Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་གཉིས་པ།


   
   
   
   
   
   
   
སྤྱན་དབྱེ་བའི་ཆོ་ག། 
   
   
   
   
   
   
   
   
   


 
previousསྤྱན་དབྱེ་བའི་ཆོ་ག།next

སྤྱན་དབྱེ་བའི་ཆོ་ག།


DTG062_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷིཿ། བོད་སྐད་དུ། སྤྱན་དབྱེ་བའི་ཆོ་ག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། །སྐད་ཅིག་གིས་ནི་ཁྱབ་མཛད་པ། །ཐུགས་རྗེ་ཆེར་ལྡན་འགྲོ་བའི་སྐྱབས། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སློབ་དཔོན་མཚན་ཉིད་ལྡན་པ་དང༌། །བསྟན་བཅོས་ཀུན་ལ་འཇིགས་མེད་པས། །ལྷ་ཡི་གཟུགས་ལ་དམིགས་པ་དང༌། །རས་རིས་ལ་སོགས་བཟླས་ཤིང་བསྒོམ། །བློ་དང་ལྡན་པ་གང་ཞིག་ནི། །བསོད་ནམས་གཞན་ནི་བྱེད་འདོད་ལ། །དེ་ནི་རྣལ་འབྱོར་རྒྱུད་རྣམས་ཀྱི། །རྗེས་སུ་མཐུན་པར་འདི་བརྗོད་བྱ། །དང་པོར་ཁྲུས་བྱས་ལུས་དྲིས་བྱུགས། །གཙང་ཞིང་དག་པའི་གོས་གྱོན་ཏེ། །རྒྱུ་སྐར་བཟང་པོ་ལྡན་པ་ལ། །མཆོད་པའི་ཡོ་བྱད་འབྱོར་པར་བྱ། །


DTG062_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དང་རྒྱལ་མཚན་ལ་སོགས་དང༌། །བླ་རེ་མཆོག་ནི་བྲེ་བྱ་ཞིང༌། །བཀྲ་ཤིས་རྣམས་ཀྱིས་བརྒྱན་པ་ཡི། །བུམ་པ་གང་བ་གཞག་པར་བྱ། །པི་ཝང་གླིང་བུ་རྫ་རྔ་སོགས། །གླུ་གར་དགའ་སྟོན་ཆེར་བྱ་ཞིང༌། ཙནྡན་ཨ་གར་ནག་པོས་བྱུགས། །མེ་ཏོག་སིལ་མ་བཀྲམ་པར་བྱ། །གནས་ནི་ཉམས་དགའ་འདུ་འཛི་མེད། །ཉེས་པ་ཐམས་ཅད་རྣམ་སྤངས་པའི། །བ་ཡི་ལྔ་དང་ཙནྡན་གྱིས། །བྱུག་ཅིང་བདུད་རྩི་འཁྱིལ་བས་བསྲུང༌། །མ་སྤྱད་པ་ཡི་རས་རྙེད་པ། །སྤོས་ཀྱི་ཆུ་ཡིས་བཀྲུས་ནས་ནི། །རང་གི་ལྷ་སྦྱོར་བདག་ཉིད་དུ། །དེར་ནི་དེ་རབ་གནས་པར་བྱ། །སྔར་ནི་ཆོ་ག་རྒྱས་བྱས་ལ། །སྤྱན་དྲངས་མཆོད་པ་ལ་སོགས་བྱ། །བརྩོན་པར་བྱས་ནས་དེ་འོག་ཏུ། །མཚན་རྣམས་རྫོགས་པར་ཅི་བདེར་ནི། །ལེགས་པར་བྲི་བའམ་བཟོ་བོ་ནི། །ཉེ་བར་འོང་བ་འདྲི་རུ་གཞུག །མཁས་པས་གཤིན་རྗེ་གཤེད་དམ་ནི། །བདུད་རྩི་འཁྱིལ་པས་བསྲུང་བར་བྱ། །རི་མོའམ་སྐུ་གཟུགས་གང་ཡང་རུང༌། །འདི་འདྲས་ཡང་དག་རྫོགས་པར་བྱ། །གནས་དེ་ཉིད་དུ་སྔར་བཤད་པའི། །ཁྲུས་ས་དག་ནི་རབ་བཤད་དེ། །ཟུར་བཞི་པ་ལ་ཁྲུ་བཞི་བ། །བཀྲ་ཤིས་ཤིན་ཏུ་མཛེས་པ་དག །དཔངས་སུ་ཁྲུ་ནི་གཉིས་ཡོད་པ། །ཡིད་འོང་ཟུར་རྡུལ་ཉེས་འབྲུལ་བྱ། །དེ་སྟེང་བསྟན་པའི་རྟེན་བཞག་པ། །མཁས་པས་ལྷ་ཡི་ཁྲུས་གསོལ་ཏེ། །སེམས་ཅན་ཀུན་ལ་ཕན་བདེ་བའི། །སྦྱངས་པ་ལ་སོགས་དེར་བྱའོ། །བཀྲ་ཤིས་རྒྱས་པར་གྱུར་པ་དང༌། །ཡང་དང་ཡང་དུ་བསྟོད་བྱ་ཞིང༌། །རོལ་མོའི་སྒྲ་ནི་སྣ་ཚོགས་དང༌། །ཅ་ཅོའི་སྒྲ་ནི་གདོན་པར་བྱ། །རྒྱལ་བའི་དབང་བསྐུར་ཚུལ་དུ་ནི། །གདུགས་དཀར་པོ་ཡང་གཟུགས་པར་བྱ། །བྲིས་གཟུགས་གླེགས་བམ་འཇིམ་གཟུགས་སོགས། །ལྷ་ལ་ཆོ་ག་ཤེས་པ་ཡིས། །མེ་ལོང་ལ་ནི་གཟུགས་བརྙན་བཀྲུ། །ལུགས་མ་སྐུ་གཟུགས་ཉིད་བའོ། །གསང་སྔགས་གང་ཞིག་ཁྲུས་དང་དབང་བསྐུར་བའི་ཕྱིར། ཛི་ན་ཛི་ཀ་ལ་སོགས་པ་རིགས་ཀྱི་བདག་པོའི་སྙིང་པོའོ། །དེ་རྣམ་པར་སྣང་མཛད་ལ་སོགས་པའི་སྙིང་པོ་དེ་མེ་ཏོག་གི་ཕྲེང་བས་བརྒྱན་པའི་ཏིལ་ལ་སོགས་པ་ལས་ཀུན་རིག་གི་སྙིང་པོ་རིག་པ་དང༌། རས་རིས་བདག་པོའི་གསང་སྔགས་


DTG062_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། །བུམ་པ་མཚན་ཉིད་དང་ལྡན་པས། །འབྲུ་སྨན་རིན་ཆེན་ལྔ་རྣམས་དང༌། །ཙནྡན་དག་གི་ཆུས་བཀང་སྟེ། །མགུལ་པ་གོས་བཟང་དག་གིས་བཅིངས། །ལོ་མ་བཟང་པོས་ཁ་དགབ་བྱ། །རིག་སྙིང་རིགས་ཀྱི་བདག་པོ་དང༌། །རིགས་ཀྱི་ལས་ཀུན་བྱེད་པར་བཟླས། །སྐུ་ཡི་སྤྱི་གཙུག་དབུ་དང་ནི། །ཕྱག་དང་ཐུགས་ཀར་བྱུག་པར་བྱ། །དེ་ནས་པུས་མོ་བཙུགས་ནས་ནི། །བདུག་སྤོས་རྣམས་ཀྱིས་བདུགས་ནས་ནི། །མགོན་པོ་གཤེགས་ཤིང་བསྐུལ་བའི་ཕྱིར། །ཚིག་ནི་འདི་སྐད་བརྗོད་པར་བྱ། །འདི་ཞེས་བྱ་བ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །བདག་ལ་བརྩེ་བར་གྱུར་ནས་ནི། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་རབ་གནས་པ། །མགོན་པོ་བདག་ནི་བགྱིད་པར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ།། ད་བས་གནང་བར་མཛད་པར་རིགས། །སངས་རྒྱས་མགོན་པོ་བརྩེར་ལྡན་དང༌། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང༌། །གང་ཡང་གསང་བའི་ལྷ་རྣམས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་ཡང་ལྷ་ཡི་སྤྱན་མངའ་བའི།། སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །ཡོ་བྱད་ཅི་འབྱོར་བ་ཡིས་ནི། །སྤྱན་དབྱེ་བར་ནི་འཚལ་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་མཛད་དུ་གསོལ། །ཆོགས་པ་ཐམས་ཅད་སྤྱན་འབྱེད་པས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རས་རིས་ལ་སོགས་སྙིང་གར་ནི། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །རང་གི་ས་བོན་ལས་བྱུང་མཚན། །ཆོས་ཚུལ་གསང་སྔགས་དགོད་ཅིང་བསྒོམ། །སྔགས་དང་ཕྱག་མཚན་གྱུར་པ་དང། །སྤྲོ་ཞིང་བསྡུ་བ་བྱས་པ་ལ། །ལྷ་ཡི་སྐུ་ནི་ཇི་བཞིན་པར། །དེ་ལས་སྐྱེས་པར་མཁས་པས་བསམ། །རྒྱུད་ལས་ཇི་སྐད་གསུངས་པ་བཞིན། །རང་གི་ཕྱག་རྒྱ་སྐུ་ལ་སོགས། །བྱིན་བརླབ་གོ་རིམས་བཞིན་དུ་བྱ། །དེ་མདུན་ཡེ་ཤེས་སེམས་དཔའ་ནི། །སྔ་མ་བཞིན་


DTG062_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལེགས་བསྒྲུབས་ན། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས། །དེ་དག་དགུག་གཞུག་བཅིང་བ་དང༌། །དབང་བྱ་རང་གི་ཕྱག་རྒྱ་རྣམས། །སྒྲུབ་ཐབས་ལས་བྱུང་རིམ་པས་བྱ། །བདུད་རྩི་འཁྱིལ་པས་བསྲུང་བ་དང༌། །བགེགས་བསལ་ལ་སོགས་ཆོག་བྱ། །གདན་འབུལ་ལ་སོགས་བྱས་ནས་ཀྱང༌། །དམ་ཚིག་ཕྱག་རྒྱ་བསྟན་པར་བྱ། །མདུན་དུ་ཡེ་ཤེས་སེམས་དཔའ་ནི། །སྐུ་ཡི་ལུས་ལ་བཅུག་ནས་ནི། །རང་གི་རྣལ་འབྱོར་དང་ལྡན་པས། །དེ་ནས་མགོན་པོ་འདུས་པ་བྱ། །རྡོ་རྗེ་དྲིལ་བུའི་སྒྲ་དབྱངས་དང༌། །ཡིད་འོང་གླུ་ཡིས་བསྟོད་པར་བྱ། །སྔ་མ་བཞིན་དུ་མཆོད་ཡོན་སོགས། །དབུལ་ཞིང་བགེགས་བསལ་ལ་སོགས་བྱ། །གཟུགས་བརྙན་གྱི་ནི་སྐུ་གཟུགས་ལ། །ཕྱོགས་རྣམས་ཀུན་ནས་ལྷག་པའི་ཚོགས། །མགོན་པོ་ཛཿ་ཧཱུཾ་བཾ་ཧོཿ། ཞེས་བརྗོད་ཅིང་དགུག་པར་བྱ། རང་གི་ཕྱག་རྒྱ་བྱིན་བརླབ་བཅིང༌། །ཡི་གེ་བརྒྱ་པས་བརྟན་པར་བྱ། །རྡོ་རྗེ་སེམས་མ་ལ་སོགས་པས། །ཆོ་ག་ཤེས་པར་བྱིན་གྱིས་བརླབ། །སྔ་མ་བཞིན་དུ་གསོལ་བ་ཡང༌། །དེ་ལ་དང་པོར་གསོལ་བཏབ་ནས། །དེ་ཡི་ཕྱག་རྒྱ་གོ་རིམས་བཞིན། །དབང་བསྐུར་བ་ནི་བསྟན་པར་བྱ། །ལཱ་སྱ་ལ་སོགས་རྣམས་ཀྱིས་མཆོད། །དྲི་སོགས་ཀྱིས་ཀྱང་མཆོད་པར་བྱ། །གོས་དང་རྒྱན་དང་སོ་རྩི་དང༌། །གདུ་བུ་གཙུག་ཏོར་མེ་ལོང་དང༌། །གི་ཝང་དང་ནི་ལི་ཁྲི་སོགས། །ལྷ་བཤོས་རྣམས་ཀྱིས་རིམ་བཞིན་མཆོད། །དེ་ནས་ཆོ་ག་ལྡན་པ་ཡིས། །ཡིད་ཀྱི་མཆོད་པས་ཡང་དག་མཆོད། །དེ་ཡི་སྔགས་མང་བཟླས་ནས་ནི། །ཕྱི་རོལ་དུ་ནི་གཏོར་མ་སྦྱིན། །ཞོ་དང་འབྲས་ཆང་ཡམ་ཤིང་དང༌། །ཏིལ་འབྲས་མར་དང་བསྲེས་པའི་ས། །བགེགས་རྣམས་ཉེ་པར་ཞི་བའི་ཕྱིར། །དང་པོར་བདུད་རྩི་ཐབ་སྦྱོར་མཆོད། །རང་གི་སྔགས་རྣམས་གང་ཡིན་པས། །མཁས་པས་ལྷ་རྣམས་ཚིམ་པར་བྱ། །བྱེད་པ་པོར་འགྱུར་རིག་སྙིང་དང༌། །རིགས་ཀྱི་རིག་པས་ཞི་ཕྱིར་དང༌། །རིགས་ཀྱི་བདག་པོས་བྱིན་རློབ་ཕྱིར། །སྲེག་བླུགས་བརྒྱ་དག་སོ་སོར་བྱ། །དེ་ནས་ཁྲུས་བྱ་ལུས་གཙང་མའི། །སློབ་མ་བདུད་རྩི་འཁྱིལ་པ་ཡིས། །བཟླས་པའི་ཆུ་ཡིས་བསང་གཏོར་བྱ། །གཡོན་གྱི་ཕྱོགས་སུ་གཞག་པར་


DTG062_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དེ་ཡི་ལག་པ་གཡོན་པ་ཡིས། །ལག་གཡས་མཐེ་བོང་བཟུང་ནས་ནི། །དེ་ནས་མར་གྱིས་བཀང་བ་ཡི། །དགང་གཟར་གྱིས་ནི་བསྐོར་བར་བྱ། །རང་གི་ལྷ་ཡི་སྔགས་ཀྱིས་ནི། །དགང་བླུགས་བརྒྱ་ནི་དབུལ་བར་བྱ། །ཞོ་དང་ཏིལ་དང་བསྲེས་པ་ཡིས།། དེ་བཞིན་དགང་བླུགས་བརྒྱ་བྱས་ན། །སྡིག་པ་རྣམས་ནི་འཇིག་པར་འགྱུར། །ཚེ་འཕེལ་ཕྱིར་ནི་དཱུར་བ་དང༌། །ཁྱིམ་རྒྱས་ཕྱིར་ནི་འབྲས་ཀྱིས་བྱ། །ཞོ་དང་འབྲས་ཀྱི་སྦྱིན་སྲེག་དབུལ། །ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱིས། །བཟླས་པའི་སྲུང་སྐུད་ལག་པར་གདགས། །གསང་མཐར་ཞི་བའི་རིག་པ་ཡིས། །དེ་ཡི་སྙིང་གར་བྱུག་པར་བྱ། །སློབ་མ་གུས་ཤིང་མགོ་བཏུད་ནས། །ཤེས་ནས་བླ་མས་ཡོན་བླང་ངོ༌། །སློབ་མས་ཀྱང་ནི་གུས་པ་ཡིས། །བླ་མ་འབད་དེ་མཉེས་བྱས་ཏེ། །སློབ་དཔོན་ཡོངས་སུ་མཉེས་པ་ཡིས། །ལས་རྣམས་འགྲུབ་པར་རབ་ཏུ་འབྱུང༌། །དེ་ནས་བླ་མ་བདག་ཉིད་ཀྱིས། །མེ་ལ་ཇི་སྐད་གསུངས་བཞིན་བྱ། །མཆོད་ཅིང་བསྐོར་བ་བྱས་ནས་ནི། །ལྷ་རྣམས་ལ་ནི་ཕྱག་བྱས་ནས། །རང་གནས་སོང་ནས་སློབ་མ་ཡིས། །དགེ་འདུན་རྣམས་ལ་མཆོད་ཡོན་འབུལ། །དེ་ནས་བླ་མ་ལྷ་དང་ནི། །སྐུ་ཡི་གཟུགས་བརྙན་བརྟན་པོར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །གོ་ཆ་གྱོན་པའི་ཚུལ་དུ་བྱ། །དེ་ཉིད་རྡོ་རྗེ་བསྐོར་ཚུལ་གྱིས། །སྟེང་དང་འོག་གི་བར་གྱི་ཆའི། །ལུས་ལ་ལན་གསུམ་དཀྲི་བྱ་ཞིང༌། །བདུད་རྩི་འཁྱིལ་བ་བཟླས་པར་བྱ། །དར་དབྱངས་བཅིང་པའི་ཚུལ་ལས་ནི། །རྣམ་པར་བསྒྱིངས་པར་མཐའ་ནས་དགྲོལ། །དར་དཔྱངས་ཐ་མ་བཅིངས་ནས་ནི། །རྟིང་པ་བསམས་པས་བསྟན་པར་བྱ། །དེ་ཡི་ཉིན་པར་ཅི་ནུས་པར། །དགའ་སྟོན་རྣམས་ནི་ཅི་ནུས་བྱ། །གླུ་དང་གར་དང་རོལ་མོ་དང༌། །རྣམ་པར་གནས་པས་གནས་པར་བྱ། །ཨོཾ་བཛྲ་རཏྣ་ཏྲཱཾ། ཞེས་ཡོ་བྱད་ལྷག་མའི་སྔགས་རྣམས་དང། །ཕྱག་རྒྱ་དང་རིགས་རྗེས་མཐུན་པར། །བློ་ལྡན་རྒྱུད་ལ་མཁས་པ་ཡི། །སློབ་དཔོན་གྱིས་ནི་སྦྱང་བར་བྱ། །གང་ཞིག་རྒྱུད་འདི་མ་བསྒོམས་པས། །དེ་ཉིད་ཀུན་རྫོབ་འདོད་མིན་ཏེ། །དེ་ལ་རྗེས་སུ་བརྩེ་བའི་ཕྱིར། །ཆོ་ག་སྔ་མ་རྗེས་སུ་སྦྱར། །ལྷག་པར་གནས་པ་


DTG062_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི། །ཕྱི་དྲོའི་དུས་སུ་བྱ་བར་བཤད། །ཐུགས་རྗེའི་བདག་ཉིད་ནང་པར་ནི། །སྤྱན་དབྱེ་བ་ནི་བྱའོ་ཟེར། །འདི་ནི་ཁྱད་པར་འདི་ཉིད་དེ། །གཤེགས་གསོལ་བཅས་ཀུན་སྔར་བཤད་དོ། །ནང་པར་ཡང་ནི་སྔར་བཤད་པའི། །བྱ་བ་དེ་ཉིད་ཐམས་ཅད་བྱ། །ཆོ་ག་དེ་ལྟར་བསྟན་པ་རྣམས། །བྱས་ནས་ལྷ་ནི་ལེགས་བཞག་པའི། །དཀྱིལ་འཁོར་ཆེན་པོ་བཀོད་པ་ནི། །རྒྱུད་རྣམས་རྒྱལ་བས་འདི་གསུངས་སོ། །འདི་ཉིད་འཚོལ་བར་བྱེད་པ་ལ། །རྟག་ཏུ་བདག་གི་བླ་མས་བཤད། །ཐུགས་རྗེ་ཆེན་པོ་རྒྱུད་ཀུན་དུ། །ཆོ་ག་འདི་དེ་བསྟན་པ་ནི། །སློབ་མས་གོ་བར་བྱ་ཕྱིར་གྱིས། །རབ་གནས་ཡི་གེ་ཡོངས་མ་ཡིན། །རང་གི་ལུས་སམ་རས་རིས་སོགས། །སྤྱན་དྲངས་ཆོ་ག་ལ་སོགས་འདིས། །སངས་རྒྱས་དེ་ཡི་རིགས་སོགས་དང༌། །མངག་གཞུག་ལ་སོགས་གཤེགས་མི་གསོལ། །སྲིད་པའི་མཐར་ཐུག་པར་དུ་ནི། །དེ་ཉིད་རབ་ཏུ་གནས་པར་བྱ། །བསོད་ནམས་འདིས་ནི་འགྲོ་ཀུན་ཡང༌། །ཡང་དག་བྱང་ཆུབ་གནས་པར་ཤོག །བདག་དང་འགྲོ་བའི་བསམ་པ་རྣམས། །རྫོགས་བྱེད་འཇམ་དབྱངས་ཉིད་གྱུར་ཅིག །སྤྱན་དབྱེ་བའི་ཆོ་ག་སློབ་དཔོན་པྲ་ཛྙཱ་བ་ལི་ཏས་མཛད་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་ཕོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousསྤྱན་དབྱེ་བའི་ཆོ་ག།next