Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
རབ་ཏུ་གནས་པའི་ཆོ་ག་རབ་གནས་ཀྱི་རྒྱལ་པོ། 
   
   
   


 
previousརབ་ཏུ་གནས་པའི་ཆོ་ག་རབ་གནས་ཀྱི་རྒྱལ་པོ།next

རབ་ཏུ་གནས་པའི་ཆོ་ག་རབ་གནས་ཀྱི་རྒྱལ་པོ།


DTG062_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གནས་པའི་ཆོ་ག་རབ་གནས་ཀྱི་རྒྱལ་པོ་བཞུགས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །རྒྱུད་རྣམས་ཐམས་ཅད་ལས་བསྡུས་ཏེ།། རབ་གནས་ཆོ་ག་བཤད་པར་བྱ། །དེ་ལ་དང་པོར་རེ་ཞིག་རྣལ་འབྱོར་པ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པ། རིག་པའི་སྡོམ་པ་གཟུང་བ། གསང་བའི་མཆོད་བའི་བྱ་བ་ཤེས་པ། དཔའ་ལ་བརྟན་པ་སྤྲོ་བ་ཆེ་བ། དུལ་བ་ཕྲིན་ལས་རྣམ་པ་བཞིའི་སྤྱོད་བ་དང་ལྡན་པ། གསང་བའི་ཡེ་ཤེས་བསླབས་པ། ཕྱག་རྒྱ་བཞི་བསྒོམ་པར་མོས་པའི་རྣལ་འབྱོར་པ་དང༌། སྒྲུབ་པའི་གྲོགས་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ། གསང་བའི་ཆོ་གའི་བྱ་བ་ཤེས་པ། གཙང་མ། གསང་བའི་བྱ་བ་ལ་མཁས་པ། བློ་དང་ལྡན་པ་དང༌། སྙིང་སྟོབས་དང་


DTG062_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་རྣལ་འབྱོར་པས། གྲོང་ཁྱེར་རམ་གྲོང་རྡལ་ལམ། ནགས་ཚལ་ལམ། ལྗོངས་སམ། ཀུན་དགའ་ར་བའམ། གཙུག་ལག་ཁང་དུ་ལུགས་སུ་བླུགས་པའམ། འབུར་དུ་བརྐོས་པའམ། རི་མོར་བྲིས་པ་ཞི་བའམ། དབང་ངམ་རྒྱས་པའམ། མངོན་སྤྱོད་ལ་སོགས་པའི་སྐུ་རབ་ཏུ་གནས་པ་བྱེད་པར་འདོད་ན། དཀྱིལ་འཁོར་གྱིས་གཞིའི་ཉེ་འཁོར་དུ་དྲིས་ཉེ་བར་བྱུགས་ནས་དཀོན་མཆོག་གསུམ་དང༌། རབ་ཏུ་གནས་པར་བྱེད་པའི་ལྷ་དང༌། རྡོ་རྗེ་སློབ་དཔོན་ལ་དམིགས་ཏེ། མཎྜལ་ལྔ་བྱས་ནས་མཆོད་པ་ལྔ་བཤམས་ནས་སྟོད་གཡོགས་དང་སྨད་གཡོགས་བགོས་ནས་ཅོད་པན་དང་རྒྱན་བཏགས་ཏེ། ཕྲེང་པ་དང་དག་བྱེད་དང་ལྡན་པས། སྐར་མ་རྒྱལ་དང་གཟའ་ཕུར་བུའི་ཉིན་པར་ཁྲུས་བྱས་ཤིང་ཟས་དཀར་གསུམ་ཟོས་པ། གདུགས་དང་རྒྱལ་མཚན་དང་བ་དན་དང་དྲིལ་བུ་རྣམས་བྲིས་ཏེ། གུ་གུལ་གྱི་དུད་པས་བདུགས་པ་དང༌། ཡུངས་ཀར་གྱིས་བགེགས་བཟློག་ནས་བསྙེན་པ་དང༌། དེ་ལ་རེ་ཞིག་རྣམ་པར་རྟོག་པ་ཤས་ཆུང་ན། སྟོང་པ་ཉིད་ཀྱིས་ཁྲུས་བྱ་བ། ལྕེ་བྱིན་གྱིས་བརླབ་པ་དང༌། ལག་པ་བྱིན་གྱིས་བརླབ་པ་དང༌། ཁྲོ་བོ་བཞིའི་ལུས་བསྐྱེད་པ་དང༌། ཁྲོ་བོ་གསུམ་གྱིས་བགེགས་བསལ་བ་དང༌། ཁྲོ་བོ་དྲུག་གིས་ཕྱོགས་བཅིང་བ་དང༌། ཁྲོ་བོ་གསུམ་གྱིས་ར་བ་དང་དྲ་བ་བྱས་ལ། མཆོད་པ་བྱིན་གྱིས་བརླབས་ནས། རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་སྤྲུལ་ལ། མཆོད་པ་དང་ཕྱག་བཙལ་བ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང༌། མཆོད་པའི་སྤྲིན་དང་ལུས་དབུལ་བ་དང༌། དགེ་བའི་རྩ་བ་བསྔོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྡོམ་པ་གཟུང་བ་དང༌། གཟུགས་བརྙན་གྱི་ལྷར་བསྐྱེད་ནས་མཉམ་པའི་ཐལ་མོ་དང༌། རྡོ་རྗེ་ཐལ་མོ་དང༌། རྡོ་རྗེ་བསྡམས་པ་དང༌། བསྡམས་པ་དྲལ་བ་དང༌། ཡེ་ཤེས་དབབ་པ་དང༌། དབབ་པ་ཉེ་བར་བསྡུ་བ་དང༌། ངན་སོང་དགུག་ཅིང་སྡིག་པ་དྲལ་བ་དང༌། དཀྱིལ་འཁོར་སྙིང་གར་བསྡུ་བ་དང༌།


DTG062_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བྱང་ཆུབ་ལྔས་ལྷར་བསྐྱེད་ལ། བྱིན་གྱིས་བརླབ་པ་དང༌། ཏིང་ངེ་འཛིན་གྱི་བསྒོམ་པ་དང༌། སྙིང་གར་དབང་བསྐུར་བ་དང༌། ཕྲིན་ལས་ཀྱི་རྡོ་རྗེའི་བརྟུལ་ཞུགས་བླང་བ་དང༌། རྣལ་འབྱོར་ཆེན་པོ་བསྐྱེད་པ་དང༌། རྗེས་སུ་རྣལ་འབྱོར་དེ་བཞིན་གཤེགས་པའི་ཁམས་གཞུག་པ་དང༌། བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། མཆོད་པ་དང་བསྟོད་པ་བྱས་ལ། བདག་ཉིད་ཐབས་ཀྱི་འཁོར་ལོ་རྫོགས་པར་བྱས་ལ། ཡེ་ཤེས་ཀྱིས་སྦྱོང་བ་སྟོང་པ་ཉིད་བསྒོམས་པ་དང༌། རྡོ་རྗེའི་ས་སྦྱང་བ་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང། འཆི་བའི་སྲིད་པ་རི་རབ་ཀྱི་རྩེ་མོར་ལུས་གཞག་པ་དང༌། སྲིད་པ་བར་མ་དོ་བསམ་གཏན་གཟུགས་མེད་པ་བསྒོམ་པ་དང༌། སྐྱེ་བའི་རྣལ་འབྱོར་བྱང་ཆུབ་སེམས་དཔའ་དོན་གྲུབ་ཏུ་བསྐྱེད་པ་དང༌། མི་གཡོ་བའི་ཏིང་ངེ་འཛིན་ལས་བསླངས་ནས་དང་བོའི་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་དང༌། ལས་རྒྱལ་མཆོག་བསྒོམས་ལ། ཡེ་ཤེས་སེམས་དཔའ་ཞུགས་པའི་ལས་བརྒྱད་ཀྱི་ཡེ་ཤེས་སེམས་དཔའ་བཅུག་ལ། རྒྱས་བཏབ་ནས་དབང་བསྐུར་བ་དང༌། མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །དེ་ལྟར་མཚན་མ་མ་ཐོབ་ཀྱི་བར་དུ་བསྒོམ་པའམ། གཙོ་བོ་ལ་འབུམ་དང༌། འཁོར་རྣམས་ལ་ཁྲི་ཁྲི་བཟླས་པ་དབུལ་བ་དང༌། རྒྱུ་ཕྱི་མའི་ཕྱི་མ་བཞིན་དུ། ཟླ་བ་བཞིའམ་ཟླ་བ་དྲུག་ཏུ་བསྙེན་པ་བྱའོ། །དེ་ལྟར་བསྙེན་པ་བྱས་ནས་ས་སྦྱང་བའམ། མ་སྦྱངས་པའི་གནས་སའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ཏེ། ལྷག་པར་གནས་པར་བྱའོ། །དེ་ལ་མཆོད་པ་བཤམ་པ་དང༌། རྫས་བསགས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་གདོང་དྲི་ཞིམ་པར་བྱས་ལ། མེ་ཏོག་གི་ཕྲེང་བ་བཏགས་ཏེ། རྒྱུ་སྐར་རྒྱལ་གྱི་ཞག་དང་གཟའ་ཕུར་བུ་ལ་སྲུང་བའི་འཁོར་ལོ་རྟེན་དང་བཅས་པ་དང༌། ཚོགས་སོགས་པའི་དམིགས་པའི་ཡུལ་དང་བཅས་པ་དང༌། ཚོགས་ཀྱི་ལམ་དངོས་སེམས་བསྐྱེད་པ་དང་བཅས་པ་དང༌། རྡོ་རྗེ་དབབ་པ་ཆོ་ག་བཞིན་དུ་བྱ་བ་དང༌། ཕྱག་རྒྱ་ཆེན་པོ་ཆོ་ག་བཞིན་དུ་བཅིང་བ་དང༌། མདུན་དུ་སེམས་དཔའ་ཆོ་ག་བཞིན་དུ་བསྐྱེད་དེ་བདག་ཉིད་རྫོགས་


DTG062_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས། འབྱུང་བ་རི་རབ་དང་བཅས་པ་བསྐྱེད་པའི་སྟེང་དུ་སའི་ལྷ་མོ་སྤྱན་དྲངས་ལ། ཆོ་ག་བཞིན་དུ་དེ་ནས་དཔང་དུ་གསོལ་ཏེ་ཇི་ལྟར་བཞིན་དུ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་ནས། འོག་མིན་དུ་དོན་གྲུབ་ཀྱི་གཟུགས་སུ་སྐྱེས་པར་བསམས་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །དེ་ནས་དང་པོར་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་བསྒོམས་ལ། བསོད་ནམས་ཀྱི་ཚོགས་སོགས་པའི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ནས། སྒྲུབ་པའི་གྲོགས་ཀྱིས་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་བཏབ་ལ། བདག་ཉིད་འཁོར་ལོས་སྒྱུར་བའི་ཆེད་དུ་བརྗོད་པར་བྱ་སྟེ། དཀྱིལ་འཁོར་ནམ་མཁའ་ལ་ཁྲོ་བོའི་བསྟོད་པ་དང༌། བགེགས་ལ་བཀའ་བསྒོ་བ་བྱས་ནས། རྡོ་རྗེའི་ལྟ་བས་རབ་དང༌། དྲ་བ་བྱས་ནས། སྟང་སྟབས་ཀྱིས་བགེགས་བསལ་བ་དང༌། སྔགས་དང་ཕྱག་རྒྱས་སྲུང་བའི་འཁོར་ལོ་བྱས་ལ། གསང་བའི་དཀྱིལ་འཁོར་བཀུག་ནས། དེའི་ཡན་ལག་ཕུར་བུ་ཇི་ལྟ་བ་བཞིན་དུ་བཏབ་ནས། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་ལ་དྲིའི་ཐིག་ལེ་དང་མེ་ཏོག་ཚོམ་བུ་བཀོད་ལ། ལྷ་ལྷག་པར་གནས་པར་བྱའོ། །དེ་ནས་བུམ་པ་ལྷག་པར་གནས་པ་དང༌། སྦྱིན་སྲེག་ལྷག་པར་གནས་པ་དང༌། གཏོར་མ་ལྷག་པར་གནས་པ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་ཤིང་བུ་གྲུ་གསུམ་གྱི་ནང་དུ་ཁམ་ཕོར་བཞག་ནས། དེར་མེ་བླུགས་ལ་ཟུར་གསུམ་དུ་བག་ཟན་གྱིས་ཀོང་བུ་གསུམ་བྱས་ཏེ། དེར་མེ་མར་བཏང་ནས་བག་ཟན་གྱི་ཆང་པ་གསུམ་བྱས་ནས། རྡོ་རྗེ་གཙུག་ཏོར་གྱི་སྔགས་སམ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས་ཡུངས་ཀར་གྱིས་བགེགས་བཟློག་པར་བྱའོ། །སྐུ་གཟུགས་སམ་གླེགས་བམ་ལ་སོགས་པ་རབ་གནས་གང་བྱེད་པ་དེ་རས་ཀྱིས་གཡོགས་ལ། ཧཱུཾ་བྷྲཱུཾ་ཧྲཱིཿགྶུམ་གྱིས་བསྲུངས་ནས་གཞག་པར་བྱའོ། །དེ་ནས་སྙན་གསན་དབབ་པར་བྱ་སྟེ། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །དགའ་ལྡན་དུ་ནི་བཞུགས་པ་ན། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་


DTG062_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཤིག །འདི་རུ་མགོན་པོ་བརྟན་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །ཆེ་གེ་མོ་ཡི་དོན་སླད་དུ། །བདག་ནི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡིས་མཆོད་པ་རྣམས། མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། རྗེས་སུ་བརྩེ་བར་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབ་ཅིང༌། །དེ་ཉིད་དུ་ནི་བཞུགས་པར་རིགས། །དེ་ནས་ཉིད་མ་ཤར་བ་ན་དཀྱིལ་འཁོར་གྱི་ཐིག་བཏབ་ལ། ཚོན་དགྱེ་ཞིང་ལྷ་དགོད་པའི་དཀྱིལ་འཁོར་གྱི་ཆོ་ག་ལས་བཤད་པ་བཞིན་བྱས་ལ། རྫས་བསགས་ནས་དཀྱིལ་འཁོར་གྱི་མཐར་བཀྲམ་སྟེ། ལྷག་པ་དང་མ་ཚང་བ་བསྐང་ལ། བུམ་པ་གཞུག་པར་བྱའོ། །དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་ཁྲུས་ཀྱི་ཁང་བ་ཡིད་དུ་འོང་བ། ཤེལ་གྱི་ས་གཞི་ལ་རིན་པོ་ཆེའི་ཀ་བས་བརྒྱན་བ། མུ་ཏིག་དང་རིན་པོ་ཆེས་སྤྲས་པ་བརྩིགས་པའམ་བྲིས་ལ། རབ་ཏུ་གནས་པ་བྱེད་པར་འདོད་པས། ཐོག་མར་ཁྲུས་ཀྱི་ཁང་པ་དེར་ལྷ་སྤྱན་དྲངས་ལ། ཁྲིའི་སྟེང་དུ་གཞག་བའམ། རས་རིས་པུ་སྟི་ལ་སོགས་པ་ཡིན་ན་མདུན་དུ་བཞག་ལ། མེ་ལོང་བསྟན་ལ་བུམ་པ་རྣམས་ཀྱིས་སྐུ་ཁྲུས་གསོལ་བ་བསྟོད་དབྱངས་དང་བཅས་པ་བྱ་སྟེ། དེ་ལ་བསྟོད་དབྱངས་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོམ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ནས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི། ལྷ་ཡི་སྐུ་ལ་གནས་གསུམ་དུ། ཡི་གེ་ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ། གསེར་དངུལ་ལམ་ཟངས་ལས་བྱས་པ་བུ་མ་པ་ལྟོ་བ་ཡངས་པ་མགྲིན་པ་རིང་བ་མཆུ་འཕྱད་བ། སྨན་དང་འབྲུ་དང་རིན་པོ་ཆེ་ལྔ་དང་ལྡན་པ། རས་སར་པས་མགུལ་པ་བཅིངས་པ། ལྡུ་བཅས་ལྕུག་མས་ཁ་བརྒྱན་ལ། སྔར་བསྙེན་པ་བྱས་པའི་དྲིའི་ཆུས་གང་སློབ་དཔོན་གྱིས་ཡོངས་སུ་བཟུང་ནས། མེ་ལོང་དྲིའི་ཐིག་ལེ་ལྔ་དང༌། ཏིལ་མར་ཐིགས་པ་ལྔ་དང༌། མེ་ཏོག་གི་ཚོམ་བུ་ལྔ་དང༌། འདག་ཆལ་དང་བཅས་པའི་བིར་གྱིས་བྱངས་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་བ་དང༌། རྫ་རྡོ་ལ་སོགས་པ་རོལ་མོའི་སྒྲ་དང་བཅས་


DTG062_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། བས་སྐུ་ཁྲུས་གསོལ་བར་བྱའོ། །དེ་ལ་ཏིལ་མར་གྱི་སྔགས་ནི། ཨོཾ་སརྦྦ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། དྲིའི་སྔགས་ནི། གནྡྷ་མལ་ཡ་སྭཱ་ཧཱ། དཱུར་བའི་པིར་གྱི་སྔགས་ནི། ཨོཾ་མ་ལཱ་སམ་ཤོ་དྷ་ནེ་སྭཱ་ཧཱ། དེ་ནས་སྐུ་ཁྲུས་གསོལ་བའི་བསྟོད་དབྱངས་ནི། །གཟུགས་ཀྱི་ཕུང་པོ་རྣམ་དག་པ། །ཉོན་མོངས་གཏི་མུག་སྦྱོང་བྱེད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་ཁྲུས་གསོལ་ལོ། །ཚོར་བའི་ཕུང་བོ་རྣམ་དག་པ། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །འདུ་ཤེས་ཕུང་བོ་རྣམ་དག་པ། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །འདུ་བྱེད་ཕུང་པོ་རྣམ་དག་པ། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །རྣམ་ཤེས་ཕུང་པོ་རྣམ་དག་པ། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས། །ལྷ་མཛེས་ལྷུམས་ནས་བལྟམས་ལ་ཁྲུས་གསོལ་ལྟར། །སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བཅས། །སྤྲུལ་སྐུ་ཡིད་འོང་རྣམ་ལ་ཁྲུས་གསོལ་ལོ། །ཞེས་བྱ་བ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ན་སུ་པྲ་ཏིཥྛ་སྭཱ་ཧཱ། ཞེས་བྱབས་སྲན་ཕྱེ་དང༌། བག་ཕྱེའི་ཆལ་དང༌། ཡུང་བ་དང༌། འབྲས་ཡོས་དང༌། ཏིལ་མར་དང༌། སྦྲང་རྩི་དང༌། འོ་མ་དང༌། གནྡྷ་བྷ་དྲ་དང་བཅས་པ་སྐུ་གཟུགས་ཉིད་དམ། མེ་ལོང་གི་སྟེང་དུ་བཏབ་ལ། ཙནད་དང་ག་བུར་གྱི་དྲིའི་ཐིག་ལེ་བྱས་ལ། མེ་ཏོག་དང་བཅས་པ་ལ་ཀུ་ཤའི་པིར་གྱིས་བཀྲུ་བར་བྱའོ། །དེ་ལྟར་སྐུ་ལ་སོགས་པ་ལན་གསུམ་མ་མ་ལྔ་ལྡར་བཀྲུས་ནས། གོས་གཙང་མའི་དྲིས་བསྒོས་པས་སྐུ་ཕྱིས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་ལ་ནི། །བླ་གོས་དང་སྣམ་སྦྱར་གསོལ་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་གོས་སྣ་ཚོགས་པ་དང༌། ཁྲོ་བོ་རྣམས་ལ་ནི་གོས་སྔོན་པོ་དང༌། དམར་པོ་དབུལ་ཞིང་བཀྲ་ཤིས་ཀྱི་ཚིགས་


DTG062_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པ་གདོན་པར་བྱའོ། །དེ་ལ་སྣམ་སྦྱར་གསོལ་བའི་སྔགས་ནི། ཨོཾ་དཱི་པ་བྲ་བ་ཡེ་སྭཱ་ཧཱ། དེ་ལ་དྲི་དབུལ་བའི་སྔགས་ནི། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། དེ་ལ་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་རྒྱན་དབུལ་བའི་སྔགས་ནི། ཨོཾ་ཨཱ་བ་ར་ཎ་བི་བྷུ་ཥ་ནེ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་ཆེན་པོ་སྤྱན་དྲངས་ལ་གཙུག་ལག་ཁང་ཡིན་ན་མདུན་ནམ་ཕྱོགས་སུ་མ་ཡོ་ཞིང་དྲང་བར་སྐུ་གཟུགས་མཛེས་པར་བཀོད་ལ། དཀྱིལ་འཁོར་གྱི་ལྷ་རྣམས་གཙོ་བོ་དང་བཅས་པ་མདུན་དེར་བསྟན་ལ་དཀྱིལ་འཁོར་བསྒྲུབས་ནས་བདག་དང་གཙོ་བོ་དང་ཐ་མི་དད་པར་བསྒོམས་ལ་པཱུ་ཛ་བྱའོ། །དེ་ལྟར་བདག་ཉིད་ཀྱི་དཀྱིལ་འཁོར། པཱུ་ཛ་རྫོགས་པའི་རྗེས་ལ་རབ་གནས་ཀྱི་ལྷ་ལ་པཱུ་ཛ་ལྔ་ཕུལ་ནས་དམ་ཚིག་སེམས་དཔའ་ཡི་གེ་ཧཱུཾ་གྱིས་བསལ་བར་བྱས་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་རྒྱུད་ལས་འབྱུང་བའི་ཕྱག་རྒྱ་བཞིས་རྒྱས་བཏབ་ལ་དབང་བསྐུར་ནས་དངོས་སུ་འབྱོར་པའི་པཱུ་ཛ་ལྔ་དང༌། ཡིད་ཀྱིས་སྤྲུལ་བ་བརྒྱད་དང༌། རིག་མ་བཅུ་དྲུག་གིས་མཆོད་པར་བྱའོ། །དེ་ལ་མེ་ཏོག་དབུལ་བའི་ཚིགས་སུ་བཅད་པ་ནི། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་མཆོག་འདི་དག །མཆོག་ཏུ་དད་པས་འབུལ་ལགས་ན། །ཁྱོད་ཀྱིས་ཅི་བདེར་བཞེས་སུ་གསོལ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བྱུང་བའི། །ལྷ་རྫས་དམ་པའི་བདུག་པ་འདི། །མཆོག་ཏུ་དད་པས་འབུལ་ལགས་ན། །ཁྱེད་ཀྱིས་ཅི་བདེར་བཞེས་སུ་གསོལ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བྱུང་བའི། །ལྷ་དང་མི་ཡི་དྲི་མཆོག་འདི། །མཆོག་ཏུ་དང་བས་འབུལ་ལགས་ན། །ཅི་བདེར་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། བཟའ་དང་བཅའ་བ་ཕུན་ཚོགས་པའི། །ཁ་དོག་དྲི་དང་རོ་ལྡན་པའི། །ཐམས་ཅད་འབྱོར་བའི་ཞལ་ཟས་འདི། །བདག་གིས་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུཾ། སྒེག་མོ་ལ་སོགས་པའི་ཚིགས་སུ་བཅད་པ་ནི། །རྡོ་རྗེ་སེམས་དཔའ་བསྡུས་པ་ན། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། །རྡོ་རྗེ་ལས་རྣམས་བྱེད་པར་ཤོག །ཅེས་བརྗོད་ཅིང༌། བཛྲ་སཏྭ་སུ་སམ་གྲ་ཧ་ཏ། ཅེས་པ་ལ་སོགས་པ་གླུ་བླང་བར་བྱའོ། །རྡོ་རྗེ་


DTG062_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱི་ལས་ཀྱི་དཀྱིལ་འཁོར་ནས་བྱུང་བའི་རིག་མ་བཅུ་དྲུག་གི་ཕྱག་རྒྱ་དང་བཅས་པས་ཀྱང་མཆོད་བར་བྱའོ། །དེ་ནས་གཟུགས་རིན་ཆེན་སྣ་བདུན་དང༌། དཔག་བསམ་གྱི་ཤིང་དང༌། བུམ་པ་བཟང་པོ་དང༌། འདོད་འཇོའི་བ་དང༌། བཀྲ་ཤིས་ཀྱི་རྫས་བརྒྱད་དང། སྒྲ་རོལ་མོ་ཆ་བྱད་བཅུ་དང༌། དྲིའི་སྣོད་བརྒྱའམ་སྟོང་ངམ། རོའི་སྣོད་བརྒྱའམ་སྟོང་ངམ། རེག་བྱ་རས་ཟུང་བརྒྱའམ་སྟོང་ངམ། ཐ་མ་ཡང་སྤྱིར་ཟུང་གཅིག་དབུལ་ལོ། །དེ་ལྟར་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཆོད་ལ། སྦྱིན་སྲེག་དང་གཏོར་མ་བྱས་ལ། ཉིན་མོ་ཉལ་ནས། ཕྱི་དེ་ནང་པར་ཉི་མ་ཤར་ཀར་སྤྱན་དབྱེ་བར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བགྱི། །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོདྷ་ནི་སྭཱཧཱ། ཞེས་བྱ་བས་གསེར་ལ་སོགས་པའི་ཐུར་མས་སྤྱན་དབྱེ་བར་བྱའོ། །དེ་ནས་སྙན་དབྱེ་བར་བྱ་སྟེ། གསེར་ལ་སོགས་པའི་རྣ་འབྲུ་ཐོགས་ལ། འགྲོ་རྣམས་ཐོས་པས་ཕོངས་གྱུར་བ། །རྒྱལ་བས་ཆོས་ཀྱི་རྔ་བརྡུངས་ལྟར། །དེ་བཞིན་སེམས་ཅན་དོན་གྱི་ཕྱིར། །རྒྱལ་བའི་སྙན་ནི་དབྱེ་བར་བགྱི། །ཨོཾ་དཱི་བྱ་ཀརྞ་ཡེ་སྭཱ་ཧཱ། དེ་ནས་ཤངས་དབྱེ་བར་བྱ་སྟེ། གསེར་ལ་སོགས་པའི་སྨད་ཚེར་ཐོགས་ཏེ། ཟག་བཅས་ཕུང་པོ་དྲི་སྤངས་པའི། །འགྲོ་བའི་སེམས་ཅན་དོན་བགྱིད་ཕྱིར། །རྣམ་པར་དག་པ་དྲི་བརྙེས་ལྟར། །རྒྱལ་བའི་ཤངས་ནི་དབྱེ་བར་བྱ། །དཱི་བྱ་གྷ་ཎ་ཡེ་སྭཱ་ཧཱ། དེ་ནས་ཐུར་མ་ཐོགས་ལ་ཞལ་དབྱེ་བར་བྱ་སྟེ། འགྲོ་བ་ཐམས་ཅད་ཚིམ་མཛད་ལྟར། །རོ་མཆོག་བརྒྱ་ལྡན་ཞལ་ཟས་དམ་པ་འདི། །དབུལ་ཞིང་ཞི་བའི་ཞལ་ནི་དབྱེ་བར་བྱ། །ཨོཾ་དི་བྱ་མོ་ཁ་ཡེ་སྭཱ་ཧཱ། དེ་ནས་སྤུ་གྲི་ཐོགས་ལ། རབ་ཏུ་བྱུང་བའི་གཟུགས་ཡིན་ན། །སྐྲ་བཞར་བ་ལྟར་བྱས་ཏེ། ཇི་ལྟར་རང་བྱུང་མཆོད་རྟེན་དྲུང༌། །སྟོན་པས་ཁྱིམ་པའི་རྟགས་སྤངས་ལྟར། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཁྱིམ་པའི་རྟགས་རྣམས་སྤང་བར་བྱ། །སྣམ་སྦྱར་དང༌། ཤམ་ཐབས་དང༌། བླ་གོས་གསོལ་ནས། ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས། །རྒྱལ་བའི་སྐུ་


DTG062_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བཟའ་གསོལ་བ་ལྟར། །དེ་བཞིན་འགྲོ་བ་རྣམས་ལ་ཕན་བྱའི་ཕྱིར། །ངོ་ཚ་ཁྲེལ་ཡོད་གོས་མཆོག་གསོལ་བར་བགྱི། །ཨོཾ་དི་བྱ་བ་སྟྲ་ཎ་ཡེ་སྭཱ་ཧཱ། ཆུ་ཚགས་དང༌། ལྷུང་བཟེད་ཐོགས་ལ། ཨོཾ་ཨི་མུ་ཡུ་ག་ས་བ་རི་ཀར་ཡེ་སྭཱ་ཧཱ། དེ་ནས་ཐུགས་ཀར་རྡོ་རྗེ་བཟུང་ལ། མཚན་དང་དཔེ་བྱད་ལ་སོགས་བསྐྱེད་པའི་ཕྱིར། །དུང་དང་དཔལ་བེའུ་གཡུང་དྲུང་འཁྱིལ་བ་དང༌། །བཀྲ་ཤིས་རྫས་བརྒྱད་དག་གིས་རྣམ་བརྒྱན་པ། །རྒྱལ་བའི་ཐུགས་ལ་རྣམ་པར་བརྒྱན་པར་ཤོག །ཨོཾ་དྭ་ཏྲིཾ་ཤ་ད་མ་ཧཱ་པུ་རུ་ཥ་ལཀྵ་ཎི་ཤི་ཏི་ཨ་ནུ་བྱཉྩ་ནཱ་ཡ་སྭཱ་ཧཱ། པོ་ཏི་དང་གླེགས་བམ་ཡིན་ན་ཡི་གེ་ཨཱཿ་ཧྲཱིཿ་ལས་རྡོ་རྗེ་ཆོས་སམ་སྣང་བ་མཐའ་ཡས་ཀྱི་སྐུར་བསྐྱེད་པའམ། ཡང་ན་ཡི་གེ་བྷྲཱུཾ་ལས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞལ་གཅིག་ཕྱག་གཉིས་པའམ། ཞལ་གཅིག་ཕྱག་བཞི་མ། ཕྱག་དང་པོ་གཉིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་འཛིན་པ། གཡས་ཀྱི་གཉིས་པ་ན་བགྲང་ཕྲེང༌། གཡོན་གྱི་གཉིས་པ་ན་པདྨའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པ་བསྐྱེད་ལ། ཡེ་ཤེས་སེམས་དཔའ་བཅུག་ནས་རྒྱས་བཏབ་སྟེ། དབང་བསྐུར་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་ན་བཟའ་གསོལ་ཏེ། རྒྱ་རིམ་པ་བདུན་གྱིས་གདབ་སྟེ་ཡིག་འབྲུའི་རང་བཞིན་དུ་ཞུ་བར་བསམ་མོ། །དེ་ལ་ན་བཟའ་དབུལ་བའི་སྔགས་ནི། དི་བྱ་བསྟྲ་ཡེ་སྭཱ་ཧཱ། ན་བཟའི་སྟེང་དུ་མདུད་པ་བཏབ་ལ། སྤྲ་ཚིལ་ལས་སིན་དྷུ་རའི་རྒྱས་བཏབ་ལ། ཨོཾ་བཛྲ་མུ་དྲ་བནྡྷ་ཡ་ཨ་དྷི་ཏིཥྛ་སྭཱ་ཧཱ། ཞེས་བརྗོད་དོ། །ན་བཟའ་དབུལ་བའི་ཚིགས་སུ་བཅད་པ་ནི། བྱང་ཆུབ་ཡན་ལག་རྣམ་དག་པའི། །དམ་ཆོས་གསུང་གི་འོད་ཟེར་གྱིས། །ན་བཟའ་དྲི་མ་མེད་པ་འདི། །དམ་པའི་ཆོས་ལ་དབུལ་བར་བྱ། །ཞེས་བརྗོད་དེ། མཆོད་རྟེན་ཡིན་ན། རིགས་རྣམ་པ་ལྔའི་སྤྲུལ་བའི་སྐུར་བསྐྱེད་ལ། ཡེ་ཤེས་སེམས་དཔའ་བཅུག་ནས། རྒྱས་བཏབ་ཅིང་དབང་བསྐུར་ནས། མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། མཐར་མཆོད་རྟེན་གྱི་ཚུལ་དུ་བཞུགས་པ་ལ། ཨོཾ་ཨཱ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་བྱ་བས་ས་དཀར་གསོལ་ལོ། །ཨོཾ་ཧ་


DTG062_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ར་མ་ཡེ་སྭཱ་ཧཱ། ཞེས་བྱ་བས་བྲེ་གཟུགས་པར་བྱའོ། །ཙཀྲ་བ་ར་ཙ་ཏ་ནཱ་ཡེ་སྭཱ་ཧཱ། ཞེས་པས་འཁོར་ལོ་གཟུགས་པ་དང༌། ཨོཾ་ཙྪ་ཏྲཾ་ཡེ་སྭཱ་ཧཱ། ཞེས་གདུགས་གཟུགས་པ་དང༌། ཨོཾ་ཀུཾ་བྷི་ར་དྷྭ་ཛ་ཡེ་སྭཱ་ཧཱ། ཞེས་པས་ཆུ་སྲིན་གྱི་རྒྱལ་མཚན་གཟུགས་པ་དང༌། ཨོཾ་པ་ཏཾ་ཀ་ཡེ་སྭཱ་ཧཱ། ཞེས་པས་བ་དན་གཟུགས་པ་དང༌། ཨོཾ་པ་ཊ་ལཾ་བྷ་ཡེ་སྭཱ་ཧཱ། ཞེས་བྱ་བས་དར་དཔྱངས་བཅིངས་པ་དང༌། ཨོཾ་པུཥྤ་མཱ་ལ་ཡེ་སྭཱ་ཧཱ། ཞེས་བྱ་བས་མེ་ཏོག་གི་ཕྲེང་བ་གདགས་པ་དང༌། ཨོཾ་ཙཱ་མ་ར་ཡ་སྭཱ་ཧཱ། ཞེས་པས་རྔ་ཡབ་ཀྱིས་གཡབ་པར་བྱའོ། །བྱང་ཆུབ་སེམས་དཔའི་ཆ་ལུགས་ཡིན་ན་སོ་མངས་དང༌། ཁབ་དང༌། སྙུང་བུ་དང༌། གྲི་དང༌། ཆུ་གྲི་རྣམས་ཕུལ་ལ། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེ་པ་བཞེས་པ་བཞིན། །འཁོར་བའི་ཡོ་བྱད་རྣམས་ནི་དབུལ་བར་བྱ། །ཨོཾ་ཨ་པ་ཡུ་ཀ་ས་པ་རི་ཀ་ར་ཡེ་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་ཐུན་མོང་དུ་རིན་པོ་ཆེ་སྣ་བདུན་དང༌། བཀྲ་ཤིས་ཀྱི་རྫས་བརྒྱད་དང༌། འཇིག་རྟེན་པ་ལ་བཀྲ་ཤིས་པའི་བིལ་བ་དང༌། སྟརྒ་དང༌། ཞོ་དང༌། རས་ཡུག་དཀར་པོ་དང༌། གདུགས་གསེར་གྱི་ཡུ་བ་ཅན་རྣམས་དབུལ་བར་བྱ་སྟེ། དང་པོར་ལས་ཐམས་ཅད་པའི་ཆུས་བསངས་ལ་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་བཀོད་ནས། ཇི་ལྟར་མི་དབང་འཁོར་ལོས་སྒྱུར་བ་ཡིས། །རིན་ཆེན་སྣ་བདུན་ཚོགས་དང་བཅས་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །རིན་ཆེན་སྣ་བདུན་ཚོགས་ནི་དབུལ་བར་བྱ། །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པར་བགྱིས། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །འཇིག་རྟེན་ཁྱིམ་བདག་རྣམས་ཀྱིས་དཔལ་རྙེད་ན། །བིལ་བ་སྟརྒ་བུམ་པ་བཟང་དང་བཅས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །དེ་ནས་འབྱོར་པ་ཡོད་ན་སྦྱིན་སྲེག་བྱའོ། །མེད་ན་སྒྱེད་བུ་དཀར་པོ་གསུམ་བཙུགས་ལ། །ས་ལས་བྱས་པའི་


DTG062_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་གཙང་མར། །དཀར་གསུམ་དང༌། མངར་གསུམ་གྱི་གཞི་ལ་སྨན་སྣ་ཚོགས་བཏབ་སྟེ། སྦྱིན་སྲེག་གི་མེའམ། རིག་པའི་མེ་ལ་ཡི་གེ་བརྒྱ་པ་ཟློས་ཤིང་བསྐོལ་བར་བྱའོ། །དེ་ནས་ཙཱ་རུ་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་གཤེགས་སུ་གསོལ་བ་ནི། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་དང༌། །གང་དག་ཆོ་ག་མ་ཚང་བ། །དེ་དག་བཟོད་པ་མཛད་པར་རིགས། །ཀུན་དུ་ཞི་དང་རྒྱས་དང་ནི། །ཡོན་བདག་ཚེ་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་བྱོན་པར་མཛད་དུ་གསོལ། །ས་དང་ཆུ་དང་མེ་རླུང་གིས། །ཇི་སྲིད་བསྐལ་བར་འཇིག་པར་དུ། །ལྷ་རྣམས་ཀུན་གྱི་སྐུ་གཟུགས་ལ། །དེ་སྲིད་བཅོམ་ལྡན་བསྲུང་བར་མཛོད། །ཐུགས་བཟང་དགྱེས་པར་གྱུར་པ་ཡིས། །སློབ་དཔོན་སློབ་མར་བཅས་པ་ཡི། །བུ་དང་ཚ་བོ་བསྲུང་མཛད་ནས། །རང་གནས་དགེ་བར་གཤེགས་སུ་གསོལ། །དེ་ནས་དམ་ཚིག་སེམས་དཔའ་རང་ལ་བསྡུའོ། །དེ་ནས་ཡོན་བདག་དང་སློབ་དཔོན་གཉིས་ཀས་སྐུའི་གདན་ཁྲི་ནས་བཟུང་ནས་མེ་ཏོག་གི་ཕྲེང་བ་ཕུལ་ཏེ། ཇི་སྲིད་མེ་དང་ཆུ་དང་ནི། །རླུང་གིས་བསྐལ་བ་འཇིག་པར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །དེ་ནས་ཕྱོགས་སྐྱོང་ངམ། མ་ཧཱ་ཀཱ་ལ་དང༌། ཡུལ་གྱི་བགེགས་ལ་གཏོར་མ་བྱིན་ལ། འགྲོ་བ་སེམས་ཅན་དོན་སླད་དུ། །བདེ་གཤེགས་རྣམས་ནི་བཞུགས་ཀྱི་བར། །བདག་དང་གཞན་གྱི་དོན་གྱི་ཕྱིར། །སྤྲུལ་པའི་གཟུགས་བརྙན་བསྲུང་བར་མཛོད། །ཅེས་བྱ་བ་དང༌། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཡང་མཆོད་པ་ཕུལ་ལ། བདེ་བར་གཤེགས་བའི་སྤྲུལ་པའི་སྐུ། བསྲུང་བར་ཞལ་གྱིས་བཞེས་པས་ཇི་སྲིད་བཅོམ་ལྡན་བཞུགས་ཀྱི་བར་དུ་སྲུང་བར་མཛད་དུ་གསོལ། ཞེས་བརྗོད་པ་དང༌། རབ་ཏུ་བསྲུང་བའི་གནས་བརྟན་དང༌། །ཁྱིམ་པའི་གཙོ་བོ་རྣམས་ལ་ཡང༌། །སྙིགས་མ་ལྔའི་དུས་ཀྱི་སྤྲུལ་པའི་སྐུ་ནི་འདི་ཡིན་གྱིས། །འདི་ཁྱོད་ཀྱིས་མཉམས་པར་སྲུངས་ཞེས་བརྗོད་པར་བྱས་ལ། ལུགས་མའམ། རས་རིས་སམ། པུ་སྟི་ཡིན་ན། ན་


DTG062_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བཟང་པོས་དྲངས་ལ། ཤིང་རྟ་ལ་བ་སྐྱོན་ནས་དྲིའི་ཐིག་ལ་བྱས་ཏེ། འགྲོ་བ་རྣམས་དང་བར་བྱ་བའི་ཕྱིར་གྲོང་ཁྱེར་རྣམས་བསྐོར་བར་བྱའོ། །ཡོན་གྱི་བདག་པོ་རྣམས་ཀྱང་གྲུ་དང༌། གར་དང༌། རྒྱན་གདགས་པ་དང༌། བཀྲ་ཤིས་པ་རྣམས་བྱའོ། །དེ་ལ་རབ་གནས་ཀྱི་དུས་ནི། དཔྱིད་ཟླར་བའམ་འབྲིད་པོའམ། ཞེས་པ་ནས། སྐྱེ་དང་སྐྱེ་བ་འགྲུབ་པར་འགྱུར། །ཞེས་པའི་བར་དེ། རྒྱུད་དང་མཐུན་ནོ། །གསང་སྔགས་རྡོ་རྗེ་ཐེག་བ་ལ། །བསྟན་པའི་སྙིང་པོ་མ་ནུས་པས། །རྣལ་འབྱོར་སོ་སོའི་མོས་པ་ཡིས། །འཛམ་གླིང་འདི་རུ་སྤྲུལ་པའི་སྐུ། །ཇི་ལྟར་འདོད་བཞིན་གཤེགས་པའི་སྐུ། །ལུགས་སྐུ་ལ་སོགས་གཟུགས་བརྙན་ལ། །རབ་ཏུ་གནས་པའི་ཆོ་ག་ནི། །བྱས་པས་སྤྲུལ་སྐུ་ཐོབ་པར་ཤོག །རྣལ་འབྱོར་གྱི་རྒྱུད་ཀྱི་རབ་ཏུ་གནས་པའི་ཆོ་ག །རབ་གནས་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགས་སོ།།


previousརབ་ཏུ་གནས་པའི་ཆོ་ག་རབ་གནས་ཀྱི་རྒྱལ་པོ།next