Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་གཉིས་པ།


   
   
   
   
   
   
སྤྱན་དབྱེ་བའི་ཆོ་ག། ཀུན་དགའ་སྙིང་པོ།
   
   
   
   
   
   
   
   
   
   


 
previousསྤྱན་དབྱེ་བའི་ཆོ་ག།ཀུན་དགའ་སྙིང་པོ།next

སྤྱན་དབྱེ་བའི་ཆོ་ག།
ཀུན་དགའ་སྙིང་པོ།


DTG062_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཏིཥྛ་བིདྡྷིཿ་།བོད་སྐད་དུ། སྤྱན་དབྱེ་བའི་ཆོ་ག །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཉེས་པ་ཀུན་དང་རྣམ་བྲལ་ཞིང༌། །སེམས་ཅན་ཀུན་ལ་ཕན་བཞེད་པས། རྟག་ཏུ་དངོས་པོ་ཀུན་བདག་འགྱུར། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །སློབ་དཔོན་རྡོ་རྗེ་འཆང་ཆེན་པོར་དབང་བསྐུར་བས། །རྡོ་རྗེ་འཛིན་པ་ཆེན་པོར་དབང་བསྐུར་བ། མཚན་ཉིད་ཐམས་ཅད་དང་ལྡན་པས། རིགས་ལྔའི་ལྷ་རྣམས་རབ་ཏུ་གནས་པར་བྱའོ། །དེ་ལ་སློབ་དཔོན་གྱི་ཡོན་ཏན་འདི་དག་ཡིན་ཏེ། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མོད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་པ། །འདི་ནི་སློབ་དཔོན་ཡིན་ཞེས་བྱ། །དེ་ཡིས་བསྟན་པའི་གསང་སྔགས་རྣམས། །འགྲུབ་འགྱུར་འདི་ནི་ཐེ་ཚོམ་མེད། །དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟང་སྟབས་གདན་དང་ནི། །བཟླས་བརྗོད་སྦྱིན་སྲེག་དེ་བཞིན་མཆོད། །ལས་ཀྱི་སྦྱོར་བ་ཉེར་བསྡུ་བ། །དེ་ལྟར་དེ་ཉིད་བཅུ་ཤེས་ཤིང༌། །དམན་པའི་སེམས་ནི་དོར་བའོ། །དེ་ལ་དང་པོར་ལེགས་པར་ཁྲུས་བྱས་ལ། གོས་གཙང་མ་བགོས་ཏེ། གཙུག་ཏོར་བཅིངས་ཤིང་བཅས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་པའམ། ཡང་ན་ཆ་ལུགས་ཇི་ལྟ་བས་ལྷའི་ཁང་པར་ཞུགས་ལ། ཡོ་བྱད་ཐམས་ཅད་བསོགས་ཏེ། ཚེས་གྲངས་དང་རྒྱུ་སྐར་བཟང་པོ་དང་ལྡན་པའི་དུས་ཤེས་པར་བྱས་ཤིང༌། དཔལ་དང་རྒྱལ་པ་འཕེལ་བར་བྱེད་པའི་གདུགས་དང༌། རྒྱལ་མཚན་དང་བ་དང་ལ་སོགས་པས་གནས་བརྒྱན་པར་བྱས་ཤིང་སྦྱིན་བདག་དང་འཚམ་པའི་དཀྱིལ་འཁོར་ལ་སོགས་པ་ཡང་བརྟག་པར་བྱའོ། །དེ་ནས་བའི་རྣམ་ལྔ་དང༌། སྤོས་ཆབ་ལ་རྡོ་རྗེ་གནོད་སྦྱིན་བཟླས་པས་གནས་ཉེ་བར་བྱུག་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཡཀྵ་ཧཱུཾ་དེའི་འོག་ཏུ་དྲི་དང་སྦྱར་བའི་ཆུས་བྱུགས་ལ། ནང་པར་གྱི་དུས་སུ་རང་གི་རིགས་ཀྱི་ལྷའི་འཁོར་ལོས་སྒྱུར་བའི་སྦྱོར་བའམ། རྣལ་འབྱོར་ཆེན་པོ་བྱའོ། །ཆོ་ག་ཉམས་པ་མི་བྱ་སྟེ། །རབ་གནས་རྟག་ཏུ་སྨད་པ་དང༌། །ཚེ་འདིར་སྡུག་བསྔལ་ཆེན་པོ་དང༌། །འཇིག་རྟེན་གཞན་དུའང་འཇིགས་ཆེན་འབྱུང༌། །དེ་ལ་དངོས་གྲུབ་འདོད་པ་ཡིས། །བདག་


DTG062_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་ནི་ཅི་ནུས་དང༌། །དེ་བཞིན་ཆོ་གར་གསུངས་ཚུལ་དང༌། །ཀུན་ནས་རབ་ཏུ་འབད་དེ་བྱ། །དེ་ལ་དང་པོར་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་གཞོམ་པ་ལ་སོགས་དང༌། གཞལ་ཡས་ཁང་དང༌། གདན་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ལ། འདི་ལྟར་ཡིད་དུ་འོང་བའི་གནས་སུ་ཁྲུས་སའི་སྟེགས་བུ་བརྩིག་པར་བྱ་བ་ནི། ཐུར་བཞི་པ་ལ་གྲུ་བཞི་པ། །དཀྱིལ་འཁོར་གྱིས་ནི་ཉེར་མཛེས་པ། །ཁྲུ་གང་ཙམ་གྱི་ཚད་དུ་བྱའོ། །མེད་ན་ལེགས་པར་བྲི་བར་བྱ། །དེར་ཕྱོགས་དང་མཚམས་སུ་མཚན་མ་ལ་སོགས་བྲིས་པའི་བུམ་པ་བརྒྱད་གཞག་པར་བྱ་སྟེ། རྡོ་རྗེ་ལྕགས་ཀྱུ་དང༌། མེ་ཏོག་ལ་སོགས་པ་ཕྱོགས་དང་མཚམས་སུ་གཞག་པར་བྱ་ཞིང༌། དབུས་སུ་རྣམ་པར་རྒྱལ་བའི་བུམ་པ་རིགས་ལྔའི་མཚན་མས་མཚན་པ་བཞག་ལ། དེ་དག་གི་ནང་དུ། འབྲུ་ལྔ་དང༌། སྨན་ལྔ་དང༌། རིན་པོ་ཆེ་ལྔ་བཅུག་ལ། དྲི་དང་སྦྱར་བའི་ཆུས་བཀང་ལ། རས་ཟུང་གཅིག་གིས་མགུལ་བ་བཅིངས་ལ། འདབ་མ་དྲི་ཞིམ་པོས་ཁ་བརྒྱན་པར་བྱ་བ་དང༌། སྟེང་དུ་བླ་རེ་བྲེ་བ་དང༌། གོས་དང་དྲིལ་བུ་དབྱངས་པས་བསྐོར་བའི་སྟེགས་བུར་མཁས་པས་ལྷ་རྣམས་ཁྲུས་གསོལ་བར་བྱའོ། །དེ་ནས་དམ་ཚིག་སེམས་དཔའ་བསམས་ལ། ཡེ་ཤེས་སེམས་དཔའ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱལ་སོགས་པ་དང་ལྡན་པས་དགུག་པ་ལ་སོགས་པ་བྱའོ། །དེ་ནས་ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་མམ། ལྷ་དེའི་ས་བོན་གྱི་ཡི་གེ་རྣམ་པར་དགོད་ཅིང་བསམ་པར་བྱའོ། །དེ་ནས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ལ། སརྦ་པཱ་བཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ལ་སོགས་པ་བྱ་སྟེ། ཡུངས་ཀར་དང་མེ་ཏོག་གིས། སེམས་ཅན་ཀུན་ལ་ཕན་བདེའི་ཕྱིར། །སྦྱར་བ་ལ་སོགས་རྣམས་བྱ་ཞིང༌། །རྒྱལ་འགྱུར་བཀྲ་ཤིས་ཚིགས་བཅད་བརྗོད། །ཡང་དང་ཡང་དུ་བསྟོད་བྱ་ཞིང༌། །རོལ་མོའི་སྒྲ་ནི་སྣ་ཚོགས་དང༌། །ངོ་མཚར་ཅ་ཅོ་རྣམས་ཀྱང་བྱ། །ལས་ཀུན་བྱེད་ན་རིགས་སྙིང་དང༌། །རང་གིས་རིགས་བདག་གསང་སྔགས་ནི། །ཡོངས་བཟླས་སྔར་བཤད་བུམ་པས་ནི། །མཁས་པས་ལྷ་རྣམས་ཁྲུས་གསོལ་ལོ། །དེ་ནས་གཙང་མའི་མི་རྣམས་ནི། །ལས་ཀུན་བྱེད་པའི་གསང་


DTG062_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས། །བཟླས་བྱས་སྟན་ནི་བཟང་པོ་ལ། །རིགས་པ་རང་གནས་བཞུགས་སུ་གསོལ། །དེ་ནས་རིགས་ཀྱི་བདག་པོའི་སྔགས་དང༌། དེ་བཞིན་དུ་རིགས་ཀྱི་རིག་པ་ཡོངས་སུ་བཟླས་ཏེ་བཞུགས་སུ་གསོལ་ནས། སྔགས་པས་ཀྱང་རང་གི་གསང་སྔགས་དང༌། བསྐྱེད་པའི་རིམ་པས་དེ་རང་གི་གནས་སུ་སྤྲུལ་ནས་སྒོ་དབྱེ་བ་བྱ་སྟེ་རྡོ་རྗེ་བསྡུ་བ་བྱའོ། །ཨོཾ་བཛྲ་ས་མཱ་ཡ་ཛཿ་ཛཿ་ཧཱུཾ་བཾ་ཧོཿ་དེ་ནས་བགེགས་བསལ་ལ་མཆོད་ཡོན་དབུལ་ལོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། ཕྱག་རྒྱ་བསྟན་ནས། གསང་སྔགས་རྣམས་མངོན་པར་བཟླས་པར་བྱ་སྟེ། ཨོཾ་བཛྲ་ས་ཏྭ་ཧཱུཾ། རིགས་ཀྱི་བདག་པོའི་སྙིང་པོའོ། །ཨོཾ་བྷ་ག་ཝ་ཏི་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨར་ཐ་སཱ་དྷ་ནེ་སྭཱ་ཧཱ་ཞེས་པའོ། །རིགས་ཀྱི་ཡུམ་གྱི་སྔགས་སོ། །ཨོཾ་ཛེ་ན་ཛི་ཀ་སྭཱ་ཧཱ། ཞེས་བྱ་བ་ནི་རིགས་ཀྱི་སྙིང་པོའོ། །དེ་བཞིན་དུ། ཨོཾ་ཤཾ་ཀ་རི་ཤཱིནྟཾ་ཀ་རི་གྷུ་ཊ་ནི། གྷ་ཊ་ལ་གྷ་ཊ་ཡ་གྷུ་ཊ་ནི་སྭཱ་ཧཱ། ཨོཾ་བཛྲ་དྷྲྀཀ་སྭཱ་ཧཱ། ཨོཾ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་སྭཱ་ཧཱ། ཀ་ཊཾ་ཀ་ཊེ་ཀ་རོ་ཊེ་བཱིཪྻེ་སྭཱ་ཧཱ། ཨོཾ་ཨཱ་རོ་ལྀ་ཀ་སྭཱ་ཧཱ། ཨོཾ་རཏྣ་དྷྲྀཀ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཨོཾ་པྲཛྙཱ་དྷྲྀཀ་སྭཱ་ཧཱ། ཞེས་བྱ་བ་ནི་རིགས་སོ་སོའི་རིག་པ་དང་སྙིང་པོའོ། །དེ་ནས་ཅོད་པན་དང་དར་དབྱངས་བཅིངས་པ་དང༌། གོ་བསྐོན་པ་ལ་སོགས་པ་བྱས་ལ། མེ་ཏོག་ལ་སོགས་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ལ་ཡོངས་སུ་བཟླས་ཏེ། གུས་པར་བྱས་ལ་མཆོད་ཡོན་ཕུལ་ཏེ། ལྷག་པར་གནས་པར་བྱའོ། །དེ་ནས་ཕྱི་རོལ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱ་སྟེ། དང་པོར་བགེགས་གཞོམ་པར་བྱ་བའི་ཕྱིར། རྡོ་རྗེ་མེས་སྦྱིན་སྲེག་བྱའོ། །ཚིམ་པར་བྱ་བའི་ཕྱིར་ནི་རང་གི་སྔགས་ཀྱིས་སོ། །དགོད་པར་བྱ་བའི་ཕྱིར་ནི་རིགས་ཀྱི་རིགས་པས་སོ། །འབྱོར་པར་བྱ་བའི་དོན་དུ་ནི་རིགས་ཀྱི་བདག་པོའི་སྙིང་པོས་སོ། །དེ་ལྟར་སྦྱིན་སྲེག་བྱས་ནས། ལྷག་པར་གནས་པར་བྱ་བ་ནི། །འདི་ཞེས་བྱ་བའི་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རབ་གནས། །མགོན་པོ་བདག་ཉིད་བགྱི་པར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བར་མཛད་པར་རིགས།།


DTG062_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མིང་རྡོ་རྗེ་ཞེས་བྱ་བས། །རིག་པའི་རྒྱལ་པོ་འདི་ཞེས་བྱའི། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །ནང་པར་རབ་གནས་བགྱིད་པར་འཚལ། །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་ཉེར་གནས་ཏེ། །ཆོགས་པ་ཐམས་ཅད་རབ་གནས་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་བྱའོ། །དེ་ནས་པཱུ་ཛ་སྣ་ཚོགས་ཀྱིས་མཆོད་ལ་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། རང་གི་དགེ་བའི་རྩ་བ་བསྔོས་ལ། གཤེགས་སུ་གསོལ་བར་བྱ་བའི་ཕྱིར་འདིས་བསྐུལ་བར་བྱའོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་གྲུབ་བཞིན་སྩལ་ལགས་ཀྱིས། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་གཤེགས་པར་མཛད་དུ་གསོལ། །བདག་ཉིད་བསྲུང་བའི་ཕྱིར་ཡི་གེ་བརྒྱ་པ་བཟླས་པར་བྱའོ། །དེ་ལ་ཡི་གེ་བརྒྱ་བ་ནི་འདི་ཡིན་ཏེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་ཕ་བ། སརྦ་སིདྡྷིམྨེ་པྲ་ཡ་ཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ་བྷ་ག་བཱ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿ། དེ་ནས་དེ་ཉིད་དུ་ཀུ་ཤ་བཏིང་ལ་ཉལ་བར་བྱའོ། །དེ་ནས་ནང་པར་མལ་ནས་ལངས་ལ་དེ་བཞིན་དུ་བའི་རྣམ་ལྔ་དང༌། སྤོས་ཆུས་གནས་ཀུན་བྱུགས་ལ། ལྷའི་རྣལ་འབྱོར་བྱས་ལ། བགེགས་ལ་སོགས་པ་བསྐྲད་པར་བྱའོ། །དེ་ནས་གཞལ་ཡས་ཀྱང་དང་གདན་ལ་སོགས་པ་བསམས་ལ། དེའི་འོག་ཏུ་ཟངས་མའི་སྣོད་ལ་སོགས་པར་མཆོད་ཡོན་ལ་སོགས་པ་བཤམས་ལ། སྔགས་ཀྱིས་གདབ་པར་བྱའོ། །དེ་ནས་ལྷ་རྣམས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱས་ལ། བསྒྲུབ་པར་བྱའོ། །མཛུབ་མོ་ལྕགས་ཀྱུ་བཅིངས་ནས་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མར་མདུད་པ་མཛུབ་གཉིས་འདུད། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །ཛཿ་ཧཱུཾ་བཾ་ཧོཿ་ཞེས་བརྗོད་དོ། །སྤྱན་དྲངས་ལ་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་དབུལ་ཏེ། སྔར་བཤད་པའི་སྔགས་ཀྱིས་སྦྱང་བ་བྱས་ལ། དེའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་


DTG062_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཤོ་དྷ་ནེ་སྭཱ་ཧཱ། དབང་བསྐུར་བའི་ཆོ་གས་ཁྲུས་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་བ། །དེ་བཞིན་བདག་གིས་ལྷ་ཡི་ཆུས། །དག་པར་ཁྲུས་ནི་གསོལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། དེ་ནས་ན་བཟའ་དབུལ་བར་བྱ་སྟེ། ཨོཾ་བཛྲ་བཱ་ས་སེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་སྭཱ་ཧའ། ཨོཾ་བཛྲ་ཨ་བྷ་ར་ནི་བི་བྷུ་ཥ་ནི་སྭཱ་ཧཱ། ཨོཾ་བཛྲ་པུ་ཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ནཻ་བིདྱེ་ཧཱུཾ། དེའི་འོག་ཏུ་དབང་བསྐུར་བར་བྱ་སྟེ། མཐེ་བོང་གཉིས་ནི་བསྣོལ་བྱས་ལ། །མཛུབ་མོ་རྩེ་མོ་དགུག་པས་ནི། །གུང་མོ་བསྙམས་པའི་ཚིགས་སུ་སྦྱར། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཨོཾ་བྷྲཱུཾ་ཁཾ་ཞེས་བྱ་བ་དང༌། ཨ་བྷི་ཥིཉྩ་ཞེས་བྱ་བ་དང༌། དེ་བཞིན་དུ། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བཛྲ་རཏྣ་ཏྲཱཾ། ཨོཾ་བཛྲ་དྷརྨ་ཧྲཱིཿ། ཨོཾ་བཛྲ་ཀརྨ་ཨ་ཞེས་བྱ་བ་དང༌། ཐམས་ཅད་ལ་ཨ་བྷི་ཥིཉྩ་མཱཾ་ཞེས་བྱ་བས་རྡོ་རྗེ་བསྡམས་པའི་མཐེ་བོང་གཉིས་བསྙམས་ཏེ་བསྒྲེང་བ་ནི་རྡོ་རྗེ་སེམས་མའིའོ། །དེ་ལས་སྲིན་ལག་རིན་པོ་ཆེ་འདྲ་བར་བྱས་པ་ནི་རྡོ་རྗེ་རིན་ཆེན་མའིའོ། །དེ་ཉིད་ལས་གུང་མོ་གཉིས་པདྨ་འདྲ་བར་བྱས་པ་ནི་རྡོ་རྗེ་ཆོས་མའིའོ། །ཐལ་མོ་སྦྱར་བ་བཅིངས་ལ་གུང་མོ་དང་མཛུབ་མོ་དང་མཐེ་བོང་སྦྱར་བ་ནི་རྡོ་རྗེ་ལས་མའིའོ། །དེ་ནས་ཨོཾ་ཊུཾ་ཞེས་བྱ་བ་དང༌། རྡོ་རྗེ་ཁུ་ཚུར་སོ་སོར་བཅིངས་ཏེ། མཛུབ་མོ་གཉིས་བཀུག་ལ་གོ་ཆ་བྱ་སྟེ། སྙིང་གར་མདུད་པ་ལྟར་བྱ་སྟེ། ཡང་མགྲིན་པ་དང༌། རྒྱབ་དང༌། དབྲལ་བའི་སྟེང་དུ་མདུད་པ་ལྟར་བྱ་སྟེ། དེ་ནས་ཕྲེང་བ་བཅིང་བའི་ཚུལ་གྱིས་མདུད་པ་བྱ་བ་དང་དར་དབྱངས་བཅིང་བ་ཡང་ངོས་གཉིས་སུ་ཐ་མ་ལ་སོགས་པ་ནས་སོར་མོ་ཐམས་ཅད་བཀྲོལ་བ་དེ་ནས་མཉམ་པའི་ཐལ་མོས་མཉེས་པར་བྱ་སྟེ། དེ་ནས་སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་པར་བྱའོ། །དེ་ནས་སྔགས་འདིས་མིག་སྨན་གྱི་ཐུར་མས་བྱུག་སྟེ། ཨོཾ་བཛྲ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་སྔགས་འདིས་བཤོས་དབུལ་ཏེ། ཨོཾ་དཱི་པྱ་ཨིནྣ་ས་མཱ་དྷི་དྷྱ་ན་སརྦ་པྲི་ཎ་ནེ་སྭཱ་ཧཱ། དེ་ནས་ལྷ་བཤོས་དང༌། མེ་ལོང་དང༌། བཤོས་གཞན་དག་ལ་སོགས་པས་ཀྱང་མཆོད་པར་བྱ་སྟེ། དེ་ལྟར་བྱས་ན་དེ་འོག་ཏུ་ཡང་སློབ་མ་གཞུག་པར་བྱ་སྟེ། ཁྱོད་ཀྱིས་


DTG062_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་གསོལ་བཏབ་པའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་བཞིན་རབ་གནས་པར། །དེ་ནི་ངེས་བྱས་བྱེད་དུ་བཅུག །ཁྱོད་ཀྱི་དེ་ནི་ཀུན་རྫོགས་པས། །ཅི་བདེ་བར་ནི་ཤེས་པར་གྱིས། །ཞེས་བསྒོའོ། །དེ་ནས་རིམ་པ་འདིས་སྦྱིན་སྲེག་བྱའོ། །ཐབ་དང་དགང་གཟར་བླུགས་གཟར་རྫས། །ཤིང་དང་སྒྲུབ་པ་པོ་དང་ནི། །རྫས་བསང་དགོད་དང་མེ་སྦྱང་དང༌། །བསང་གཏོར་དང་ནི་སྦྱར་བ་དང༌། །ཀུ་ཤ་དགྲམ་དང་གནས་ཁང་དང༌། །མེ་བསྐྱེད་སྤྱན་དྲང་ལ་སོགས་དང༌། །སྲུང་སྐུད་བཅིངས་དང་མཆོད་ཡོན་དང༌། །ཞབས་བསིལ་བསྒྲུབ་དང་དབང་བསྐུར་དང༌། །དམ་ཚིག་བསྒོ་དང་མཆོད་ཡོན་མཆོད། །བསང་གཏོར་འཐོར་འཐུང་སྲེག་བླུགས་དང༌། །མེ་བརྟག་བསང་དང་དགང་བླུགས་དང༌། །ཀུན་བསྲེགས་བསང་གཏོར་གསོལ་བ་དང༌། །ཐབ་དང་མེ་ལྷ་དགོད་པ་དང༌། །བསྡུ་དང་བསྟོད་དང་དགུག་བ་དང། །སྔོན་བཞིན་ཕྱག་རྒྱ་དབང་བསྐུར་དང༌། །མཆོད་དང་མཆོད་ཡོན་འཐོར་འཐུང་བསང༌། །དགང་བླུགས་ཅིག་ཤོས་ལས་བསྐལ་དང༌། །ལྷ་རྣམས་གཟི་བྱིན་བསྐྱེད་པ་དང༌། །མེ་ལྷ་དགང་བླུགས་མཆོད་བསང་དང༌། །འཐོར་འཐུང་མཆོད་བ་གཤེགས་གསོལ་ལོ། །སྤྱན་དབྱེ་བའི་ཆོ་ག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།།


previousསྤྱན་དབྱེ་བའི་ཆོ་ག།ཀུན་དགའ་སྙིང་པོ།next