རྒྱ་ཆེན་པོའི་སྐུར་གྱུར་ནས་འོད་ཟེར་གྱི་རང་བཞིན་གྱི་ཚོགས་ཀྱི་ཕྱི་རོལ་དུ་གནས་ཏེ། ཉི་མའི་དཀྱིལ་འཁོར་གྱི་དབུས་དང༌། ཞི་བའི་སེམས་དཔའི་ཐུགས་ཀ་དང༌། ལས་ཀྱི་ཕྱག་རྒྱ་དང༌། དེ་ལྟར་ཕྱག་རྒྱ་བཞི་ཕྱག་རྒྱའི་གཟུགས་ཀྱིས་སམ། རང་གི་གཟུགས་ཀྱིས་སྐུལ་བྱེད་མའི་གཟུངས་ཟློས་པ་བཞིན་དུ་བསྒོམ་པར་བྱའོ། །ཕྱི་རོལ་གྱི་ལྷའི་སྐུ་ཐུགས་ཀར་ཟླ་བ་ལས་ཨ། ལྐོག་མར་ཨོཾ་དེ་ཉིད་ཀྱི་དཔྲལ་བར་ཨཱཿ། དེ་ཉིད་ཀྱི་གཙུག་ཏུ་ཡི་གེ་ཨ་སྟེ། དེ་དག་ཐམས་ཅད་ངེས་པར་འབིགས་ཤིང་ནམ་མཁའ་ལ་རྗེས་སུ་རྒྱུ་བའི་ཆོས་ཀྱི་རི་མོ་བསམ་པར་བྱ་ཞིང༌། ཕྱག་རྒྱ་བཞི་པོ་འདི་ཉིད་དང༌། ཡི་གེ་ཨ་བཞི་པོ་ཕུག་ནས། འོག་ཏུ་ཡང་ལྟེ་བའི་བར་དུ་སོང་ནས་གཉིས་སུ་གྱུར་ཏེ། བྱིན་པ་གཉིས་ཀྱི་དབུས་ནས་སོང་ནས་མཐེ་བོའི་རྩེ་མོ་ནས་བྱུང་སྟེ། ཡང་གཅིག་ཏུ་གྱུར་ནས་འོག་ཏུ་མཐའ་མེད་པར་སོང་བར་བསམ་མོ། །དེ་ནས་རང་གི་ལུས་དང༌། ཡིད་སོ་སོར་རྟོག་པ་ལ་སོགས་པའི་ཡོན་ཏན་ཐོབ་པའི་དུས་ནས་


DTG062_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ། སེམས་ཅན་ཐམས་ཅད་ཀྱང་རང་གི་ལུས་བསྐྱེད་པའི་དུས་སུ་རྣམ་པར་སྣང་མཛད་ཀྱི་སྐུར་གྱུར་བར་བསམ་མོ། །དེ་ཡང་ཡི་གེ་ཛཿའི་ལྕགས་ཀྱུས་དྲངས་ལ་རང་གི་ལུས་ལ་བཅུག་སྟེ། བྱིན་གྱིས་བརླབས་ནས་ཡོངས་སུ་མཉེས་པར་བྱ་ཞིང༌། ཛཿ་ཧཱུཾ་བཾ་ཧོཿ་ཞེས་བྱ་བ་འདི་དང༌། ཨོཾ་ཡ་དཱ་སརྦ་ཏ་ཐཱ་ག་ཏ་སྠཱ་ཐ་ཨ་ཞེས་བྱ་བས་བྱིན་གྱིས་བརླབ་པོ། །དེ་ནས་བྱིན་གྱིས་བརླབ་པར་གསོལ་བར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་བྱིན་གྱིས་བརླབ་ཏུ་གསོལ། མངོན་པར་བྱང་ཆུབ་པ་འདི་ཡང་བརྟན་པར་མཛོད་ཅིག་ཅེས་བྱའོ། །དེ་ནས་རང་གི་ལུས་དང་འདྲ་བར་བསྐྱེད་པའི་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་བཞིས་རྡོ་རྗེ་དབྱིངས་ཞེས་རྡོ་རྗེ་མིང་གི་དབང་བསྐུར་བར་གྱུར་པར་བསམ་མོ། །དེ་ནས་དེ་རྣམས་རང་གི་ལུས་ལ་རྗེས་སུ་ཞུགས་ཏེ། མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་པར་གྲུབ་པས་ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་དང༌། ཆོས་དང༌། ལས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབས་ནས་གྲངས་ཇི་ལྟ་བ་བཞིན་དུ་བཞུགས་པར་བསམ་མོ། །དེ་ནས་རང་གི་ལུས་དེ་དག་འདྲ་བར་མ་དུན་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེར་རང་གི་ལུས་དང་འདྲ་བར་རྣམ་པར་སྣང་མཛད་བསྐྱེད་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱས་བསྐུལ་བར་བྱའོ། །རྡོ་རྗེ་ཐལ་མོ་དམ་དུ་བསྡམས་ནས་གུང་མོ་གཉིས་མཉམ་པོར་སྦྱར་ཏེ། མཛུབ་མོ་གཉིས་རྩེ་སྤྲད་ནས་བུམ་པ་ལྟ་བུར་བྱས་ལ། གུང་མོ་གཉིས་ཀྱི་ཚིགས་དབུ་མ་ལ་སྦྱར་ལ་བཞག །མཐེ་བོ་གཉིས་སྐྱིལ་མོ་ཀྲུང་ལྟ་བུར་བྱས་པ་ལས་གཡོན་པ་ཅུང་ཟད་ཕབ་སྟེ། དེའི་སྟེང་དུ་གཡས་པའི་མཐེ་བོ་གདན་ལྟ་བུར་བཞག་ལ། མཆོད་རྟེན་ལྟ་བུར་རྣམ་པར་གསལ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་སྟེ། དེ་ཉེ་བར་བསྟན་ནས་ས་མ་ཡ་སྟྭཾ་ཞེས་བསྐུལ་བར་བྱའོ། །ཡང་འདི་ཉིད་བཅིངས་ལ་བཛྲ་ཛྙཱ་ནས་མ་ཡ་ཧོ་སུ་ར་ཏ་སྟྭཾ་ཞེས་པས་ཀྱང་བསྐུལ་བར་བྱའོ། །དེ་ནས་སྔར་བཤད་པའི་རིམ་གྱིས། རྡོ་རྗེ་བསྡམས་པ་བཅིངས་ལ་སྙིང་གར་དགྲོལ་ཞིང༌། ཨོཾ་བཛྲ་


DTG062_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བནྡྷ་ཏྲ་ཊ་ཅེས་བྱ་བ་སྔགས་ལེན་གསུམ་བརྗོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་གཞུག་པའི་ཕྱིར་རང་གི་ལུས་ཡང་དག་པར་སྦྱངས་ལ་རིམ་པ་འདིས་བཅོམ་ལྡན་འདས་དགུག་པ་དང་གཞུག་པར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་སྒེག་པའི་ཚུལ་དུ་ནང་དུ་བཅུག་ནས་བསྐྱོད་ལ། བཛྲ་ཨཾ་ཀུ་ཤ་ཛཿ་ཞེས་ལན་གསུམ་བརྗོད་པ་འདིས་སྤྱན་དྲངས་ནས། སྙིང་ག་དང་ཉེ་བར་ཞུགས་པར་བསམ་མོ། །སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱི་རྩ་བའི་བར་དུ་མཐེ་བོ་གཉིས་བཅུག་ལ་ཅུང་ཟད་བསྐྱོད་ནས་བཛྲ་པཱ་ཤ་ཧཱུཾ། ཞེས་ལེན་གསུམ་བརྗོད་པ་འདིས་རང་གི་ལུས་ཐམས་ཅད་དུ་ཞུགས་ནས་བྱིན་གྱིས་བརླབས་ཏེ་གཅིག་ཏུ་གྱུར་ནས་ཞུགས་པར་བསམ་མོ། །ཡང་དག་པར་འདྲེས་ནས་བཛྲ་སྥོ་ཊ་བཾ་ཞེས་བརྗོད་པ་འདི་དང༌། རྡོ་རྗེ་བསྡམས་པ་ཉིད་ཀྱིས་བརྟན་པར་གྱུར་ནས་ཞུགས་པར་བསམ་མོ། །མཐེ་བོ་གཉིས་ཀྱི་རྒྱབ་ཏུ་རང་རང་གི་མཛུབ་མོ་གཉིས་ཇི་ལྟ་བ་བཞིན་དུ་བཞག་སྟེ། བཛྲ་གྷ་ཎྜེ་ཧོཿ། ཞེས་བརྗོད་པ་འདིས་ཡོངས་སུ་མཉེས་པར་བསམ་མོ། །དེ་ནས་ལན་གསུམ་མམ་བདུན་ཡི་གེ་བརྒྱ་པ་བཟླས་པས་བརྟན་པར་བྱ་སྟེ། ཨོཾ་བཛྲ་དྷཱ་ཏུ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་དྷཱ་ཏུ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་ར་ཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྦྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙི་ཏྟཾ་ཤྲེ་ཡཾ། ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ་བྷ་བ་བཱ་ན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུ་ཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿ་དེ་ནས་རིམ་པ་འདིས་བྱིན་གྱིས་བརླབ་པར་བྱ་སྟེ། སྙིང་གར་རྡོ་རྗེ་ལ་ཡི་གེ་ཧཱུཾ་ངམ་མི་བསྐྱོད་པའི་སྐུ་ཤིན་ཏུ་དང་བ་ཧཱུཾ་གིས་མཚན་པ་དང༌། དཔྲལ་བ་དང༌། ལྕེ་དང༌། སྤྱི་གཙུག་ཏུ་རིན་པོ་ཆེ་དང༌། པདྨ་དང༌། སྣ་ཚོགས་རྡོ་རྗེ་རྣམ་གྲངས་ཇི་ལྟ་བ་བཞིན་དུ་ཏྲཱཾ་ཧྲཱིཿ་ཨ་ཞེས་བྱ་བ་འདི་དག་ལས་རིན་ཆེན་འབྱུང་ལྡན་དང༌། འོད་དཔག་ཏུ་མེད་པ་དང༌། དོན་ཡོད་པར་གྲུབ་པ་ཡི་གེ་དེ་དག་ཉིད་ཀྱིས་མཚན་པའམ། ཡི་གེ་འབའ་ཞིག་བསྒོམ་པར་བྱའོ། །དེ་ནས་གཟུངས་ཀྱི་དཀྱིལ་འཁོར་གྱི་མི་བསྐྱོད་པའི་གནས་ཀྱི་ཕྱག་རྒྱ་དེ། སྙིང་


DTG062_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གར་བཅིངས་ལ་ཡི་གེ་ཧཱུཾ་ལས་བྱུང་བ་བཅོམ་ལྡན་འདས་ཡུམ་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ། སངས་རྒྱས་ལྔའི་ཅོད་པན་དང་ལྡན་པ། སྐུ་མདོག་གསལ་བ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མཆོག་ཏུ་དགྱེས་པས་རང་གི་སྙིང་གར་ཞུགས་ནས་མི་བསྐྱོད་པ་ལ་ཡང་དག་པར་འཁྱུད་ནས་ཞུགས་ནས། དེ་དང་བཅས་པར་གཅིག་ཏུ་གྱུར་ནས་ས་བོན་གྱི་ཡི་གེ་ལ་ཐིམ་པར་གྱུར་ཅིང༌། དཔག་ཏུ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ངོ་བོ་ཉིད་དཔལ་བེའུ་ལྟ་བུས་གནས་ཤིང་རྣམ་པར་འཕྲོ་བར་བསམས་ལ། ཨོཾ་བཛྲ་བཛྲི་ཎི་ཛཿ་ཧཱུཾ་བཾ་ཧོཿ། བཛྲ་ཛྙཱ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཧཱུཾ་ཞེས་བརྗོད་དོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་དཔྲལ་བར་བཅིངས་ལ་དེ་ཉིད་དུ་བཅོམ་ལྡན་འདས་ཡུམ་ཡི་གེ་ཏྲཱཾ་ལས་བྱུང་བ། སྐུ་མདོག་སེར་མོ་དཔྲལ་བའི་རིན་པོ་ཆེ་ལ་ཞུགས་ནས་བཅོམ་ལྡན་འདས་དང་བཅས་པར་ས་བོན་གྱི་ཡི་གེ་ལ་ཐིམ་པར་གྱུར་པ་ནས་ལྕགས་ཀྱུའི་གཟུགས་ཀྱི་མདོག་དཀར་པོ། གཡས་སུ་འཁྱིལ་བ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་ཡང་དག་པར་འགུགས་པ་ལ་བརྩོན་པ། མཛོད་སྤུ་ལྟ་བུར་གནས་པར་གྱུར་པར་བསམས་ལ། ཨོཾ་རཏྣ་བཛྲི་ཎི་ཛཿ་ཧཱུཾ་བཾ་ཧོཿ། བཛྲ་ཛྙཱ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཏྲཱཾ་ཞེས་བརྗོད་དོ། །དེ་ནས་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཁར་བཞག་ལ། ཕྱག་རྒྱ་བཅིང་བ་དེ་ལས་བཅོམ་ལྡན་འདས་ཡུམ་སྐུ་མདོག་དམར་མོ་ཁར་ཞུགས་ནས་བཅོམ་ལྡན་འདས་དང་བཅས་པར་ས་བོན་གྱི་ཡི་གེ་ལ་ཐིམ་པར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རྒྱུ་མཐུན་པ་ལས་བྱུང་བར་གྱུར་པར་ལྕེའི་གཟུགས་ཟླ་བ་ཁམ་བ་ལྟ་བུས་གནས་པར་བསམས་ལ། ཨོཾ་དྷརྨ་བཛྲི་ཎི་ཛཿ་ཧཱུཾ་བཾ་ཧོཿ། བཛྲ་ཛྙཱ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཧྲཱིཿ་ཞེས་བརྗོད་དོ། །དེ་ནས་དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་བཅིངས་ལ་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདས་ལ་ཡུམ་ཞུགས་ནས། རྗེ་བཙུན་དང་བཅས་པར་ཐིམ་པར་གྱུར་ཏེ། སྤྱི་གཙུག་ན་གནས་པའི་རྡོ་རྗེའི་ས་བོན་གྱི་ཡི་གེའི་ནང་དུ་ཞུགས་ནས་སྤྱི་གཙུག་བལྟར་མི་མཐོང་བ་ལྟ་བུར་གནས་པར་གྱུར་པར་


DTG062_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། ཨོཾ་སརྦ་བཛྲི་ནི་ཛཿ་ཧཱུཾ་བཾ་ཧོཿ། བཛྲ་ཛྙཱ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཨ་ཞེས་བརྗོད་ད། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་སྙིང་གར་བཅིངས་ལ། ཕྱག་རྒྱ་བཅིངས་པ་དེ་ཉིད་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་ཆོས་ཉིད་རྣམ་པར་དག་པའི་ངོ་བོ་ཉིད་སངས་རྒྱས་ལྔའི་ཅོད་པན་ཅན་མདངས་རྣམ་པར་འཕྲོ་བ་ཕྱུང་ལ། རང་གི་ལུས་ཀྱི་ཡན་ལག་དང་ཉིད་ལག་ཐམས་ཅད་དང༌། བ་སྤུའི་བུ་ག་ཐམས་ཅད་དང༌། མཚན་དང་དཔེ་བྱད་ཐམས་ཅད་ལ་ཞུགས་ནས་ཆོས་ཀྱི་འཁོར་ལོ་ལྟ་བུར་གྱུར་ཏེ། ལུས་ཐམས་ཅད་དང༌། ཕྱག་རྒྱ་རྣམ་པ་བཞི་དང༌། ཁོང་སྟོང་དུ་གནས་པ་རྣམས་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བྱིན་གྱིས་བརླབས་ནས། འོད་ཀྱི་དཀྱིལ་འཁོར་དུ་གྱུར་ཏེ། བསོད་ནམས་དང་ཡེ་ཤེས་རྣམ་པར་དག་པའི་འོད་ཟེར་གྱིས་འགྲོ་བ་གནང་བར་བྱས་ནས་གནས་པར་བསམས་ལ། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཧཱུཾ་བཛྲི་ཎི་ཛཿ་ཧཱུཾ་བཾ་ཧོཿ། ཨ་དྷི་ཏིཥྛ་སྭ་མཱཾ་ཨ་ཞེས་བརྗོད་དོ། །དེ་ནས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨ་ཞེས་བྱ་བ་འདི་དག་ཕྱོགས་བཞི་དང༌། སྟེང་སྟེ་གནས་ལྔར་རྟག་པ་ལ་སོགས་པ་དཀར་པོ་དང༌། ནག་པོ་དང༌། སེར་པོ་དང༌། དམར་པོ་དང༌། ལྗང་གུ་ལ་བྱང་ཆུབ་མཆོག་དང༌། ས་གནོན་དང༌། མཆོག་སྦྱིན་དང༌། ཏིང་ངེ་འཛིན་མཆོག་དང༌། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་བཞུགས་པར་བསྐྱེད་ལ་དེ་དག་ཉིད་ཐུགས་ཀར་གནས་པར་ཤིན་ཏུ་གསལ་བར་གྱུར་པར་བསམ་མོ། །དེ་ནས་ཕྱག་རྒྱ་དེ་དག་ཉིད་དང༌། རིམ་པ་འདིས་དབང་བསྐུར་བར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཅིངས་ལ་དབུ་རྒྱན་གྱི་སྟེང་གི་ཕྱོགས་རྟག་པའི་གནས་སུ་ཕྱག་རྒྱ་དེ་བཅིངས་པ་ལས། བཅོམ་ལྡན་འདས་རང་གི་ས་བོན་གྱིས་མཚན་པ་བྱུང་བར་བསམས་ནས་དེའི་ཕྱག་རྒྱ་ཡི་གེ་བཾ་ལས་བུམ་པ་བསམས་ཏེ། བུམ་པའི་དབུས་སུ་ཡི་གེ་ཨ་རྣམ་པར་བསྒོམས་ལ་བདུད་རྩི་འབབ་པར་གྱུར་པ་དང༌། བདག་ཉིད་ཀྱི་སྙིང་གར་ཡི་གེ་ཨ་བསམས་ལ་བདུད་རྩིས་དབང་བསྐུར་བར་གྱུར་པར་བསམ་མོ། །དེ་ནས་རང་གི་ལུས་ཀྱི་རྡུལ་ཕྲ་རབ་ལ་བསོད་ནམས་དང་ཡེ་


DTG062_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཚོགས་ཀྱི་བདུད་རྩི་ཞུགས་པར་གྱུར་པར་བསམས་ལ། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཛཿ་ཧཱུཾ་བཾ་ཧོཿ། ཨ་བྷི་ཥིཉྩ་སྭ་མཱཾ་ཨ་ཞེས་བྱ་བའི་སྔགས་བརྗོད་པས། རྟག་པ་དེའང་ལུས་ལ་ཞུགས་པར་བསམ་པར་བྱའོ། །དེ་ཡོངས་སུ་གྱུར་ནས་ཡི་གེ་ཧཱུཾ་ལས་མི་བསྐྱོད་པར་གྱུར་ཏེ། མི་བསྐྱོད་པའི་ཕྱག་རྒྱ་ལག་པས་བཅིངས་ལ་དཔྲལ་བའི་སྟེང་དུ་རྣམ་པར་སྣང་མཛད་ཀྱི་འོག་ཏུ་མི་བསྐྱོད་པའི་གནས་སུ་བཞག་ལ་སྔ་མ་བཞིན་དུ་དབང་བསྐུར་བར་བྱ་སྟེ། ཨོཾ་བཛྲ་བཛྲི་ཎི་ཛཿ་ཧཱུཾ་བཾ་ཧོཿ། ཨ་བྷི་ཥིཉྩ་མཱཾ་ཧཱུཾ་ཞེས་པའི་སྔགས་འདི་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་ཏེ། རིན་ཆེན་འབྱུང་ལྡན་ལ་སོགས་པའི་སྐུར་གྱུར་ནས་དེའི་ཡི་གེས་མཚན་ཅིང་ཕྱག་རྒྱ་ལག་པས་བཅིངས་ལ་དེ་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་རང་གི་ས་བོན་གྱི་བདུད་རྩིས་དབང་བསྐུར་བར་བླང་བར་བྱ་ཞིང༌། དེ་རྣམས་ཀྱང་སངས་རྒྱས་རྣམས་ཀྱི་ཐུགས་ཀར་ཞུགས་པར་བསམ་མོ། །རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིངས་ལ། རྣ་བ་གཡས་པའི་སྟེང་དུ་བཞག་སྟེ། ཨོཾ་བཛྲ་རཏྣ་བཛྲ་ཎི་ཛཿ་ཧཱུཾ་བཾ་ཧོཿ། ཨ་བྷི་ཥིཉྩ་སྭ་མཱཾ་ཏྲཱཾ་ཞེས་བརྗོད་པར་བྱའོ། །འོད་དཔག་ཏུ་མེད་པའི་ཕྱག་རྒྱ་བཅིངས་ལ། མགོ་བོའི་རྒྱབ་ཏུ་བཞག་སྟེ། ཨོཾ་བཛྲ་དྷརྨ་བཛྲ་ཎི་ཛཿ་ཧཱུཾ་བཾ་ཧོཿ། ཨ་བྷི་ཥིཉྩ་སྭ་མཱཾ་ཧྲཱིཿ། ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་རྣ་བ་གཡོན་པའི་སྟེང་དུ་བཞག་ལ། ཨོཾ་བཛྲ་ཀརྨ་བཛྲི་ཎི་ཛཿ་ཧཱུཾ་བཾ་ཧོཿ། ཨ་བྷི་ཥིཉྩ་སྭ་མཱཾ་ཨ་ཞེས་བརྗོད་པར་བྱའོ། །དེ་ནས་དེ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་སྔར་བཤད་པ་ཉིད་དོ། །གཞན་དག་གི་བརྗོད་པར་བྱ་སྟེ། རྡོ་རྗེའི་ཐལ་མོ་བཅིངས་ལ་གུང་མོ་གཉིས་ལྟོ་སྦྱར་ལ་བཅིངས་པ་ནི་མི་བསྐྱོད་པའི་གསང་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་གཉིས་རིན་པོ་ཆེ་ལྟ་བུར་བཀུག་པ་ནི་རིན་ཆེན་འབྱུང་ལྡན་གྱི་གསང་བའི་ཕྱག་རྒྱའོ། །དེ་ཉིད་ལས་གུང་མོ་དང་སྲིན་ལག་མཐེའུ་ཆུང་པདྨའི་འདབ་མ་འདྲ་བར་བཀུག་ནས་བཞག་པ་ནི་འོད་


DTG062_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པའི་གསང་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཛུབ་མོ་གཉིས་གདུ་བུར་བྱས་ཏེ་འདབ་མ་ལྟ་བུར་གུང་མོའི་དྲུང་དུ་བཞག་པ་ནི་དོན་ཡོད་པར་གྲུབ་པའི་གསང་བའི་ཕྱག་རྒྱ་སྟེ། གཟུངས་ཀྱི་དཀྱིལ་འཁོར་གྱི་སྔགས་དང་ཕྱག་རྒྱ་རྣམས་ནི་ཤིན་ཏུ་ཡང་བྱིན་གྱིས་རློབ་པར་བྱེད་པས་སྔགས་དང་ཕྱག་རྒྱ་དེ་དག་ཉིད་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དག་ལ་བསྟན་པ་ཡིན་ནོ། །དཀྱིལ་འཁོར་ཆེན་པོ་སྔགས་དང་ཕྱག་རྒྱ་ཡང་ཕྱིས་བྱ་བ་ལ་ཉེས་པ་མེད་དེ། དེར་ཡང་སྔགས་དང་ཕྱག་རྒྱ་དག་གི་མན་ངག་མེད་པས་ཡིད་མགུ་བར་མ་གྱུར་པ་ལས་མན་ངག་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་སྟེ། རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་ནང་དུ་བཅུག་ནས་ལག་པའི་མཐིལ་དུ་ཐད་ཀར་བཞག་སྟེ། མཐེ་བོ་དང་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་ཕྱོགས་བཞིར་བལྟ་བ་བཞིན་དུ་སྦྱར་བ་སེམས་དཔའི་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའོ། །འདི་བསྟན་པར་བྱས་ནས་གུང་མོ་གཉིས་གྱེན་དུ་བསྒྲེངས་ལ། རྩེ་མོའི་ཚུལ་དུ་བཞག་པ་ནི་རྟག་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་དྷཱ་ཏུ་ཛཿ་ཧཱུཾ་བཾ་ཧོཿ། བཛྲ་ཛྙཱ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཨོཾ་ཞེས་བརྗོད་དོ། །དེ་ཉིད་ལས་ཚིགས་དབུས་མ་བཅག་སྟེ་སོར་མོ་ནང་དུ་བཀུག་ལ་གཡས་པའི་མཛུབ་མོ་གཡོན་པའི་ངོས་སུ་བཞག །གཡོན་པས་གཡས་པའི་སྲིན་ལག་གི་ངོས་སུ་བཞག་པ་ནི་མི་བསྐྱོད་པའི་ཕྱག་རྒྱའོ། །ཨོཾ་བཛྲ་དྷཱ་ཏུ་ཛཿ་ཧཱུཾ་བཾ་ཧོཿ། བཛྲ་ཛྙཱ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཧཱུཾ་ཞེས་ཀྱང་བརྗོད་པར་བྱའོ། །དེ་ཉིད་ལས་གུང་མོ་གཉིས་བསྒྲེངས་ལ་རིན་པོ་ཆེ་ལྟ་བུར་བཀུག་ནས་བཞག་པ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་སྟེ། ཨོཾ་བཛྲ་དྷཱ་ཏུ་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཛྙཱ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཏྲཱཾ་ཞེས་བརྗོད་དོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་པདྨའི་འདབ་མ་ལྟར་བཀུག་པ་ནི་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་དྷཱ་ཏུ་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཛྙཱ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཧྲཱིཿ་ཞེས་བརྗོད་དོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ལག་པའི་མཐིལ་དུ་བཞག་ལ། མཛུབ་མོ་གཉིས་བཀུག་སྟེ་རང་གི་གུང་མོ་གཉིས་ཀྱི་ངོས་ལ་ཇི་ལྟ་བ་བཞིན་དུ་བཞག་པ་ནི་དོན་ཡོད་པར་གྲུབ་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་དྷཱ་


DTG062_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཛཿ་ཧཱུཾ་བཾ་ཧོཿ། བཛྲ་ཛྙཱ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཨ་ཞེས་བརྗོད་པར་བྱ་སྟེ། སྔགས་འདི་དག་དང་བཅས་པས་དང་པོ་བྱིན་གྱིས་བརླབ་པར་བྱས་ལ། དེའི་འོག་ཏུ་གཟུངས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བ་དག་བྱའོ། །དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ནི་མ་བྱས་ཀྱང་ཉེས་པར་མི་འགྱུར་རོ། །བྱས་སུ་ཟིན་ཀྱང་དེར་ཤིན་ཏུ་བྱིན་གྱིས་རློབ་པར་འགྱུར་རོ། །གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་རྣམས་ཀྱང་ངེས་པར་བྱ་བ་ཡིན་པས་དབང་བསྐུར་བ་ལ་ཨ་བྷི་ཥིཉྩ་མཱཾ། །ཞེས་བྱ་བའི་ཁྱད་པར་འདིས་བྱའོ། །དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་རྣམས་ཀྱི་སྔགས་ཐུགས་ཀ་ལ་སོགས་པར་བཀོད་པས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་ནི་རྒྱུད་ལས་གསུངས་པའི་རིམ་པས་བྱ་སྟེ། སྙིང་ག་རྩིབ་ལོགས་རྒྱབ་སྦྱོར་དང༌། །དེ་བཞིན་དཔྲལ་བ་ལ་སོགས་དང༌། །ཁ་དང་རྣ་བ་ལྟག་པ་དང༌། །སྤྱི་བོ་དཔྲལ་བ་ཁ་རྐེད་བཞག །ཅེས་བྱ་བ་དང༌། སྙིང་ག་དཔྲལ་བ་ཁ་སྤྱི་གཙུག །མདོམས་དང་མིག་དང་བྲང་དང་ནི། །བརླ་གཉིས་དང་ནི་བུས་མོ་གཉིས། །བྱིན་པ་གཉིས་དང་རྐང་གཉིས་སོ། །ཞེས་བྱ་བའོ། །དེ་ལ་ལྐོག་མའི་ཕྱོགས་སུ་ཡི་གེ་རཾ་ལས་དུང་བསམས་ལ། རྣམ་པར་དག་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་རང་བཞིན་ཅན་དེའི་ཁའི་ཆ་ལས་བྱུང་བའི་ལྕེ་ཧྲཱིཿ་ལས་བྱུང་བ་བྱིན་གྱིས་བརླབ་པར་བྱས་ལ། ཨོཾ་པདྨ་སར་སྭ་ཏི་སད་དྱ་མ་བརྨ་ཏ་ཡ་ཤོ་དྷ་ཡ་ཧཱུཾ་ཧྲཱིཿ་ཞེས་བརྗོད་ལ་ལྕེ་དེའི་དབུས་སུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་ལྕེའི་ཁམས་ཀྱི་གཟུགས་ཅན་ཆུར་གནས་པ་དེའི་ཆང་ཟུངས་ཀྱི་དབུས་སུ་ཡི་གེ་ཧྲཱིཿ་ལས་པདྨ་དེ་ཉིད་ཀྱི་ཡེ་ཤེས་ཀྱི་ལྟེ་བའི་ནང་དུ་འོད་དཔག་མེད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཡེ་ཤེས་ཀྱི་སྐུ་དེའི་ཐུགས་ཀར་ཡི་གེ་ཧྲཱིཿ་ཐམས་ཅད་དུ་ཁྱབ་པར་བྱེད་པའོ། །རྡོ་རྗེའི་རྩེ་མོ་དབུས་མ་ལ་ཡི་གེ་རཾ། རྡོ་རྗེ་མདུན་དུ། ཨོཾ་གྷྱཿ་ཨཿ་སཿ་ཞེས་བྱ་བའི་ཕྲེང་བ་དཀར་པོ། རྡོ་རྗེའི་གཡས་སུ་ཏྲཾ་རཾ་ཀྲཾ་ནཱཿ་ཞེས་བྱ་བ་སེར་པོ། རྡོ་རྗེའི་རྒྱབ་ཏུ་ཁཾ་ཤཾ་ཧཱུཾ་ཧི་ཞེས་བྱ་བ་དམར་པོ། རྡོ་རྗེའི་


DTG062_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་ཤོ་རོ་སི་སཾ་ཞེས་བྱ་བ་ལྗང་གུ་སྟེ་ཕྱོགས་བཞིན་རྡོ་རྗེ་བསྐོར་ནས་གནས་པ་དང༌། ལྕེའི་རྩེ་མོ་ལ་ཡི་གེ་ཧོ་མདོག་དམར་པོ་མེ་ཏོག་བན་དྷུ་ཀ་ལྟ་བུ་དང༌། དེ་དང་འདྲ་བའི་འོད་ཟེར་རྣམས་ཀྱིས་ཚིག་སྨྲ་བའི་དུས་སུ་ཕྱི་བཞིན་རྣམ་པར་འཕྲོ་བའི་རང་གི་ས་བོན་ཡི་གེ་ཨཱཿ་བསམ་པར་བྱའོ། །དེ་ནས་ཧཱུཾ་བཞི་བཅུ་ལས་སྟེང་དང༌། འོག་གི་དབྱེ་བས་སོ་སོར་ཉི་ཤུ་སྟེ། རྡོ་རྗེ་བཞི་བཅུ་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་ཧ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་བཞད་པར་བྱིན་གྱིས་རློབ་པར་བྱེད་པར་བསམས་ལ། མཚན་ཐམས་ཅད་དང་ལྡན་པའི་སོའི་ཕྲེང་བ་བསྒོམ་པར་བྱ་ཞིང༌། སོ་གསལ་བས་རྣམ་པར་སྤྲས་པའི་ཁ་ལ་མདུན་སོ་གཉིས་སུ་ཡི་གེ་ཧོ་གཉིས། འོག་ཏུ་ཡང་གཉིས་པོ་ཉིད་འོད་ཟེར་དམར་པོའི་ཚོགས་ཀྱི་བཀོད་པས་རྣམ་པར་འཕྲོ་བ་བསམ་མོ། །མིག་གཡས་སུ་ཧཱུཾ་མ་ཧཱུཾ་ལས་རྡོ་རྗེ་ཉི་མ་རྡོ་རྗེ་ཕྲེང་དུ་གནས་པའི་ཆང་ཟུངས་ཀྱི་དབུས་སུ་རྣམ་པར་འཕྲོ་བ་རྣོན་པོས་དཀྲིགས་པའི་ཉི་མའི་དཀྱིལ་འཁོར་བསམ་པར་བྱའོ། །མིག་གཡོན་པར་ཧཱུཾ་ཊ་ཧཱུཾ་ཞེས་བྱ་བ་འདི་ལས་རྡོ་རྗེ་ཕྲེང་དུ་གནས་པའི་དབུས་སུ་འོད་ཟེར་དཀར་པོ་རྣམ་པར་དཀྲིགས་པའི་ཟླ་བའི་དཀྱིལ་འཁོར་ཆེན་པོ་བསྒོམ་པར་བྱའོ། །དེ་གཉིས་ཀྱི་བར་དུ་ཡི་གེ་ཧོ་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟ་བུ་འོད་ཟེར་སྟོང་ཕྲག་གིས་ཁྱབ་པ་མཐོང་བ་རྣམས་ཀྱང་དེ་ལྟ་བུའི་རྣམ་པར་དཀྲུགས་ཤིང་གཟིངས་པ་དེ་ཉིད་རང་གི་ལུས་ལ་ཞུགས་པས་ཞི་བ་ཐོབ་པར་བསམ་མོ། །ཧཱུཾ་ཞེས་བྱ་བ་འདིས་བསམས་ལ། གཙུག་ཏོར་བསྐྱེད་པར་བྱའོ། །དེའི་དབུས་སུ་ཡཾ་གེ་བྷྲཱུཾ་དུས་མཐའི་མེ་སྦར་བ་ལྟར་སྣང་བའི་འོད་ཀྱིས་འགྲོ་བ་མ་ལུས་པར་བཀང་བར་བསམ་མོ། །དེ་ནས་ཀཾ་ཧཾ་ཀཾ་ཞེས་བྱ་བས་དབུ་རྒྱན་གྱི་རྩེ་མོའི་མཐའ་ནས་བརྩམས་ཏེ། འོད་ཟེར་ལྗང་གུ་རྣམ་པར་འཕྲོ་བས་བརྒྱན་པའི་སྣ་ཚོགས་རྡོ་རྗེའི་ཚོགས་ཀྱི་གོ་ཆ་ཆེན་པོ་བཀང་པའི་མཐར་ཐུག་གི་བར་དུ་བསྒོམས་ལ། རྡོ་རྗེ་བསྲུང་བའི་ཕྱག་རྒྱ་བཅིངས་ནས་སྔགས་བརྗོད་ནས་བྱིན་གྱིས་བརླབ་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་སྙིང་ག་དང༌། དཔྲལ་བ་གཉིས་སུ་གོ་


DTG062_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་ཚུལ་དུ་བཞག་ལ། ཧཾ་བཛྲ་རཀྵ་ཛཿ་ཧཱུཾ་བཾ་ཧོཿ། ནིར་བྷ་ཡ་སྟྭཾ་ཞེས་བརྗོད་པར་བྱའོ། །ཆོ་གའི་འོག་ཏུ་རྐང་པའི་མཐར་ཐུག་པར་རབ་ཏུ་འཕྱང་བ། རིན་པོ་ཆེ་དམ་པའི་སྐུད་པས་བརྒྱུས་པའི་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང། སྣ་ཚོགས་རྡོ་རྗེའི་ཕྲེང་བ་གསེར་གྱིས་རྣམ་པར་སྤྲས་པ་ལྔ་ས་བོན་འདི་རྣམས་ལས་བསྒོམ་པར་བྱ་སྟེ། ཨོཾ་བཾ་ཧཱུཾ་བཾ་ཏཱཾ་བཾ་ཧྲཱིཿ་བཾ་ཨ་བཾ་ཞེས་བྱ་བ་ལས་དེ་བཞིན་གཤེགས་པའི་ཕྲེང་བ་དང༌། རྡོ་རྗེའི་ཕྲེང་བ་དང༌། རིན་པོ་ཆེའི་ཕྲེང་བ་དང༌། པདྨའི་ཕྲེང་བ་དང༌། ལས་ཀྱི་ཕྲེང་བ་སྟེ། མཐར་རིམ་པ་ཇི་ལྟ་བ་བཞིན་དུ་ཨ་བྷི་ཥིཉྩ་མཱཾ་ཞེས་ཐུན་མོང་དུ་བརྗོད་པར་བྱའོ། །དེ་ནས་ཕྱག་རྒྱ་བཞི་རང་གི་ལུས་ལ་བསམས་ལ། ང་རྒྱལ་བསྐྱེད་པར་བྱ་སྟེ། མ་ཧཱ་ས་མ་ཡ་སཏྭ་ཧཾ། བྷ་ག་ཝཱན་བཛྲ་དྷཱ་ཏུ་ཞེས་བརྗོད་པར་བྱའོ། །གདན་དུ་ཡི་གེ་ཧྲཱིཿ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་དང་འོད་ཀྱི་དཀྱིལ་འཁོར་བསམ་མོ། །དེ་ནས་རང་གི་སེང་གེའི་གདན། ཨ་སིཾ་ཨ་ཞེས་བྱ་བ་འདིས་བྱིན་གྱིས་བརླབས་ལ། ཕྱོགས་རྣམས་སུ་ཧཱུཾ་ག་ཧཱུཾ། ཏྲ་བ་ཏྲཿ་ཧྲཱིཿ་མཿ་ཧྲཱིཿ་ཨ་ག་ཨ་ཞེས་བྱ་བ་འདི་དག་ལས་གྲངས་ཇི་ལྟ་བ་བཞིན་དུ། གླང་པོ་དང༌། རྟ་དང༌། རྨ་བྱ་དང༌། ནམ་མཁའ་ལྡིང་གི་གདན་བསྐྱེད་པར་བྱའོ། །དེ་ནས་མཚམས་རྣམས་ཀྱི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་གྲྭ་དང༌། སྒོ་རྣམས་སུ་ཡི་གེ་ཧྲཱིཿ་ལས་པདྨ་བསྐྱེད་ལ། དེ་རྣམས་ཀྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ནས། དེའི་འོག་ཏུ་དཀྱིལ་འཁོར་དབུས་མའི་ཕྱོགས་རྣམས་སུ་རྡོ་རྗེ་སེམས་མ་ལ་སོགས་པ། ཧཱུཾ་ཧྲཱཾ་ཧྲཱིཿ་ཨ་ཞེས་བྱ་བ་འདི་དག་ལས་བསྐྱེད་པར་བྱའོ། །མཚམས་རྣམས་སུ་ལྷ་མོ་སྒེག་མོ་ལ་སོགས་པ་ཧོ་ར་ཊ་གཱི་ཀྲི་ཏ་ཅེས་བྱ་བ་ལས་བསྐྱེད་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་རྡོ་རྗེ་བདུག་པ་མ་ལ་སོགས་པ་ཨཿ་ཏྲཿ་དྷཱིཿ་བཿ་ཞེས་བྱ་བ་འདི་དག་ལས་བསྐྱེད་པར་བྱའོ། །རྡོ་རྗེ་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ཛཿ་ཧཱུཾ་བཾ་ཧོཿ་ཞེས་བྱ་བ་འདི་དག་ལས་བསྐྱེད་ལ་སྔར་བཤད་པའི་ཟླ་བའི་དཀྱིལ་


DTG062_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཉིད་ཀྱི་སྟེང་དུ་བསམ་པར་བྱ་སྟེ། འདི་དག་ཀྱང་སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་གྱིས་མངོན་པར་བྱང་ཆུབ་པ་ལྔས་རང་གི་སྐུའི་ཚུལ་ཐོབ་པ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་པར་བསམ་པར་བྱ་བའམ། ཡི་གེ་ཤིན་ཏུ་གསལ་ཞིང་འོད་ཀྱི་ཚོགས་འཕྲོ་བ་འདུས་པར་གྱུར་པ་ལས་ལྷའི་སྐུ་བསམ་པར་བྱའོ། །ཡང་ན་རང་གི་ལུས་ལས་ཕྱུང་སྟེ་སྔར་བཤད་པའི་སྔགས་ཀྱིས་ཐུགས་ཀར་མཚན་ནས་གཞག་པར་བྱའོ། །དེ་ནས་དེ་ལྟར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བསྐྱེད་ལ་ཕྱོགས་བཞིར་སངས་རྒྱས་བཞི་པོ་འཁོར་གྱི་ཚོགས་དང་བཅས་དང་བཅས་པ་རང་གི་ལུས་ལ་བཅུག་སྟེ་དེ་ཕྱུང་ནས། རྡོ་རྗེ་སེམས་མ་ལ་སོགས་པ་བཞུགས་ཏེ་བྱིན་གྱིས་བརླབས་ནས་བཞུགས་པར་བསམ་མོ། །བྱམས་པ་ལ་སོགས་པ་འཁོར་གྱི་ཚོགས་རྣམས་ཀྱང་ཕྱོགས་བཞིར་ཕྱི་རོལ་གྱི་སྣམ་བུ་ལ་བསམ་པར་བྱ་སྟེ། དེ་རྣམས་ཀྱང་མིང་གི་ཡི་གེ་དང་པོ་ལས་བྱུང་བའོ། །དེ་ལ་འདི་དག་ནི་བྱམས་པ་ལ་སོགས་པ་སྟེ། འདི་ལྟ་སྟེ། བྱམས་པ་དང༌། མཐོང་བ་དོན་ཡོད་དང༌། ངན་སོང་ཀུན་འདྲེན་དང༌། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང༌། སྤོས་ཀྱི་གླང་པོ་དང༌། དཔའ་བར་འགྲོ་བ་དང༌། ནམ་མཁའ་མཛོད་དང༌། ཡེ་ཤེས་ཏོག་དང༌། འོད་དཔག་ཏུ་མེད་པ་དང༌། ཟླ་བའི་འོད་དང༌། བཟང་སྐྱོང་དང༌། དྲ་བ་ཅན་གྱི་འོད་དང༌། སྙིང་རྗེ་ཆེན་པོ་དང༌། བློ་གྲོས་མི་ཟད་པ་དང༌། སྤོབས་པ་བརྩེགས་པ་དང༌། ཀུན་དུ་བཟང་པོ་དང༌། དེ་དག་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་བདག་ཉིད་མཆོད་པར་གྱུར་པར་བསམ་མོ། །དེ་ནས་ཡི་གེ་ཤཾ་གིས་འགྲོ་བ་ཐམས་ཅད་སྟོང་པར་བྱས་ནས་རྡོ་རྗེ་རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་བསྐྱེད་པའི་ངོ་བོ་ཉིད་དུ་རིམ་པ་འདིས་བསྐྱེད་ལ། འགྲོ་བ་རྣམས་བྱིན་གྱིས་བརླབ་པར་བྱ་སྟེ། ཧཱུཾ་ཡཾ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱིའོ། །ཧཱུཾ་བཾ་ཧཱུཾ་ཞེས་བྱ་བ་ནི་དེ་ཉིད་ཀྱི་སྟེང་དུ་ཆུའི་དཀྱིལ་འཁོར་གྱིའོ། །ཧཱུཾ་རཾ་ཧཱུཾ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་སྟེང་དུ་མེའི་


DTG062_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱིའོ། །དེའི་སྟེང་དུ་ཡི་གེ་ཁཾ་ལས་རྣམ་པར་སྣང་མཛད་བསམས་ལ། དེ་ཉིད་ཀྱི་སྐུའི་ཡན་ལག་དང་ཉིང་ལག་གི་བ་སྤུའི་བུ་ག་རྣམས་ལས་བྱུང་བའི་ཆར་གྱི་རྒྱུན་སྦོམ་པོ་དཔག་ཏུ་མེད་པ་འབེབས་པ་གཏོང་བས་སྣོད་ཀྱི་འཇིག་རྟེན་མ་ལུས་པར་ཆུས་ཡོངས་སུ་གང་བར་བྱས་ཏེ། བཅོམ་ལྡན་འདས་ཀྱང་དེ་ཉིད་དུ་ཐིམ་པར་གྱུར་པར་བསམས་ནས། མེ་དང་ཆུའི་དཀྱིལ་འཁོར་དག་གི་བར་དུ་ཧཱུཾ་ལཾ་ཧཱུཾ་ཞེས་བྱ་བ་བཀོད་ལ། དེ་བསྐོལ་བ་སྔོན་དུ་འགྲོ་བས། འདུས་པའི་ཏིང་ངེ་འཛིན་བརྟན་པར་གྱུར་པའི་མཐུས། སའི་དཀྱིལ་འཁོར་དཔག་ཏུ་མེད་པར་བསམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་ཁཾ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པའི་གཞལ་ཡས་ཁང་ཆེན་པོ་རྣམ་པར་བསམ་པར་བྱའོ། །དེའི་དབུས་སུ་སེང་གེའི་གདན་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གྲངས་དང་མཉམ་པར་སྔར་བཤད་པའི་ས་བོན་གྱི་ཡི་གེ་ལས་བསྐྱེད་པར་བྱའོ། །དེ་ནས་འཇིག་རྟེན་གྱིས་ཁམས་དཔག་ཏུ་མེད་པ་ལས་ཡང་དག་པར་འདུས་པར་གྱུར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་པ་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་ལ་སོགས་པའི་སེམས་ཅན་གྱི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མཆོད་པར་གྱུར་པ་དང༌། བསྟོད་པར་གྱུར་ཅིང་གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པ་རྣམས་དང༌། གླུ་དང༌། གར་དང༌། རོལ་མོ་ལ་སོགས་པ་རྣམས་ཀྱིས་དཀྱིལ་འཁོར་པ་ཐམས་ཅད་ཀྱི་བདག་པོར་གྱུར་པར་རྗེས་སུ་ཐོབ་ཅིང་འགྲོ་བའི་དོན་ལ་དེ་འཇུག་པར་གྱུར་པར་བདག་ཉིད་བསམ་མོ། །དེར་ཞུགས་ནས་འདུག་སྟེ་གནས་ཇི་ལྟ་བ་བཞིན་དུ་མདུན་དུ་གཞལ་ཡས་ཁང་ཆེན་པོ་བསམས་ཏེ། སྔར་བཤད་པའི་ས་བོན་ཉིད་ལས་སྟན་དང༌། ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་ལྷའི་སྐུ་བསྐྱེད་ལ། རིམ་པ་འདིས་ལྷ་རྣམས་སྤྱན་དྲང་བར་བྱ་སྟེ།


DTG062_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེ་གོལ་གྱི་ཕྱག་རྒྱ་བཅིངས་ལ། རང་གི་སྙིང་ག་ལས་ཡི་གེ་ཧོ་དང༌། ཨཱཿ་བཛྲ་དྷཱ་ཏུ་ཧོཿ་ཛཿ་ཞེས་བྱ་བ་འདི་དག་ལས་རིམ་པ་ཇི་ལྟ་བ་བཞིན་དུ་སྟེང་གི་ཕྱོགས་སུ་སོང་བར་གྱུར་པར་བསམས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་རྗེས་སུ་ཞུགས་པར་བསམ་པར་བྱའོ། །དེ་ལ་ཡི་གེ་ཧོཿ་ཞུགས་ནས་ཡོངས་སུ་མཉེས་པར་བྱེད་དོ། །ཡི་གེ་ཨཿ་ཡིས་དེས་རྫོགས་པར་བྱེད་པ་བྱིན་གྱིས་རློབ་པ་དང༌། གཟི་བྱིན་བསྐྱེད་པ་དང༌། ཐུགས་སུ་ཆུད་པར་བྱ་བ་དག་བྱེད་དོ། །བཛྲ་དྷཱ་ཏུ་ཞེས་བྱ་བའི་སྒྲས་ནི་རིགས་བཞིའི་ངོ་བོ་ཉིད་དུ་བྱིན་གྱིས་རློབ་པར་བྱེད་དོ། །ཡི་གེ་ཧོཿ་ཡིས་ནི་ཡང་ཡོངས་སུ་མཉེས་པར་བྱེད་དོ། །ཡི་གེ་ཛཿ་ནི་དེ་ཉིད་ཀྱི་སྙིང་པོའི་ཡི་གེ་ཨཿ་བཅིངས་ནས་འགུགས་པར་བྱེད་དོ། །རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅིངས་ལ། བཅོམ་ལྡན་འདས་བསྡུ་བ་སྐུ་མདོག་དཀར་པོ་འོད་ཟེར་གྱི་ཚོགས་ཀྱིས་ཁམས་གསུམ་མ་ལུས་པར་འགེངས་པ་དེ་ལས་བྱུང་བ་རང་གི་རྣམ་པ་ལྟ་བུའི་ལྷའི་གཟུགས་རྣམ་པར་བསམས་ལ་རང་ཉིད་ཀྱང་ཡི་གེ་ཛཿ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུ་ཕྱག་ན་བསྣམས་པ་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞུགས་ལ། གཞན་རྣམས་ནི་ལྷ་གཞན་གྱི་ཐུགས་ཀ་དང༌། འཇིག་རྟེན་པ་རྣམས་ལ་ཞུགས་པས་བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བར་སྤྱན་འདྲེན་པར་བསམ་མོ། །བཅོམ་ལྡན་འདས་བྱོན་པ་ནམ་མཁའི་ངོས་ལ་འོད་ཟེར་གྱི་ཚོགས་འབྱིན་པར་མཛད་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ལ་སོགས་པ་དངོས་གྲུབ་ཀྱི་མཆོག་ཐོབ་པར་མཛད་ཅིང༌། ཞལ་རབ་ཏུ་འཛུམ་པ་དང༌། ཉིད་ཀྱི་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ཏེ་བྱོན་ནས་དཀྱིལ་འཁོར་གྱི་སྟེང་དུ་བསམ་མོ། །དེ་ནས་ཡིད་ཀྱིས་རང་གི་ཕྱག་རྒྱ་བཞི་བཞག་ནས། ཡང་བཅོམ་ལྡན་འདས་ལ་རྡོ་རྗེ་འཆང་གིས་གླུ་དང་མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་སེམས་དཔའ་ཆེ། །སེམས་ཅན་དོན་མཆོག་བདག་ཉིད་དེ། །ཤཱཀྱའི་རྒྱལ་པོ་ཡེ་ཤེས་ཆེ། །རྡོ་རྗེ་བདག་ཉིད་ཁྱོད་ཕྱག་འཚལ། །


DTG062_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་འབྱུང་བ་དེ་ཉིད་དོན། །སེམས་ཅན་རྒྱུ་སྟེ་ཚུལ་ཆེན་པོ། །སེམས་ཅན་དོན་ཆེན་དགོངས་པའི་དོན། །སེམས་དཔའ་སེམས་དཔའ་ཁྱོད་ཕྱག་འཚལ། །སངས་རྒྱས་ཆོས་ཏེ་ཆོས་ཆེན་པོ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །སྨྲ་བ་ཆེན་པོའི་རང་རིགས་མཆོག །སེམས་དཔའ་ཆེན་པོ་ཁྱོད་ཕྱག་འཚལ། །ལས་ཆེན་བསྲུང་བ་ཆེན་པོ་སྟེ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པ། །ཉིད་ཆེན་སེམས་ཅན་སྤྱོད་པ་མཆོག །སེམས་དཔའ་རྒྱུ་ཁྱོད་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་པ་ཀུན་བརྙེས་པ། །ཀུན་མཁྱེན་ཡེ་ཤེས་མཁྱེན་པ་པོ། །ཤེས་རབ་ཆེན་པོ་ཁྱོད་ཕྱག་འཚལ། །ཐུགས་རྗེ་ཆེན་པོ་མཆོག་གི་མཆོག །ཐུགས་རྗེ་ཐུགས་རྗེའི་བདག་ཉིད་དེ། །ཐམས་ཅད་གཏོང་བ་བྱམས་པ་ཆེ། །ཀུན་མཛད་ཁྱེད་ལ་ཕྱག་འཚལ་ལོ། །ཤཱཀྱ་སེང་གེ་ཤཱཀྱ་ཆེ། །ཤཱཀྱའི་ཐུབ་པ་ཤཱཀྱ་ཆེ། །འདུལ་བ་ཆེན་པོ་ཁྱབ་པ་པོ། །འགྲོ་དོན་འདུལ་མཆོག་ཁྱོད་ཕྱག་འཚལ། །ཆོས་ཀྱི་དབྱིངས་དང་མཉམ་བརྙེས་པ། །ཆོས་དབྱིངས་དེ་བཞིན་གཤེགས་པ་སྟེ། །རྡོ་རྗེ་མགོན་པོ་མགོན་ཆེན་པོ། །སེམས་ཅན་ཚོགས་ནི་ཁྱོད་ཕྱག་འཚལ། །འོད་ཆེན་སྣང་བ་ཆེན་པོ་སྟེ། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་པོ། །དཔའ་པོ་ཆེན་པོ་རབ་དཔའ་མཆོག །བདེ་སྤྱོད་དཔའ་བ་ཁྱོད་ཕྱག་འཚལ། །ཚངས་པ་རང་བྱུང་བཅོམ་ལྡན་འདས། །ཤཱཀྱ་དཔའ་བོ་ཐུབ་པ་ཆེ། །ཀུན་བདག་ཐུབ་པ་དག་པ་ཡི། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ནམ་མཁའི་སྐུ་སྟེ་སྐུ་ཡི་མཆོག །སྐུ་གསུམ་སྐུ་མིན་སྟོན་པ་པོ། །ཀུན་གྱི་སྐུ་དེ་སྐུ་ཆེ་བ། །རྡོ་རྗེའི་སྐུ་ཁྱོད་ཕྱག་འཚལ་ལོ། །གསུང་མིན་གསུང་སྟེ་གསུང་གི་མཆོག །གསུང་གསུམ་གསུང་མིན་སྟོན་པ་པོ། །གསུང་ཀུན་ཤིན་ཏུ་གསུང་ཆེ་བ། །རྡོ་རྗེའི་གསུང་ཁྱོད་ཕྱག་འཚལ་ལོ། །སེམས་མིན་སེམས་ཏེ་སེམས་ཀྱི་མཆོག །སེམས་གསུམ་སེམས་མིན་སྟོན་པ་པོ། །ཀུན་གྱི་སེམས་ཏེ་སེམས་ཆེ་བ། །རྡོ་རྗེའི་སེམས་ཁྱོད་ཕྱག་འཚལ་


DTG062_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །རྡོ་རྗེ་མ་ཡིན་རྡོ་རྗེའི་མཆོག །རྡོ་རྗེ་གསུམ་པ་རྡོ་རྗེ་སྦྱོང༌། །རྡོ་རྗེ་ཐམས་ཅད་རྡོ་རྗེ་ཆེ། །རྡོ་རྗེ་རྡོ་རྗེ་ཁྱོད་ཕྱག་འཚལ། །ཀུན་ཁྱབ་སྲིད་པའི་རྩེ་མོ་མཆོག །བདེ་གཤེགས་བདག་པོ་རྒྱལ་བ་ནི། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །སྣང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མཚན་བརྒྱ་རྩ་བརྒྱད་འདི་དག་ནི། །གང་གིས་ལན་ཅིག་ཉན་བྱེད་དམ། །ཀློག་གམ་ཡང་ན་བསྒོམ་ཡང་རུང༌། །ཀུན་གྱིས་སངས་རྒྱས་ཉིད་ཐོབ་འགྱུར། །དེ་ནས་རིམ་པ་འདི་ཕབ་སྟེ། །གཟུགས་བརྙན་ལ་གཞུག་པ་དང༌། བཅིང་བ་དང༌། མཉེས་པར་བྱས་ནས་བཞུགས་སུ་གསོལ་ལོ། །རྡོ་རྗེ་ཁུ་ཚུར་བཅིངས་ལ་ལག་པ་གཡས་པ་མཛུབ་མོ་ལྕགས་ཀྱུར་བྱས་ཏེ། ཁ་ཕྱིར་བལྟས་པར་བཞག་ལ། གཡོན་པའི་མཐེའུ་ཆུང་བཀུག་སྟེ་གཡས་པའི་མཛུབ་མོའི་དྲུང་དུ་བཞག་ལ་དགུག་པར་བྱ་ཞིང་དེ་ཡང་ལྷ་རྣམས་སྤྱན་འདྲེན་པའི་ཚུལ་གྱིས་གཞག་པ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་བཛྲ་ཨཾ་ཀུ་ཤ་ཛཿ་ཞེས་བྱ་བ་སྟེ་འདིས་བཀུག་ནས། རང་གི་སྐུའི་གཟུགས་བརྙན་གྱི་མདུན་དུ་ཐུགས་ཀ་དང་ཉེ་བར་བཞུགས་པར་བསམ་མོ། །རྡོ་རྗེ་ཁུ་ཚུར་གཉིས་གཤིབས་ལ་རྒྱབ་སྦྱར་ཏེ། མཐེའུ་ཆུང་གཉིས་ལྕགས་སྒྲོག་ལྟར་མདུད་ལ་མཛུབ་མོའི་རྩེ་མོ་སྦྱར་ནས་ཞགས་པ་དང་འདྲ་བར་བཞག་པ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཨོཾ་བཛྲ་པཱ་ཤ་ཧཱུཾ་ཞེས་བྱ་བ་སྟེ། འདིས་རང་གི་སྐུའི་གཟུགས་བརྙས་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པ་རྣམས་ལ་ཡང་དག་པར་ཞུགས་པར་གྱུར་པར་བསམ་མོ། །རྡོ་རྗེ་ཁུ་ཚུར་གཉིས་པོ་ཉིད་ཀྱི་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་ལྕགས་སྒྲོག་བཅིངས་པའི་ཚུལ་དུ་བཅིང་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཨོཾ་བཛྲ་སྥོ་ཊ་བཾ་ཞེས་བྱ་བ་སྟེ། འདིས་བྱིན་གྱིས་བརླབས་པར་གྱུར་པར་བསམ་མོ། །དེ་ཉིད་ལས་ལག་པའི་རྒྱབ་གཉིས་དྲིལ་བུ་བཞིན་དུ་སྤྱོད་པ་ནི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཨོཾ་བཛྲ་གྷཎྜེ་ཧོཿ་ཞེས་བྱ་བ་སྟེ། འདིས་དངོས་སུ་བརྙེས་པར་གྱུར་པར་བསམ་མོ། །དེ་ནས་དམ་ཚིག་གི་ཕྱག་རྒྱས་དམ་


DTG062_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལས་མི་འདའ་བར་བྱ་བའི་ཕྱིར་བྱིན་གྱིས་བརླབས་ལ། དེའི་འོག་ཏུ་རང་གི་ལས་སྦྱར་བར་བྱ་སྟེ། བྱིན་གྱིས་རློབ་པར་མ་བྱས་པར་ལས་རྣམས་འཕེལ་བར་སྦྱར་བ་ནི་ནམ་མཁའི་མེ་ཏོག་དང་འདྲ་བས་ན། དང་པོར་དམ་ཚིག་གི་ཕྱག་རྒྱ་ཉིད་བསྟན་པར་བྱའོ། །ལྷ་དང་ལྷ་མོ་འདི་དག་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་ཕྱག་རྒྱ་ནི་ཐུགས་ཀར་རང་རང་གི་ས་བོན་གྱི་ཡི་གེ་རྣམས་བསམས་ལ། སྔགས་དང་བཅས་པ་བརྗོད་པར་བྱའོ། །དེ་ལ་འདི་དག་ནི་དམ་ཚིག་གི་ཕྱག་རྒྱ་དང༌། ས་བོན་གྱི་ཡི་གེ་སྟེ། ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསམ་མོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ནི་རྡོ་རྗེ་མཆོད་རྟེན་བྱིན་གྱིས་བརླབས་ལ། དེའི་ནང་དུ་ཆོས་ཀྱི་ཕྱག་རྒྱ་ནི་ཏིང་ངེ་འཛིན་གྱི་སེམས་དཔའི་ངོ་བོ་ཉིད་དོ། །དེའི་ནང་དུ་སྣ་ཚོགས་རྡོ་རྗེ་ཆང་ཟུངས་ཀྱི་དབུས་སུ་ཡི་གེ་ཨཱཿ་རྣམ་པར་འཚེར་ཞིང་འོད་ཟེར་དཀར་པོས་བཅོམ་ལྡན་འདས་ཉེ་བར་གསལ་བས་སྣང་བར་བྱས་པར་བསམ་མོ། །དེ་ལྟར་ལྷའི་ཁྱད་པར་ཐམས་ཅད་དུ་འང་ཕྱག་རྒྱ་བཞི་དང་སྦྱར་བར་ཁོང་དུ་ཆུད་པར་བྱ་བའམ། གཟུགས་ཅན་ཉིད་དུ་བསམས་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་བཅིང་བའི་དུས་སུ་ནི་དམ་ཚིག་གི་ཕྱག་རྒྱ་ལ་ཡིད་ཀྱིས་དམིགས་པར་བྱའོ། །ལས་ཀྱི་ཕྱག་རྒྱ་བསྟན་པའི་དུས་སུ་ནི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཏེ་འདི་ནི་ཁྱད་པར་ཡིན་ནོ། །རྡོ་རྗེ་སྒེག་མོ་ནི་རྡོ་རྗེ་དང་ཡི་གེ་ཧོའོ། །རྡོ་རྗེ་ཕྲེང་བ་མ་ནི་རྡོ་རྗེའི་ཕྲེང་བ་དང་ཡི་གེ་རཾ་མོ། །རྡོ་རྗེ་གླུ་མའི་ནི་པདྨ་དང་ཡི་གེ་གིའོ། །རྡོ་རྗེ་གར་མཁན་མའི་ནི་སྣ་ཚོགས་རྡོ་རྗེ་དང༌། ཡི་གེ་ཀྲིམ་མོ། །རྡོ་རྗེ་བདུག་པ་མའི་རྡོ་རྗེ་དང་ཡི་གེ་ཨཱཿའོ། །རྡོ་རྗེ་མེ་ཏོག་མའི་ནི་རིན་པོ་ཆེ་དང་ཏྲའོ། །རྡོ་རྗེ་མར་མེ་མའི་ནི་པདྨ་དང་ཡི་གེ་དྷིའོ། །རྡོ་རྗེ་བྱུག་པ་མའི་ནི་སྣ་ཚོགས་རྡོ་རྗེ་དང་ཡི་གེ་བཾ་མོ། །རྡོ་རྗེ་ལྕགས་ཀྱུ་མའི་ནི་རྡོ་རྗེ་ལྕགས་ཀྱུ་དང་ཡི་གེ་ཛཿའོ། །རྡོ་རྗེ་ཞགས་པ་མའི་ནི་རྡོ་རྗེ་ཞགས་པ་དང་ཡི་གེ་ཧཱུཾ་ངོ༌། །རྡོ་རྗེ་ལྕགས་སྒྲོག་གི་ནི་རྡོ་རྗེ་ལྕགས་སྒྲོག་དང་ཡི་གེ་བཾ་མོ། །རྡོ་རྗེ་དྲིལ་བུའི་ནི་


DTG062_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དྲིལ་བུ་དན་གྱི་གེ་ཧོཿའོ། །རྡོ་རྗེ་སེམས་མའི་ཕྱག་རྒྱ་བཞིའི་ངོ་བོ་ནི་ལྷ་མོ་སྒེག་མོའི་གཟུགས་ཅན་ལ་ཐུགས་ཀར་རྡོ་རྗེ་དང་ཡི་གེ་ཧཱུཾ་ངོ༌། །རྡོ་རྗེ་རིན་ཆེན་མ་ནི་ཕྲེང་བ་མའི་གཟུགས་ཅན་ཏེ་ཐུགས་ཀར་རིན་པོ་ཆེ་དང་ཡི་གེ་ཏྲའཾ་ངོ༌། །རྡོ་རྗེ་ཆོས་མ་ནི་གླུ་མཁན་མའི་གཟུགས་ཅན་ཏེ། ཐུགས་ཀར་པདྨ་དང་ཡི་གེ་ཧྲཱིཿའོ། །རྡོ་རྗེ་ལས་མའི་ནི་གར་མཁན་མའི་གཟུགས་ཅན་ཏེ། ཐུགས་ཀར་སྣ་ཚོགས་རྡོ་རྗེ་དང་ཡི་གེ་ཨ་སྟེ། ཕྱག་རྒྱ་དེ་རྣམས་ཀྱང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ནང་དུ་ཆུད་པའི་ས་བོན་གྱི་ཡི་གེ་བསམ་པར་ཤེས་པར་བྱའོ། །དེ་ལྟར་སོ་སོར་བསམས་ལ་རིམ་པ་འདིས་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ། །རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་སྔར་བཤད་པའི་དམ་ཚིག་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་དྷཱ་ཏུ་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཛྙཱ་ན་ཞེས་བརྗོད་པར་བྱའོ། །སེམས་མ་རྡོ་རྗེ་ལ་སོགས་པ་ནི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་གནས་པ་མེད་པས་དམ་ཚིག་གི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དག་མེད་དེ། དེའི་བདག་པོའི་ཕྱག་རྒྱ་ཉིད་བཅིངས་ལ་སྔགས་བརྗོད་པར་བྱ་སྟེ། མི་བསྐྱོད་པའི་ཕྱག་རྒྱ་བཅིངས་པའམ་སྔར་བཤད་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་སེམས་མ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། ཧཱུཾ་སཏྭ་བཛྲ་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཛྙཱ་ན་ཞེས་བརྗོད་པར་བྱའོ། །རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱའམ། རིན་ཆེན་སེམས་མའི་ཕྱག་རྒྱ་བཅིངས་ལ། ཏྲ་རཏྣ་བཛྲི་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཛྙཱ་ན་ཞེས་བརྗོད་པར་བྱའོ། །འོད་དཔག་ཏུ་མེད་པའམ་ཆོས་ཀྱི་སེམས་མའི་ཕྱག་རྒྱ་བཅིངས་ལ། ཧྲཱིཿ་དྷརྨ་བཛྲི་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཛྙཱ་ན་ཞེས་བརྗོད་པར་བྱའོ། །དོན་ཡོད་པར་གྲུབ་པའམ་ལས་ཀྱི་སེམས་མའི་ཕྱག་རྒྱ་བཅིངས་ལ། ཨ་ཀརྨ་བཛྲི་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཛྙཱ་ན་ཞེས་བརྗོད་པར་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་མཉམ་པར་བྱས་ཏེ། སྙིང་གར་བཞག་པ་ནི་རྡོ་རྗེ་སྒེག་མོའི་ཕྱག་རྒྱ་སྟེ་འདིའི་སྔགས་ནི་ཧོཿ་བཛྲ་ལཱ་སེ་ཛཿ་ཧཱུཾ་བཾ་ཧོཿ་མོ་ཧ་ར་ཏི་ཞེས་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་དཔྲལ་བའི་


DTG062_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་བཞག་ལ་ཕྱེ་སྟེ། མེ་ཏོག་གི་ཕྲེང་བ་འཆིང་བ་ལྟར་བྱེད་ཅིང་རང་གི་མགོ་བོའི་རྒྱབ་ཏུ་མདུད་པ་བོར་བ་ནི་རྡོ་རྗེ་ཕྲེང་བ་མའི་ཕྱག་སྟེ། འདིའི་སྔགས་ནི་རཏྣ་བཛྲ་མ་ལེ་ཛ། ཧཱུཾ་བཾ་ཧོཿ་རཱུ་པ་ཤོ་པེ་ཞེས་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ། སོར་མོ་ཐམས་ཅད་གྱེན་དུ་བལྟས་པར་བྱས་ཏེ། ཕན་ཚུན་བལྟས་པར་བསྒྲེངས་པ་ནི་རྡོ་རྗེ་གླུ་མཁན་མའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་གཱཿ་བཛྲ་གཱི་ཏི་ཛཿ་ཧཱུཾ་བཾ་ཧོཿ་ཤྲོཏ་སཽ་ཁྱ་ཞེས་བྱ་བའོ། །དེ་ནས་རྩིབ་ལོགས་གཉིས་མཉམ་ཞིང་རྐེད་པ་དང་མགྲིན་པ་བདེ་བླག་ཏུ་གནས་ཏེ། རྡོ་རྗེ་བསྡམས་པ་བཅིངས་ལ་དེ་ནས་དལ་བ་ཉིད་དུ་རྡོ་རྗེ་བསྡམས་པ་སྙིང་གར་དཀྲོལ་བ་ལག་པ་གང་དང་གང་དུ་འགྲོ་བ་དེ་དང་དེར་སྨིན་མ་འདེགས་ཤིང་རོལ་པ་དང་བཅས་པའི་ལྟ་བས་བལྟས་ལ། དང་པོར་གཡོན་ལོགས་སུ་རྡོ་རྗེ་བསྡམས་པ་དགྲོལ་ལ་ལག་པ་གཡས་པ་མཐེའུ་ཆུང་ལ་སོགས་པའི་སོར་མོ་ལག་པ་གཡོན་པའི་སྟེང་དུ་ལག་པའི་མཐིལ་ལ་མངོན་པར་ཕྱོགས་པར་བཀུག་ནས། ལག་པ་གཡོན་པའི་རྒྱབ་ཏུ་དྲངས་ལ། ལག་པ་གཡོན་པའི་སོར་མོ་ཉིད་ཀྱང་མཐེའུ་ཆུང་ལ་སོགས་པ་ནས་ལག་པའི་མཐིལ་དུ་བསྐུམ་སྟེ་ལག་པ་གཡས་པའི་རྒྱབ་ཀྱི་ཆ་ཉིད་ལ་ལག་པ་གཡོན་པའི་རྒྱབ་སྤྲད་ལ་གཡོན་ལོགས་སུ་བལྟ་བ་དང་བཅས་པར་མགོ་ཆུང་ཟད་བཏུད་ལ་ཁུ་ཚུར་གཉིས་ཅུང་ཟད་མངོན་དུ་ཕྱོགས་པ་ལས་མཛུབ་མོ་དང་མཐེའུ་ཆུང་ལེགས་པར་མངོན་དུ་ཕྱོགས་པ་བཞག་ལ། འོག་ཏུ་ཕྱོགས་པའི་ལག་པ་གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་ལ་སོགས་པ་དང༌། སྟེང་ན་གནས་པའི་ལག་པ་གཡས་པའི་མཐེའུ་ཆུང་ལ་སོགས་པ་ནས་རིམ་གྱིས་སོར་མོ་རྣམས་དགྲོལ་བར་བྱས་ལ་ལག་པ་གཉིས་བལྟ་བ་དང་བཅས་པར་བསྐོར་ལ་རིམ་གྱིས་སྙིང་གའི་ཕྱོགས་སུ་བསྡུས་ཏེ་པདྨ་ལྟ་བུར་བཞག་ལ་པདྨ་བསྐོར་བར་བྱའོ། །དེ་ནས་དེ་ཉིད་དགྲོལ་ལ་གཡས་པར་བྱ་བ་གཡོན་གྱིས་བྱས་ལ། གཡོན་པར་བྱ་བ་གཡས་ཀྱིས་བྱས་ནས། ཁུ་ཚུར་གཉིས་གཡས་ལོགས་སུ་དྲངས་ཏེ། དེ་བཞིན་དུ་དགྲོལ་ལ་སྙིང་གའི་


DTG062_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་པདྨ་བྱས་ལ། དེ་ནས་དེ་ཉིད་གྱེན་དུ་བཏེག་ལ་མཐོང་བའི་སྤྱོད་ཡུལ་གྱི་བར་དུ་མིག་གིས་བལྟས་ལ། ལྟ་བས་ཕྱག་བྱེད་ཅིང་སྤྱི་གཙུག་གི་ཕྱོགས་སུ་གཞག་པར་བྱ་བ་ནི་རྡོ་རྗེ་གར་མཁན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཀྲིཾ་བཛྲ་ནྲི་ཏྱ་ཛཿ་ཧཱུཾ་བཾ་ཧོཿ་སརྦ་པཱུ་ཛེ་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་བདུག་སྤོས་ཀྱི་རྒྱུན་འབྱུང་བ་ལྟར་བྱ་བ་ནི་རྡོ་རྗེ་བདུག་པ་མའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཨཱཿ་བཛྲ་ཧཱུཾ་པེ་ཛཿ་ཧཱུཾ་བཾ་ཧོཿ་པྲ་ཧཱ་ལ་དཱ་ནི་ཞེས་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་ཐམ་མོས་མེ་ཏོག་འཐོར་བའི་ཚུལ་དུ་བྱས་ལ་གྱེན་དུ་དགྲོལ་བ་ནི་རྡོ་རྗེ་མེ་ཏོག་མའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཏྲཿ་བཛྲ་པུཥྤེ་ཛཿ་ཧཱུཾ་བཾ་ཧོཿ་ཕ་ལ་ག་མེ་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་གཤིབས་ཏེ་བསྒྲེངས་ལ་མཉམ་པོར་བྱས་ནས་གྱེན་དུ་བལྟས་པར་མར་མེའི་རྩེ་ལྟར་བཞག་པ་ནི་རྡོ་རྗེ་མར་མེའི་ཕྱག་རྒྱ་སྟེ། འདིའི་སྔས་ནི་དཱིཿ་བཛྲ་ཨཱ་ལོ་ཀེ་ཛཿ་ཧཱུཾ་བཾ་ཧོཿ་སུ་དེ་ཛཱ་གྲི་ཞེས་བྱའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མདུན་དུ་སྙིང་གར་བཀྲོལ་ལ་བྱུག་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་དྲིའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་བཾ་བཛྲ་གནྡྷེ་ཛཿ་ཧཱུཾ་བཾ་ཧོཿ་སུ་གནྡྷྲཾ་གི་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་ཏེ་འགུགས་པའི་ཚུལ་དུ་སྤྱོད་པ་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་སྟེ། འདི་ཉིད་ཀྱི་སྔགས་ནི་ཛཿ་བཛྲ་ཨཾ་ཀུ་ཤ་ཛཿ་ཧཱུཾ་བཾ་ཧོཿ་ཨཱ་ཡ་ཧི་ཛཿ་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་མདུད་པར་བྱ་བ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱ་སྟེ། འདི་ཉིད་ཀྱི་སྔགས་ཇི་ཧཱུཾ་བཛྲ་པཱ་ཤ་ཛཿ་ཧཱུཾ་བཾ་ཧོཿ་ཨཱ་ཡ་ཧི་ཧཱུཾ་ཧཱུཾ་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་རང་གི་མཐེ་བོ་དང༌། མཛུབ་མོ་གཉིས་རྩེ་སྦྱར་ཏེ་གོ་ཆའི་གདུ་བུ་བཞིན་དུ་བྱས་ལ་སྦྱར་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་བཾ་བཛྲ་སྥོ་ཊ་ཛཿ་ཧཱུཾ་བཾ་ཧོཿ་ཧེ་སྥོ་ཊ་བཾ་ཞེས་བྱ་བའོ། །རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་ནང་དུ་བཅུག་སྟེ། མཛུབ་མོ་གཉིས་ཟླུམ་པོར་བཀུག་ལ་ཇི་ལྟ་བ་བཞིན་དུ་བཙིར་ཏེ་བཀྲོལ་བའི་བསམ་པས་གཞག་པ་ནི་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་སྟེ། འདིའི་


DTG062_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི་ཧོཿ་བཛྲ་གྷཎྜ་ཛཿ་ཧཱུཾ་བཾ་ཧོཿ་གཎྜ་ཨ་ཨ་ཞེས་བྱ་བའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་སྔགས་དང་བཅས་པས་བྱིན་གྱིས་བརླབས་ལ་ལས་ཀྱི་ཕྱག་རྒྱ་སྔར་བཤད་པའི་གསང་སྔགས་དང་བཅས་པ་ཉིད་ཀྱིས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བའི་ལྷ་རྣམས་ལ་ངེས་པར་སྦྱར་བའོ། །དེ་ལ་ལས་ནི་འདི་དག་ཡིན་ཏེ། བཅོམ་ལྡན་འདས་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱས་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་འགྲོ་བ་བྱིན་གྱིས་བརླབས་ནས། སེམས་ཅན་ཐམས་ཅད་ཀྱི་སྐྱབས་མཛད་པ་རྣམ་པར་དག་པ་ཉིད་མཛད་པར་བསམ་པར་བྱའོ། །རྡོ་རྗེ་སེམས་མ་ནི་རྡོ་རྗེའི་ནང་དུ་ཆུད་པ་སྐུ་མདོག་དཀར་བ་དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། བཅོམ་ལྡན་འདས་མི་བསྐྱོད་པའི་རྡོ་རྗེ་རིགས་བྱིན་གྱིས་བརླབ་པར་མཛད་པ་གནས་ཤིང་ས་གནོན་གྱི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །རིན་ཆེན་སེམས་མ་ནི་རིན་པོ་ཆེའི་ནང་དུ་ཆུད་པ་སྐུ་མདོག་སེར་བ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། མཚན་དང་དཔེ་བྱད་ཐམས་ཅད་ཀྱང་ཐུན་མོང་སྟེ་ཁྱད་པར་བརྗོད་པར་བྱའོ། །བཅོམ་ལྡན་འདས་ནི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་བདག་ལ་བྱིན་གྱིས་རློབ་པར་བཞེད་པ། མཆོག་སྦྱིན་གྱི་ཕྱག་རྒྱས་བཞུགས་པར་བསམ་མོ། །ཆོས་ཀྱི་སེམས་མ་ནི་པདྨའི་ནང་དུ་ཆུད་པ། སྐུ་མདོག་དམར་བ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབ་པ་དང༌། ཆོས་ཀྱི་རིགས་ཀྱི་དབང་བསྐུར་བར་བྱེད་པའི་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱས་བཞུགས་པར་བྱའོ། །ལས་ཀྱི་སེམས་མ་ནི་སྣ་ཚོགས་རྡོ་རྗེའི་ནང་དུ་ཆུད་པ་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱས་བྱིན་གྱིས་རློབ་པར་བྱེད་པ་དང༌། ལས་ཀྱི་རིགས་ཀྱི་དབང་བསྐུར་བ་སྩོལ་བ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་བཞུགས་པར་བསམ་པར་བྱའོ། །རྡོ་རྗེ་སྒེག་མོ་ནི་སྐུ་མདོག་དཀར་མོ་བཅོམ་ལྡན་འདས་ལ་སྒེག་པ་ལ་སོགས་པས་དགའི་


DTG062_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཆོད་པ་བྱེད་པ། གཡོན་ཕྱོགས་སུ་ཅུང་ཟད་འདུད་པར་བྱེད་ཅིང་མངོན་པར་འདོད་པ་དང་བཅས་པས་ལྟ་བར་བྱེད་པར་བསམ་མོ། །རྡོ་རྗེ་ཕྲེང་བ་མ་ནི་མདོག་སེར་མོ་རྡོ་རྗེས་མཚན་པའི་མེ་ཏོག་གི་ཕྲེང་བ་ཕྱག་གི་པདྨ་གཉིས་ཀྱིས་བསྣམས་པ། བཅོམ་ལྡན་འདས་རིན་པོ་ཆེའི་དབང་བསྐུར་བ་སྟོན་པ་བསམ་པར་བྱའོ། །རྡོ་རྗེ་གླུ་མཁན་མ་ནི་སྐུ་མདོག་དམར་མོ་རྡོ་རྗེས་མཚན་པའི་པི་ཝང་ཐོགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཕུང་པོ་སྟོན་པར་བྱེད་པ་སྟེ། ཇི་ལྟར་པདྨ་རབ་དམར་བ། །ཞེས་བྱ་བ་ལ་སོགས་པ་དེ་ཁོ་ན་ཉིད་སྟོན་པའི་ཚིག་གི་དེ་ཁོ་ན་ཉིད་སྟོན་པར་བསམ་པར་བྱའོ། །རྡོ་རྗེ་གར་མཁན་མ་ནི་སྐུ་མདོག་ལྗང་གུ་མེ་ཏོག་གི་ཐལ་མོ་ལ་སོགས་པའི་གར་ཐབས་ཀྱིས་དགའ་བའི་ཡིད་འཕྲོག་པའི་ཡན་ལག་བསྐྱོད་པ་དང་རྗེས་སུ་འབྲེལ་བ་ཡན་ལག་ཅན་དམ་ཚིག་ཅན་དང༌། རྗེས་སུ་མཚོན་པ་དང༌། སེམས་དཔའི་ཚུལ་གྱིས་སྒེག་པའི་ཆགས་པའི་ཉམས་དང་ལྡན་པས་དེ་བཞིན་གཤེགས་པའི་གར་གྱི་འཁོར་ལོས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་གར་མཛད་པ། དེ་བཞིན་གཤེགས་པ་མ་ལུས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ལ་རབ་ཏུ་འཇུག་ཅིང་སྒེག་པ་ལ་སོགས་པའི་མཆོད་པའང་བྱེད་པར་བསམ་པར་བྱའོ། །ལྷ་མོ་བདུག་པ་མ་ནི་ཨུཏྤལ་སྔོན་པོའི་འདབ་མ་ལྟ་བུའི་མདོག་ཅན་བདུག་སྤོས་ཀྱི་སྒྲིན་རབ་ཏུ་འཛིན་ཅིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྐུལ་བར་བྱ་བར་བསམ་པར་བྱའོ། །རྡོ་རྗེ་མེ་ཏོག་མ་ནི་སྐུ་མདོག་སེར་མོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་གྱི་མེ་ཏོག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཀུན་དུ་འཐོར་བར་བྱེད་པར་བསམ་པར་བྱའོ། །རྡོ་རྗེ་མར་མེ་མ་ནི་སྐུ་མདོག་དམར་མོ་ཕྱག་ན་མར་མེ་ཐོགས་ཏེ། དེ་ཉིད་ནས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་ཉི་མ་དང་ཟླ་བའི་དཀྱིལ་


DTG062_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང༌། ཡིད་བཞིན་གྱི་ནོར་བུའི་འོད་ལ་སོགས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བཅས་པ་དང༌། ཉན་ཐོས་དང༌། རང་རྒྱལ་བ་དང༌། ལྷ་དང༌། ཀླུ་ཐམས་ཅད་དང༌། དེ་ལས་གཞན་པ་སྣོད་ཀྱི་འཇིག་རྟེན་དག་ཀྱང་ཤིན་ཏུ་གསལ་བར་གྱུར་པར་བསམ་པར་བྱའོ། །རྡོ་རྗེ་དྲི་ནི་མདོག་ལྗང་གུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དེ་བཞིན་གཤེགས་པ་རྣམས་ཀྱི་དྲི་ཆེན་པོ་སེམས་ཅན་ཐམས་ཅད་ལ་བྱུག་པར་བྱེད་པར་བསམ་པར་བྱའོ། །རྡོ་རྗེ་ལྕགས་ཀྱུ་ནི་སྐུ་མདོག་དཀར་པོ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པར་བྱེད་པ། སེམས་ཅན་ཐམས་ཅད་མུ་སྟེགས་ཀྱི་ལམ་ལས་བཟློག་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མངོན་པར་ཕྱོགས་པར་སེམས་འདྲེན་པར་བྱེད་པར་བསམ་པར་བྱའོ། །རྡོ་རྗེ་ཞགས་པ་ནི་སྐུ་མདོག་སེར་པོ་ཞགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་བཞུགས་ཏེ། སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ལམ་ལ་འཛུད་པར་བསམ་པར་བྱའོ། །རྡོ་རྗེ་ལྕགས་སྒྲོག་ནི་སྐུ་མདོག་དམར་བ་རྡོ་རྗེ་ལྕགས་སྒྲོག་གིས་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་རློབ་པར་བྱེད་པ་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ལམ་ལ་འཇོག་པར་བྱེད་པར་བསམ་པར་བྱའོ། །རྡོ་རྗེ་དྲིལ་བུ་ནི་སྐུ་མདོག་ལྗང་གུ་སྙིང་རྡོ་རྗེ་དང་ཤེས་རབ་ཀྱི་རང་བཞིན་གྱི་རྡོ་རྗེ་དྲིལ་བུས་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་མཉེས་པར་བྱེད་པ་དང༌། སེམས་ཅན་རྣམས་ཀྱང་སངས་རྒྱས་ཀྱི་ལམ་ལ་གནས་པར་བྱེད་པར་བསམ་པར་བྱའོ། །དེ་དག་གི་ལས་ཀྱི་ཕྱག་རྒྱ་ནི་འདི་དག་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡོན་པའི་མཛུབ་མོ་བསྒྲེངས་ལ་གཡས་པའི་ཁུ་ཚུར་གྱི་ནང་དུ་བཅུག་པ་འདི་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཞེས་བྱ་སྟེ། འདི་ནི་བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཀྱི་ངོ་བོ་ཉིད་དོ། །རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་དང༌།


DTG062_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཡང་སྣ་ཚོགས་རྡོ་རྗེ་བསམས་ལ། ལྕེའི་དབུས་སུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསྒོམས་ཏེ། ལས་ཀྱི་ཕྱག་རྒྱ་བསྟན་པར་བྱ་ཞིང༌། སྔར་བསྟན་པའི་སྔགས་བརྗོད་པར་བྱ་སྟེ། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །རྡོ་རྗེ་སེམས་མ་ལ་སོགས་པ་རྣམས་ཀྱིས་གཟུངས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་མེད་ཅིང་ལས་ཀྱི་ཕྱག་རྒྱ་ཡང་བསྟན་པ་མེད་པས། མི་བསྐྱོད་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་དང༌། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་དེ་དག་ཀྱང་དེ་དང་ཐ་མི་དད་པར་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་བརླ་གཡོན་པའི་རྩ་བར་བཞག་ལ། གཡས་པ་པུས་མོ་གཡས་པའི་སྟེང་དུ་བརྐྱང་ནས་ལག་པ་ཐུར་དུ་བལྟས་པས་ས་ལ་རེག་པ་ལྟ་བུར་བཞག་པ་ནི་ས་གནོན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་འདི་ཉིད་བཅིངས་ལ། ལག་པ་གཡས་པ་གན་རྐྱལ་དུ་བྱས་ཏེ། ལག་པ་གཡས་པ་ལ་གནས་པའི་ཡིད་བཞིན་གྱི་ནོར་བུའི་ཆར་འབེབས་པས་མཆོག་སྩོལ་བའི་ཚུལ་དུ་བཞག་པ་ནི་མཆོག་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་པང་པར་བཞག་སྟེ་སྙོམས་པར་ཞུགས་པ་བཞིན་དུ་གནས་པ་ནི་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡོན་པ་གཡོན་ལོགས་སུ་སྔ་མ་བཞིན་དུ་བཞག་ནས། གཡས་པ་བ་དན་གྱི་ལག་པའི་ཚུལ་དུ་བཞག་ལ་མི་འཇིགས་སྦྱིན་པ་ལྟར་བདག་དང་ཉེ་བར་འཇུག་པ་ནི་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་སྟེ། འདི་དག་ནི་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་མ་ལ་སོགས་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། བརླ་གཉིས་སུ་བཞག་སྟེ་གཡོན་ཕྱོགས་སུ་བཏུད་ལ་སྣ་ཚོགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་སྔར་བཤད་པ་བཞིན་དུ་བསམ་པར་བྱའོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་མགོ་ལ་ཕྲེང་བ་འཆིང་བའི་ཚུལ་དུ་ལས་ཀྱི་ཕྱག་རྒྱ་སྔ་མ་བཞིན་དུ་ཤེས་པར་བྱ་སྟེ། དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བ་ཡིན་ལ། འདི་དག་ནི་རྡོ་རྗེ་ཁུ་


DTG062_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་ལས་བྱུང་བ་ཡིན་པས་ན་ཁྱད་པར་ནི་དེ་དག་ཡོད་དོ། །དེ་ནས་རིམ་པ་འདིས་རྡོ་རྗེ་བདུག་པ་མ་ལ་སོགས་པ་ཕྱི་རོལ་གྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་དཀྱིལ་འཁོར་གསང་བའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་པར་བྱ་སྟེ། སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ་དེའི་འོག་ཏུ་རྡོ་རྗེ་བདུག་པ་མ་ལ་སོགས་པའི་ས་བོན་གྱི་ཡི་གེ་བསམས་ལ། དེ་སྤྲོས་པ་ལས་བདག་ཉིད་རྡོ་རྗེ་བདུག་པ་མ་ལ་སོགས་པའི་གཟུགས་སུ་ཡོངས་སུ་གྱུར་པར་བསམས་ནས་ལག་པས་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་དུས་སུ་དེ་ཉིད་ཀྱི་སྔགས་འདོན་ཅིང་འཁོར་བ་ཐམས་ཅད་དུ་སྤྲོས་ནས་རྡོ་རྗེ་བདུག་པ་མ་ལ་སོགས་པའི་གཟུགས་ཀྱིས་སྔར་བཤད་པའི་ལས་རྣམས་བྱས་ནས་མཆོད་པར་བྱའོ། །དེ་ན་ཡང་དག་པར་བསྡུས་ནས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་གྱི་ནང་ན་གནས་པའི་རྡོ་རྗེ་བདུག་པ་མ་ལ་སོགས་པ་ལ་གཞུག་ཅིང་བཅིང་བ་དང༌། དབང་དུ་བྱས་ཏེ་གཞག་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་གར་མཁན་མའི་བར་ཐམས་ཅད་ཀྱིས་མཆོད་པར་བྱས་ཏེ། རང་གི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པའི་སྔོན་དུ་སོང་བ་ལས་རང་གི་ལྷའི་གཟུགས་སུ་གྱུར་ཏེ་སྔ་མ་བཞིན་དུ་གནས་སོ། །དེ་ནས་བསྟོད་པས་མཆོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུ་བླངས་པ། །རྡོ་རྗེ་ལས་ཀུན་བྱེད་པའོ། །ཞེས་བྱ་བའི་རྐང་པ་རེ་རེ་དང་གསང་བའི་མཆོད་པའི་དུས་སུ་སྒེག་མོ་ལ་སོགས་པ་དང་རིམ་པ་ཇི་ལྟ་བ་བཞིན་དུ་རྐང་པ་བཞི་དང་གླུ་བླངས་པར་ཤེས་པར་བྱའོ། །གཟུགས་སོགས་འདོད་པའི་བདེ་བ་དམ་པའི་ཐུགས། །བཅོམ་ལྡན་ཁྱོད་ནི་དགའ་བར་བསྡུས་པ་སྟེ། །བདག་ལ་དེང་ནི་དགའ་བདེ་ཀུན་མཛོད་ཅིག །དམ་པའི་བདག་ཉིད་ཆོ་ག་བཞིན་མྱུར་འགྲུབ། །དེ་ནས་བསྒོམ་པ་འདི་དག་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་པ། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ལ་རབ་ཏུ་འཇུག་པའི་གླུ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་


DTG062_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པ་གླུ་ལེན་ཅིང་བསྟོད་པས་མཆོད་པར་བྱའོ། །རྡོ་རྗེ་སྒེག་མོ་ལ་སོགས་པའང་རང་གིས་བོན་ལས་སྤྲོ་བར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རིག་པའི་ལྷ་མོ་རྣམས་ཀྱི་རང་རང་གི་ང་རྒྱལ་དང་ལྡན་པས་རང་དང་རྗེས་སུ་མཐུན་པའི་མཆོད་པ་ལ་བརྩོན་པས་འགྲོ་བ་མ་ལུས་པར་བཀང་ལ་གླུ་བླང་བར་བྱའོ་ཇི་སྐད་དུ། དེ་ནས་དེ་ཉིད་དམ་པ་ཡིས། །ཐར་པ་ཐམས་ཅད་རྨོངས་པ་ཡི། །རྡོ་རྗེ་སེམས་དཔའི་བདག་ཉིད་ལ། །གླུ་འདི་ཡིས་ནི་བསྐུལ་བར་བྱ། །རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདྨོ་ཡི། །རྣམ་པར་དག་པའི་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་པ། །མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད། །ཀྱེ་མའོ་མཆོག་ཏུ་བདེ་བ་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བའི་ཤིན་ཏུ་རྣལ་འབྱོར་སྐལ་བཟང་མཆོག་དགྱེས་པ། །རང་གི་དམ་ཚིག་སྐྱོན་མེད་རྟག་ལ་རོལ་ཅིག་རོལ་ཅིག་ཧོ། །ཀྱེ་མའོ་མཆོག་ཏུ་གསང་བའི་བདག་པོ་རང་གི་དམ་ཚིག་ཡིན་པའི་ཕྱིར། །རབ་ཏུ་གསང་བའི་ལྷ་མོ་མཆོག་རྣམས་སོ། །འགྲོ་བའི་རྒྱུད་ནི་རྣམ་པ་སྣ་ཚོགས་གདུལ་བར་གསལ་བར་མཁྱེན། །དམ་ཚིག་ཐམས་ཅད་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་གྱུར། །རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་མཁའ་འགྲོ་སྒྱུ་མ་ཧོ། །ཀྱེ་མ་དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་རབ་ཏུ་བསྒྲུབས་ལ་སྟོན། །ཛཿ་ཧཱུཾ་བཾ་ཧོཿ་ཀྱེ་མའོ་བདེ་མཆོག་བདེ་བ་དྲོངས། །རྣམ་པར་སྦྲུལ་ཧཱུཾ་རྣམ་པར་མཛོད། །ཨ་ལ་ལ་ཧོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱིས། །སློབ་མ་གཞུག་ཏུ་གསོལ། གླུ་ཡི་རྒྱལ་པོ་འདི་དག་གིས། །རྡོ་རྗེ་སེམས་དཔའ་དཔལ་ལ་བསྟོད། །ཀུན་གྱི་སྒྱུ་མ་བདེ་བའི་མཆོག །མ་ལུས་ལུས་པ་མེད་པ་འགྲུབ། །གླུ་འདི་དག་ནི་ལེན་པ་ན། །དཀྱིལ་འཁོར་དག་ནི་ཐམས་ཅད་དུ། །སངས་རྒྱས་ཐམས་ཅད་རྣམ་འཕྲུལ་པ། །མ་ལུས་པ་མེད་པ་འགྲུབ། །རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་འགྲུབ་པར་མཛོད། །ཨོཾ་ཧཱུཾ། དམ་ཚིག་


DTG062_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་འགྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་འགྲུབ་པར་མཛོད། །ཨོཾ་ཧཱུཾ། མཆོད་པ་ཆེན་པོ་ཐམས་ཅད་འགྲུབ་པར་མཛོད། །གླུ་ཡི་ཕྱག་རྒྱ་འདི་ནི་དཔལ། །རྡོ་རྗེ་སེམས་དཔའ་ལ་གནས་ཏེ། །མཆོད་པ་མ་ལུས་ལུས་མེད་པའི། །རབ་འབྱམས་ལས་ལ་སྦྱར་དུ་རུང༌། །གང་དག་འགྲུབ་པར་མ་གྱུར་དང༌། །མཆོད་པ་དག་ཀྱང་མི་འབྱོར་པ། །ཕྱག་རྒྱ་འདི་ཡིས་མཆོད་པར་བྱས་པ། །མཆོད་པ་ཐམས་ཅད་མྱུར་དུ་འགྲུབ། །དེ་ནས་དཀྱིལ་འཁོར་འདི་དག་ཐམས་ཅད་རང་རང་གི་སྙིང་གའི་དམ་ཚིག་གི་ཕྱག་རྒྱལ་གཞུག་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱ་བཅིངས་ལ། ཨཱཿ་བཛྲ་དྷཱ་ཏུ་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཛྙཱ་ན་ཞེས་བྱ་བ་བརྒྱ་རྩ་བརྒྱད་བརྗོད་པར་བྱའོ། །དེ་ནས་རིམ་པ་འདིས་གྲུབ་པའི་དཀྱིལ་འཁོར་ཕྱུང་ལ་གཞག་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་སྤྱི་གཙུག་ནས་ཕྱུང་སྟེ་སྔ་མ་བཞིན་དུ་བཞག་ལ། སྔགས་བརྗོད་ནས་དེའི་མཐར་ཌི་ཌྷ་བཛྲ་ཏིཥྛ་ཞེས་བརྗོད་ལ་བརྟན་པར་བྱའོ། །ཨོཾ་བཛྲ་མུཥྚི་བཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །ཕྱག་རྒྱ་ཡང་རྡོ་རྗེ་དྲིལ་བུ་དང་འདྲ་བར་ཐད་ཀར་བཙིར་བར་ཤེས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བཞག་ནས་དབང་བསྐུར་བར་འདོད་ན། དུང་གི་ནང་དུ་སྤོས་ཀྱི་ཆུ་སྔར་བཤད་པའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་པ་བཞག་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེར་སྤོས་ཆུས་ཕྱག་རྒྱ་བཞིའི་ལྷ་རྣམས་ཀྱིས་བྱིན་གྱིས་བརླབ་པའི་དབང་བསྐུར་བ་ཡང་བླང་བར་བྱ་ཞིང་བཅོམ་ལྡན་འདས་འཁོར་དང་བཅས་པའི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཟེར་པདྨའི་དྲ་བ་སྟོང་ཕྲག་གིས་དབང་བསྐུར་བར་གྱུར་ཅིང་བྱིན་གྱིས་བརླབ་པ་བདག་ཉིད་བསམ་པར་བྱའོ། །དེ་ནས་རྒྱུད་ཕྱི་མའི་རིམ་པས་དཀྱིལ་འཁོར་གྱི་སྒོའི་ཕྱོགས་གཅིག་ཏུ་འདུག་ལ་བསྒོམ་པར་བྱ་བའམ། རྡོ་རྗེ་བཟླས་པས་བཟླས་བརྗོད་བྱའོ། །དེ་ནས་བསྒོམ་པ་ཡང་དག་པར་བསྡུས་ལ་བཅོམ་


DTG062_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དེ་ཉིད་དུ་གཞུག་པར་བྱའོ། །ལྷ་གཞན་རྣམས་ནི་རང་གི་དཀྱིལ་འཁོར་གྱི་ལྷའི་ནང་ཉིད་དུ་གཞུག་ལ། དེ་ལྟར་གཉིས་སུ་མེད་པའི་སྦྱོར་བ་ཐ་མི་དད་པར་གྱུར་ནས་རང་གི་ལུས་བྱིན་གྱིས་རློབ་པར་བྱེད་པའི་དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་རློབ་པར་མཛད་པའི་ཕྱིར་དང༌། གཟི་བྱིན་སྲུང་བར་མཛད་པའི་ཕྱིར་དང༌། གཟི་བྱིན་བསྐྱེད་པར་བྱ་བའི་ཕྱིར་དང༌། བསྐུལ་བར་བྱ་བའི་ཕྱིར་དང༌། རང་གི་ལུས་ཉིད་ཀྱིས་མཆོག་ཏུ་དགའ་བའི་བདེ་བ་བསྐྱེད་པར་བྱ་བའི་ཕྱིར་ཡང་དག་པར་བསྒོམ་པར་བྱ་སྟེ། བཾ་ཨཾ་ཨཱཿ་ཨོཾ་ཧཱུཾ། ཞེས་བྱ་བ་འདི་ཁ་སྦྱར་གྱི་སྦྱོར་བས་བདག་དང་དཀྱིལ་འཁོར་བསྒོམ་པར་བྱའོ། །རྒྱུད་ཕྱི་མ་ལས་གསུངས་པའི་སངས་རྒྱས་ཉིད་དུ་བསྒྲུབ་པ་བཤད་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་སའི་རྡུལ་ཕྲ་རབ་ཀྱི་ཚུལ་ནམ་མཁའ་དང་རྣམ་པར་ཤེས་པ་ལ་སོགས་པར་བསྒོམ་པ་རྣམས་ཀྱི་སྣང་བའི་ངོ་བོ་ཉིད་དུ་བསམས་ལ། རང་གི་ས་བོན་གྱི་ཡི་གེ་སྤྲོས་པ་ལས་ཕྱག་རྒྱའི་ལྷའི་སྐུ་རང་གི་ལྷའི་གཟུགས་བྱིན་གྱིས་བརླབས་ནས། ཡང་རང་གི་ལུས་ཀྱི་ཕྱག་རྒྱ་ཆེན་པོ་ལ་བཅུག་ལ། དེའི་བདེ་བའི་རེག་པ་ཉམས་སུ་མྱོང་བའི་རང་གི་ས་བོན་གྱི་ཡི་གེ་སྙིང་གར་བཞག་ལ་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་ཇི་སྲིད་ལན་གཉིས་ལན་གསུམ་གྱི་བར་དུ་བྱས་ན་འདི་དག་ཐམས་ཅད་བརྟན་པར་འགྱུར་ཏེ། བག་ཆགས་ཙམ་དུ་ཡང་འགྲོ་བ་གཞན་ཡིན་པར་བསམ་པར་མི་བྱའོ། །དེ་ལྟར་བརླབས་ན་རིམ་གྱིས་ཏིང་ངེ་འཛིན་དང༌། གཟུངས་དང༌། སོ་སོ་ཡང་དག་པར་རིག་པ་དང༌། རྣམ་པ་ཐར་པ་དང༌། ས་དང༌། ཡེ་ཤེས་རིམ་གྱིས་འབྱུང་བ་ལ་རྩོམ་པར་འགྱུར་རོ། །དེ་ལ་རོ་མྱོང་བར་གྱུར་ནས་རིམ་གྱིས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། །གལ་ཏེ་དེ་ལྟར་མི་འདོད་ན་དེའི་ཚེ་སྙིང་གར་ཟླ་བའི་ཆ་ས་བོན་གྱི་ཡི་གེ་ལས་བསྐྱེད་ལ་དེ་ཉིད་བརྟན་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་རྣམས་སྔ་མ་སྔ་མ་


DTG062_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པར་བྱས་ལ་རིམ་གྱིས་བསྒྲུབ་པར་བྱའོ། །གལ་ཏེ་རྡོ་རྗེ་ཕྲ་མོ་བསྒོམས་པས་སེམས་ཉིད་བརྟན་པར་བྱ་བར་བསྒྲུབ་པར་འདོད་ན། དེའི་ཚེ་དཔལ་རྡོ་རྗེ་འབྱུང་བའི་རིམ་པའི་མན་ངག་གིས་རྡོ་རྗེ་ཕྲ་མོ་བསྐྱེད་པ་བསླབས་ལ་བསྒོམ་པར་བྱ་སྟེ། གཞན་དུ་ན་མིག་ལ་སོགས་པའི་དབང་པོ་རྣམས་རྣམ་པར་གཡེང་བར་འགྱུར་བ་བྱིན་གྱིས་བརླབ་པར་མི་འགྱུར་ཞིང་དངོས་གྲུབ་འགྲུབ་པར་ཡང་མི་འགྱུར་རོ། །དེ་ལྟར་ཇི་སྲིད་དུ་རིམ་པ་འདི་ཉིད་ཀྱིས་བསྒོམས་ན་མཚམས་མེད་པ་ལྔ་བྱེད་པའམ། དམ་པའི་ཆོས་སྤོང་བ་རྣམས་ཀྱང་ལོ་གཅིག་གིས་སངས་རྒྱས་སུ་འགྲུབ་པར་འགྱུར་རོ། །གཞན་དུ་ན་རྡོ་རྗེ་སློབ་དཔོན་སྨོད་པ་རྣམས་ནི་མ་ཡིན་ནོ། །གལ་ཏེ་དེ་ཁོ་ན་ཉིད་གསང་བའི་དེ་ཁོ་ན་ཉིད་སྦས་པའི་རིམ་གྱིས་མྱུར་དུ་སངས་རྒྱས་ཉིད་ཐོབ་པར་འདོད་ན། དེའི་ཚེ་དཔལ་རྡོ་རྗེ་འབྱུང་བ་ཉིད་ལན་མང་དུ་མཉམ་པར་བྱས་ལ། དེ་ཉིད་ཀྱི་ཚིག་འདི་དག་ལེགས་པར་རྟོགས་ནས། དེ་ཉིད་ཀྱི་རིམ་པ་ཉིད་ཀྱིས་སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་པས་བདག་ཉིད་བསྐྱེད་ལ་དེ་ལས་བཤད་པའི་བསྒོམ་པ་ཉིད་ཀྱིས་སངས་རྒྱས་ཉིད་བསྒོམ་པར་བྱ་ཞིང༌། དེ་ལས་བཤད་པའི་སངས་རྒྱས་ཀྱིས་དང༌། སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཅུ་གཉིས་པ་རྡོ་རྗེ་འཛིན་པའི་ས་བསྐྱེད་པར་བྱ་བའི་ཕྱིར་བསྒོམ་པའི་རིམ་པ་དེ་ཡང་འདི་ཉིད་དུ་ཤེས་པར་བྱ་སྟེ། དང་པོ་ཁོ་ནར་རང་གི་ལྷའི་རྣལ་འབྱོར་ཡང་དག་པར་རྫོགས་པར་གྱུར་པ་རྗེས་སུ་དྲན་ལ། འདོད་པའི་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱ་ལག་པས་བཅིངས་ནས། ཊཀྐི་ཧཱུཾ་ཛཿ་ཞེས་བརྗོད་ལ། བཅོམ་ལྡན་འདས་སྤྲོས་ནས་སྲིད་པ་གསུམ་པོ་མ་ལུས་པར་འབར་བ་ཀུན་དུ་བཀང་སྟེ། བདག་ཉིད་ཀྱིས་གཟུགས་ཀྱི་དཀྱིལ་འཁོར་བ་ཐམས་ཅད་དུ་འཇུག་པའི་འཇིག་རྟེན་གྱི་ཁམས་སུ་ཡང་དག་པར་འཕྲོ་བར་གྱུར་ཅིང༌། ལག་པ་བཞི་ལས་ལག་པའི་དཀྱིལ་འཁོར་གྱིས་འདོད་ཆགས་ཀྱི་མདའ་རྣ་བའི་མཐར་ཐུག་གི་བར་དུ་འདྲེན་ཅིང་འཛིན་པ་དང༌། ལག་པ་གཞན་གྱིས་རྡོ་རྗེ་འབར་བ་དང༌། རྡོ་རྗེ་ལྕགས་ཀྱུའི་དྲིལ་བུ་འཛིན་ཅིང་སྨིན་མ་འདེགས་པར་བྱེད་པ་དང༌། དཔྲལ་


DTG062_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབྱེས་བསྙེར་བས་རྣམ་པར་འཕྲོ་ཞིང་ཐུགས་རྗེས་གནོན་མཛེས་ལྟ་བུར་གཡོན་བརྐྱང་བའི་གནས་པར་བྱེད་པ་དང༌། ཕུན་སུམ་ཚོགས་པ་དང༌། རྗེས་སུ་མཐུན་པའི་སྤྱོད་པ་རྣམས་ཀྱིས་དྲག་པོའི་ཉམས་ཕྱི་རོལ་ཏུ་གསལ་བར་བྱེད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་དཔག་ཏུ་མེད་པ་རྣམས་སུ་ཕྱོགས་བཅུར་ཡང་སོང་སྟེ། བསྐལ་པ་གྲངས་མེད་པ་གསུམ་མམ། བདུན་གྱི་བར་གྱིས་གང་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། ས་བཅུ་ཡོངས་སུ་ཐོབ་པར་སྦྱང་བར་བྱས་ཏེ། སངས་རྒྱས་ཀྱི་རྡོ་རྗེ་འཛིན་པའི་ས་རྣམས་སུ་དེ་རྣམས་ཀྱི་སེམས་འདོད་ཆགས་ཀྱི་མདས་རབ་ཏུ་བསྣུན་ལ་རྡོ་རྗེ་ལྕགས་ཀྱུས་དྲངས་ནས། རྡོ་རྗེ་དྲིལ་བུས་མཉེས་པར་བྱས་ཏེ། སྤྱན་དྲངས་ནས་མདུན་དུ་ཡང་དག་པར་བཞག་སྟེ། བརྟན་པར་བྱས་ནས་གནས་པར་གྱུར་པར་བསམ་པར་བྱའོ། །དེ་ཡང་འདོད་པའི་རྒྱལ་པོའི་གཟུགས་ཀྱི་རང་གི་སྙིང་གར་ཞུགས་པར་བསམ་པར་བྱའོ། །དེ་ནས་རིམ་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ས་ནས་བརྩམས་ཏེ། གྲངས་ཇི་ལྟ་བ་བཞིན་དུ་འོག་ནས་བཤད་པའི་ས་བོན་རྣམས་ལས་ས་དང་ཕ་རོལ་ཏུ་ཕྱིན་པ་རྣམས་བསྐྱེད་ལ། རང་གི་ཕྱག་རྒྱ་བཞི་ལ་གཞུག་པར་བྱ་ཞིང་ཐིམ་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལ་དང་པོ་ཁོ་ནར་ཕ་རོལ་ཏུ་ཕྱིན་པ་དང་པོ་གཅིག་ཏི་གཞུག་པར་བྱའོ། །དེའི་འོག་ཏུ་ས་དང་པོ་དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་གཉིས་པ། དེའི་འོག་ཏུ་ས་གཉིས་པ་སྟེ། དེ་བཞིན་དུ་བཞུགས་པའི་རིམ་པ་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་རྡོ་རྗེ་ཕྲེང་བ་མའི་གཟུགས་ཀྱིས་ཞུགས་པར་བསམ་པར་བྱའོ། །ས་རྣམས་ཀྱང་རྡོ་རྗེ་སྒེག་མོའི་གཟུགས་ཀྱིས་གཞུག་པར་བྱའོ་ཞེས་མན་ངག་ལས་བཤད་དོ། །དེ་ནས་དེ་རྣམས་བཅུག་ལ་ཐམས་ཅད་ཀྱི་འོག་ཏུ་རྡོ་རྗེ་འཛིན་པའི་སྒེག་མོ་ལ་སོགས་པའི་རིམ་གྱིས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་བར་དུ་སྟེ། དེ་དག་ཀྱང་སངས་རྒྱས་ལྔའི་དབུ་རྒྱན་ལ་གནས་པས་དབང་བསྐུར་བ་བྱས་ལ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ནས་བཞུགས་པར་


DTG062_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པར་བྱའོ། །དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྙིང་ག་ནས་བྱུང་བས་བདག་ཉིད་དབང་བསྐུར་བར་བྱས་ལ་སྙིང་པོ་འདིས་བརྟན་པར་བྱ་སྟེ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་སརྦ་མུ་དྲཾ་མཻ་ཏྲི་ཌྷཱི་ཀུ་རུ་བ་ར་ཀ་བ་ཙེ་ན་བཾ། ཞེས་བྱའོ། །ཉིན་རེ་ཞིང་ཡང་སྦྱོར་བ་འདིས་བསྒོམས་པར་གྱུར་ན། དེ་བཞིན་གཤེགས་པ་ཐམས་ཅད་རང་ཉིད་བྱོན་ནས་འཁོར་བ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ལ་དབང་བྱེད་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་གྱུར་པ་ནི་རྒྱུན་མི་འཆད་པ་དང་མི་འཇིགས་པའི་མན་ངག་གོ །དེ་ནས་དེ་རྣམས་ཀྱི་ས་བོན་གྱི་ཡི་གེ་རྣམས་ནི་འདི་དག་ཡིན་ཏེ། དཾ་ཤཾ་ཀྵཾ་བཾ་དྷཾ་པྲཿཨོཾ་ཧྲཾ་ཨི་ཨེཾ་ཨཾ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིའོ། །ཐཾ་བྷཱུཾ་བྷྲཾ་བྷྲཿབྷྲོ་བྷྲ་བྷྲི་བྷྲཱུ་བྷྲིཿབྷྲུཾ་བྷྲུཾ། ཞེས་བྱ་བ་ནི་ཀུན་དུ་བཟང་པོའི་མཐར་ཐུག་པའི་ས་རྣམས་ཀྱིའོ། །ཧཱུཾ་ཏྲཱཾ་ཧྲཱིཿཨཾ་ཨཱཾ། ཞེས་པ་ནི་རྡོ་རྗེ་སེམས་མ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཐར་ཐུག་པའི་བར་གྱི་སྟེ། དེ་དག་ཐམས་ཅད་ཀྱིས་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་ས་ཉིད་ཤེས་པར་བྱ་སྟེ། གང་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ལས་ཀྱང༌། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ལྷའི་ཁང་པ་ནས་ལངས་པ་ན་ཡང༌། ཕུང་པོ་ལྔ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་བྱིན་གྱིས་བརླབས་ལ་ལྡང་བར་བྱའོ། །ལངས་ནས་ཀྱང་གཡོན་པ་རྡོ་རྗེ་ཁུ་ཚུར་གོས་ཀྱིས་གཡོགས་ལ། བསྒོམ་པའམ་བཟླས་པ་བྱ་ཞིང་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཀྱང་མཉམ་པར་མ་བཞག་པའི་སྦྱོར་བས་སྤྱོད་ལམ་རྣམ་བཞིར་བྱ་སྟེ། ཇི་སྐད་དུ་དཔལ་མཆོག་དང་པོའི་རྒྱུད་ལས་ཀྱང༌། འགྲེང་ངམ་ཡང་ན་འདུག་ཀྱང་རུང༌། །འཆག་གམ་ཇི་ལྟར་གནས་པ་དང༌། །དགོད་དམ་རབ་ཏུ་སྨྲ་བའམ། །གང་དང་གང་ཡིན་ཇི་ལྟ་བར། །དང་པོ་རྡོ་རྗེ་ཁུ་ཚུར་བཅིང༌། །གཡོན་པའི་ལག་པ་གཡོགས་ནས་ནི། །


DTG062_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་མ་བཞག་སྦྱོར་བ་ཡིས། །སྙིང་པོ་དོན་དུ་བཟླས་པ་བྱ། །ཆོ་ག་འདི་ནི་འདོད་པ་བཞིའི་སྦྱོར་བ་ལ་སོགས་པས་བྱ་སྟེ། ཁྱད་པར་གྱི་ཡེ་ཤེས་ཕུལ་དུ་བྱུང་བས་ཐོབ་པས་ནི་ལན་ཅིག་མངོན་པར་འདུས་བྱས་ནས་བསྒོམ་པ་རྒྱུན་མི་འཆང་པའི་སེམས་ཀྱིས་བྱ་བ་ལ་ཉེས་པ་མེད་དོ། །ཐུགས་རྗེ་འབྱུང་བ་ཞེས་བྱ་བ་བསྒོམ་པ་དང་བཟླས་པའི་ཆོ་ག་སློབ་དཔོན་ཆེན་པོ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་བརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པ།། །།


previousཐུགས་རྗེ་འབྱུང་བ་ཞེས་བྱ་བ་བསྒོམ་པ་དང་བཟླས་པའི་ཆོ་ག།ཡེ་ཤེས་རྡོ་རྗེ།next