Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་གཉིས་པ།


   
   
   
   
   
   
   
   
   
   
སྦྱིན་སྲེག་གི་ཆོ་ག། རབ་འབྱོར་བསྐྱངས།
   
   
   
   
   
   


 
previousསྦྱིན་སྲེག་གི་ཆོ་ག།རབ་འབྱོར་བསྐྱངས།next

སྦྱིན་སྲེག་གི་ཆོ་ག།
རབ་འབྱོར་བསྐྱངས།


DTG062_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཧོ་མ་བི་དྷིཿ། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གང་ཞིག་དྲན་པ་ཡིས། །དངོས་གྲུབ་མི་འཇིགས་ཐོབ་གྱུར་པ། །རྡོ་རྗེ་ཅན་ལ་གུས་བཏུད་ནས། །སྦྱིན་སྲེག་ཆོ་ག་གསལ་བར་བཤད། །གང་དག་ཏུ་ནི་རང་ཉིད་ཀྱིས། །ལས་ཀྱི་ཆོ་ག་རྣམས་མེད་པ། །དེར་ནི་སྤྱི་རྒྱུད་ལས་གསུངས་པའི། །ཆོ་ག་མཁས་པས་བསྟན་པར་བྱ། །དེ་ལ་ཞི་བ་ལ་ནི་ས་གཞི་དཀར་པོ་ལ་རྒྱར་ཁྲུ་གང་ཙམ་ལ། ཟབས་སུ་སོར་བཅུ་གཉིས་པའི་ཐབས་ཁུང་ཟླུམ་པོ་བརྐོས་ལ། དེའི་དབུས་སུ་པདྨའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་སོར་བརྒྱད་པར་བྱ། །ཐབ་ཁུང་གི་སྟེང་དུ་སོར་བཞི་བར་དུ་དོར་ལ། དཔངས་དང་རྒྱར་སོར་བཞིའི་ཁ་ཁྱེར་ཀུན་ནས་བྱས་ལ། མཚམས་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པ་དང༌། ཐབ་ཁུང་གི་ས་གཞི་དེ་བ་ལང་གི་ལྕི་བ་དང༌། ས་དཀར་པོས་བྱུགས་ལ། ཡང་དེ་ཉིད་དྲི་དཀར་པོས་བསྐུ་ཞིང་དུས་གསུམ་དུ་དྲི་ཞིམ་པོའི་མེ་ཏོག་དཀར་པོས་གཏོར་བར་བྱའོ། །རྒྱས་པ་ལ་ནི་ས་གཞི་སེར་པོ་ལ་ཁྲུ་དོ་པ། ཟབས་སུ་དེའི་ཕྱེད་པ་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུའམ། ཟུར་བཞི་པ་སྟེ། དེ་ཟབས་སུ་ཁྲུ་གང་བརྐོས་པ་ལ། འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྡོ་རྗེ་རིན་པོ་ཆེ་ཟུར་དྲུག་པ། སྟེང་དུ་སོར་བརྒྱད་པ་ཙམ་གྱི་ཁ་ཁྱེར་དབྱིབས་མཉམ་པར་བྱས་ལ། ས་སེར་པོ་དང་དྲི་སེར་པོས་ཐབ་ཁུང་གི་ས་གཞི་དེ་ཉེ་བར་བྱུགས་ལ། མེ་ཏོག་སྣ་


DTG062_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དགྲམ་པར་བྱའོ། །མངོན་སྤྱོད་ལ་ནི་རྩུབ་པ་དང༌། །ཚ་སྒོ་ཅན་དང་གས་པ་དང༌། །གནག་ཅིང་སྔོ་བའི་ས་གཞི་ལ་སོར་ཉི་ཤུ་པ། ཟབས་སུ་སོར་བཅུ་པ། གྲུ་གསུམ་མགོ་བྱང་དུ་བལྟས་པ། ཐབ་ཁུང་གི་དབུས་སུ་རྩེ་གསུམ་པའི་སྟེང་དུ། ཁྲོ་བོའི་རྡོ་རྗེ་སོར་བརྒྱད་པས་མཚན་པ། དེའི་སྟེང་དུ་སོར་གསུམ་དོར་བར་ཆུར་དང་དཔངས་སོར་གསུམ་པའི་ཁ་ཁྱེར་ཁ་ཕྱིར་བལྟས་པས་བསྐོར་བ། ས་ནག་པོ་དང༌། རོ་བསྲེགས་པའི་ཐལ་བ་དང༌། བུང་བུ་དང་རྔ་མོ་ལ་སོགས་པའི་རྟུག་པས་ཇི་ལྟ་བ་བཞིན་དུ་བྱུགས་ཏེ། དྲི་ངན་པ་དང་མེ་ཏོག་སྔོན་པོ་དང་དམར་པོ་དང་འབྲུའམ་ཕུབ་མས་གཏོར་བར་བྱའོ། །དབང་ལ་ནི་ས་གཞི་དམར་པོ་ལ། ཐབ་ཀྱི་དབྱིབས་བྷ་ག་ལྟ་བུའམ་རླུང་གི་དཀྱིལ་འཁོར་ལྟ་བུའམ། ཨ་ཤྭཏྠའི་ལོ་མ་ལྟ་བུའི་དབུས་སུ་རྡོ་རྗེ་པདྨས་མཚན་པའོ། །དགུག་པ་ལ་ནི་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་དབུས་ཀྱི་ཆ་ལ་རྡོ་རྗེ་ལྕགས་ཀྱུས་མཚན་བ། ཁ་ཁྱེར་ཡང་དེ་དང་འདྲ་བས་བསྐོར་བ། །ས་དང་དྲི་དམར་པོས་བྱུགས་པ། །དྲི་དང་མེ་ཏོག་གིས་ཉེ་བར་མཛེས་པར་བྱས་ཏེ། འདི་ཉིད་ཀྱི་བརྐོ་བ་དང་ཁ་ཁྱེར་ལ་སོགས་པའི་ཚད་ཀྱང་ཞི་བའི་ཐབ་ཁུང་དང་འདྲ་བར་ཤེས་པར་བྱའོ། །ལས་ཐམས་ཅད་པའི་ཐབ་ཁུང་ཡང་དེ་བཞིན་ཏེ། འོན་ཀྱང་ཁ་ཁྱེར་ནི་པདྨ་ཁ་བྱེ་བ་ལྟ་བུ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །རྡོ་རྗེ་དང་པདྨ་དང་རིན་པོ་ཆེ་དང༌། རྡོ་རྗེ་སྣ་ཚོགས་རྡོ་རྗེའི་དབུས་སུ་ཆུད་པའི་འཁོར་ལོའི་ཕྱག་རྒྱས་མཚན་པར་བྱའོ། །དཀྱིལ་འཁོར་རམ་ལྷའི་ཁང་བའི་ཤར་ཕྱོགས་སུ་ནི་ཞི་བའི་ཐབ་ཁུང་དང་དབང་གི་ཐབ་ཁུང༌། ལྷོར་ནི་མངོན་སྤྱོད། བྱང་དུ་ནི་རྒྱས་པ། ནུབ་དུ་ནི་དགུག་པའི་ཐབ་ཁུང་ལས་དང་རྗེས་སུ་མཐུན་པར་ཐབ་བརྐོ་བའམ། ཚོན་གྱིས་བྲི་བར་བྱའོ། །ཐབ་ཀྱི་དབང་དུ་བྱས་པའོ། །དགང་གཟར་ནི་གསེར་རམ་ཟངས་ཀྱི་རྒྱུ་ལས་བྱས་པའམ། ནིམ་པའམ་མཆོད་སྦྱིན་གྱི་ཤིང་ལས་པདྨའི་འདབ་མའི་དབྱིབས་ལྟ་བུ། དེའི་ཡུ་བ་སྐྱེས་པ་ཚད་དང་ལྡན་པའི་མཐེ་བོའི་སོར་ཉི་ཤུ་རྩ་བཞི་རྡོ་རྗེ་ལ་སོགས་པའི་ཁུ་ཚུར་གྱིས་གཟུང་དུ་རུང་བའམ།


DTG062_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་སོར་བཞི་པ། ཟུར་བཞི་པ་ཁའི་ཟབས་སུ་སོར་གཉིས་ཀྱི་དམའ་བར་བརྐོས་ལ་རྡོ་རྗེ་རྩེ་ལྔ་པས་མཚན་པ། ཁུ་བཅུད་འཛག་པའི་བུ་ག་སོར་གཅིག་ཙམ་རྩེ་མོ་ལ་རྡོ་རྗེ་རྩེ་གསུམ་སོར་བཞིས་མཚན་པ། ཡུ་བའི་ཞབས་སུ་རྡོ་རྗེ་དང་རིན་པོ་ཆེ་སོར་དྲུག་པར་བྱའོ། །ཟླུགས་གཟར་ཁྲུ་གང་ཙམ་ལ་རྩེ་མོ་པདྨའི་འདབ་མ་ལྟ་བུ་རྒྱར་སོར་གཉིས་ཟབས་སུ་དེའི་ཕྱེད་བརྐོས་པ་ལ། རྡོ་རྗེ་རྩེ་ལྔ་པས་དེའི་དབུས་སུ་མཚན་པ། ཡུ་བའི་འོག་རྡོ་རྗེ་དང་རིན་པོ་ཆེས་བྱའོ། །ཡང་ན་སོར་མོ་ལྔས་ལེགས་པར་བཅེར་བས་ཀྱང་དགང་གཟར་བྱ་ཞིང༌། སོར་མོ་གསུམ་བཅེར་བས་བླུགས་གཟར་བྱའོ། །དགང་གཟར་གྱི་དབང་དུ་བྱས་པའོ། །ཡམ་ཤིང་ནི་པ་ལཱ་ཤ་དང༌། ཨུ་དུ་མ་བཱ་ར་དང༌། ཨ་མྲ་དང༌། ཀ་དམ་པ་དང༌། ཀསྨ་རྫྱ་དང༌། ཨ་ཤྭ་ཏྠ་དང༌། པླ་ཀྵ་དང༌། ཤ་མི་དང༌། ནྱ་གྲོ་དྷ་ལ་སོགས་པ་ཤིང་འོ་མ་ཅན་ལས་གྲུབ་པ་འདབ་མ་དང་བཅས་པ་རླན་དང་བཅས་པ་མཉམ་པོར་བཅད་པ། རྩེ་མོའི་ཆ་ལས་བྱུང་བ་མཐོ་གང་ཙམ་ལ་རྩེ་མོ་གཉིས་སྦྲང་རྩི་དང༌། འོ་མ་དང་མར་ལ་སྦགས་པ། དྲི་དཀར་པོའི་ཆུ་ལས་སྤངས་པ། རྩེ་མོ་ལོ་མ་གཉིས་དང་བཅས་པ་རྩེ་གཅིག་པས་དབུལ་བར་བྱའོ། །སྙིང་པོ་དང་འདབ་མ་མེད་པ་དང༌། རུལ་པ་དང་ཁོང་སྟོང་དང༌། ཤུན་པགས་མེད་པ་དང༌། ཐུང་དུ་དང༌། ཡོན་པོ་དང༌། རྩེ་མོ་གཉིས་སུ་གས་པ་དང༌། ཕྲ་བ་དང༌། སྦོམ་པ་དང༌། རིང་པོ་དང༌། འབུས་ཟོས་པ་དང༌། སྲོག་ཆགས་དང་བཅས་པ་ནི་སྤང་བར་བྱའོ། །ཞི་བ་ལ་ནི་ནས་དང༌། འོ་མ་དང༌། ཞོ་དང༌། འབྲས་ཡོས་དང༌། ཏིལ་དང༌། དཱུར་བ་དང༌། ཀུ་ཤ་སྔོན་པོ་དང༌། བིལ་པའི་ལོ་མ་དང༌། ཙནྡན་དང༌། ཕྲི་ཡང་ཀུའི་མེ་ཏོག་དང༌། འབྲས་སཱ་ལུའི་ཆན་དང༌། མེ་ཏོག་དཀར་པོ་དང༌། ནཱ་ག་གེ་སར་དང༌། ཐང་ཆུའི་དྲི་ཞིམ་པོ་དང༌། སྤང་སྤོས་དང༌། སྦྲང་རྩི་དང་མར་རྣམས་ལས་ཇི་སྙེད་པ་སྦྱིན་སྲེག་ལ་དབུལ་བར་བྱའོ། །རྒྱས་པ་ལ་ནི་ཡམ་ཤིང་དེ་ཉིད་ལས་དབུས་ཀྱི་ཆ་ལས་བྱུང་པའི་ཆང་པ་གང་གི་ཚད་ལས་དཔངས་སུ་ཁྲུ་གང་ཙམ་ལ། ཞོ་དང་འོ་མ་དང་མར་ལ་སྤགས་པ་སྤོས་ཆུ་སེར་པོས་སྦངས་ལ། མངར་


DTG062_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་སྤགས་པ་དང༌། ཟས་མཆོག་གི་གོང་བུ་དང༌། ཞོ་དང་སྦྲང་རྩི་དང༌། མར་དང་ལྡན་པ་དང༌། ཏིལ་ནག་པོ་དང༌། འབྲས་ཆན་ཞོ་དང་མར་དུ་བཅས་པ་དང༌། ཤ་ཏ་པུཥྤ་དང༌། བིལ་བའི་འབྲས་བུ་དང༌། འབྲས་སཱ་ལུ་དང༌། པདྨ་དང༌། ནཱ་ག་གེ་སར་དང༌། ཀར་ནི་ཀ་ར་དང༌། འབྲུ་རྣམས་དབུལ་བར་བྱའོ། །མངོན་སྤྱོད་ལ་ནི་ནི་མ་པ་དང༌། སེང་ལྡང་དང༌། ཀོ་བི་ད་ར་དང༌། བི་ལོ་ཏ་ཀ་དང༌། མ་ད་ན་རྣམས་ཀྱིའམ། གཞན་ཡང་ཁ་བ་དང་ཚེར་མ་ཅན་དང༌། ཚ་བའི་ཤིང་རྣམས་ཀྱིའམ། རི་བ་སྲེགས་པའི་མགལ་དུམ་ལ་རྩ་བའི་ཆ་ལས་བྱུང་བ་གས་པ་སོར་བཅུ་པ་རྩེ་མོ་གཉིས་དུག་དང༌། ཁྲག་དང་ཉུངས་མར་ལ་སྤགས་ཤིང་རྩེ་མོ་རྣོ་བའི་ཡམ་ཤིང་དང༌། ཡུངས་ཀར་དང༌། ཡུངས་མར་དང་ཁྲག་དང་ལན་ཚྭ་དང༌། སྐེ་ཚེ་དང་ནི་མ་པའི་ལོ་མ་དང་རོ་བསྲེགས་པའི་ཐལ་བ་དང༌། རྐང་རྗེས་ཀྱིས་དང༌། བོང་བུ་དང༌། རྔ་མོ་ལ་སོགས་པའི་རྟུག་པ་དང༌། སྐྲ་བརྡུངས་པ་དང༌། ཁྱིམ་བྱའི་སྒོ་ང་དང༌། བྱ་རོག་ལ་སོགས་པའི་གཤོག་པ་དང༌། བཤང་གཅི་དང༌། ཚེར་མ་དང༌། རུས་ཕྱེ་དང༌། གླང་པོ་ཆེའི་ཤ་ལ་སོགས་པའི་ཇི་སྙེད་པ་དང༌། རྫས་རེ་རེ་ལ་ཁྲག་དང་དུག་ལས་བཏགས་ཤིང་སྦགས་པའི་རྫས་སམ་ཐལ་བ་དང༌། སོལ་བ་དང༌། ཕུབ་མ་ལ་སོགས་པ་ལས་དགྲ་བོའི་གཟུགས་བརྙན་བྱས་ལ། དུག་ལ་སོགས་པ་བསྐུས་ཏེ་བཅད་ཅིང་སྦྱིན་སྲེག་བྱའོ། །དབང་དུ་བྱ་བ་ལ་ནི་ཙམ་པ་ཀ་དང༌། ཨ་ཤྭ་ཀ་དང༌། བཀུ་ལ་དང། པྲི་ཡང་ཀུ་དང༌། ལ་ཀུ་ཙ་ལ་སོགས་པ་ནགས་ཀྱི་ལྕུག་མའི་ཡམ་ཤིང་སོར་ལྔ་པ་འདབ་མ་དང་བཅས་པའམ། སྐྱུར་ཞིང་དམར་བ་དང༌། མེ་ཏོག་དང་འབྲས་བུ་གཞན་དང༌། གཞན་དག་གམ། རང་གི་རྟོག་པ་ལས་བཤད་པའི་རྫས་རྣམས་དབུལ་བར་བྱའོ། །དགུག་པ་དང་ཡང་དེ་དག་ཉིད་དམ། ཚེར་མ་ལྕགས་ཀྱུ་ལྟ་བུ་ཡོད་པའི་སྦྱིན་སྲེག་བྱའོ། །པ་ལཱ་ཤ་དང༌། པླཀྵ་དང༌། ཨུ་དུམ་བཱ་ར་དང༌། སེང་ལྡེང་དང༌། ཨརྐ་དང༌། མེ་ད་དང༌། བེ་ཏང་ཀ་ཏ་དང༌། ཨ་མྲ་དང༌། ཤ་མི་དང༌། ཀས་མརྒ་དང༌། ཨ་པ་མརྒ་


DTG062_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དང། ཨ་ཤྭཏྠ་ལས་བྱུང་བ་གསར་ཞིང་རྩེ་མོ་མ་གས་པ། དྲང་པོ་མཐོ་གང་ཙམ་ལ་སྤོས་ཆུས་བྲན་པ། སེན་མོ་གཉིས་བཏགས་པའི་ཡམ་ཤིང་ལས་ཐམས་ཅད་པ་ལ་དབུལ་བར་བྱའོ། །གང་ཡང་ཞི་བ་དང་རྒྱས་པའི་སྲེག་རྫས་རྣམས་དང༌། གང་ཡང་བདག་ཉིད་ཀྱི་ཁ་ཟས་དེ་དག་ཐམས་ཅད་ཉིན་རེ་ཞིང་སྭཱ་ཧཱ་དང་བཅས་པར་རང་གི་ལྷ་ལ་རྟག་ཏུ་དབུལ་བ་དང༌། མར་གྱིས་སྤགས་པའི་གུ་གུལ་ལམ། སཱ་ལའི་ཐང་ཆུས་ཡང་རང་གི་གསང་སྔགས་ཀྱི་དབྱེ་བས་སྦྱིན་སྲེག་བྱའོ། །དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པའི་རྫས་རྣམས་ཀྱང་ལས་དང་རྗེས་སུ་མཐུན་པར་རང་གིས་གསང་སྔགས་ཇི་ལྟ་བ་བཞིན་དུ་བཟླས་བརྗོད་བྱའོ། །སྲེག་རྫས་ཀྱི་དབང་དུ་བྱས་པའོ། །ཞི་བ་ལ་ནི་མཆོད་སྦྱིན་གྱི་ཤིང་རྣམས་ཀྱི་བུད་ཤིང་སྲོག་ཆགས་མེད་པ། ཐབ་ཁུང་ལས་ཅུང་ཟད་ཀྱིས་དམའ་བའམ། དགོན་པའི་བ་ལང་གི་ལྕི་བས་བྱའོ། །རྒྱས་པ་ལ་ནི་དགོན་པའི་བ་ལང་གི་ལྕི་བ་མ་གཏོགས་པ་ཇི་སྐད་དུ་བཤད་པའི་བུད་ཤིང་འབྲས་བུ་དང་བཅས་པའོ། །མངོན་སྤྱོད་ལ་ནི་ཚ་བ་དང༌། ཚེར་མ་ཅན་དང༌། དྲི་ངན་པའི་ཤིང་རྣམས་སམ། དུར་ཁྲོད་པའམ། བོང་བུའམ་རྔ་མོའི་རྟུག་པ་ལ་སོགས་པའམ། ཤིང་ཤིན་ཏུ་སྐམ་པས་བྱའོ། །དབང་དུ་བྱ་བ་ནི་ནི་མ་པ་དང་ཤིང་སྐྱུར་པོ་དང༌། གཞན་ཡང་མེ་ཏོག་དང་བཅས་པར་བྱའོ། །དགུག་པ་ལ་ཚེར་མ་དང་བཅས་པས་སོ། །ལས་ཐམས་ཅད་པའི་བུད་ཤིང་ནི་ལས་དང་རྗེས་སུ་མཐུན་པས་བྱའོ། །བུད་ཤིང་གི་དབང་དུ་བྱས་པའོ། །དེ་ནས་སྒྲུབ་པ་པོ་ཁྲུས་བྱས་ཤིང་ལུས་དྲི་ཞིམ་པོས་བསྒོས་པ། བྱམས་པ་དང་སྙིང་རྗེ་དང་ལྡན་པ་གོས་དཀར་པོ་གྱོན་ཏེ་ལས་དང་རྗེས་སུ་མཐུན་པར་འདོད་པའི་ལྷའི་རྣལ་འབྱོར་ནས་བསྲུང་བའི་ཆོ་ག་བྱས་ཤིང་བཟླས་པ་དང༌། མི་སྨྲ་བས་འཇམ་ཞིང་ཤིན་ཏུ་བདེ་བའི་སྟན་ལ་པདྨའི་འདུག་སྟངས་ཀྱིས་འདུག་པ། ནང་པར་ཁ་ཤར་དུ་བལྟས་ཏེ་བློས་བསྒྲུབ་པར་བྱ་བ་ལ་དམིགས་ནས་ཡར་གྱི་ངོའི་ཚེས་གཅིག་ནས་བརྩམས་ཏེ་ཞི་བའི་ཡིད་ཀྱིས་ཞི་བར་བྱའོ། །དེ་བཞིན་དུ་རྒྱས་པ་ལ་རྒྱན་དང་ཕྲེང་བ་སོར་པོ་དང༌།


DTG062_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སྣ་ཚོགས་དང་བཟང་པོའི་འདུག་སྟངས་ཀྱིས་འདུག་སྟེ། དགའ་བའི་ཡིད་ཀྱིས་བྱང་དུ་བལྟས་ནས། སྔ་དྲོ་ཟླ་བ་ཉ་ནས་བརྩམས་ཏེ་རྒྱས་པ་བྱའོ། །ཁྲོས་ཤིང་གོས་སྔོན་པོའམ་ཁྲག་གམ་ཆུས་གཤེར་བའི་གོས་བགོས་ཏེ། སྟན་སྲ་བ་ལ་ལྷོ་ཕྱོགས་སུ་ཁ་བལྟས་ཏེ། འདུག་པའམ། བསྒྲུབ་པར་བྱ་བའི་གཟུགས་བརྙན་གྱི་བྲང་ལ་མནན་ཅིང༌། སྟན་མེད་པར་རྐང་པ་གཡོན་པས་མནན་ཏེ། སོས་སོ་བཅའ་ཞིང་མིག་མི་གཡོ་བ་དང༌། གཉེར་མ་བསྡུས་པས་ཟླ་བ་མར་གྱི་ངོའི་མི་ཟད་པའི་ཉིན་ཞག་གང་ཡང་རུང་བ་ལ། ཁྲོ་བ་ཉིད་ཚད་མར་བྱ་སྟེ། ཉི་མ་ཕྱེད་དམ། ནམ་ཕྱེད་ན་མངོན་སྤྱོད་བྱའོ། །དམར་ཞིང་རྒྱན་དམར་པོ་ལ་སོགས་པ་དང༌། ནུབ་ཕྱོགས་སུ་ཁ་བལྟས་ཤིང་སྟན་མཐོན་པོ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། དབང་གི་ལས་བྱའོ། །དགུག་པ་ལ་ཡང་དེ་དང་འདྲ་སྟེ། འོན་ཀྱང་ཁ་སྟེང་དུ་ལྟ་བའི་ལྷའི་སྦྱོར་པའམ། ནུབ་ཏུ་བྱའོ། །སྒྲུབ་པ་པོའི་དབང་དུ་བྱས་པའོ། །ཞི་བ་ལ་ནི་གསེར་རམ་དངུལ་ལམ་རྡོའམ། ཟངས་སམ་ཤིང་ངམ་ས་ལས་བྱས་པའམ། དུང་ཕོར་དང་ཉ་ཕྱིས་སམ་ལོ་མ་ལས་བྱས་པའི་མཆོད་ཡོན་གྱི་སྣོད་ལ་ནས་དང་བཅས་པའི་འོ་མ་དྲི་དཀར་པོ་ལ་སོགས་པ་དང༌། ཆུ་བཅུག་པ་སྤོས་ཀྱིས་བདུགས་ཏེ། རང་གི་ལྷའི་སྔགས་ཀྱི་མཐར་སྭཱ་ཧཱ་དང་བཅས་པ་དང་བཟླས་བརྗོད་བྱའོ། །དེ་བཞིན་དུ་རྒྱས་པ་ལ་ནི་དྲི་ལ་སོགས་པ་སེར་པོ་དང་ཆུ་དང་ཏིལ་དང་བཅས་པའི་ཞོ་ལ་མཐར་ཨོཾ་དང་བཅས་པས་བཟླས་བརྗོད་བྱའོ། །མངོན་སྤྱོད་ལ་ནི་གནག་ཅིང་དྲི་མི་ཞིམ་པའི་དྲི་ལ་སོགས་པ་དང༌། ཆུ་དང་ཁྲག་དང་བཅས་པ་དང༌། ཀོ་ཏྲ་པ་དང་བའི་གཅིན་ལས་མཐར་ཕཊ་དང་བཅས་པས་བཟླས་བརྗོད་བྱའོ། །དབང་ལ་ནི་དྲི་དམར་པོ་ལ་སོགས་པ་དང་ཆུ་བཅུག་པ་ལ་མཐའ་མར་ཧོ་དང་བཅས་པའོ། །དེ་བཞིན་དུ་དགུག་པ་ལ་ནི་མཐའ་མར་ཡི་གེ་ཛཿ་དང་བཅས་པའི་རང་གི་སྔགས་ཀྱི་མཐའ་མར་སྭཱ་ཧཱ་དང་བཅས་པ་དང༌། དེ་ཉིད་ཀྱིས་སྔགས་ཀྱི་བཟླས་བརྗོད་ལན་བདུན་དུ་བྱའོ། །ཐམས་ཅད་དུ་ཡང་དྲི་དང་མེ་ཏོག་དང༌། ཏིལ་དང་


DTG062_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་ཤ་དང༌། འབྲས་ཡོས་དང༌། ཆུ་རྣམས་ལས་ཇི་སྙེད་པ་ལས་ཀྱི་རྗེས་སུ་མཐུན་པར་གཞུག་པར་བྱའོ། །མཆོད་ཡོན་གྱི་དབང་དུ་བྱས་པའོ། །དེ་ནས་ཞི་བ་དང་རྒྱས་པ་དང་དབང་དུ་བྱས་པའི་ལས་རྣམས་ལ། རྡོ་རྗེ་རྩེ་མོ་དང་རྡོ་རྗེ་གནོད་སྦྱིན་དག་ཡོངས་སུ་བཟླས་ལ། ལས་ཐམས་ཅད་པའི་ཆུའི་སྣོད་དང༌། མཆོད་ཡོན་གྱི་སྣོད་རང་གི་གཡོན་ཕྱོགས་སུ་བཞག་ལ། དེ་དག་ཉིད་ལེགས་པར་བཟླས་པའི་ཆུ་ལག་པ་གཡས་པས་བླངས་པས་བསངས་ལ། ཡམ་ཤིང་དང་བུད་ཤིང་ལ་སོགས་པ་སྲེག་རྫས་རྣམས་ནི་རང་གི་གཡས་སུ་གཞག་པར་བྱའོ། །བསད་པ་དང་བསྐྲད་པ་དང་དགུག་པ་ལ་སོགས་པའི་ལས་རྣམས་ལ་ནི་བསང་གཏོར་དང་གཞག་པའི་གོ་བཟློག་སྟེ་བྱའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཏེ། འདིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། མཐེའུ་ཆུང་གཉིས་ཆེ་བར་བྱ་སྟེ། ཁའི་ཐད་དཀར་གཞག་པའོ། །ཨོཾ་བཛྲ་ཤི་ཁ་རེ་རུ་ཊ་མ་ཊ། རྡོ་རྗེ་རྩེ་མོའི་སྔགས་ཏེ། འདིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་རི་བོ་འདེགས་པའི་ཚུལ་དུ་བྱའོ། །རྫས་བཞག་པའི་ཚུལ་དུ་བྱས་པའོ། །ཞི་བ་ལ་ནི་ཤིང་འོ་མ་ཅན་དང༌། དགོན་པ་ལས་བྱུང་བའི་མེའམ། རྒྱུན་བཞག་པའི་མེས་བྱའོ། །རྒྱས་པ་ལ་ནི་རྒྱལ་པོའམ་རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བའམ། གཙུབ་ཤིང་གི་མེའམ། ནགས་ཚིག་པའི་མེས་བྱའོ། །དྲག་པོ་ལ་ནི་དུར་ཁྲོད་པའམ། རྡོ་ལས་བྱུང་བའམ་གདོལ་བའི་ཁྱིམ་ལས་བྱུང་བས་བྱའོ། །དབང་ལ་རྗེའུ་རིགས་སམ་སྨད་འཚོང་གི་ཁྱིམ་ནས་བྱུང་བས་བྱའོ། །དགུག་པ་ལ་ནི་གར་མཁན་ནམ་རོལ་མོ་མཁན་ནམ་ལམ་ཀའི་མེས་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་མེ་རྣམ་པར་སྦྱངས་ཏེ། དེ་བཟླས་པའི་ཆུ་དང་ཀུ་ཤ་བླངས་ནས། བསྐོར་ཞིང་ལན་གསུམ་བསང་གཏོང་བྱས་པའི་ཐབ་དུ་གཙང་ཞིང་ཤིན་ཏུ་སྐམ་པའི་རྩ་བ་དང་བཅས་པའི་ཤིང་བཅུག་ལ། རླུང་ཡབ་ཀྱི་རླུང་གིས་སྦར་བར་བྱའོ། །ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ། མེ་སྦར་བའི་སྔགས་སོ། དེ་ནས་རིགས་ཀྱི་སྙིང་པོ་ལེན་བདུན་བཟླས་པའི་མར་གྱིས་སྦར་བར་བྱའོ། །ཨོཾ་བཛྲ་སཏྭ་


DTG062_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཞེས་བྱ་བ་འདི་བཟླས་པའི་ཀུ་ཤ་གསར་པ་སྔོ་ལྗང་མ་གས་ཤིང་འདབ་མ་མ་གྲུགས་པ། ཧ་ཅང་མི་རིང་བ་ཁ་ཁྱེར་ལ་ཁ་ཤར་དུ་བལྟས་པ་དང༌། ཁ་ལྷོར་བལྟས་པ་དང༌། ནུབ་ཏུ་བལྟས་པ་དང༌། ཁ་བྱང་དུ་བལྟས་པས་གཞག་གོ །དེ་ནས་ཐབ་ཁུང་ཀུ་ཤའི་རྩེ་མོ་ཤར་དུ་བལྟས་པས་གཡོག་གོ །དེ་ནས་རང་གི་ལྷའི་ཆོས་ཀྱི་ཡི་གེ་ལས་ཐབ་ཁུང་བསྐྱེད་ལ། དེའི་དབུས་སུ་ཡི་གེ་རཾ་གྲུ་གསུམ་དང་བཅས་པའི་སྟེང་དུ་ཨོཾ་ལས་བྱུང་བའི་པདྨ་ལ་གནས་པའི་ཡི་གེ་རཾ་ལས་བྱུང་བའི་མེ་ལྷ་ལས་ཀྱི་རྗེས་སུ་མཐུན་པའི་གོས་དང་རྒྱན་དང་གདན་དང་ལྡན་ཞིང་འབར་བའི་ཕྲེང་བ་ཅན་གསུས་ཁྱིམ་ཆེ་བ་རྡོ་རྗེ་རྩེ་གསུམ་དང་ཕྲེང་བ་དང་དབྱུག་པ་དང༌། གུནྡྷེ་འཛིན་པའི་རྡོ་རྗེ་བསམས་ལ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་ང་རྒྱལ་དང་ལྡན་པས་མཛུབ་མོ་དང༌། མཐེའུ་ཆུང་ལྕགས་ཀྱུར་བཅིངས་ཏེ། རྡོ་རྗེ་ཁུ་ཚུར་བླ་འོག་ཏུ་བྱས་པའི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་འདི་དང༌། ཧཱུཾ་ཊཀྐི་ཛཿཞེས་བྱ་བའི་སྔགས་དང་བཅས་པ་དང༌། ཕྱི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་ཐབ་ན་གནས་པའི་རང་གི་གཟུགས་ལ་དགུག་པ་དང༌། གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་དང༌། བསྲུང་བ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ངེས་པར་བཙིར་བའི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་སནྡྷི་བཾ་ཞེས་བྱ་བའི་སྔགས་དང་བཅས་པ་དང༌། ཕྱོགས་དང་དཀྱིལ་འཁོར་བཅིངས་པ་ལ་སོགས་པ་བྱས་ཏེ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་དང༌། མེ་རང་གི་སྔགས་ཀྱིས་གདན་བསྟབས་ལ། གཡས་པའི་ཁུ་ཚུར་གྱི་སོར་མོ་ཐམས་ཅད་བཀུག་ལ། མཐེ་བོང་དང་མཛུབ་མོ་རྩེ་སྦྱར་བས་མེ་ཏོག་བླངས་ཏེ། ཞབས་བསིལ་དབུལ་ཞིང་སོར་མོ་རྣམས་བརྐྱང་པ་ནི་ཞབས་བསིལ་བའི་ཕྱག་རྒྱ་སྟེ། སྔགས་ནི་ཨོཾ་པྲ་བ་ར་སཏྐཱ་ར་པྲ་ཏཱི་ཙྪ་སྭཱ་ཧཱ་ཞེས་བྱའོ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡས་པ་འབར་བ་ལྟར་བསྟན་པ་ནི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ཨ་ན་ལ་མཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷ་སྨི་ཀུ་རུ་


DTG062_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དུཥྜཱཾ་ཧཱུཾ་ཕཊ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བརྗོད་ལ། མཐར་ཡང་མེའི་དྲུང་དུ་སྔགས་འདི་ལན་གསུམ་དུ་བརྗོད་དོ། །ཡང་ལྕེ་ལ་རྡོ་རྗེ་དཀར་པོ་རྣམ་པར་བསམས་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཅེས་བྱ་བའི་མེའི་ཆོས་ཀྱི་ཕྱག་རྒྱ་དགོད་དོ། །དེ་ནས་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསམས་ལ། གར་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཉིད་མེའི་ལས་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་ཡི་གེ་ཧཱུཾ་ལས་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྣམ་པར་བསམས་ཏེ། སྔར་བཤད་པའི་རྡོ་རྗེ་ལ་སོགས་པའི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོའོ། །ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བའི་སྔགས་ཀྱིས་དབང་བསྐུར་རོ། །འདིའི་ཕྱག་རྒྱ་ནི་རྡོ་རྗེ་བསྔགས་པ་ཉིད་ལས་མཐེ་བོ་མཉམ་སྟེ་བསྒྲེངས་ལ། མཛུབ་མོ་དང་རྩེ་སྦྱར་ནས་རྡོ་རྗེ་རིན་པོ་ཆེ་ལྟར་བྱས་པའོ། །རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །དམ་ཚིག་འདས་ན་མྱུར་དུ་ནི། །རིགས་ཀྱང་ཐལ་བར་བྱེད་པར་འགྱུར། །ཨོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས་དམ་ཚིག་ལ་གཞག་པར་བྱའོ། །འདིའི་ཕྱག་རྒྱ་ནི་རྡོ་རྗེ་སེམས་མ་བསྟན་པར་བྱས་ལ། མཛུབ་མོ་གཉིས་བཀུག་སྟེ་གུང་མོ་དང་སྦྱར། མཐེ་བོང་གཉིས་དང་མཐེ་ཆུང་གཉིས་གཤིབས་ཏེ། རྡོ་རྗེའི་རྩེ་མོ་རྣོན་པོ་ལྟར་བྱ་བ་ནི་དམ་ཚིག་འཛིན་པའི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་བསྲུང་བ་བསྟན་པར་བྱས་ལ། རྡོ་རྗེ་བཅིང་བ་ཡང་བསྡམ་པར་བྱའོ་ཞེས་བྱ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་བནྡྷ་ཧཾ་ཞེས་བྱ་བའི་སྔགས་དང་བཅས་པས་བདག་གིས་མངོན་པར་འདོད་པའི་བྱ་བ་འདི་མཛོད་ཅིག་ཅེས་རང་གི་བསྒོ་བ་ངེས་པར་སྦྱར་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ། ལས་དང་རྗེས་སུ་མཐུན་པའི་དྲི་ལ་སོགས་པའི་མཆོད་པ་དང༌། སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། རྡོ་རྗེ་གནོད་སྦྱིན་གྱིས་ལན་གསུམ་བསངས་ཏེ། གཡས་པའི་ཁུ་ཚུར་གྱི་མཐེ་བོས་རང་གི་མཛུབ་མོའི་རྩེ་མོ་མནན་ལ་བརྐྱང་བ་དབྱེ་སྟེ། ཕྱག་རྒྱ་འདི་དང་མེ་ལྷའི་སྔགས་ཀྱིས་ལས་ཐམས་ཅད་པ་བཟླས་པའི་ཆུ་དང་ལག་པར་འཐོར་འཐུང་ལན་


DTG062_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱིན་ཏེ། དེའི་ལྕེ་དང་དགང་གཟར་དང༌། བླུགས་གཟར་གྱི་ཁ་ལ་རང་གི་ཡི་དམ་གྱི་ལྷའི་ས་བོན་རྣམ་པར་བཀོད་དེ། པུས་མོ་གཉིས་ཀྱི་བར་དུ་ལག་པ་བཞག་ནས་དང་པོར་བླུགས་གཟར་གྱིས་མར་གྱི་དགང་བླུགས་གསུམ། ཞི་བ་དང་དབང་དང་རྒྱས་པ་དང་དགུག་པའི་ལས་རྣམས་ལ་ནི་ཞལ་ཅུང་ཟད་གདངས་པར་དབུལ་བར་བྱའོ། །དྲག་པོ་ལ་ནི་ཤིན་ཏུ་ཞལ་གདངས་པར་དུག་དང་བཅས་པའི་ཡུངས་མར་དང༌། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ། སརྦཾ་བྷ་སྨི་ཀུ་རུ་སརྦཾ་དུཥྚཱཾ་ཧཱུཾ་ཕཊ། ཅེས་བྱ་བའི་མེའི་སྔགས་ཀྱིས་སམ། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧྣཱ་ཡེ། དི་བྱ་དི་བྱ་ཏི་པ་མེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་བགེགས་མེད་བ་དང༌། བགེགས་དང་བཅས་པའི་མེ་འབར་བའི་མཚན་མ་ལ་བརྟག་པར་བྱ་སྟེ། འཇའ་དང་འདྲ་ཞིང་མདོག་སྡུག་དང༌། །བྱི་རུ་བཅག་བ་ལྟ་བུ་དང༌། །གཡས་སུ་འཁྱིལ་ཞིང་ཤིན་ཏུ་སྣུམ། །ཨིནྡྲ་གོ་བའི་མདོག་འདྲ་དང༌། །ལེ་བརྒན་རྩི་དང་བཻ་ཌཱུཪྻའི། །མདོག་འདྲའི་དབྱིབས་ནི་བླུགས་གཟར་དང༌། །རྩེ་གསུམ་རྡོ་རྗེ་པདྨ་དུང༌། །ཉ་དང་དཔལ་བེའུ་རྡ་ཡབ་དང༌། །རྒྱལ་མཚན་གདུགས་སོགས་བུམ་པ་དང༌། །གཡུང་དྲུང་ལྟ་བུར་འབྱུང་བ་དང༌། །གླིང་བུ་རྫ་རྡ་ལྟར་ཟབ་དང༌། །དྲི་ཞིམ་ཡིད་དུ་འོང་བ་དང༌། །གསེར་དང་དངུལ་འདྲ་དྲི་མ་མེད། །ཉི་མ་འབར་འདྲ་དྲི་མེད་པའོ། །ཞི་ལ་ཁ་དོག་དཀར་པོར་སྣང༌། །རྒྱས་པ་ལ་ནི་གསེར་འདྲ་ཞིང༌། །རྗེས་སུ་ཆགས་ལ་དམར་པོར་སྣང༌། །མངོན་སྤྱོད་ལ་ནི་སྔོ་དང་གནག །སྒྲུབ་པ་པོས་ནི་མདོར་བསྡུས་ན། །གཞན་ཡང་རྩེ་གཅིག་མཆོག་ཡིན་ཏེ། །རྩེ་གཉིས་པ་ནི་འབྲིང་དུ་བཤད། །རྩེ་གསུམ་ཐ་མར་ཤེས་པར་བྱའོ། །དུ་བ་མང་ཞིང་རྣམ་པར་འཕྲོ་དང་བཅས། །འབར་བར་དཀའ་ཞིང་ཅུང་ཟད་ལྡང་བ་དང༌། །མེ་ལྕེ་རྣམ་པར་ཆད་ཅིང་གཟི་བརྗིད་མེད། །རྩུབ་ཅིང་གནག་པ་བ་ལང་ཤ་ཡི་མདོག །མདུང་དང་ཞིབ་མ་ལྟ་བུ་ཉིད་དང་ནི། །དེ་བཞིན་བ་ལང་མགོ་བོ་ལྟ་བུ་དང༌། །མི་རེའི་དྲི་དང་དྲི་མི་ཞིམ་པ་དང༌། །བུང་བུའི་དྲི་དང་དེ་བཞིན་དྲི་ངན་དང༌། །སྦྱིན་སྲེག་བྱེད་པས་འབར་བས་གདུངས་པ་དང༌།


DTG062_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྕེ་རྣམ་པར་དགོད་ཅིང་གཡོ་བ་རྣམས། །དེ་ལྟར་བགེགས་དང་བཅས་པར་ཤེས་ནས་ནི། །སྔ་མ་བཞིན་དུ་བསང་གཏོར་བྱས་པས་ཞི། །རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་རྣམ་པར་སྦྱངས་ལ་བསྲུང་བར་བྱ། །དེ་ཉིད་ཀྱི་མཐའ་མར་གྱི་སྲེག་བླུགས་བདུན་དབུལ་བར་བྱའོ། །ཡང་རང་གི་གསང་སྔགས་ཀྱིས་བསངས་ལ། དགང་གཟར་དང༌། དགང་བླུགས་གསུམ་མམ་བདུན་ནམ་གཅིག་མེ་ལྷའི་རང་གི་སྔགས་ཀྱིས་ཕུལ་ལ་བླུགས་གཟར་ལ་སོགས་པས་མར་གྱི་སྲེག་བླུགས་གསུམ་མམ་བདུན་དབུལ་བར་བྱའོ། །འདིར་རིམ་པ་ནི། འབར་བའི་མེ་ལ་ཡམ་ཤིང་སྟེ། །དེ་ནས་མར་དང་དེ་འོག་ཏིལ། །དེ་ནས་འབྲས་ཆན་ལ་སོགས་པ། །ཆོག་འདི་ནི་མདོར་བསྡུས་པའོ། །དེ་ལ་ཞུ་བའི་རྫས་ཐམས་ཅད་ནི་ཞལ་དུའོ། །ཡམ་ཤིང་དང་ནི་མི་རུས་ཀྱི་ཕྱེ་མ་ལ་སོགས་པ་ནི་འོད་ཀྱི་དཀྱིལ་འཁོར་དུའོ། །ཞོ་དང་འབྲས་ཆན་དང་བཟའ་བ་དང༌། ཏིལ་ལ་སོགས་པ་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འོད་འཕྲོ་བ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མར་མེ་དང་མཆོད་ཡོན་ནི་མདུན་དུ་དབུལ་བར་བྱ་སྟེ། མཆོད་ཡོན་གྱི་ཆུ་ནི་སྣོད་དུ་བླུགས་པར་བྱའོ། །དེ་ནས་འཐོར་འཐུང་དང༌། བསང་གཏོར་བྱས་ལ་མེའི་ཐབ་ཁུང་དུ་འབར་བའི་རྣམ་པར་བསམ། རང་གི་གཟུགས་སུ་མེའི་ཕྱོགས་སུ་གཞག་པར་བྱའོ། །མེའི་དབང་དུ་བྱས་པའོ། །དེ་ནས་སྦྱིན་སྲེག་གི་ཡོ་བྱད་རྣམས། རྡོ་རྗེའི་རྩེ་མོས་སྔ་མ་བཞིན་དུ་བསངས་ལ། ཞི་བ་ལ་ནི་མེའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པ། ཞི་ཞིང་ན་བཟའ་དཀར་པོ་བསྣམས་ཤིང་རྒྱན་གྱིས་བརྒྱན་པའོ། །པདྨ་དཀར་པོ་ལ་བཞུགས་པའོ། །བཛྲ་དྷཱ་ཏུ་སྭཱ་ཧཱ། ཞེས་བྱ་བ་འདིས་བསམ་པར་བྱའོ། །དེ་བཞིན་དུ་རྒྱས་པ་ལ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་པོ། ན་བཟའ་དང་རྒྱན་སེར་བོ་མངའ་བ་དང་པདྨ་སེར་པོའི་གདན་ལ་བཞུགས་པ། དགྱེས་ཤིང་ཐུགས་རངས་པས་མཆོག་སྩོལ་བ། བཛྲ་རཏྣ་དྷཱ་ཏུ་ཨོཾ་ཞེས་བསམ་པར་བྱའོ། །


DTG062_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་མངོན་སྤྱོད་ལ་ནི་རྡོ་རྗེ་གནོད་སྦྱིན་སྐུ་མདོག་གནག་ཅིང་རྒྱན་དང་ན་བཟའ་ནག་པོ་མངའ་བ། ཁྲོས་པས་པདྨ་སྔོན་པོ་ལ་བཞུགས་པ། ཡི་གེ་ཧཱུཾ་ལས་བསམ་པར་བྱའོ། །དབང་དུ་བྱ་བ་ལ་ནི་རྡོ་རྗེ་ཆགས་པ་ཐམས་ཅད་དམར་པོ་ཡི་གེ་ཧོ་ལས་བསམ་པར་བྱའོ། །དེ་བཞིན་དུ་དགུག་པ་ལ་ནི་རྡོ་རྗེ་རྒྱལ་པོའི་ཡི་གེ་ཛཿ་ལས་བསམ་པར་བྱའོ། །ཡང་ན་ཐམས་ཅད་དུ་རང་གི་ལྷག་པའི་ལྷ་ཉིད་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ། །དེ་ནས་ཕྱི་རོལ་གྱི་བསྡུ་བ་དང༌། མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ལ། ཐབ་ལ་གནས་པའི་གཟུགས་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་དང༌། བགེགས་བསལ་ཞིང་བསྲུང་བ་དང༌། ཕྱོགས་བཅིང་བ་ལ་སོགས་པ་བྱས་ལ། མཆོད་ཡོན་དང་ཞབས་བསིལ་ཕུལ་ཏེ་ཕྱག་རྒྱ་བཞིས་རྒྱས་བཏབ་པ་དང༌། དབང་བསྐུར་བདག་ཇི་ལྟ་བ་བཞིན་དུ་རང་གི་རྒྱུད་ལས་གསུངས་པའི་ཆོ་གས་བྱའོ། །དེ་ནས་ཞི་བ་ལ་ནི་བཛྲ་གནྡྷེ་ཞེས་བྱ་བ་དང༌། དྲི་ཞིམ་པོ་དཀར་པོ་དང༌། བཛྲ་པུཥྤེ་ཞེས་བྱ་བ་དང༌། དཀར་ཞིང་དྲི་ཞིམ་པའི་མེ་ཏོག་དང༌། བཛྲ་དྷཱུ་པེ་ཞེས་བྱ་བ་དང༌། སྙིང་པོ་དཀར་པོའི་བདུག་སྤོས་དང༌། བཛྲ་དཱི་པེ་ཞེས་བྱ་བ་དང༌། བའི་མར་གྱི་མར་མེ་དང༌། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤྣྣ་ཏྭཱ་ཏ་ཅེས་བྱ་བ་དང༌། ཁ་ཟས་དཀར་གསུམ་མངོན་པར་བསྔགས་པ་དང༌། མཐར་རང་གི་སྔགས་ཀྱིས་ཀྱང་མཆོད་པར་བྱའོ། །རྒྱས་པ་ལ་སོགས་པ་ཡང་དེ་དག་ཉིད་ལས་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པའི་ཁ་དོག་དང་ལྡན་པའི་མཆོད་པ་རྣམ་པ་ལྔས་མཆོད་པར་བྱའོ། །དྲག་པོ་ལ་གནག་ཅིང་དྲི་མི་ཞིམ་པའི་དྲི་དང༌། བིལ་བ་དང་ཨརྐ་དང༌། རྒྱ་སྐྱེགས་ལ་སོགས་པའི་མེ་ཏོག་དང༌། སརྫ་ར་ས་ལ་སོགས་པའི་སྦོས་དང༌། མི་དང་ཉལ་སོགས་པའི་ཞག་གི་མར་མེ་དང༌། ཁ་བ་དང་ཚ་བ་ལ་སོགས་པའི་ཡིད་དུ་མི་འོང་བའི་བྱེ་བྲག་ཅན་རྣམས་དབུལ་བར་བྱའོ། །དེ་ནས་སྒེག་མོ་ལ་སོགས་པའི་མཆོད་པ་རྣམ་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ། མཆོད་ཡོན་དང་འཐོར་འཐུང་དང་བསང་གཏོར་དག་བྱས་ལ། ལྕེ་ལ་ཡི་གེ་ཧཱུཾ་རྣམ་པར་བཀོད་དེ། རང་གི་


DTG062_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་དགང་བླུགས་སྔ་མ་བཞིན་དུ་ཕུལ་ཏ། རྫས་ཐམས་ཅད་ལས་རེ་རེ་ཞིང་སྦྱིན་སྲེག་ལན་གསུམ་དབུལ་བར་བྱའོ། །ཞི་བ་ལ་ནི་དགང་གཟར་དང་བླུགས་གཟར་བྱང་ཆུབ་མཆོག་གིས་གཟུང་ངོ༌། །རྒྱས་པ་ལ་ནི་རིན་པོ་ཆེའི་ཁུ་ཚུར་གྱིས་སོ། །མངོན་སྤྱོད་ལ་ནི་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སོ། །དབང་དུ་བྱ་བ་དང་དགུག་པ་ལ་ནི་པདྨའི་ཁུ་ཚུར་གྱིས་སོ། །གཞན་དག་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཞི་བ་ལ་ནི་རང་གི་སྔགས་ཀྱི་མཐར་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་སོ། །དེ་བཞིན་དུ་རྒྱས་པ་ལ་མཐའ་མར་ཨོཾ་དང་སྦྱར་རོ། །མངོན་སྤྱོད་ལ་ནི་མཐའ་མར་ཕཊ་དོ། །དབང་དུ་བྱ་བའི་མཐའ་མར་ཡི་གེ་ཧོཿའོ། །དགུག་པ་ལ་ནི་མཐའ་མར་ཡི་གེ་ཛཿ་སྟེ། བསྐུལ་བའི་ཚིག་དང་ལྡན་པར་བརྗོད་ལ། སྦྱིན་སྲེག་བརྒྱའམ་སྟོང་ངམ་དཔག་ཏུ་མེད་པ་བྱའོ། །ཐམས་ཅད་དུའམ། དེ་བཞིན་དུ་ཞི་བའི་ཐབ་ལ་ནི་ཏིལ་གྱིས་སྦྱིན་སྲེག་དང་ཞི་བའི་སྔགས་ཨོཾ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བྱའོ། །དེ་བཞིན་དུ་རྒྱས་པའི་ཆོག་ལ་ནི་འབྲས་ཀྱི་སྦྱིན་སྲེག་དང༌། རྒྱས་པའི་སྔགས་ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཞེས་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་པའི་ཐབ་ཁུང་དུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བསམས་ལ། ཚེ་འཕེལ་བར་བྱ་བའི་ཕྱིར། དཱུར་བའི་མྱུ་གུ་མར་ལ་སྦགས་པའི་སྦྱིན་སྲེག་སྔགས་འདིས་བྱ་སྟེ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དེ་ཉིད་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དེ་བཞིན་དུ་བསམས་ལ། བསྲུང་བ་བྱ་བའི་ཕྱིར་ཏིལ་མར་ལས་བཏགས་པ་ཀུ་ཤའི་མྱུ་གུའི་སྦྱིན་སྲེག་སྔགས་འདིས་བྱ་སྟེ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བ་བརྗོད་ལ་སྦྱིན་སྲེག་བརྒྱའམ་སྟོང་ངམ་དཔག་ཏུ་མེད་པ་བྱ་སྟེ། འདི་ལྟར་ཐམས་ཅད་དུ་ཡང་རང་གི་བསྐུལ་བའི་ཚིག་ཇི་ལྟ་བ་དང༌། རང་དང་གཞན་གྱི་རྟོག་པའི་ཆོག་ཇི་ལྟ་བས་སྦྱིན་སྲེག་བྱས་ལ། མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་མུཥྚི་བཾ། ཞེས་བྱ་བ་དང༌། རིགས་ཀྱི་སྙིང་པོ་ལན་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་གི་བར་དུ་མར་གྱི་སྦྱིན་སྲེག་གིས་གཟི་བྱིན་བསྐྱེད་པར་བྱའོ། །དེ་ནས་ཐ་མར་རིགས་ཀྱི་བདག་པོ་བཟླས་པའི་དགང་བླུགས་དང་མཆོད་ཡོན་དབུལ་བར་བྱའོ། །དེ་


DTG062_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨོཾ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སྙིང་པོའོ། །ཡང་ཧཱུཾ་ཧྲཱིཿ་ཏྲཱཾ་ཨ་ཞེས་བྱ་བ་ནི་ལྷག་མ་རྣམས་ཀྱིའོ། །དེ་ནས་བསང་གཏོར་དང་འཐོར་འཐུང་ལན་གསུམ་ཕུལ་ལ། མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་དེ། མཆོད་པ་ཐམས་ཅད་ཀྱིས་སྔ་མ་བཞིན་དུ་ཡང་དག་པར་ལེགས་པར་མཆོད་ནས་མཆོད་ཡོན་ཕུལ་ཏེ། ཡང་དག་པར་བཟླས་ལ་ཡི་གེ་བརྒྱ་པ་བརྗོད་ནས། ཨོཾ་ཁྱེད་ཀྱིས་འགྲོ་བའི་དོན་ཀུན་མཛད། །ཅེས་བྱ་བ་ལ་སོགས་པས་བསྐུལ་ལ། རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། གྱེན་དུ་བཀྲོལ་ཏེ་རང་གི་སྔགས་ཐ་མ་ཡི་གེ་མུཿ་དང་བཅས་པར་བརྗོད་པར་བྱའོ། །ལྷའི་དབང་དུ་བྱས་པའོ། །དེ་ནས་མེ་ལྷ་ཐབ་ཏུ་བསམས་ལ་ཡང་ལེགས་པར་མཆོད་ཅིང་བསང་གཏོར་དང་འཐོར་འཐུང་བྱ་སྟེ། སྦྱིན་སྲེག་གི་ཡོ་བྱད་ལྷག་མ་རྣམས་ཕུལ་ལ་ཐ་མར་དགང་བླུགས་དང་འཐོར་འཐུང་ཇི་ལྟ་བ་བཞིན་དུ་ཕུལ་ཏེ། བསངས་ལ་མཆོད་ཅིང་མཆོད་ཡོན་ཕུལ་ནས་མངོན་པར་འདོད་པའི་དངོས་གྲུབ་གསོལ་བ་བཏབ་ལ། བཛྲ་སཏྭ་ཞེས་སྔ་མ་བཞིན་དུ་ཟློས་ཤིང་ཕྱག་རྒྱ་དགྲོལ་བ་ལ་སོགས་པ་བྱས་ནས། སྔ་མ་བཞིན་དུ་གཤེགས་སུ་གསོལ་ཏེ། ཨོཾ་ཧཱུཾ་མུཿ་ཞེས་བརྗོད་ལ། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། གྱེན་དུ་བཀྲོལ་ལ་གཤེགས་སུ་གསོལ་ལོ། །དེ་ལྟར་ཉིན་རེ་ཞིང་རྟག་ཏུ་ཐུན་གསུམ་མམ། ཐུན་བཞིར་བྱ་བའམ། ཇི་སྲིད་རང་དང་གཞན་ཞི་བ་ལ་སོགས་པར་གྱུར་གྱི་བར་དུ་བྱའོ། །འདིར་གསུངས་པ། ན་བའི་དོན་དུ་ཞི་བ་བྱ། །འབྱོར་བའི་དོན་དུ་རྒྱས་པ་བྱ། །གདུག་པ་ཀུན་ལ་གསོད་པ་སྟེ། །དབང་ལ་སོགས་པ་ཕན་ཕྱིར་རོ། །ཐབ་དང་དགང་གཟར་བླུགས་གཟར་རྫས། །ཤིང་དང་བསྒྲུབ་པའི་རྫས་རྣམས་དང༌། །རྫས་བསང་དགོད་དང་མེ་སྦྱངས་དང༌། །བསང་གཏོར་དང་ནི་སྦར་བ་དང༌། །ཀུ་ཤ་དགྲམ་དང་གནས་པདྨ། །མེ་བསྐྱེད་སྤྱན་དྲངས་ལ་སོགས་དང༌། །བསྲུང་བསྐྲད་བཅིངས་དང་མཆོད་ཡོན་དང༌། །ཞབས་བསིལ་བསྒྲུབ་པ་དབང་བསྐུར་དང༌། །དམ་ཚིག་བསྒོ་དང་མཆོད་ཡོན་མཆོད། །བསང་གཏོར་འཐོར་འཐུང་སྲེག་བླུགས་དང༌། །མེ་བརྟགས་བསང་དང་དགང་


DTG062_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བླུགས་དང༌། །ཀུན་བསྲེགས་བསང་དང་བཟོད་གསོལ་དང༌། །ཐབ་དང་མེ་ལྷ་དགོད་པ་དང༌། །བསྡུ་དང་བསྟོད་དང་དགུག་པ་དང༌། །བགེགས་བསལ་བསྲུང་དང་ཕྱོགས་བཅིངས་དང༌། །སྔོན་བཞིན་ཕྱག་རྒྱས་དབང་བསྐུར་ལ། །མཆོད་དང་མཆོད་ཡོན་འཐོར་འཐུང་བསང༌། །དགང་བླུགས་ཅིག་ཤོས་ལས་བསྒྲུབ་དང༌། །ལྷ་རྣམས་གཟི་བྱིན་བསྐྱེད་པ་དང༌། །མེ་ལྷ་དགང་བླུགས་མཆོད་ཡོན་བཅས། །བསང་གཏོར་འཐོར་འཐུང་མཆོད་པ་དང༌། །གཤེགས་སུ་གསོལ་བར་བྱ་བའོ། །བསྡུས་པའི་ཚིགས་སུ་བཅད་པའོ། །སྦྱིན་སྲེག་ཆོག་རྫོགས་བ་དང༌། །མདོར་བསྡུས་པ་ཡི་རིམ་ལྡན་པ། །རབ་འབྱོར་བསྐྱངས་ཀྱིས་འདི་ཉིད་ནི། །རྣལ་འབྱོར་རྒྱུད་ལ་དྲིས་པ་ཡིན། །སྦྱིན་སྲེག་གི་ཆོག་སློབ་དཔོན་རབ་འབྱོར་བསྐྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousསྦྱིན་སྲེག་གི་ཆོ་ག།རབ་འབྱོར་བསྐྱངས།next