Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བཞི་པ།


   
   
   
   
   
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་པ་ཞེས་བྱ་བ།  གཞོན་ནུ་གྲགས་པ།
   
   
   


 
previousའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་པ་ཞེས་བྱ་བ། གཞོན་ནུ་གྲགས་པ།next

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་པ་ཞེས་བྱ་བ།
གཞོན་ནུ་གྲགས་པ།


DTG064_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱ་ཪྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་ཨུ་པ་དེ་ཤ་ནཱ་མ་བྲྀ་ཏེ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་


DTG064_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་བཞིན་དྲ་མེད་གདོད་ནས་གཉིས་མེད་སངས་རྒྱས་ཤིང༌། །དྲི་མས་མ་གོས་ཡོན་ཏན་མཚུངས་མེད་རབ་བྱེད་པས། །དམ་ཆོས་གཞིར་གྱུར་ལོངས་སྤྱོད་གཟུགས་དང་ལྡན་སྤྱོད་པ། །ཡང་དག་སྤྲུལ་པ་སྐྱེ་འགྱུར་དེ་ལ་ཕྱག་འཚལ་ནས། །མཆོག་ཏུ་དྲི་མེད་གཟོད་ནས་ཞི་བའི་ངོ་བོ་ཉིད། །སེམས་ཅན་དོན་ལ་གསལ་འགྱུར་མཚན་ཡང་དག་བརྗོད་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དེ་ལ་ཡོན་ཏན་མཉམ་མེད་པ། །གཟོད་ནས་གྲངས་འདས་ཀྱིས་གསུངས་པ་ཡི་མཚན་དོན་བྲི་བར་བྱ། །དེ་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡུལ། །རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ། བསྟན་པ་ཀུན་གྱི་དངོས་གཞི། །སྡེ་སྣོད་ཀུན་གྱི་མེ་ལོང༌། ནམ་མཁའ་དང་མཉམ་པའི་འགྲེལ་པའོ། །དགོས་པ་ལ་སོགས་པ་གང་ཞེ་ན། མཚན་དོན་དཀྱིལ་འཁོར་དྲུག་ལ་སོགས་པའི་ལྟ་བ་དང་སྒོམ་པའི་བྱེ་བྲག་ནི་བརྗོད་བྱ། དེ་བསྟན་པ་ནི་དགོས་པ། ཁྱད་པར་དུ་གྱུར་པ་ལས་འབྲས་བུ་སྐུ་ལྔ་ཐོབ་པ་ནི་དགོས་པའི་དགོས་པ། འབྲེལ་པ་ནི་ཐབས་དང་ཐབས་ལས་བྱུང་བའི་འབྲེལ་པའོ། །དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མཚན་བཟུང་ན་ཡོན་ཏན་ཇི་ཙམ་ཞེ་ན། དེ་ལ་ཚད་མེད་དཔག་ཏུ་མེད་དོ། །གང་ལ་ལས་འཇམ་དཔལ་གཞོན་ནུར་གྱུར་པའི་མཚན་བསྟན་ནས་བཟུང་ན་བསོད་ནམས་ཇི་ཙམ་ཞེ་ན། དེ་ནི་གོང་མ་ལས་ཀྱང་དཔག་ཏུ་མེད་ཅིང་བགྲང་བ་ལས་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་འཇམ་དཔལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་པའི་ཕྱིར་རོ། །དེ་ཉིད་ཀྱང་ཅིས་ཤེ་ན། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པས་བསྐལ་པ་རེ་རེའི་སེམས་ཅན་གྱི་དོན་བྱས་པ་དེ་ལྟ་བུའི་དཀའ་བ་སྤྱད་པ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་གྱིས་ཀྱང་མ་མཛད་དོ། །དེ་ཉིད་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པའི་སྨོན་ལམ་གྲུབ་པ་ཚད་མེད་དོ། །འཇམ་དཔལ་གྱི་ཡོན་ཏན་གྱི་ཁྱད་པར་ལ་ཚད་མེད་དོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་


DTG064_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྟོང་གི་ཡབ་དང་ཡུམ་ལྟ་བུའོ། །འཕགས་པ་འཇམ་དཔལ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་གདམས་ངག་སྟོན་པའོ། །འཕགས་བ་འཇམ་དཔལ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་མིང་གི་འཁོར་ལོ་རྒྱས་པར་བྱེད་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་གཏམ་གྱི་སྐྱེས་བུར་གྱུར་པའོ། །འཇམ་དཔལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པའོ་ཞེས་པ་ལ་སོགས་རྒྱ་ཆེར་འབྱུང་ངོ༌། །དེ་ལྟར་ཕན་ཡོན་ཆེ་བ་ཇི་ལྟ་བུའི་དཀའ་བ་སྤྱད་ཅེ་ན། འདིའི་ཚུལ་ནི་དཔལ་སྒྱུ་འཕྲུལ་དྲ་བ་དང་ངེས་པའི་དོན་གྱི་མདོ་ལས་བསྟན་ཏེ། དང་པོ་སོ་སོའི་སྐྱེ་བོ་མང་དུ་ཐོས་པ་ཞེས་བྱ་བས་ཆོས་ཐམས་ཅད་རྟག་པར་གོ་ནས་ཀུན་ལ་དེ་ལྟར་བསྒྲགས་པས་ཐམས་ཅད་རྟག་པར་ལྟ་བ་ལ་བཙུད་པའོ། །དུས་ཚོད་དེར་ཁྱེའུ་ཐོས་སྒྲོགས་ཞེས་བྱ་བས་ཆོས་ཐམས་ཅད་མེད་པར་གོ་ནས་ཀུན་ལ་མེད་པར་བསྟན་ཏེ། དེ་ལྟར་སྡེ་གཉིས་སུ་ཆད་ནས་རྩོད་པ་བྱུང་ངོ༌། །དེའི་རྣམ་སྨིན་གྱིས་གཉིས་ཀ་དམྱལ་བར་སྐྱེས་སོ། །དེ་གཉིས་ཀྱི་འཁོར་རྣམས་ཀྱང་ལྕགས་ཀྱི་ཐུ་ལུམ་འབར་བ་ཟ་བར་འགྱུར་ཏེ། འཁོར་དང་བཅས་པ་དེ་ནས་ཐར་ནས་མཐར་འདབ་ཆགས་བྱར་སྐྱེས་སོ། །དེ་ཡང་མང་དུ་ཐོས་པ་མེ་མར་འོབས་སུ་གྲོགས་པོ་ཅིག་གིས་ཞག་ཉི་ཤུ་རྩ་གཅིག་ཏུ་བསྐྱུར་བ་ལས་མང་དུ་ཐོས་པས་དམྱལ་དཔོན་པ་ཞག་བཞི་བཅུ་རྩ་གཉིས་སུ་ངོ་བོར་ལ་འདི་ཐོས་པ་བྱས་པས་ཁྱོད་རང་གིས་བཟོད་ན་རུང་ཟེར་ནས། དེས་བསྐྱུར་བས་བསམ་པ་བཟང་པོས་ཞག་བདུན་ལོན་ནས་ཚེ་འཕོས་ནས་ཁྱིམ་བདག་གི་བུ་སྦྱིན་པ་ཞེས་བྱ་བར་གྱུར་ཏོ། །ཁྱེའུ་ཐོས་སྒྲོགས་ནི་གྲོགས་སོ་ཅིག་དང་གཉིས་དམྱལ་དཔོན་གྱི་ཤིང་རྟ་འདྲེན་པ་ལ་གྲོགས་པོས་མ་ནུས་ནས། དམྱལ་དཔོན་ལ་འདི་ཞོག་ངས་དྲང་བྱས་པས་ཁྱོད་ཀྱིས་འདྲོངས་སམ་ཟེར་ནས་མགོ་བོ་ལ་ཐོ་བ་བརྒྱབ་ནས་ཚེ་འཕོས་ནས་རྫ་མཁན་སྣང་བྱེད་ཀྱི་བུར་སྐྱེས་སོ། །དེས་ཤཱཀྱ་ཐུབ་པ་ལ་འཇམ་གང་ཕུལ་ནས་སེམས་བསྐྱེད་ནས་སངས་རྒྱས་ཀྱི་མཐུས་ཁྱིམ་བདག་གི་བུ་དེ་ཚེ་སྔ་མ་དྲན་པའི་ཤེས་པ་བྱུང་ནས་སྤྱིན་པ་ཡོངས་སུ་རྫོགས་པར་བྱས་པའོ། །དེ་ནས་དགེ་སློང་ཡེ་ཤེས་རྒྱལ་པོར་གྱུར་ནས་ཚུལ་ཁྲིམས་རྫོགས་


DTG064_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་སོ། །དེ་ནས་བྲམ་ཟེ་དྲི་མེད་དུ་གྱུར་ནས་བཟོད་པ་རྫོགས་པར་བྱས་བའོ། །དེ་ནས་རྒྱལ་པོ་མུ་ཁྱུད་ཀྱི་བུར་གྱུར་ནས་བརྩོན་འགྲུས་རྫོགས་པར་བྱས་སོ། །རྒྱལ་པོ་དད་ཡོད་དུ་གྱུར་བའི་དུས་སུ་བསམ་གཏན་རྫོགས་པར་བྱས་སོ། །དགེ་སློང་ཆོས་ཀྱི་རྒྱལ་མཚན་དུ་གྱུར་པའི་དུས་སུ་ཤེས་རབ་རྫོགས་པར་བྱས་སོ། །རྒྱལ་པོ་ནམ་མཁར་གྱུར་པའི་དུས་སུ་ཤེས་རབ་དང་ཐབས་རྫོགས་པར་བྱས་སོ། །དྲང་སྲོང་རྒྱལ་པོའི་དུས་སུ་ཡེ་ཤེས་རྫོགས་པར་བྱས་སོ། །འདི་ཉིད་ལ། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་གསུངས་སོ། །དེ་ལྟར་ཡང་ནས་ཡང་དུ་དཀའ་བ་སྤྱད་པས་མངོན་པར་རྫོགས་པར་སངས་རྒྱས་སོ། །འདི་ཉིད་ལ། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་གསུངས་སོ། །དེ་ལྟར་སྐུ་ཉིད་གཉིས་མེད་ཀྱི་ཡེ་ཤེས་དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དང་ལྡན་པས། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སུམ་ཅུ་རྩ་གཉིས་མཚན་འཆང༌། །ཞེས་གསུངས་ཏེ། སུམ་ཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྷ་དང་ལྷ་མོར་སྣང་སྟེ། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཁ་དོག་སྣ་ཚོགས་འབར་བའི་འོད། །ཅེས་གསུངས་སོ། །དེའི་རྗེས་ཀྱི་ཡེ་ཤེས་བྱ་བ་གྲུབ་པ་དང༌། ཁ་དོག་སེམས་པ་དེ་ལ་གཟིགས་པ་དྲུག་གི་ཚུལ་དུ་གཟིགས་ནས་མ་རིག་སྒོ་ངའི་སྦུབས་ན་གནས་པའི་དོན་བྱ་བའི་ཕྱིར། དོན་དམ་པ་སྟོང་པ་ཡི་གེ་ཨ་དཀར་པོའི་རང་བཞིན་ལས་ལྷུན་པོ་རིན་ཆེན་གྱི་སྟེང་དུ་བྱོན་ལ་བྱིན་རླབས་རྡོ་རྗེ་ཆེན་པོ་དང་མཆོད་རྟེན་ཆེན་པོ་དང༌། ཆོས་འབྱུང་དང༌། གཞལ་ཡས་ཁང་དཀྱིལ་འཁོར་དྲུག་གི་སྣང་བ་གདུལ་བྱ་ལ་སོ་སོར་བྱུང་སྟེ། དེ་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། བདེ་གཤེགས་དྲི་མེད་ཡེ་ཤེས་ཉིད། །ཨ་ལི་བྱིན་རླབས་ཆེན་པོ་ལས། །ལྷུན་པོའི་སྟེང་དུ་རྣམ་འཕྲུལ་སྣང༌། །དཀྱིལ་འཁོར་དྲུག་གི་ཇི་བཞིན་ནོ། །ཞེས་གསུངས་ཏེ། སྐལ་བ་དང་ལྡན་པའི་གདུལ་བྱ་དྲུག་ལ་སྣང་བའོ། །གཟུགས་རྣམས་མ་ལུས་འཆང་བ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན། །ཇི་བཞིན་འགྲོ་བའི་


DTG064_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱེད་པ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང༌། །ཞེས་གསུངས་སོ། །གང་ལ་ཅིས་ནི་འདུལ་མཛད་པ། །ཐབས་ཀྱིས་འདྲེན་པའི་གཙོ་ལ་ཕྱག་འཚལ་བསྟོད། །རིམ་པ་བཞིན་དུ་འཇུག་བྱའི་ཕྱིར། །སྐལ་བ་ཇི་ལྟར་འཚམ་པ་བཞིན། །དེ་ལྟར་རྣམ་འཕྲུལ་མཛད་པའོ། །དེ་ལྟར་ཕན་ཡོན་ཆེ་བ་གང་ཞེ་ན། འདི་སྐད་བདག་གིས་ཞེས་པ་ནས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པས་སྟོན་ནོ། །དེ་གསུངས་པའི་གནས་ནི་ལ་ལ་དག་གཞན་འཕྲུལ་དབང་བྱེད་ལ་སོགས་པར་གསུངས་པར་འདོད། སྒྱུ་འཕྲུལ་དྲ་བ་ལས། བྱ་རྒོད་རི་ཡི་གནས་མཆོག་ཏུ། །གསང་བ་དམ་པ་རབ་བཤད་པ། །ཞེས་གསུངས་པས་ན། བྱ་རྒོད་ཕུང་པོའི་ར་ལི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འདུས་ནས་སོ། །དེའི་དུས་སུ་ལྷའི་བུ་རིན་ཆེན་གྱིས་ཞུ་བའི་བསམ་པ་མཁྱེན་ནས། འཕགས་པ་འཇམ་དཔལ་འདི་རྣམས་ཡོན་ཏན་དང་བྱིན་རླབས་དང༌། ཇི་ལྟར་སྒྲུབ་བར་ཞུ་བར་འདོད་པས་གསུང་འཚལ་ཞེས་ཞུས་པས། འཇམ་དཔལ་ན་རེ་ང་རང་ལ་ཡོན་ཏན་བརྗོད་ན་བདག་ལ་བདག་གིས་བསྟོད་པར་མཆི་བས་ལྷ་དབང་མིའི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུང་འཚལ་ཞེས་ཞུས་སོ། །སྟོན་པས་ཅང་མི་གསུང་བའི་དུས་སུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཁྲོ་བོ་ལྔ་བརྒྱ་དང་ཐབས་ཅིག་ཏུ་ཞུས་སོ། །དེར་སྟོན་བས་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལེའུ་ཁྲི་དྲུག་སྟོང་རྣལ་འབྱོར་ཆེན་པོའི་རྒྱུད་བཀའ་སྩལ་ཏོ། །དེའི་རྗེས་ལ་ཟབ་པ་དང་རྒྱ་ཆེ་བའི་རྡོ་རྗེའི་གླུར་བླངས་པའི་དོན་དགྲོལ་བའི་ཕྱིར་མཚན་ཡང་དག་པར་བརྗོད་པ་འདི་རྡོ་རྗེའི་ཚིག་ཏུ་གསུངས་སོ། །དེ་ནས་ཞེས་པ་ནི་དེ་མ་ཐག་པ་ལ་སྦྱོར་རོ། །དེ་ཡང་སྒྱུ་འཕྲུལ་དྲ་བར་དཀྱིལ་འཁོར་དང་ལྷ་དང༌། དབང་དང་རབ་གནས་ལ་སོགས་པའི་རིམ་པ་ཀུན་བསྟན་ནས། རྗེ་བཙུན་གྱི་རང་བཞིན་དང་མཛད་པའི་ཕྲིན་ལས་དང་ཡོན་ཏན་བསྟན་པའི་ཕྱིར་དེ་ནས་སོ། །འདི་ལ་ཚིགས་བཅད་སུམ་བརྒྱ་བཅུ་གཉིས་ཀྱིས་བསྟན་པ་འདི་སྐབས་བཅུ་བཞིར་བསྟན་པ་དེ་དང་མི་འགལ་བར་བྱ་བའི་ཕྱིར་དང༌། སྣོད་ཀྱི་ལོ་རྒྱུས་ཀྱི་དོན་དང་དྲིས་ལས་ཕན་ཡོན་འཐད་པ་དང་བཅས་པ་བསྟན་པར་


DTG064_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ལ་དཔལ་ལྡན་རྡོ་རྗེ་འཆང་ནས་ཞུ་བ་པོ་དང་འཁོར་རྣམས་བསྟན་ཏེ། དེ་ཡང་སྔོན་སྟོན་པ་ཤཱཀྱ་ཐུབ་པ་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་བ་བཞུགས་པའི་དུས་སུ་སེམས་ཅན་རྣམས་ཀྱི་ལོ་ཏོག་མེད། ཚེ་ཐུང་ནད་མང་པོ་བྱུང་ནས་སྡུག་བསྔལ་བའི་དུས་སུ་སྟོན་པས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཀླུའི་རྒྱལ་པོ་སོ་ག་མ་མེད་ཀྱིས་གནོད་པ་བྱས་པར་གཟིགས་ནས་ཐུགས་ཀ་ནས་འོད་ཟེར་གྱིས་བསྐུལ་བས་ཀླུའི་རྒྱལ་པོའི་ལུས་ཞུམ་ནས། ཀྱེ་མ་ང་ལ་གནོད་པ་བྱེད་ཅིང་སྟོབས་འགྱེད་པ་ནི་སུ་ཡིན་ཟེར་ནས་བཞིན་ལ་སོགས་པ་བསྒྱུར། ཁྲོས་པའི་སྒྲ་སྒྲོགས་ཤིང་ནམ་མཁའ་ལ་སོང་ནས་སྤྲིན་ནག་པོའི་གསེབ་ནས་ཐོག་དང་སེར་བ་དབབ་པར་འདོད་ནས་ཞེ་སྡང་དྲག་པོ་སྐྱེས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་བཀའ་བསྒོས་ཏེ། གསང་བའི་བདག་པོ་ཀླུའི་རྒྱལ་པོ་འདི་ཐུལ་ཞེས་བཀའ་སྩལ་ཏོ། །དེ་ནས་གསང་བའི་བདག་པོས་རྡོ་རྗེ་ནམ་མཁའ་ལ་གསོར་ཞིང་རིག་པ་བརྗོད་པས་ཀླུའི་གནས་དང་ཁྱིམ་ཀུན་དུ་མེ་འབར་རོ། །དེར་ཀླུ་ན་རེ་ཁྱེད་དང་ང་གཉིས་སྟོབས་དགྱེ་ཡིས་ཟེར་ནས་ད་ལྟ་ཉིད་དུ་བརླག་བར་བྱའོ་ཟེར་ནས་ཁྲོས་པའི་ང་རོ་སྒྲོགས་སོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རྡོ་རྗེ་ལན་གསུམ་དུ་གསོར་ནས་རི་ཁྱིམ་ལ་བསྣུན་པས་མེ་འབར་བར་གྱུར་ཏེ། དེར་ཀླུའི་རྒྱལ་པོ་ཁྱབ་འཇུག་རང་གི་གནས་སུ་བྲོས་སོ། །དེར་བྱོན་ནས་ཁྱབ་འཇུག་བཏུལ་ལོ། །དེར་ས་བླར་མ་ཧཱ་དེ་བའི་སར་བྲོས་པས་ཡང་བཏུལ་ལོ། །དེར་ས་སྟེང་ལྷ་ཚངས་པའི་གནས་སུ་བྲོས་པས་ཡང་བཏུལ་ལོ། །དེར་ཐུགས་མ་ཐུབ་ནས་སྲོག་སྙིང་ཕུལ་དམ་བཅས་སོ། །དེས་ན་གདུལ་དཀའ་སོགས་སོ། །འཁོར་གྱིས་ཀྱང་གཙོ་བོ་བཞིན་ནོ། །སྟོན་པ་གང་ལ་ཞུས་ཤེ་ན་དེ་བཞིན་གཤེགས་པ་སོགས་སོ། །དགོས་པ་ཅི་ཡོད་ན་ཁྱབ་བདག་སོགས་རང་དོན་གཞན་དོན་ནོ། །སྟོན་པའི་མཚན་དང་ཡོན་ཏན་ཞེ་ན། རྫོགས་པའི་སངས་རྒྱས་སོགས་པས་བསྟན་ནོ། །འགྲོ་བའི་བླ་མ་ལ་སོགས་པ་ཡོན་ཏན་དང་གཞན་དོན་བསྟན་ནོ། །དེ་ཡང་ཆོས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་


DTG064_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཡེ་ཤེས་ཞེས་པ་བརྗོད་བྱ་དོན་གྱི་འཇམ་དཔལ་ཡེ་ཤེས་ལྔའི་རང་བཞིན་དུ་བསྟན་ནོ། །མིང་ནི་ནས་རབ་ཞི་བའི་བར་གྱིས་རྗོད་བྱེད་ཚིག་གི་འཇམ་དཔལ་ཐུན་མོང་མ་ཡིན་པ་བསྟན་ནོ། །དེ་གང་གི་ཡུལ་ཡིན་ན་ཐོག་མ་ནས་ཡང་ནས་ཡང་དུ་གསུངས་པ་ཞེས་པས་དུས་གསུམ་གྱི་སངས་རྒྱས་ཀྱི་ཡུལ་དུ་བསྟན་ནོ། །ཆོས་ཀྱི་མཚན་ཉིད་གང་ཞེ་ན། རྒྱུད་ཆེན་ལ་སོགས་པའོ། །དགོས་པ་ནི་རྡོ་རྗེ་འཆང་ཆེན་ལ་སོགས་སོ། །སྟོན་པས་ཤོད་ཅིག་པར་གདམས་པ་སྡུད་པ་པོས་ཀྱང་དམ་བཅས་པ་མགོན་པོ་ནས་གསང་འཛིན་པར་རོ། །དེ་ཡང་སྔོན་རྒྱལ་པོ་ཡུལ་འཁོར་སྐྱོང་གདུང་ཆད་དུ་ཉེ་བ་ན་རྒྱལ་པོ་དེའི་སྤྱི་བོ་ནས་ཤའི་ཝ་བ་ཅིག་སྐྱེས་དེ་ལ་མྱ་ངན་བྱས་པས་ཤ་དེ་བོག་པ་ལས་ནམ་མཁའ་ལས་སྒྲ་བྱུང་སྟེ། རྒྱལ་པོ་ཆེན་བོ་རིན་པོ་ཆེའི་མཆོད་རྟེན་ཅིག་རྩིགས་ལ་དེའི་བུམ་པའི་ནང་དུ་རིན་པོ་ཆེའི་མཆོད་རྟེན་གྱི་ཟ་མ་ཏོག་སྟོང་རྩ་གཉིས་ཀྱི་ནང་དུ་ཤ་དུམ་བུ་རེ་ཚུད་ལ་མཆོད་པ་ཆེན་པོ་གྱིས་ཤིག །ཁྱད་པར་དུ་འཕགས་པའི་རྒྱལ་བུ་འབྱུང་ངོ་ཟེར་ནས་དེ་བཞིན་དུ་བྱས་པ་ལས། དུས་ཚོད་ཅིག་ཏུ་རྒྱལ་བུ་སྟོང་རྩ་གཉིས་མཚན་དང་བཅས་པ་བྱུང་ངོ༌། །དེ་རྣམས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞལ་གྱིས་བཞེས་སོ། །དེ་རྣམས་ཀྱི་ནང་གི་ཆེན་པོ་ལྷ་ཚངས་བས་ནུ་བོ་ཚོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞུ་བ་དབུལ་བར་བྱས། ཐ་ཆུངས་ཕྱག་ན་རྡོ་རྗེས་གསང་སྔགས་ཀྱི་སྡུད་པ་པོ་བྱ་བར་བྱས་ཏེ་དམ་བཅའ་བྱས་པས་གསང་འཛིན་ནོ། །ངེས་པར་འབྱུང་ནས་སྤྱན་སྔར་འདུག་གིས་ཆོས་སྤྱོད་པའི་ཚུལ་བསྟན། ཞུས་ནས་གནང་བའི་ཚུལ་ནི་དེ་ནས་བཅོམ་ལྡན་འདས་ནས་ཡིད་ཀྱིས་ཉོན་གྱིས་བསྟན་ནོ། །བཅོམ་ལྡན་འདས་ཀྱི་བྱུང་ཚུལ་ནི་གོང་གི་ཁྱེའུ་ཐོས་སྒྲོགས་རྫ་མཁན་སྣང་བྱེད་ཀྱི་བུར་གྱུར། །ཤཱཀྱ་ཐུབ་པ་ཆེན་པོ་ལ་འཇམ་གང་ཕུལ་ནས་སེམས་བསྐྱེད་ནས་རིམ་པར་ས་བཅུ་ཐོབ་ནས། དམ་པ་ཏོག་དཀར་དུ་གྱུར་ནས་ལྷ་རྣམས་ལ་ཆོས་སྟོན་ཅིང་བཞུགས་པ་ལས་ནམ་མཁའ་ནས་སྒྲ་བྱུང་སྟེ། སྐྱེས་བུ་ཆེན་པོ་བཅོམ་ལྡན་འདས། །སེམས་ཅན་ཀུན་ལ་ཕན་དོན་དུ། །མི་ཡི་ཡུལ་དུ་གཤེགས་སུ་


DTG064_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །མི་ཡི་ཡུལ་དུ་གཤེགས་ནས་ཀྱང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞེས་བསྐུལ་ཏེ། དགའ་ལྡན་ལྷ་མི་ཕམ་མགོན་པོ་ལ་དབུ་རྒྱན་བསྐོན་ནས་རི་རབ་ཀྱི་སྟེང་དུ་བྱོན་ནས་གཟིགས་བ་བཞི་ལ་གཟིགས་ཏེ། ཡབ་དང་ཡུམ་དང་རིགས་དང་གྲོང་ཁྱེར་ལ་གཟིགས་ནས་མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་ངོན་མཛད་པར་དགོངས་ཏེ། འཇིག་རྟེན་པའི་ལྔ། འདས་པའི་ལྔ། བླ་ན་མེད་པའི་མཛད་པ་གཉིས་ཏེ་བཅུ་གཉིས་སོ། །ཡུམ་གྱི་ལྷུམས་སུ་ཞུགས། བྱི་བ་ལོའི་དཔྱིད་ཟླ་ར་བའི་ཉའི་ནང་པར་བལྟམས། གཞོན་ནུ་རོལ་རྩེད་མཛད། ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ཁབ་ཏུ་བཞེས་རྒྱལ་སྲིད་ལ་མངའ་མཛད་སྲས་བལྟམས། རྒྱལ་བུ་འཁོར་བ་ལ་སྐྱོ་བ་སྐྱེས་ནས་རབ་ཏུ་བྱུང༌། ལྷོ་ཕྱོགས་གྱད་ཀྱི་ཡུལ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་ལོ་བདུན་མཛད། སྲོད་ལ་བདུད་བཏུལ། ཐོ་རངས་མངོན་པར་སངས་རྒྱས། བྱང་ཆུབ་ཀྱི་ཤིང་པླཀྵ་ལ་གཟིགས། དམ་པའི་ཆོས་བཙུན་པར་བྱ་བའི་ཕྱིར་ཞག་བདུན་དུ་ཅང་མི་གསུང་བར་བཞུགས། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར། དེར་བཀའི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ནི་ཉིད་ཀྱི་ཞལ་ནས་ཞེས་སོ། །ཆོས་གསུང་བའི་སྔ་ལྟས་བསྟན་པའོ། །སྙིང་རྗེ་ལ་སོགས་བསྡུས་པའི་ཡོན་ཏན་དང་མཚན་གྱི་ཡོན་ཏན་དང༌། སྤྲོ་བ་བསྐྱེད་པ་དང་ཉོན་ཅིག་པར་གདམས་པའོ། །རྒྱུད་འབྱུང་བའི་ཕྱེད་དགོངས་པ་ལ་བཞག་ནས་རིགས་དྲུག་ལ་གཟིགས་སོ། །དེ་ཡང་རིགས་སྤྱི་དང༌། བྱེ་བྲག་ཏུ་རིགས་དང༌། ཡེ་ཤེས་དང༌། གདུལ་བྱ་དང༌། དཀྱིལ་འཁོར་དང༌། ལྷ་དང༌། མཚན་དང༌། ཕྲིན་ལས་དང༌། གང་ལ་གང་འདུལ་ལ་ཆེར་གཟིགས་པའོ། །དེ་ནས་དགོངས་པ་ལས་བཞེངས་ནས་ཚིག་གི་བདག་པོས་ཚེག་པར་བདུན་མའི་ཚིགས་སུ་བཅད་ནས་གསུངས་སོ། །དེའི་དོན་གསང་སྔགས་རྒྱལ་པོ་དྲུག་སྐུ་དང་ཡེ་ཤེས་དྲུག་གོ །དེ་ལྟར་གནས་སམ་ཞེ་ན། གཉིས་སུ་མེད་པར་བྱུང་སྟེ། གཉིས་མེད་ཡེ་ཤེས་རང་རིག་པ་སྟེ། དེ་ཡང་སེམས་དངོས་པོར་གྲུབ་པ་མ་ཡིན་ཏེ། མི་སྐྱེ་ཆོས་ཅན་ཞེས་ནི་སེམས་སྐྱེ་བ་མེད་པ་


DTG064_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དོ། །སྟོང་པ་ཉིད་དེ་ཚད་མར་མི་འགྱུར་རམ་ཞེ་ན། མི་སྐྱེ་ཆོས་ཅན་འདི་གསུངས་པ་སྟེ། སེམས་སྐྱེ་བ་མེད་པ་ཉིད་རིག་པ་སྣ་ཚོགས་སུ་གསལ་བ། རང་བཞིན་གྱིས་འོད་གསལ་བའོ། །དེ་གང་གིས་རྟོགས་པར་བྱ་ཞེ་ན། ཡི་གེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་ཏེ། ཨ་ཨཱ་ནི་གདོད་ནས་མ་སྐྱེས་པ། ཨི་ཨཱི་ནི་དེ་ལ་ཡེ་ཤེས་ཆེན་པོ་འཕོ་བའོ། །ཨུ་ཨཱུ་ནི་བྱང་ཆུབ་སེམས་བདེ་བ་ཆེན་པོའོ། །ཨེ་ཨཻ་ནི་ཆོས་ཐམས་ཅད་བསམ་བརྗོད་དང་བྲལ་བའོ། །ཨོ་ཨཽ་ནི་སེམས་ཀྱི་སྤྲུལ་པ་སྣ་ཚོགས་སུ་ཤར་བའོ། །ཨཾ་ནི་སྐྱེ་འགག་མེད་པའོ། །ཨཿ་ནི་སྐྱེ་མེད་ལས་འདས་སོ། །སྣང་བ་ཆོས་ཅན་འདི་ཉིད་སྣ་ཚོགས་སུ་སྣང་སྟེ། དེ་ཉིད་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་སྟོང་པའོ། །སྟོང་པ་གཏན་མེད་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་དང་ལྡན་པས་སོ། །དེ་དབྱེར་མེད་པ་ནི་ཡེ་ཤེས་སོ། །དེ་ཡང་སྒྲོ་འདོགས་གཅོད་པའི་དུས་སུ་ཚད་མ་སྤྱིའི་མཚན་ཉིད་བཅད་པའི་ཡུལ་ལ་སྐྱེས་བུ་མི་སླུ་བ་ཉིད་དོ། །དེ་ལམ་དུ་ཁྱེར་བ་མངོན་སུམ་གྱི་མཚན་ཉིད་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ཉིད་དོ། །འདི་སྒྲུབ་པ་ནི་དགག་སྒྲུབ་དང་བྲལ་བའི་སྒྲོ་མ་བཏགས་པའི་ཤེས་པས་གྲུབ་བོ། །དོན་གཉིས་མེད་ཀྱི་ཡེ་ཤེས་ཏེ། སེམས་ཅན་དང་སངས་རྒྱས་ལ་ཁྱད་མེད་དེ་སེམས་ཅན་ལས་མ་རིག་པས་བསྒྲིབས་སོ། །སྠཱི་ཏོ་ནས་བརྟི་ནཾ་གྱིས་དུས་གསུམ་གྱི་སངས་རྒྱས་ཀྱི་ཐུགས་ཀ་ན་སྐུ་དང་ཡེ་ཤེས་ཀྱི་ཚུལ་གྱིས་བཞུགས་པར་བསྟན་ནོ། །སྐུ་དང་པོ་བུདྡྷ་དང་འཁོར་ལོ་དང༌། ཡེ་ཤེས་སེམས་དཔའ་དང༌། ཟླ་བ་དང་ཨའོ། །དེ་ཉམས་སུ་ལེན་ན། ཨོཾ་བཛྲ་ཏཱིཀྵྞ་ནས་ཡ་ཏེ་ན་མཿ་སྐུ་དྲུག་དང་དཀྱིལ་འཁོར་དྲུག་དང༌། དེ་ལ་བརྟེན་ནས་དབང་དང་རབ་གནས་དང་སྦྱིན་སྲེག་དང་ཚ་ཚ་དང་བཟླས་པ་དང་སྒོམ་པའི་ཚུལ་གྱིས་ཉམས་སུ་བླང་ངོ༌། །དེ་ལ་ཨ་ར་པ་ཙ་ནའི་དོན་འདི་ལྟར་ནས་ཚུལ་གྱི་མཆོག་གིས་བསྟན་ཏེ། འདིར་ལྷ་དང་སྦྱར་བ་ཡང་ཡིན་ལ་ད་རེས་ཆོས་ཉིད་བྱང་ཆུབ་སེམས་དེ་ཨ་ཡིས་མཚོན་ཏེ་སྐྱེ་མེད་ལས་བྱུང་བའོ། །སྐྱེ་མེད་དེ་ལ་དབྱེ་བ་དགག་བྱའི་སྒོ་ནས་ཕྱེ་ན་རྣམ་པར་ཐར་པའི་སྒོ་བཞི་སྟེ་ཁོང་ནས་གསལ་བར་བྱེད་ཀྱིས་བསྟན་ནོ། །དེ་ལྟར་རྟོགས་ན་དུག་ལྔ་ཡེ་ཤེས་ལྔར་གྱུར་པ་ནི་


DTG064_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ནས་སེལ་བར་བྱེད་ཀྱིས་བསྟན་ཏེ། འདི་ལ་གདུལ་བྱའི་དབང་དུ་ལོ་རྒྱུས་རེ་རེ་དག་འབྱུང་སྟེ། རི་རབ་ཀྱི་སྟེང་ན་ལྷའི་དབང་པོ་བརྒྱ་བྱིན་ཞེས་བྱ་བ། རྣམ་པར་རྒྱལ་བའི་ཁང་བཟངས་དང་གྲོང་ཁྱེར་བལྟ་ན་སྡུག་དང་ཆུང་མ་དང་འཁོར་ལ་སོགས་པ་ལ་ཆགས་པ་དེ་རྗེ་བཙུན་གྱིས་དེ་གཟིགས་ནས་འཇམ་དཔལ་འོད་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱི་སྣང་བ་བསྟན་ནས། དེའི་འདོད་ཆགས་ལོག་སྟེ་སོ་སོར་རྟོག་པའི་ཡེ་ཤེས་སྐྱེས་ཏེ་མཆོད་པ་ནས་དགའ་བར་བྱེད་པའོ། །ལ་ལ་དག་དབང་ཕྱུག་དང་ཨུ་མ་གཉིས་ལ་ཡང་ཟེར་རོ། །ཞེ་སྡང་ཞེས་པ་ནི་སྔོན་དྲང་སྲོང་ཅིག་ནགས་ཁྲོད་ཅིག་ན་བསྒོམས་པ་ལས་ལྟ་བ་ལོག་ནས་ཞེ་སྡང་སྐྱེ་སྟེང་ཤིའོ། །དེར་ཤར་ཕྱོགས་ཀྱི་འབྱུང་པོ་དགེ་བའི་བུ་གཏོགས་འདོད་ཅན་ཞེས་བྱ་བར་སྐྱེས་ནས་ཡང་འབྱུང་པོའི་ལུས་འདིས་ཅི་བྱ་མི་ལུས་འདོད་པས་མིའི་མངལ་སྐྱུག་བྲོ་ནས། བྲམ་ཟེའི་བུ་སུ་ཏྲ་ཞེས་བྱ་བ་མགོ་ནས་སྤྲུགས་པས་ཤ་རུས་ཟངས་ཀྱིས་སོང་བའི་སྦུབས་སུ་སོང་ནས་མི་དང་འགྲོགས་མ་ཤེས་ནས་དུར་ཁྲོད་དུ་རོ་མང་པོ་ཟོས་པས་རུ་ཏྲར་སོང་ནས་གྲོང་ཁྱེར་གསུམ་ཕུང་བར་བྱས། དེ་ཚེ་འཕོས་པས་ལྷ་མ་ཧཱ་དེ་བར་གྱུར་ཏེ་འཇིག་རྟེན་ན་མཐུ་ཆེ་བ་རི་རབ་གླད་ལ་བསྐོར་བ། རྒྱ་མཚོ་ཧུབ་ཀྱིས་འཐུང་བ། ལྷ་མོ་ཨུ་མ་དང་གཉིས་རྟག་ཏུ་འཁྱུད་པ་རི་རབ་ཀྱི་བྱང་ཤར་མཚམས་ན་ཐོད་པ་དགུ་བརྩེགས་ཀྱི་ནང་ན་འཁོར་དཔག་ཏུ་མེད་པ་དང་བཅས་པ་དུས་ཀུན་དུ་ཚེ་འཕྲོག་མི་ནད་ཕྱུགས་ནད་མང་པོ་གཏོང༌། དྲག་པོ་ཉི་ཤུ་རྩ་བཞིས་འཛམ་བུའི་གླིང་ཉི་ཤུ་རྩ་བཞིར་སྤྱན་དྲངས་ནས་ལོག་པའི་ཚོགས་འཁོར་བྱེད་པ་དེ་རྗེ་བཙུན་གྱིས་གཟིགས་ནས་ཞེ་སྡང་མི་བསྐྱོད་པའི་ཁྲོ་བོའི་ལྷ་ཚོགས་སྤྲུལ་ཏེ་བཏུལ་བས་དེར་ཐུལ་ཏེ་ཞབས་འོག་མནན་པ་ལས་གྲོལ་བ་ནི་འོག་ནས་ཀྱང་བསྟན་ནོ། །ལ་ལ་ཁྱབ་འཇུག་འདུལ་བའི་ཕྱིར་བསྟན་ཏེ། འོག་ནས་ཧ་ལ་ཧ་ལའི་སྐབས་ནས་སྟོན་ནོ། །གསུམ་པ་གཏི་མུག་བློ་སྟེ་ལ་སོགས་པ་ནི་སྔོན་ལྷ་ཚངས་པ་ཞེས་བྱ་བ་དབང་ཆེ་ཞེས་ཀུན་ལ་དབང་སྒྱུར་ཞིང་ཡང་ལས་རྒྱུ་འབྲས་མི་ཤེས་ནས་གཏི་མུག་སྟེ། དེ་གདུལ་བའི་ཕྱིར་གཏི་མུག་རྣམ་པར་སྣང་མཛད་ཀྱི་ལྷ་


DTG064_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བསྟན་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སྐྱེས་སོ། །བཞི་པ། མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཞེས་པ་ནི་ལྷ་ཚོགས་བདག་ཅེས་པ་མ་ཧཱ་དེ་བ་ལ། ཆུང་མ་གསུམ་ཡོད་པའི་འབྲིང་མོ་ཀླུ་མོ་ཡིད་འོང་དགའ་མ་ལ་བུ་བཟང་སྡུག་ལ་འོད་ཆགས་པ་ཀུན་གྱིས་བལྟ་ཡང་མི་བྲ་བ་གཅིག་ཡོད་པ་དེ་སེང་གེའི་ཁྲི་ལ་ལག་ན་རིན་པོ་ཆེ་ཐོགས་ནས་ཡོད་པ་ལ། དེ་ཨུ་མས་ཟས་ཞིམ་པོ་ཁྱེར་ནས་བལྟར་འོངས་པས་སྒོ་བཅད། ཚོགས་བདག་ན་རེ་ངའི་བྱད་ལེགས་མོ་འདི་མོས་མཐོང་ན་ད་ལ་མོ་ཆགས་པ་སྐྱེ། མོ་དམོད་བ་ཆེ་བས་སྙམ་ནས་གླང་པོ་ཆེ་ཅིག་གི་སྣ་བཅད་ནས་ཚོགས་བདག་གི་སྣ་ལ་གླན་པས་དེར་ཨུ་མས་མཐོང་ནས་ང་དགའ་ནས་ཟས་ཁྱེར་ནས་བལྟ་བ་ལ་མི་སྡུག་པ་བྱེད་པ་ཁྱོད་ལ་དུས་རྟག་ཏུ་གླང་སྣར་ཤོག་ཅིག །ལག་གི་རིན་པོ་ཆེ་ལ་ཕུག་ཏུ་སོང་ཅིག །སེང་གེའི་ཁྲི་བྱི་ལར་སོང་ཅིག་ཟེར་ནས། དེ་ལྟར་སོང་ནས་ཤིན་ཏུ་ངོ་ཆ་ནས། སུ་བྱུང་བ་ལ་རྡེག །ཁྲོ་བོ་དེ་གདུལ་བའི་ཕྱིར་ཁྲོ་བོ་དོན་ཡོད་གྲུབ་པའི་ལྷ་ཚོགས་བསྟན། དེར་བྱ་བ་གྲུབ་པའི་ཡེ་ཤེས་སྐྱེས་སོ། །ལ་ལ་དག་གཟའ་བརྒྱད་དང་ཀླུ་གདུག་པ་ཅན་གདུལ་བའི་ཕྱིར་ཟེར་རོ། །ལྔ་ནི་མཆོད་པ་ཆེན་པོ་ནས་སེལ་བར་བྱེད་ཅེས་པ་ནི་ལྷ་ནོར་ལྷ་གདུལ་བའི་ཕྱིར་ཏེ། སྔོན་ལྷ་དང་ལྷ་མ་ཡིན་འཐབ་པས་ལྷས་མ་ཐུབ་ནས་བརྒྱ་བྱིན་གྱིས་རྨི་ལམ་བརྟགས་པས་རི་རབ་ཀྱི་ཟོམ་ན་དང་སྲོང་མཐུ་བོ་ཆེ་ཅིག་ཡོད་པ་ལ། དེ་ལྷ་མོ་ཅིག་གིས་བསླུས་ནས་དེ་ལ་བུ་ཚ་མིང་སྲིང་གསུམ་ཡོད། །དེ་ལས་གཉིས་ཀྱིས་ལྷ་མ་ཡིན་ཐུབ་སྟེ་འོང་པར་རྨིས། དེར་ཀུན་གྱིས་གྲོས་བྱས་ནས་ལྷའི་མདངས་ལས་སྤྲུལ་པའི་ཨུ་མ་ཞེས་བྱ་བ་མཛེས་པ་ཅིག་དྲུང་དུ་བཏང་བས་དྲང་སྲོང་ན་རེ་ཁྱེད་གང་ནས་འོངས་གར་འགྲོ་ཟེར། ང་ཁྱེད་ཀྱི་བྱན་མོ་ལ་འོངས་བྱས་པས་ལོ་གསུམ་ཆགས་པ་སྤྱད་པས་མ་ཕྲེལ་ནས། ཤར་ལྷོའི་མེ་ལྷས་མེའི་འཁོར་ལོ་ཅིག་བར་དུ་སྦར་བས་ཕྲེལ་ལོ། །མིང་སྲིང་གསུམ་གྱི་ཆེན་པོ་མགོན་པོ་ནག་པོས་གཡས་སུ་དྲངས། དཔལ་ལྷ་མོས་གཡོན་དུ་དྲངས་ནས་ལྷ་མ་ཡིན་ཕུང་བར་བྱས། ཐ་ཆུངས་ནོར་ལྷ་ཨཱཪྻ་ཛམྦྷ་ལ་ཡིན་ཏེ། ཁོ་ལ་ནོར་བུ་རིན་པོ་ཆེ་ནེའུ་ལེའི་རྐྱལ་བུ་གང་ཡོད་པས། མ་རིག་པ་


DTG064_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་གྱི་སེར་སྣང་ཆགས་སོ། །དེ་འདུལ་བའི་ཕྱིར་རིན་ཆེན་འབྱུང་ལྡན་ལྷ་ཚོགས་ཀུན་སྤྲུལ་པས། སེར་སྣ་ལོག་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སྐྱེས་སོ། །འོ་ན་བྱང་སེམས་རྡོ་རྗེ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ཡང་ཉོན་མོངས་པ་ལྔ་འདུལ་བ་ལྷ་གཞོན་ནུ་གདོང་དྲུག་གི་སྐབས་སུ་འབྱུང་ངོ༌། །དེ་ལྟར་ཡེ་ཤེས་ལྔ་པོ་ཉམས་ཅི་ཞེ་ན། འདོད་པ་ནས་མགུ་བའི་བར་དུའོ། །དེ་ཡང་སྔོན་འཕགས་པ་འཇམ་དཔལ་བྲམ་ཟེ་དྲི་མེད་དུ་བཞུགས་པ་སངས་རྒྱས་རྔ་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་གདམས་ངག་ཞུ་བའི་དུས་སུ། ཡོན་མེད་ནས་ནོར་ཚོལ་དུ་འོངས་པས་ཀཱཪྵཱ་པ་ཎ་གསེར་ཞོ་གཉིས་ཙམ་རྙེད་པས་ལམ་མ་ཆོད་ནས་བྲག་ཕུག་སྟོང་པ་ཅིག་ཏུ་ཉལ་བས། རྐུན་མོ་གསུམ་བྱུང་ནས་ཁྱོད་མི་བསད་ཀྱིས་ནོར་བླང་ཟེར་ནས་ང་ལ་མེད་བྱས་པས་མ་ཉན་རྙེད་པའི་གསེར་བྱིན་པས། ད་རུང་བླང་ཟེར་མི་སྟེར་ན་མིག་འབྱིན་ཟེར། ད་ད་ལ་མེད་བྱས་པས་མིག་ཕྱུང་ངོ༌། །དེར་བྱང་ཆུབ་སེམས་དང་མ་བྲལ་ལོ། །དུས་དེར་ཡུལ་གྱི་ལྷ་མ་ཡིན་རྣམས་ན་རེ་བྱ་བ་མི་རིགས་པ་དེ་ལྟར་བྱེད་པ་ཟེར་ནས་བསད་སྙམ་ནས་བརྡུང་དུ་ཕྱིན་པས་དེ་ཤིན་ཏུ་མ་དད་ས་དང་ཁ་དོག་དང་ལྡན་པར་འདུག་ནས་ལུས་བོང་ཆེ་ཞེས་པའོ། །དེའི་འབྲས་བུ་གང་ཞེ་ན། མིང་ནས་གསལ་བ་ཆེ་བའི་བར་རོ། །དེ་ཡང་འཕགས་བ་འཇམ་དཔལ་གྱི་ཞིང་ཁམས་དང་སངས་རྒྱས་པའི་མཚན་སྟོན་ཏེ་མིང་ཡང་ཆེ་ཞིང་རྒྱ་ཆེ་བ་ནི། མཚན་སངས་རྒྱས་ཀུན་དུ་གཟིགས་ཞེས་བྱ་བ་ཆོས་ཉིད་ཀུན་ལ་གཟིགས་པ་དང་གདུལ་བྱ་ཀུན་ལ་གཟིགས་སོ། །དེ་ཡང་ཡངས་པ་ནི་ཞིང་ཁམས་ཏེ། སྨོན་ལམ་ཡོངས་སུ་རྫོགས་པ་ཞིང་དག་པ་ལ་རྡུལ་མེད་པར་བསགས་པ་ཞེས་བྱ་བ་རིན་པོ་ཆེའི་རྒྱུ་ལས་གྲུབ་སྟེ། བྱང་ཆུབ་ཀྱི་ཤིང་གི་འོད་ཀྱི་མེ་ཏོག་ཁ་བྱེ་ཟུམ་པ་ལས་ཉིན་མཚན་གྱི་མིང་མེད་པ་ཞིང་དེའི་སྟེང་གི་བར་སྣང་ལས་རོལ་མོའི་སྒྲ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་འཇམ་དཔལ་མཚན་བརྗོད་པའི་སྒྲ་རྒྱུན་མི་འཆད་པ། ཉན་ཐོས་དང༌། རང་སངས་རྒྱས་དང་བུད་མེད་ཀྱི་མིང་མི་གྲག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཤ་སྟག་བཞུགས་པ། སྡུག་བསྔལ་གྱི་མིང་མི་གྲག་པ་ཆེ་ལ་ཡངས་ཏེ་ནི་སྣང་བ་


DTG064_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་ཀྱི་ཞིང་ཁམས་ནི་ཏིལ་གྱི་དོང་གང་ནས་གཅིག་ཕྱུང་བ་ཙམ་མོ། །ཞིང་ཁམས་དེ་ནི་ཏིལ་གྱི་དོང་ཙམ་མོ། །ཕྱི་མ་རྣམས་ནི་གཞུང་དང་སྦྱར་རོ། །དེ་ལྟར་རྟོག་པ་སྤྱོད་པ་གང་ཞེ་ན། མཁས་པ་ཆེན་པོ་ལ་སོགས་པས་བསྟན་ཏེ། འདི་ལ་སྔོན་རྫེ་བཙུན་འཇམ་དཔལ་རྒྱལ་པོའི་ཕོ་བྲང་རིན་ཆེན་ན་རྒྱལ་པོའི་མཆོད་གནས་བྱེད་ཅིང་བཞུགས་པ་ལ་འཁོར་རྣམས་ཀྱིས་ཕྲ་མ་བཅུག་སྟེ། འཇམ་དཔལ་ཇོ་བོ་ལ་དཔྱ་ཡིན་འདུག་བྱས་པས་རྒྱལ་པོ་བསམ་ངན་སྐྱེས་ནས་གྲོས་བྱས་པ་མཆོད་གནས་ཀྱིས་མཁྱེན་ནས། རཱ་ཛ་ལ་གཅུགས་ལ་མ་ཉན་མ་བསད་ང་ལ་དེ་ལྟ་བུའི་སྐྱོན་མེད་ན་བྱས་པས་རྒྱལ་པོ་མ་ཉན་ནས། དེར་རྒྱལ་པོས་ཕག་ཏུ་མི་མང་པོ་གསོད་དུ་བཏང་བས་དེར་འཇམ་དཔལ་གྱིས་རང་འདྲ་བས་ཡུལ་ཐམས་ཅད་གང་བར་བྱས་པས་གསོད་ངོ་མ་ཤེས་ནས། དེར་འགྱོད་པ་སྐྱེས་ནས་ཞུ་བ་ཕུལ་པས་མ་གནང་ནས། དེར་ཡུལ་གཞན་ཞིག་ཏུ་ཕྱིན་ནས་ཀུན་ནང་པ་སངས་རྒྱས་པའི་བསྟན་པ་ལ་བཙུད་དེ་དཀྱུས་དང་སྦྱར་རོ། །དེ་རྣམས་ཉིད་གྲོལ་ལམ་ཞེ་ན་མི་གྲོལ་ཏེ། རྐྱེན་ཕ་རོལ་ཕྱིན་པ་བཅུ་དགོས་པར་སྟོན་ཏོ། །འདི་རྣམས་ལ་གོང་བཞིན་དུ་ལོ་རྒྱུས་རེ་རེ་སྟོན་ཏོ། །སྦྱིན་བདག་ཆེན་པོ་སྔོན་ཁྱིམ་བདག་དང་པའི་བུས་སངས་རྒྱས་པའི་ལྷ་ལ་གདམས་ངག་ཞུས་སྦྱིན་པ་རྫོགས་པར་བྱ་བར་འདོད་ནས། རྫས་མེད་ནས་རྒྱ་མཚོ་ནས་ནོར་བུ་རིན་པོ་ཆེ་བླངས་ནས་དེར་སྦྱིན་པ་བཏང་ས་ཐུན་མོངས་དུ་སྦྱིན་པ་སུམ་ཅུ་རྩ་གཉིས་རྫོགས་པར་བྱས། མ་དག་པ་སུམ་ཅུ་རྩ་གཉིས་སྤངས། མི་ཟད་པ་ཉི་ཤུ་རྩ་བདུན་རྫོགས་པར་བྱས་སོ། །དེ་ནས་རྒྱལ་པོ་རིན་ཆེན་དུ་གྱུར་ནས་ཡུལ་དུ་ཆོས་སྟོན་པ་མེད་ནས་དེར་བཙལ་བས་སངས་རྒྱས་རི་རབ་འོད་བཞུགས་པ་ཐོས་ནས་དེ་ལ་ཚུལ་ཁྲིམས་ཀྱི་གདམས་ངག་ཞུས་ཏེ། སྤྱིར་ཚུལ་ཁྲིམས་དྲུག་ཅུ་རྩ་ལྔ་རྫོགས་པར་བྱས། མི་ཟད་པའི་ཚུལ་ཁྲིམས་ཉི་ཤུ་རྩ་གཅིག་རྫོགས་པར་བྱས་སོ། །ཟད་པའི་ཚུལ་ཁྲིམས་བརྒྱད་སྤངས་སོ། །དེ་ནས་བྲམ་ཟེ་དྲི་མེད་དུ་གྱུར་ནས་བཟོད་པ་རྫོགས་པར་བྱ་བར་འདོད་ནས་ཞུ་ས་བཙལ་བས་སངས་རྒྱས་རྒྱལ་པར་དགའ་ལ་ཞུས་ཏེ་མ་དག་པའི་བཟོད་པ་བཅུ་གཉིས་སྤངས་ཏེ།


DTG064_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་བཟོད་པ་བཅུ་གཉིས་ཁྱད་པར་གྱི་བཟོད་པ་ཉི་ཤུ་རྩ་གཅིག་རྫོགས་པར་བྱས་སོ། །དེ་ནས་རྒྱལ་པོ་མུ་ཁྱུད་ཀྱི་བུར་སྐྱེས་ནས་སངས་རྒྱས་རྔ་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཞུས་ནས་སྤྱིའི་ལྔ་དང་ཁྱད་པར་བརྩོན་འགྲུས་གསུམ་རྫོགས་པར་བྱས་ཏེ་ཞིབ་ཏུ་འོག་ནས་སྟོན། དེ་ནས་རྒྱལ་བུ་དོན་ཡོད་དུ་གྱུར་པའི་དུས་སུ་སངས་རྒྱས་སྟོབས་ཀྱི་རྒྱལ་པོ་ལ་བསམ་གཏན་རྫོགས་པར་ཞུས་ཏེ། ཁྱད་པར་གྱི་བསམ་གཏན་མཉམ་པ་ཉིད་བཞི་རྫོགས་པར་བྱས་སོ། །དེ་ནས་རྒྱལ་པོ་གྲགས་པར་གྱུར་པའི་དུས་སུ་སངས་རྒྱས་དོན་ཡོད་རྒྱལ་པོ་ལ་སྤྱིའི་ཤེས་རབ་བརྒྱད་ཅུ་རྩ་བཞི། ཚུལ་སྦྱིན་ཤེས་རབ་སུམ་ཅུ་རྩ་གཉིས་རྫོགས་པར་བྱས་སོ། །སྟོབས་བཅུ་ཡང་རྫོགས་པར་བྱས་སོ། །དེ་ནས་རྒྱལ་པོ་ནམ་མཁར་གྱུར་པའི་དུས་སུ་སངས་རྒྱས་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་སྨོན་ལམ་བཅུ་གཉིས་དང༌། ཐབས་བརྒྱད་ཡོངས་སུ་རྫོགས་པར་བྱས་སོ། །དེ་ནས་དྲང་སྲོང་རྒྱས་པར་གྱུར་པའི་དུས་སུ་སངས་རྒྱས་དྲི་མ་མེད་པར་གྲགས་པ་ལ་ཡེ་ཤེས་རྫོགས་པར་བྱས་ཏེ་ཡེ་ཤེས་སྐྱེ་བའི་རྐྱེན་བདུན། །རྒྱུ་ལྔ་བཅུ་རྫོགས་པར་བྱས་སོ། །དེ་ལྟར་སྦྱིན་བདག་ཆེན་པོ་ནས་ཡེ་ཤེས་རྒྱ་མཚོའི་བར་དུ་སྦྱར་རོ། །གྲོགས་གང་ཞེ་ན། བྱམས་ཆེན་ནས་ཚད་ཐབས་ཞེས་པ་ཚད་མེད་པ་བཞི་སྟོན་ཏེ། འདི་ལ་སྔོན་རྗེ་བཙུན་ཡུལ་ལུམྦི་ནིའི་རྒྱལ་པོ་ལེགས་བྱིན་ཞེས་བྱ་བ་ཚད་མེད་པ་བཞི་བསྒོམས་པ་ལ། ཡུལ་དེར་མཁའ་འགྲོ་མ་བདུན་གྱིས་མི་ཐམས་ཅད་ཟ་བར་བྱེད་པ་ལ། རྗེ་བཙུན་གྱིས་བྱམས་སྙིང་རྗེ་བསྒོམས་པས་མ་མོས་སེམས་ཅན་ཟ་བའི་སེམས་དང་བྲལ་ནས། དེད་ཅག་ཀྱང་བྱམས་དང་སྙིང་རྗེ་བསྒོམ་སྟེ་བཟར་མེད་ཟེར་བ་ལ་དེར་དམ་ལ་བཏགས་ཏེ་གཏོར་མ་བྱིན་ནས་བསྟན་པ་བསྲུང་བར་བྱས་པས་མ་མོ་བདུན་དང་ཞེས་པ་ཡིན་ནོ། །དེ་ལྟར་བསྒོམས་པའི་འབྲས་བུ་གང་ཞེ་ན། རྫུ་འཕྲུལ་ཆེན་པོ་ནས་འཇིགས་པར་བྱེད་པའི་བར་གྱིས་རྗེ་བཙུན་གྱིས་གདུལ་བྱ་ཞེ་སྡང་ཅན་འདུལ་བའི་ཕྱིར་དྲག་པོའི་སྐུར་བསྟན་པའོ། །དེ་ཡང་སྔོན་ལྷོ་ཕྱོགས་གྱད་ཡུལ་ན་མུ་སྟེགས་རལ་པ་ཅན་ལྔ་བརྒྱ་ཡོད་དེ། དེ་རྣམས་ཀྱིས་ཐམས་ཅད་ལོག་ལྟ་ལས་བསྒྱུར་ནས་ཆད་ལྟ་ལ་བཀོད་དོ། །ནང་པ་སངས་རྒྱས་


DTG064_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྟན་པ་ཡང་ཉམས་དམས་པའི་དུས་སུ་ཡུལ་དེ་ན་སངས་རྒྱས་པའི་ཆོས་ལ་མོས་པ་ཅིག་ཡོད་པས་དེས་རྨི་ལམ་བཏབ་སྟེ། སངས་རྒྱས་པའི་ཆོས་བདེན་ན་རྨི་ལམ་དུ་མཐོང་བར་ཤོག་ཅིག །དེ་ལྟར་བྱུང་ན་ཡོན་བདག་བྱས་ལ་ཡང་དག་པའི་ལྟ་བ་ལད་གོང་སྙམ་པ་ལ། རྨི་ལམ་དུ་སྟོན་པ་སྐུ་གསེར་བཙོ་མའི་ཁ་དོག་འདྲ་བ་ལྟ་བས་ཆོག་མི་ཤེས་པའི་སྐུ་གཅིག་བྱུང་ནས། ཁྱོད་ཀྱིས་ཡོན་བདག་གིས་ཤིག་ཟླ་བ་གཉིས་ནས་ང་ཡོང་གི་གསུངས་ནས། དེར་གཉིད་སད་ནས་ཤིན་ཏུ་དགའ་ནས་བཙུན་མོ་ལ་བཟླས་པས། མུ་སྟེགས་ཀྱི་དཔོན་མོ་མ་ཏྲང་ག་ན་རེ་འདི་སུ་ཡང་མིན་སངས་རྒྱས་པའི་འཇམ་དཔལ་སྨྲ་བའི་སེང་གེ་བྱ་བ་ཅིག་གྲོང་ཁྱེར་ཡངས་པ་ཅན་ན་ཡོད་ཟེར་གྱིས་དེ་ཁ་ཡིན་པས། འདིར་འོང་ན་ལམ་གྱི་མདོ་བཅད། ནགས་ཚལ་ལ་དགའ་བས་ནགས་ཚལ་བྲེག་།དགོན་པ་ཤིག །གཙུག་ལག་ཁང་ཤིག །འཕྲང་དུ་གྱད་རྣམས་ཀྱིས་བསྲུང༌། ཁོ་ལ་རྫུ་འཕྲུལ་ཡོད་ན་ལྷ་དབང་ཕྱུག་ཆེན་པོ་བསྒྲུབས་ལ་བྱུང་བ་དང་ཐོག་དང་སེར་བ་དབབ་པར་གྲོས་བྱས་སོ། །དེར་བྱོན་པས་རྫུ་འཕྲུལ་གྱིས་འཕྲང་བཅད་པ་ནི་སྟེང་དུ་མཉམ་པོར་སོང༌། ལུང་པ་རྩི་ཤིད་ནགས་ཚལ་གྱིས་གང་ངོ༌། །དེར་ནམ་མཁའ་ལ་དགེ་སློང་དགེ་འདུན་དཔག་ཏུ་མེད་པ་བྱོན་ནས་རལ་པ་ཅན་སོགས་བྱམས་པའི་སེམས་བསྐྱེད་ནས་བདག་མེད་ཀྱི་ལྟ་བ་ལ་བཙུད་དོ། །ཁྲོས་པའི་ཁྲོ་བོའི་སྐུས་བདུད་ལ་སོགས་ཐོག་སེར་འབེབས་པ་ཤེས་པ་བསྒྱུར་ནས་བརྒྱལ་ལོ། །དེར་བདག་ཅག་ཀྱང་རྗེས་སུ་བཟུང་འཆལ། རྫུ་འཕྲུལ་དང་ཆོ་འཕྲུལ་དང་རྣམ་པར་འཕྲུལ་པ་འདི་བདག་མེད་ཀྱི་ལྟ་བ་རྟོགས་པ་ལས་བྱུང་བས་ཀུན་དེ་ལ་བཙུད་པས་མགོན་པོ་ནས་བླ་མའོ། །དེ་ལྟར་དྲག་པོའི་སྐུར་སྟོན་ཀྱང་ཐུགས་ཐེག་པ་ཆེན་པོའི་སྙིང་རྗེ་དང་ཤེས་རབ་ལས་མ་གཡོས་སོ། །ཨ་ར་པ་ཙ་ནའི་དོན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆེ་བའི་ཡོན་ཏན་བསྟན་པའོ།། །།ད་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཉིད་གཏི་མུག་ཅན་གདུལ་བའི་ཕྱིར་ཤེས་རབ་ཡེ་ཤེས་སྤྱི་གཙུག་ཅན་གྱི་སྐུར་བསྟན་པའི་བྱིན་རླབས་ནི་སངས་རྒྱས་ནས་ཞགས་པ་ཆེའི་སྟོན་ཏེ། དེ་ལ་རྗེ་བཙུན་དེའི་ཡོན་ཏན་གང་ཞེ་ན། རྣམ་པར་སྣང་མཛད་ནི་ས་བཅུའི་


DTG064_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་ལ་སྣང་པ་ཐེག་པ་ཆེན་པོའི་ཆོས་ཁོ་ན་སྟོན་པ། ཐུགས་ཡང་དག་པའི་ཡེ་ཤེས་ཆེ་བ། སྤང་བྱ་མཐའ་དག་སྤངས་ནས་ལུས་ངག་གི་སྤྱོད་པ་ཐུབ་པའོ། །དེའི་རྒྱུ་གང་ཞེ་ན། གསང་སྔགས་དང་ཚུལ་ཆེན་ཏེ། ཐབས་ཤེས་རབ་གཉིས་མེད་ལས་བྱུང་བའོ། །གཞན་ཡང་ཕ་རོལ་ཕྱིན་པ་བཅུ་ལས་བྱུང་བ་གོང་བཞིན་ནོ། །དེ་བཞིན་དུ་ས་བཅུ་དང་སྟོབས་བཅུར་ལྡན་པའོ། །ཤེས་བཅུའི་རྟོག་པའི་སྤྲོས་པ་དང་བྲལ་བས་སྤྲོས་མེད་བདག་གོ །དེ་ལྟར་བརྗོད་པ་དང་བྲལ་ན་ཇི་ལྟར་གཟུང་ན་བདེན་པ་ནས་གནས་ཞེས་བསྟན་ཏེ། འདི་ལ་སྔོན་མ་ག་དྷཱའི་དགོན་པ་སྙིང་པོ་བྱང་ཆུབ་ཀྱི་གནས་སུ་འཇམ་དཔལ་ཐེག་པ་ཆེན་པོའི་ཆོས་ཞུ་བའི་འཁོར་གྱི་གཙོ་བོ་སངས་རྒྱས་ནོར་དཔལ་དང༌། རིན་ཆེན་དཔལ་དང༌། ཡོན་ཏན་དཔལ་དང༌། མིག་གི་དཔལ་དང༌། བརྩོན་འགྲུས་དཔལ་དང༌། ཡེ་ཤེས་དཔལ་དང༌། བཟང་པོའི་དཔལ་གྱིས་དེ་ཁོ་ན་ཉིད་ཀྱི་དོན་ཞུས་པས་མཉམ་པ་ཉིད་ཀྱི་དོན་དམ་པར་གཉིས་སུ་མེད་པ་དེ་ལྟར་བསྟན་ཏེ། ཡང་དག་པའི་མཐའ་ལ་གནས་པའོ། །གཉིས་སུ་མེད་པ་གང་ཞེ་ན། བདག་མེད་ནས་ངན་འཇིགས་བྱེད་པ་སྟེ། དཔེར་ན་སེང་གེའི་སྒྲས་རི་དགས་སྐྲག་པ་བཞིན་དུ་བདག་མེད་པའི་སྒྲས་མུ་སྟེགས་སྐྲག་པར་བྱེད་དོ། །སྤྱིར་མུ་སྟེགས་ལ་ལྟ་བ་སུམ་བརྒྱ་དྲུག་ཅུ། དེ་ལས་བསྡུས་པ་ལོག་པའི་རི་བོ་ཉི་ཤུ། དེ་མུ་སྟེགས་རྟག་ཆད་གཉིས་སུ་འདུས་སོ། །ཡ་མཚན་ཅན་དགུ་བཅུ་ལ་སོགས་པ་ཡོད་ཀྱང་སྟོན་པ་སྟེ་དྲུག་ནས་བརྩིའོ། །འདི་ལ་སྔོན་རི་པི་རི་ལན་རྒྱལ་པོ་གཟུགས་ཅན་སྙིང་པོ་ལིངས་པ་ལ་འོངས་པས་ཅི་ཡང་མ་རྙེད་ནས་ལོག་ཙམ་ན་དྲང་སྲོང་ཅིག་འདུག་ནས་ངས་རི་དགས་མ་སོད་པ་འདིས་ལན་ཟེར་ནས་གསོད་པ་ལ། དེར་དྲང་སྲོང་གིས་དམོད་པ་བོར་བ་ནི། ང་བུར་སྐྱེས་ལ་ཁྱོད་ཀྱི་བདུད་བུ་ཤོག་ཤིག་བྱས་པས། དེར་བཙུན་མོ་ལ་བུ་སྐྱེས་པས་ལྕགས་ཀྱི་མཛེར་པ་ཅན་ཅིག་བྱུང་བས་ཕས་གཞིབས་པས་ཕ་མའི་ལྕེ་ཡང་སྐྲངས་མིང་ཡང་མ་སྐྱེས་དགྲར་བཏགས་སོ། །ཁོ་ཆེར་སྐྱེས་ནས། ཕ་སྤྱུགས། ཕས་ཡུལ་གཞན་དུ་ཆོས་ཐོས་ཕྱིར་ལ་འོངས་ཙམ་ན། བུ་ལ་གདམས་ངག་བྱ་སྙམས་ཏེ་ཕྱིན་པས་བུའི་སྙིང་ནས་ང་ལ་གནོད་


DTG064_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་སྙམ་ནས་དེར་ཕ་དོང་དུ་བཅུག་གོ །མས་ལོ་རྒྱུས་བྱས་པས་བུ་འགྱོད་པ་སྐྱེས་ནས་དོང་ནས་འདོན་དུ་ཕྱིན་པས། ཕས་བསམས་པ། གསོད་པ་ཡིན་བསམས་ནས་ལྕེབས་ནས་ཤིའོ། །དེར་མ་སྐྱེས་དགྲའི་ལུས་ལ་འབྲུམ་ནག་བྱུང་ནས། དེར་མྱ་ངན་བྱས་པ་ལ་བསམས་པས་མུ་སྟེགས་ཀྱི་སྟོན་པ་དྲུག་བཞུགས་པ་ལ་སོགས་པའི་ཐབས་ཞུ་སྙམ་ནས་བློན་པོ་དྲུག་པོས་ནས་ཟླ་བའི་གྲགས་པ། སྙིང་པོ་སྟོབས། བདེ་བ། དོན་ཐོབ། བཀྲ་ཤིས། འཇིགས་མེད། དྲུག་པོ་ལ་ཞུས་པས། རྒྱལ་པོ་ཕ་བསད་པ་ལ་ནི་སྡིག་པ་མི་འོང༌། ཕ་བསད་དང་མི་ཤི་བ་མིར་སྐྱེ་བས་སྔོན་གྱི་དུས་ན་ཕ་མ་བསད་པ་ཡོངས་སུ་སངས་རྒྱས་པས། དེ་འོ་ན་སྟོན་པ་དྲུག་ད་ལྟ་བཞུགས་པས་དྲིས་དང༌། དེ་ཡང་འོད་སྲུངས་རྫོགས་བྱེད་དང༌། ཕྱུགས་ལྷས་ཀྱི་བུ་ཀ་རི་དང༌། བེ་རའི་བུ་ཀུན་དུ་རྒྱལ་དང༌། ཀ་ཏའི་བུ་ནོག་ཅན་དང༌། མི་ཕམ་སྐྲའི་ལ་བ་ཅན་དང༌། གཅེར་བུ་གཉེན་གྱི་བུ་དང་དྲུག་ལ་ཞུས་པས། རྒྱལ་པོ་རྟག་ཏུ་མྱ་ངན་མ་བྱེད་ཅིག །རྟག་ཏུ་མྱ་ངན་སུ་བྱེད་པ། ཕྱིས་ཀྱང་མྱ་ངན་བྱེད་པར་འགྱུར། །གཉིད་དང་ཆང་ལའང་དེ་བཞིན་ནོ། །ཟེར་ནས་རྒྱལ་པོ་ཕ་བསད་པས་ནི་སླར་ཐར་པའི་བདེ་བ་སྟེར། ཕ་བསད་པའི་སྡིག་པས་མི་གོས་ཀྱི་ཟེར་ནས་སོ། །དེར་མ་སྐྱེས་དགྲས་སྨན་འཚོ་བྱེད་གཞོན་ནུ་དང་ཕྲད་ནས་ཞུས་པས། རྒྱལ་པོ་མྱ་ངན་བྱེད་པ་ལེགས། །ཕ་བསད་པ་ཡི་སྡིག་པ་ནི། །དེ་ལས་ཆེ་བ་ཡོད་པ་མིན། །འགྱོད་པ་ཤིན་ཏུ་ཆེར་སྐྱེས་ཤིག །དེ་བཤགས་པའི་ཐབས་ནི་གྲོང་ཁྱེར་སེར་སྐྱ་ན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་ཡོད་ཀྱིས་དེ་ལ་དྲིས་དང༌། སྟོན་པ་དེ་རྣམས་ནི་ལོག་པར་སྟོན་པ་ཡིན་བྱས་པས། དེ་ལ་ཡོན་ཏན་ཅི་ཡོད་དེའི་ཡོན་ཏན་ནི་ལྷའི་དབང་པོ་བརྒྱ་བྱིན་ལ་འཆི་ལྟས་ལྔ་བྱུང་བ་ཡང་སྟོན་པ་ལ་ཞུས་པས་མ་ཤི་།སོར་ཕྲེང་ཅན་གྱིས་དགུ་བརྒྱ་བསད་པ་དང༌། རྒྱལ་བུ་པུ་ཏས་ཡན་ལག་བཅད་པ་དང༌། མི་ལྔ་བརྒྱ་མིག་ཕྱུང་བ་དང༌། ཀུན་སྟོན་པ་ལ་ཞུས་པས་ཀུན་སངས་རྒྱས་སོ། །དུས་དེར་སྟོན་པ་མྱ་ངན་ལས་འདས་སུ་ཉེ་བ་ན། ནམ་མཁའ་ལ་སྒྲ་བྱུང་ནས་རྒྱལ་པོ་མྱུར་བར་སོང༌། ཁྱོད་ད་སྟེ་ཞག་བདུན་ན་ཤི་ནས་དམྱལ་ཁམས་བཅོ་བརྒྱད་དུ་འགྲོའོ་ཟེར་ནས། ཁྱེད་སུ་ཡིན་བྱས་པས་ང་ཕ་


DTG064_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་སྙིང་པོ་ཡིན་ཟེར་ནས་སོང༌། མ་སྐྱེས་དགྲ་དེར་བརྒྱལ། བརྒྱལ་བ་སངས་ནས། དེར་འཁོར་མང་པོ་བཅས་པས་སྟོན་པ་ལ་ཞུས་པས། འཕགས པ་འཇམ་དཔལ་ལ་ཞུས་ཟེར་ནས་འཇམ་དཔལ་གྱིས་ཆོས་ཐམས་ཅད་གཉིས་སུ་མེད་པ་སྒྱུ་མ་ལྟ་བུའོ་ཞེས་རྒྱས་པར་བཤད་པས་དེར་རྒྱལ་པོ་འཁོར་དང་བཅས་པ་ལུས་སེམས་དགའ་ལྡན་ལྷ་དང་འདྲ་བར་གྱུར་ཏོ། །དེ་ལྟར་སྟོན་པ་དྲུག་པོ་དེས་གྲོང་ཁྱེར་སྟོང་ལྟ་བ་ལོག་པ་ལ་བཙུད་པ་ལ། རྗེ་བཙུན་འཇམ་དཔལ་གྱིས་མུ་སྟེགས་ཀརྞ་ཀར་བརྫུས་ནས་ཐམས་ཅད་སུན་བྱུང་ནས་བདག་མེད་པའི་ལྟ་བ་ལ་ཀུན་བཙུད་དོ། །དེ་ལྟ་བུ་དོན་མཛད་པ་དེས་འདུལ་བས་ན་དོན་དེ་ཐུགས་ཀྱི་དགོངས་པ་ཙམ་གྱིས་བྱོན་པས་ཡིད་མགྱོགས་སོ། །དེ་ཡང་སྒྲིབ་པ་གཉིས་ལས་རྒྱལ་བས་ནའོ། །འདུལ་ལུགས་ཇི་ལྟར་འདུལ་ཞེ་ན། འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཞེས་སྔོན་གྲོང་ཁྱེར་འོད་འཕྲོ་ཅན་ན་རྒྱལ་པོ་དཔའ་བའི་བློ་གྲོས་བྱ་བ་གྲོང་ཁྱེར་བྱེ་བ་ཕྲག་བཅུ། བུད་མེད་སྟོང་ཕྲག་གསུམ། །དེ་ལ་སྲས་གཟི་བྱིན་ཆེན་པོ་ལ་སོགས་པ་ལྔ་བརྒྱ། སྲས་གཟི་བྱིན་ཆེན་པོ་ལ་ཆུང་མ་ལྟ་ན་སྡུག་པ་སྟོང་ཕྲག་བཅུ་ཡོད་པ་གླིང་བཞི་ལ་དབང་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དུས་དེའི་ཚེ་སངས་རྒྱས་རི་རབ་དཔལ་ནམ་མཁའ་ལ་ཕར་བཞུད་པ་མཐོང་བས་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་པོར་ནས་འགྲོ་བ་ལ་ཡབ་ཀྱིས་མ་འགྲོ་བྱས་པས་མ་ཉན་པས། དེ་འཁོར་དང་བཅས་པས་བུདྡྷ་ལ་མཆོད་པ་བྱས་ནས་ཆོས་ཞུས་པས་ཀུན་ཐར་པ་ཐོབ་པོ། །གཞན་རྣམས་ལ་ཇི་ལྟར་སྟོན་ཞེ་ན། ཚོགས་ཀྱི་ནས་དབང་ལྡན་ཞེས་པས་ཉན་རང་བྱང་སེམས་རྣམས་ལ་འགྲོ་བའི་དོན་མཛད་པའོ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག་པ་ནི་སྔོན་གྱི་རྒྱལ་པོ་བཞིན་བཟངས་ཞེས་པ་རི་བོ་དན་ཏིག་ན་དགོངས་པ་མཛད་པ་ལ་བདུད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་དྲག་པོ་གནོད་པ་བྱས་པས་མ་ཚུགས་ནས། དེར་བདུད་དེ་ཚོས་བུད་མེད་ཉི་ཁྲི་སྦྲུལ་ནས་འདོད་པའི་ཡོན་ཏན་ལྔས་ཅི་འགྱུར་བྱས་པས་མ་ཚུགས་སོ། །ཇི་ལྟར་སྟོན་ཞེ་ན། ཚིག་རྗེ་ཞེས་པ་ནས་སྟོན་པ་པོའི་ཞེས་པས་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་འཇིག་


DTG064_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་མི་འདྲ་བ་མང་པོ་སོ་སོར་རིག་པའི་ཚུལ་དུ་བཤད་དོ། །བསྟན་ལུགས་ནི་ཕྱིར་མི་ནས་རྒྱུ་གཅིག་པོ་ཞེས་པས་གང་ལ་མཚན་བསྟན་པ་སྟེ། ཉན་ཐོས་དང་རང་རྒྱལ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པས་ཐེག་པ་ཀུན་གྱི་འབྱུང་གནས་སམ་རྒྱུའོ། །དེ་སྤང་བྱ་གང་སྤངས་པས་བྱུང་ཞེ་ན། དགེ་སློང་དགྲ་བཅོམ་ནས་ལས་བྱུང་བས་རྗེ་བཙུན་སྤང་བྱ་མཐའ་དག་སྤངས་ནས་བདེ་བའི་ཡེ་ཤེས་འཕགས་ལམ་བརྒྱད་དང་ལྡན་པས་ཇི་ལྟ་བ་རིག་པ་ཟུང་དུ་འཇུག་པས་འཁོར་བའི་འདམ་ལས་བརྒལ་ནས་མྱ་ངན་ལས་འདས་པའི་སྐམ་སར་བྱོན་པའི་ཡེ་ཤེས་ཏེ། དེ་ཡང་སྔོན་རྗེ་བཙུན་རྒྱལ་པོ་ནམ་མཁར་གྱུར་པའི་དུས་སུ་རྒྱལ་པོ་ལྷ་ལ་སྲས་དེ་འཁྲུངས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་བ་བཙུན་མོ་དྲུག་ཁྲི་དང་བཅས་ཕྱི་བློན་ནང་བློན་ལ་སོགས་པ་དཔག་ཏུ་མེད་པ་ཡོད་པ་ལ། ཡབ་རྒྱལ་པོ་སའི་ལྷ་ནི་འཛམ་བུའི་གླིང་གི་འདོད་པས་མ་ཚིམ་ནས་སུམ་ཅུ་རྩ་གསུམ་གྱི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་ཀྱིས་མ་ཚིམ་ནས་ཡོང་འདོད་པའི་བསམ་པས་རིན་པོ་ཆེ་དང་བྲལ་ཏེ་འཛམ་བུའི་གླིང་དུ་སོང་ནས་ཤིའོ། །དེར་བུ་རྒྱལ་པོ་ནམ་མཁའ་འཁོར་བ་ལ་སྐྱོ་བ་སྐྱེས་ནས། རྒྱལ་པོས་དབུ་རྩེ་ནས་བལྟས་པས་སྒོ་བཞིན་པར་འཆི་བ་དང་སྐྱེ་བ་དང་རྒས་པ་དང་ན་བ་མི་འཆད་པ་མཐོང་ནས་རྒྱལ་སྲིད་ལ་ཡིད་བྱུང་ནས། བཙུན་མོ་དམ་པ་ལ་ང་སྙིང་མ་དགའ་ནས་འགྱེལ་ནས་འགྲོ་ན་བྱས་པས། འོ་ན་མུ་སྟེགས་ཀྱི་སྟོན་པ་མི་ཕམ་ལ་ཆོས་ཐབས་ཞུས་ཟེར་བས། དེས་ངའི་ནད་མི་སོས། ནད་འདི་མི་གསུམ་འདོམ་པའི་ནད་ཡིན་བྱས་པས། དམ་པའི་ཆོས་ལ་འོངས་ན་སོས་ཏེ་འང༌། དེ་མིན་ན་འཆི་གསུངས་པས། བཙུན་མོ་ན་རེ་དེ་སྐད་མ་གསུང་དུས་དེའི་ཚེ་ན་སངས་རྒྱས་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་བྱ་བ་བཞུགས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཟེར་ནས། སངས་རྒྱས་དེ་ལ་ལོ་བརྒྱད་ཁྲིར་ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་བསྐྱེད་ནས་སྨོན་ལམ་མང་པོ་ཞུས་ནས་མཆོད་པ་མང་པོ་བྱས་སོ། །དེ་ནས་རྒྱལ་པོས་གཡོག་འཁོར་རྣམས་སྤངས་ནས་གཅིག་བུ་ནགས་གསེབ་ཏུ་བསྒོམ་དུ་འོངས་པས། ག་རེ་དགེ་བ་དེ་ཙམ་བྱས་པས། དེ་བསྔོ་བ་མ་བྱས་པས།


DTG064_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ་ཇི་སྐད་བྱས་ལ་བསྔོའམ། ཚངས་པར་བསྔོའམ། བརྒྱ་བྱིན་དུ་བསྔོའམ། ཉན་ཐོས་དང་རང་སངས་རྒྱས་སུ་བསྔོའམ་སྙམ་ནས་ཡོད་པ་ལ་ནམ་མཁའ་ལས་མེ་ཏོག་གི་ཆར་བྱུང་ནས། རྒྱལ་པོ་ཆེན་པོ་སྙན་གསོན་དང་བསྔོ་བ་རྣམ་པར་དག་པ་ནི་བྱང་ཆུབ་ཆེན་པོ་ཡིན་རྒྱལ་པོ་ཆེན་པོ་ཤེས་པར་གྱིས་ཟེར་ནས། དེའི་དུས་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་ཞིང་རྟོགས་ནས་ས་དང་པོའི་མཐོང་ལམ་སྐྱེས་སོ། །དེའི་རྗེས་ལ་ཡེ་ཤེས་འབའ་ཞིག་ལས་བྱུང་བས་བསྒོམ་པའི་ལམ་ཐོབ་པས་ཁྱད་པར་དུ་འགྱུར་རོ། །གཞན་དོན་མཛད་པ་ནི་ཤེས་རབ་མཚོན་ནས་ལམ་ནི་སྟོན་པ་པོ་ཞེས་པ་ནི་རབ་ཏུ་འབྱེད་པའི་ཤེས་རབ་ལུང་མན་ངག་གིས་གཞན་ལ་སྟོན་ཏེ། མ་རིག་པ་བསལ་ནས་ཆོས་ཐམས་ཅད་དབང་རྙེད་པས་ན་དམན་པ་རྣམས་ལ་ལམ་ཕྱིན་ཅི་མ་ལོག་པར་སྟོན་ནོ། །འདི་ཡང་སྔོན་གྱི་དུས་ན་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་བརྒྱ་སྟོང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དང༌། ལྷའི་བུ་དཔག་ཏུ་མེད་པ་དང༌། ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་དང༌། ཐབས་ཅིག་ཏུ་བཞུགས་སོ། །དུས་དེའི་ཚེ་ན་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ཀྱི་གཡས་རོལ་དུ་བཞུགས་སོ། །དུས་དེའི་ཚེ་ལྷའི་བུ་རིན་ཆེན་མཆོག་ཅེས་བྱ་བས་བསམས་པ། འཇམ་དཔལ་འདིས་ངེས་པའི་ལམ་ཕྱིན་ཅི་མ་ལོག་པའི་ཆོས་ཅིག་བསྟན་ན་ཅི་མ་རུང་སྙམ་མོ། །དུས་དེར་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་འཇམ་དཔལ་ལ་ཞུས་སོ། །འཇམ་དཔལ་གྱི་ཞལ་ནས་ཆོས་ཐམས་ཅད་བརྗོད་དུ་མེད་པ་ལ་བཤད་དུ་ཡོད་དམ་གསུངས། བཅོམ་ལྡན་འདས་ཀྱི་ཞལ་ནས་བརྗོད་དུ་མེད་པ་ལ་བརྗོད་པར་གོ་བས་ཤོད་གསུངས། འཇམ་དཔལ་གྱི་ཞལ་ནས་བརྗོད་དུ་མེད་པ་ལ་ཇི་སྐད་བཤད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་བརྩམས་ནས་ཤོད་གསུངས། འཇམ་དཔལ་གྱིས་གསོལ་པ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དང་དབྱེར་


DTG064_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ན་བློ་གྲོས་དམན་པ་དག་སྐྲག་ཅིང་དང་ང་བར་མི་འགྱུར་རམ་ཞེ་ན། སྟོན་པའི་ཞལ་ནས་སྐྲག་ཅིང་དང་ང་བ་རང་འཇུག་པའི་ལམ་ཡིན་པས་སྟོན་ཅིག་གསུང༌། དེ་ནས་འཕགས་པ་འཇམ་དཔལ་གྱིས་སེང་གེའི་ཁྲི་ལ་བཞུགས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཆོས་ཐམས་ཅད་མཉམ་པ་ཉིད་དེ་འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད། འཁོར་བ་ཉིད་མྱ་ངན་ལས་འདས་པ་ཡིན། །མྱ་ངན་ལས་འདས་པ་ཉིད་འཁོར་བ་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འཁོར་བའི་ཆོས་ཉིད་མྱ་ངན་ལས་འདས་པ་ཡིན་ལ། མྱ་ངན་ལས་འདས་པའི་ངོ་བོ་དེ་ཉིད་འཁོར་བ་ལ་སྣང་བའོ། །དུས་དེར་དབང་པོ་རྣོན་པོ་དང་ལྡན་པ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། དབང་པོ་དམན་པ་རྣམས་དེ་ཉིད་དུ་ལངས་ནས། དེ་ལྟར་ཡིན་ན་རབ་ཏུ་བྱུང་མ་བྱུང་དང་མེད། ཚུལ་ཁྲིམས་བསྲུངས་མ་བསྲུངས་དང་གཉིས་མེད་དོ། །ཆོས་དེ་བྱར་མེད་ཟེར་ནས་བྲོས་སོང་ངོ༌། །དེར་འཇམ་དཔལ་གྱིས་སྤྲུལ་པའི་དགེ་སློང་གཅིག་ཏུ་སྤྲུལ་ཏེ་ལམ་གྱི་བཞི་མདོར་བསྡད་དོ། །དེར་ཉན་ཐོས་ཀྱི་རིགས་དེ་ལ་གང་ནས་འོངས་བྱས་པས། འཇམ་དཔལ་ལ་འཁོར་འདས་དབྱེར་མེད་ཐོས་པས་སྐྲག་པའི་ལོ་རྒྱུས་བྱས་པས་སོ། །ཁྱེད་གར་འགྲོ་ཟེར། ང་འཕགས་པ་འཇམ་དཔལ་གམ་དུ་འགྲོ་བྱས་པས། མ་འགྲོ་ཁོ་ན་རེ་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་ཟེར་བས་དེ་ལྟར་སོང་ན་དགེ་སྡིག་འདྲ་བས་སྐྱོན་མང་པོ་ཡོད་ཟེར། དེར་སྤྲུལ་པའི་དགེ་སློང་དེས་འོ་ན་དེར་སྡོད་དང༌། ད་ལྟར་སྣང་བ་འདི་སེམས་ཉིད་སྣང་བར་འདུག་གམ། བེམས་པོ་སྣང་བར་འདུག་གམ་དཔྱོད་དང་བྱས་པས། དེ་ཚོས་དཔྱད་པས་སེམས་ཉིད་སྣང་བར་འདུག །འོ་ན་སོ་སོ་རང་རེའི་སེམས་འདི་ཕྱི་ན་འདུག་གམ་ནང་ན་འདུག །གཉི་གའམ་ཁ་དོག་གམ་དབྱིབས་ལ་སོགས་པ་གང་དུ་འདུག་དཔྱོད་དང༌། སེམས་འདི་དང་པོ་གང་ནས་འོངས། ད་ལྟ་གང་ན་འདུག །ཐ་མ་གར་འགྲོ་དཔྱོད་དང༌། ཁྱོད་རང་གི་ཡང་སྤྱི་གཙུག་ནས་རྐང་མཐིལ་བར་གང་ན་འདུག་རྟོག་དང་བྱས་པས། དེ་ལྟར་སོ་སོ་རང་རེས་བརྟགས་པས་མ་རྙེད་ཟེར་རོ། །འོ་ན་མེད་དམ་བྱས་པས་གསལ་བ་ཙམ་དུ་འདུག །འོ་ན་ཏེ་མ་


DTG064_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་དེ་ཀའི་ངོ་བོ་ལ་འཁོར་བའམ་མྱ་ངན་ལས་འདས་པའམ་གཉིས་ཀྱི་རྣམ་པར་འདུག་གམ་མི་འདུག་བྱས་པས། དེའི་ངོ་བོ་ལ་མི་འདུག་ཟེར། དེར་སྤྲུལ་པའི་དགེ་སློང་ན་རེ་འོ་ན་འཇམ་དཔལ་གྱིས་བཤད་པ་ཡང་དེ་ལྟ་བུ་ལ་དགོངས་པ་ཡིན་པས་འཐད་དམ་མི་འཐད་གསུངས་པས། ཤིན་ཏུ་འཐད་ཟེར་ནས་དེ་ཞུ་རུ་འདེང་བྱས་ནས་འོངས་སོ། །སྤྲུལ་པའི་དགེ་སློང་དེ་སེང་ཁྲིའི་སྟེང་དུ་བཞུགས་པས་ཉན་ཐོས་དེ་རྣམས་མགོ་ཕུར་ནས་བྱུང་བས་ཅིས་ཉེས་བྱས་པས། ད་ཅི་བྲོས་པ་ངོ་ཚ་ཟེར་ནས། དེར་ཆོས་ཐམས་ཅད་མཉམ་པ་ཉིད་ལ་ངོ་ཚ་བ་ཡོད་པ་མ་ཡིན་པས། ད་ལེགས་པར་ཉོན་ཅིག་གསུངས་ནས། ལམ་ཕྱིན་ཅི་མ་ལོག་པའི་དོན་བཤད་པས་ལེགས་པའི་ལམ་ནི་སྟོན་པའོ། །ལམ་ཕྱིན་ཅི་མ་ལོག་པར་སྟོན་པས་རང་དོན་གྲུབ། གཞན་གྱི་བསམ་པ་གྲུབ། དེ་ལྟར་ཡིན་ཕན་ཆད་དུ་འཛིན་པ་མེད་པས་ཀུན་དུ་རྟོག་པ་ཐམས་ཅད་སྤངས་པའོ། །འོ་ན་རྣམ་པར་མི་རྟོག་པ་ལ་སྐུ་ཇི་ལྟར་འབྱུང་ཞེ་ན། ཟད་མི་ཤེས་པ་འབྱུང་ངོ༌། །དེ་ལ་རྒྱུ་ཚོགས་དགོས་པས་བསོད་ནམས་ལྡན་པ་ཡེ་ཤེས་ཚོགས་ཏེ། ཕ་རོལ་ཕྱིན་པ་བཅུའོ། །ཡེ་ཤེས་ཀྱི་ཁྱད་པར་དང་ཡོད་མེད་ཤེས་ཞེས་པ་ཐེག་པའི་ཁྱད་པར་ཏེ། འདི་ནི་དཔེ་བསྟན་པ་ནི་སྔོན་ཡུལ་ཨ་ཉུ་ཏ་ཞེས་པའི་ལུང་པ་དགོན་པ་ཅིག་ན་ཕར་མི་རྒོད་ལྔ་ཕྱིན་པས་ཤིན་ཏུ་སྐོམ་པ་ལ། རྫིང་བུ་ཅིག་གི་འགྲམ་ན་ཤིང་ཅིག་ལ་སྦྲུལ་ནག་པོ་ཆེན་པོ་ཅིག་འདུག་པའི་གཟུགས་བརྙན་ཆུ་ནང་དུ་བྱུང་བ་ལ་མི་རྣམས་ཆུ་འཐུང་བའི་བློ་ཆེ་ཆུང་གིས་གཅིག་ན་རེ་སྦྲུལ་དངོས་ཡིན་ཟེར་ནས་ཆུ་འཐུང་མ་ནུས། གཅིག་ན་རེ་གཟུགས་བརྙན་ངག་ཡིན་ཏེ་ཆུ་འཐུངས་ན་གནོད་པ་འོང་བས་དུག་སྔགས་བཏབ་ན་ཕན་ཟེར་རོ། །གཅིག་ན་རེ་གཟུགས་བརྙན་ཡིན་ན་འཐུང་དང་ཟེར། གཅིག་ན་རེ་འདི་རྡོག་པས་བརྫིས་ལ་བཏུང་ཟེར། བློ་དང་ལྡན་པ་གཅིག་ན་རེ་འདི་གཟུགས་བརྙན་ཡིན་པས་ཅི་ཡང་བྱ་མི་དགོས་པས་དེ་ག་རང་དུ་ཞོག་ལ་ཆུ་བཏུང་ཟེར་ནས་ཁོས་འཐུངས་སོ། །དེ་བཞིན་དུ་ཐེག་པའི་ཁྱད་པར་ལ་སྦྱར་རོ། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་པ་ནི་སྔོན་འཇམ་དཔལ་རྒྱལ་པོ་མིག་བཟངས་སུ་


DTG064_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཙམ་ན། རྒྱལ་པོའི་ཆད་པས་སེམས་ཅན་སྟོང་བཙོན་རར་བཅུག་པ་ལས། བུ་སྨད་ཡུལ་འཁོར་བྱིན་ནས་བཙོན་ར་ནས་བཏོན་ནོ། །རྒྱལ་པོ་མི་ཕམ་པའི་དུས་སུ་ལུས་སྦྱིན་པར་བཏང་ངོ༌། །རྒྱལ་པོ་གཙུག་ན་རིན་ཆེན་གྱིས་མགོ་སྦྱིན་པར་བཏང༌། རྒྱལ་པོ་ཟླ་བ་འོད་ཀྱི་དུས་སུ་མིག་བྱིན། རྒྱལ་པོ་གཏོགས་སོའི་དུས་སུ་དབང་པོ་ལྔ་སྦྱིན་པར་བཏང༌། རྒྱལ་བུ་ཐམས་ཅད་གཏོང་བར་གྲགས་པའི་དུས་སུ་རྐང་དང་ཁྲག་སྦྱིན་པར་བཏང་བས་དེས་ན་རྗེ་བཙུན་གྱི་ཚོགས་གཉིས་བསགས་པའོ། །དེ་ཐམས་ཅད་ཀྱང་རྣལ་འབྱོར་རམ་ཏིང་ངེ་འཛིན་དམ་པ་ལ་བརྟེན་པས་རྟག་པར་ཀུན་རྒྱལ་ནས་མི་གཡོ་བ་ཞེས་པས་བསྟན། འདི་ཡང་སྔོན་བྱ་རྒོད་ཕུང་པོའི་རི་ལ་བཅོམ་ལྡན་འདས་འཁོར་དཔག་ཏུ་མེད་པ་ལ་ཆོས་སྟོན་པའི་དུས་སུ། འཕགས་པ་འཇམ་དཔལ་ཏིང་ངེ་འཛིན་ལས་བཞེངས་ནས་འཆག་ཏུ་བྱོན་པ་དང༌། གནས་བརྟན་ཤཱ་རིའི་བུ་ཡང་དག་ཐུགས་ལ་སྒོམ་པ་བྱེད་པ་གཟིགས་ནས། ཁྱོད་བསམ་གཏན་བྱེད་དམ་བྱས་པས་བྱེད་ཟེར་ནས། ཁྱོད་ཉོན་མོངས་པ་སྤང་བའི་ཕྱིར་བྱེད་དམ། དེ་བཞིན་བྱེད་ཟེར་ན་འོ་ན་ཁྱོད་དུས་གསུམ་གང་ལ་གནས་ནས་བྱེད་དམ། ཡུལ་ལྔ་ལ་གནས་ནས་བྱེད་དམ། དབང་པོ་ལྔ་ལ་གནས་ནས་བྱེད་དམ། ཁམས་གསུམ་ལ་གནས་ནས་བྱེད་དམ། དེ་ཐམས་ཅད་ནི་མཉམ་པ་ཉིད་ཡིན། ཁྱོད་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་སྒོམ་པ་ཇི་ལྟར་ཡིན་དྲིས་པས། ལན་དུ་ང་རྟོག་པ་སྤོང་བ་ཙམ་དུ་སྒོམ་ཟེར། འོ་ན་རྟོག་པ་དང་སེམས་གཅིག་གམ་ཐ་དད་རྟོག་པ་དང༌། སེམས་ལ་ཐ་དད་མེད་པས་བརྟགས་ན་ཅི་ཡང་རྙེད་པ་མ་ཡིན་ནོ། །དེའི་དུས་སུ་ཁ་ཅིག་ནི་མ་མོས་ནས་དུ་འབོད་ཀྱི་དམྱལ་བར་ཐང་ཅིག་སྐྱེས། དེ་ནས་དགའ་ལྡན་དུ་སྐྱེས་སོ། །འཇམ་དཔལ་བསམ་གཏན་དེ་གང་ཞེ་ན། ཆོས་ཐམས་ཅད་མི་དམིགས་པའོ། །མི་དམིགས་པ་དེ་མི་རྟོག་པ། མི་དཔྱོད་པ་སྤྲོས་པ་ཉེ་བར་ཞི་བ་དེ་ག་ལ་ཡོད་དོ་ཞེའམ། གཉིས་ཀའོ་ཞེའམ། གཉིས་ཀ་མ་ཡིན་པར་ཞེའམ་གང་དུ་ཡང་ཁས་བླང་དུ་མེད་པ། དམིགས་པ་ཐམས་ཅད་དང་བྲལ་བ། སེམས་པ་མེད་ཅིང་སེམས་དང་བྲལ་བ་སྟེ། འདུས་མ་བྱས་ལ་གང་རྟོག་དང༌། །མྱ་ངན་འདས་


DTG064_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གང་རྟོག་པ། །གཉིས་ཀ་བདུད་ཀྱི་ལས་ཡིན་ཞིང༌། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བཤད། །ཅེས་གསུངས་པས་ཐམས་ཅད་ཀྱང་དགྲ་བཅོམ་པ་ཐོབ་པོ། །དེས་ན་རྗེ་བཙུན་འཁོར་བ་ཇི་སྲིད་དུ་བཞུགས་ཤིང་རྣལ་འབྱོར་དམ་པ་དང་ལྡན་པ་ཞེས་བྱའོ། །དེའི་འབྲས་བུ་གང་ཞེ་ན། སྐུ་གསུམ་དང༌། སྐུ་ལྔ་དང༌། ཡེ་ཤེས་ལྔ་དང༌། རིགས་ལྔ་དང༌། སྤྱན་ལྔ་དང་ལྡན་པར་བསྟན་པའོ། །ཕྲིན་ལས་བསྟན་པ་ནི། སངས་རྒྱས་ཐམས་ཅད་བསྐྱེད་པའོ། །ཞེས་པས་སངས་རྒྱས་ཀུན་ཆོས་ཉིད་ལས་སྐྱེས་པ་དང༌། ཐམས་ཅད་ལ་མ་ནོར་བར་བསྟན་པས་དེ་ལ་སངས་རྒྱས་འབྱུང་བའོ། །རྗེ་བཙུན་ཉིད་ཀྱང་གཉིས་མེད་ལས་སྐྱེས་པས་ན་སྲས་པོ་མཆོག །དོན་མཛད་ཀྱང་ཉེས་པས་མི་གོས་ཏེ། ཆོས་རྣམས་སྒྱུ་མ་ལྟ་བུར་ཤེས་པས་སྲིད་པ་མི་ལེན་པའོ། །འོ་ན་འགྲོ་དོན་ཇི་ལྟར་མཛད་ན་གཉིས་མེད་ལས་གཟུགས་སྐུ་གཉིས་བྱུང་ནས་སྲིད་པ་སེལ་ལོ། །འགྲན་ཟླ་མེད་པའི་སྐུ་སྐྱེ་འཆི་དང་བྲལ་བ་སྐུ་བྱུང་མ་ཐག་ཏུ་འགྲོ་བའི་དོན་མཛད་པའོ། །སྐུ་ནི་གཞའ་ཚོན་ལྟ་བུ་ལ་མཚན་དཔེས་སྤྲས་པ་སྟེ། སྟོང་པ་ཉིད་ལས་བྱུང་བའི་སྐུ་དེ་ཡེ་ཤེས་ལྔའི་ངོ་བོ་སྟེ། ཤེས་རབ་ཡེ་ཤེས་ནས་འོད་གསལ་བས་ཡེ་ཤེས་ལྔས་དོན་མཛད་པའོ། །རང་དོན་དུ་ཤེས་སྐྱོབ་གཉིས་མཆོག་བདག་པོ། གཞན་དོན་དང་ཕྲིན་ལས་མཛད་པས་རིག་སྔགས་ནས་དོན་ཞེས་པའོ། །རྗེ་བཙུན་དབུ་ལ་ཡེ་ཤེས་ལྔའི་གཙུག་ཏོར་སྤྲོ་བསྡུས་བཞུགས། སྐུའི་དཔེ་ནམ་མཁའ་ལ་ཀུན་འབྱུང་པ་བཞིན་ནོ། །གོང་དུ་བསྟན་པ་བཞིན་དུ་ཁྱད་པར་དུ་གྱུར་པས་འགྲོ་བ་ཀུན་ལ་སྤྱན་གྱིས་གཟིགས་ནས་གདུལ་བྱ་ཇི་ལྟར་འདུལ་བ་བཞིན་དུ་སྐྱེ་བ་སྟོན་པས་ན་སྣ་ཚོགས་གཟུགས་ཅན་བསྐྱེད་པའོ། །དྲང་སྲོང་ཆེ་དགུས་མཆོད་ཅིང་བརྗོད་པ་ནི་སྔོན་སྟོན་པ་ལྷའི་དབང་པོ་དབང་སྒྱུར་གྱི་གནས་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་མང་པོ་བཞུགས་པ་ལ་ཀུན་ཆོས་ཀྱི་འགྲོ་བ་མཛད་པ་ལ། འཇམ་དཔལ་གྱིས་མ་གསུངས་པར་གཞན་མི་གསུང་བ་ལ་སུས་ཀྱང་མ་སྤོབས་ནས། བྱང་ཆུབ་སེམས་དཔའ་བཅུ་དྲུག་གིས། དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ། །ལ་སོགས་པ་ཚིགས་བཅད་བཅུ་དྲུག་གིས་རེ་རེ་


DTG064_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དོ། །ཕྱོགས་བཅུའི་སངས་རྒྱས་ཀྱིས་ཀྱང༌། ཉིད་ཀྱི་མདངས་བཟང་སེམས་ཀྱི་ནི། །ལ་སོགས་པས་བསྟོད་དོ། །དུས་དེ་ཉིད་དུ་ལྷ་དང་ལྷ་མོ་ལ་སོགས་པ་དཔག་ཏུ་མེད་པ་རྣམས་ཀྱིས་མཆོད་པ་སྣ་ཚོགས་པས་མཆོད། །བསྟོད་པ་ཀུན་གྱིས་བསྟོད་ནས་ཟབ་མོའི་དོན་མང་དུ་ཞུས་སོ། །ཡོན་ཏན་ཡོད་པས་བསྟོད་པ་ནས་སྐུ་གསུང་ཐུགས་དང་ཤེས་སྐྱོབ་གཉིས་ཡོད་པ་ཅན་ནོ། །ཐུགས་ཡང་དག་པའི་ཡེ་ཤེས་གསང་སྔགས་ཀྱི་བསྟན་པ་འཛིན་པ་དེས་ན་གཙོ་བོ་སྟེ། དཀོན་མཆོག་གསུམ་དང་ཐེག་པ་གསུམ་སྟོན་པ་གོང་བཞིན་ནོ། །དེས་ན་འགྲོ་བའི་དོན་ཐུགས་རྗེ་ཞགས་པས་ཐུན་མོང་མ་ཡིན་པ་དེས་འཛིན་ཏེ། དེས་སེམས་ཅན་མི་གཏོང་བས་ཞགས་པ་དང་སེམས་ཅན་འཛིན་པས་ལྕགས་ཀྱུ་དང་འདྲའོ། །དེས་འཆིང་བས་ཞགས་པ་ཆེ་ཞེས་བྱའོ། །འཕགས་པ་འཇམ་དཔལ་ཤེས་རབ་ཡེ་ཤེས་སྤྱི་གཙུག་གི་ཡོན་ཏན་བསྟན་པའོ། །ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དེ་གདུལ་བྱ་ཞེ་སྡང་ཅན་གདུལ་བའི་ཕྱིར་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པ་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་རྣམས་བསྟན་པ་ནི། རྡོ་རྗེ་ནི་མེ་ལོང་ལྟ་བུ་དེ་ལས་འཇིགས་པར་བྱེད་པའི་སྐུ་གང་ཞེ་ན། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན་པ་ནི་ཕ་རོལ་ཕྱིན་པ་དྲུག་དང༌། རྗེས་སུ་དྲན་པ་དྲུག་དང༌། མངོན་ཤེས་དྲུག་གི་ངོ་བོ་སྟེ། འདི་ལ་སྔོན་ལྷ་དང་ལྷ་མ་ཡིན་འཐབ་པའི་དུས་སུ་མ་ཧཱ་དེ་བ་ཡབ་ཡུམ་མ་ཕྲེལ་བ་མེ་ལྷས་ཕྲལ་བས། མེ་ལྷའི་ཁ་ལ་ཕོ་མཚན་བརྒྱབ་བས། མེ་ལྟ་བུ་ཆེ་ནས་སྟོན་པ་ལ་ཐབས་ཞུས་ནས་ཁོས་མེའི་དཀྱིལ་འཁོར་དུ་བསྒོམས་ནས་མདུན་དུ་བུམ་པ་དྲུག་བསྒོམས་ཏེ་ཁོང་པའི་ས་བོན་བྱབས་ནས་བུམ་པར་བླུགས་པས། བུམ་པ་དྲུག་སྦྲུམ་ནས་དེར་གཅིག་ཏུ་འབྱར་ནས་དེའི་ནང་ནས་གདོང་པ་དྲུག་པ་གཅིག་བྱུང་སྟེ་གཞོན་ནུ་མིག་ཅེས་ཀྱང་བྱ། གཞོན་ནུ་གདོང་དྲུག་ཞེས་ཀྱང་བྱ། དེའི་བུ་དབང་ལྡན་དྲག་པོ་བྱ་བ་འཁོར་དང་བཅས་པས་སྐྱེ་འགྲོ་ཀུན་ལ་དབང་བྱེད་པ་ཡོད་པ་དེ་གདུལ་བའི་ཕྱིར། རྗེ་བཙུན་གྱིས་ཁྲོ་བོ་གདོང་དྲུག་ཏུ་སྤྲུལ་པས་ན་དེས་འཇིགས་པས་ན་འཇིགས་ཞེས་བྱའོ། །ཀེང་རུས་མཆེ་བ་གཙིགས་པ་པོ། །


DTG064_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ལྷ་མོ་ཨུ་མ་ལ་བུ་གསུམ་ནི། ཀཱརྟི་ཀ་དང༌། བྷྲྀངྒི་རི་ཏི་དང༌། ཀརྞི་ཀ་གསུམ་ཡོད་པ་ལས། མ་སྲིན་མོའི་སྤྱོད་པ་བྱེད་པས་ཕས་སྦས་ཏེ། ནམ་ཞིག་ཀཱརྟི་ཀ་ཤིན་ཏུ་བཟང་སྡུག་ལ་འོད་ཆེ་ནས་མོས་བལྟར་འོངས་པས་བུ་བྲོས་ཏེ། དེད་པས་ཟིན་ནས་ཤ་འདོད་པ་རུས་པ་ཕས་ཁྱེར་ཟེར་ནས་ཤ་བཀྲོས་ནས་ཟོས་ཏེ་སོང་ངོ༌། །ཕས་ཕྱིན་ཙམ་ན་ཤི་ལ་ཁད་ནས་འདུག་པ་ལ་རྩི་མ་གི་ཏ་བཏབ་པས་མ་ཤི་ནས་དེ་ཤིན་ཏུ་དྲག་རྩལ་ཆེ་ལ་ཞེ་སྡང་ཚད་དུ་ཕྱིན་པ་ཅིག་བྱུང༌། དེ་གདུལ་བའི་ཕྱིར་ཀེང་རུས་མཆེ་བ་གཙིགས་པའི་ཁྲོ་བོའོ། །ཧ་ལ་ཧ་ལ་གདོང་བརྒྱ་བ་ནི་སྔར་འཇིག་རྟེན་པའི་ལྷ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་བཅུ་དྲུག་དང༌། ལྷ་མ་སྲིན་སྡེ་བརྒྱད་ཚོགས་ནས་གྲོས་བྱས་པས། ཕྱིའི་རྒྱ་མཚོ་འདི་ན་རིན་པོ་ཆེ་ཡོད་པས་འདི་དབྱུང་བའི་ཐབས་ལ་རི་རབ་ལ་སྒྲུབ་མ་བྱས་ལ་སྐྲོག་པར་ཆད། ཀླུ་ཆེན་པོ་བརྒྱད་ཀྱིས་སྲུབ་ཐག་བྱས། ལྷ་ཆེན་པོ་བརྒྱད་ཀྱིས་འཐེན་པས་སྣ་ལ་རིན་པོ་ཆེ་མང་པོ་བྱུང་ནས་ལྷའི་རྒྱན་བྱས། དེ་ནས་དུག་ལྔ་བྱུང་སྟེ། བཙན་དུག །དབྱིག་དུག །མཆེ་བའི་དུག །མཐོང་བའི་དུག །ཐོས་པའི་དུག་ཧ་ལ་ཧ་ལ་བྱུང་ངོ༌། །བཙན་དུག་དབྱིག་དུག་བཞག་གོ །མཆེ་བའི་དུག་སེམས་ཅན་ལ་གནོད་ཀྱིས་དོགས་ནས་རྒྱལ་པོ་མིག་མི་བཟང་གིས་འཐུངས་པས་ཤའི་སྤྱན་ལོང་ནས་ཡེ་ཤེས་ཀྱི་སྤྱན་མངའ་བས་དེས་ཀུན་ལ་བལྟས་ན་གནོད་པས་ལག་ཏུ་མཆོད་རྟེན་བཞག་གོ །མཐོང་བའི་དུག་བྱུང་ནས་འཕགས་པ་སྤྱན་རས་གཟིགས་ཀྱིས་འཐུངས་པས་ཁོང་པར་མ་ཚུགས་ནས་སྐེ་ནས་ཙར་གྱིས་ཕྱུང་ནས་ཀྲོ་དྷ་མགྲིན་སྔོན་གདུག་པ་སེལ་བྱའོ། །དེ་ནས་ཧ་ལ་ཧ་ལ་སུའི་རྣ་བར་ཐོས་པ་འཆི་བ་ན་འཕགས་པ་འཇམ་དཔལ་གྱིས་ཞལ་བརྒྱ་ཐམ་པར་སྤྲུལ་ནས་འཐུངས་ཏེ། ཐུབ་ནས་སེམས་ཅན་རྣམས་ལ་ཕན་པར་བྱས་སོ། །དེའི་ངོ་བོ་བསྟན་པ་ནི། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་བྱ་བ་ནི་སྔོན་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སུ། ཐུབ་པ་བགེགས་ཀྱི་རྒྱལ་པོ་བི་ནཱ་ཡ་ག་ཞེས་བྱ་བ་བྱོལ་སོང་གི་གཟུགས་ལ་ལྟོ་བ་ཆེ་བ་མགོ་ལྕགས་རིའི་ངོས་ལ་གཏད། རྐང་པ་རི་རབ་ཀྱི་ངོས་ལ་གཏད་ནས་སྐྱེ་འགྲོ་ཀུན་ལ་


DTG064_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་གཅོད་པ་ཡོད་དོ། །དེ་གདུལ་བའི་དོན་དུ་སྒྱུ་འཕྲུལ་གསུས་པོ་ཆེར་སྤྲུལ་ནས་དེའི་སྟེང་དུ་བཞུགས་པས། ལྕིད་ལན་གསུམ་དུ་ཕབ་པས་འཁུན་མ་བྱུང་ནས། དེར་བསམ་གཏན་དང་པོར་སླེབ་པའི་ལུས་ཀྱིས་མནན་པས་བྲེད་ནས་ཆོས་སྐྱོང་བའི་སྲུང་མར་དམ་བཅས་སོ། །ཁྲོ་བོའི་རྒྱུ་གང་ཞེ་ན་རྡོ་རྗེ་ལས་བྱུང་བ་དེ་ལ་དེ་སྐད་ཅེས་བྱ་བའོ། །ངོ་བོའམ་རང་བཞིན་ནམ་མཁའ་ལྟ་བུ་གང་གིས་དང་པོར་མ་གོས་པའོ། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་སྤྲུལ་གྱི་རྒྱན་ཁྲོ་བོའི་རྒྱན་དང་གསུང་དང་ཐུགས་བསྟན་པ་ནི། གླང་ཆེན་ནས་གད་རྒྱངས་ཧ་ཧ་ཞེས་སྒྲོགས་པ་ཞེས་པ་ནི། གླང་ལྤགས་གོས། གསུང་ཧ་ཧ་དང་ཧི་ཧི་དང་རྡོ་རྗེའི་གད་རྒྱངས་སོ། །འོ་ན་ཁྲོ་བོ་དེ་ཉིད་ཞེ་སྡང་འབའ་ཞིག་གམ་ཞེ་ན་མ་ཡིན་ཏེ། ཐུགས་བདེ་བ་ཆེན་པོ་ལས་མ་གཡོས་སོ། །གསུང་རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས་སོ། །ཕྱག་མཚན་མཚོན་དུ་རྡོ་རྗེ་མདའ་གཞུ་དང༌། རྡོ་རྗེ་རལ་གྲི་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། རྩེ་ལྔ་པ་དང༌། གཡུལ་སེལ་བ་རྡོ་རྗེ་མདུང་ལ་སོགས་པ་དཔག་ཏུ་མེད་དོ། །སྤྱན་རྡོ་རྗེ་འབར་བའི་མིག །དབུ་སྐྲ་རྡོ་རྗེ། རྡོ་རྗེ་འབེབས་པ་འོད་དུ་འབྱུང་བའོ། །གོང་གི་གདོང་བརྒྱ་ལ་མིག་དང་དོ། །ལུས་ཀྱི་བ་སྤུ་འང་རྡོ་རྗེའོ། །གཅིག་པུའི་ལུས་ནི་སྐྱེ་ཤི་མེད་པའི་སྐུའོ། །པགས་པ་ཡང་རྡོ་རྗེ། ཕྱག་རྒྱ་ལྔ་ཡང་རྡོ་རྗེས་བརྒྱན་པ། གསུང་ཧ་ཧ་སྒྲོགས་པ་ཅི་སྒྲོགས་ན་ཡི་གེ་དྲུག་པ་སྟེ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ནི་ཁྲོ་བོའི་ཡང་སྙིང་ངོ༌། །དེའི་དོན་ནི་འདི་ཡིན་ཏེ་སྔོན་རི་རབ་ཀྱི་སྟེང་ཆོས་བཟང་ལྷའི་འདུན་སར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཚོགས་སོ། །དུས་དེའི་ཚེ་ན་ལྷ་དབང་ཕྱུག་ཆེན་པོ་དང་ཡུམ་ཨུ་མ་དྲག་པོའི་འཁོར་ཕོ་ཉི་ཤུ་རྩ་གཅིག་དང་མོ་ཉི་ཤུ་རྩ་གཅིག་ཡོད་དེ་དེ་ཡང་ཁྱབ་འཇུག་དང༌། གཞོན་ནུ་ཀཱརྟི་ཀ་དང༌། ཚངས་པ་དང༌། དབང་པོ་དང༌། ཉི་མ་དང༌། ཟླ་བ་དང༌། སྤེན་པ་དང༌། མིག་དམར་དང༌། ཚོགས་ཀྱི་བདག་པོ་དང༌། སྦྲང་རྩིར་བྱེད་པ་དང༌། རྒྱལ་བར་བྱེད་པ་དང༌། ནོར་སྦྱིན་དང༌། རླུང་ལྷ་དང༌། མེ་ལྷ་དང༌། ལུས་ངན་པོ་དང༌། འཕགས་སྐྱེས་པོ་དང༌། གཤིན་རྗེ་དང༌། ཚོགས་བདག་དང༌། ཆུ་ལྷ་དང༌། བྷྲྀངྒི་རི་ཏི་དང༌། དགའ་བྱེད་དབང་ཕྱུག་རྣམས་ནི་ཕོ་འཁོར་


DTG064_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །མོ་རྣམས་ནི་ཨུ་མ་དང༌། རྡོ་རྗེ་རྒྱལ་མོ་དང༌། དྲུག་ལྡན་མ་དང༌། ཚངས་མ་དང༌། དབང་མོ་དང༌། མིའམ་ཅི་མ་དང༌། རོ་ཧི་ནི་དང༌། དབུགས་འཛིན་མ་དང༌། སྐྱེ་བ་འཕྲོག་མ་དང༌། གསོད་མ་དང༌། ཟབ་མོ་དང༌། འགྲོ་མ་དང༌། དགའ་མ་དང༌། ཞི་བ་མོ་དང། རླུང་གི་མོ་དང༌། མེ་མ་མོ་དང༌། ལུས་ངན་མོ་དང༌། ཕག་མོ་དང༌། ཙ་མུཎྜི་དང༌། སྣ་ཆེན་མ་དང༌། ཆུ་ལྷ་མོ་དང་རྩ་གཅིག་གོ །ལྷ་མ་སྲིན་སྡེ་བརྒྱད་དང༌། ཚངས་མ་ལ་སོགས་པ་མ་མོ་བཅུ་གཉིས་དང༌། བར་ཆད་ལྡན་མ་ལ་སོགས་པ་མ་བདུན་དང༌། གཏུམ་པོ་ལ་སོགས་པ་གནོད་སྦྱིན་ལྔ་དང༌། སྲིན་མོ་འཕྲོག་མ་ལ་སོགས་པ་བཅུ་དང༌། འཕྱང་མ་ལ་སོགས་པ་མོ་གཉིས་དང༌། དེར་ཡང་མ་ཟད་དེའི་ཉེ་འཁོར་ནི་མ་མོ་བཅུ་གཉིས་དང༌། མ་རུངས་མའི་ཚོགས་དང༌། འཕྲ་མེན་མའི་ཚོགས་དང༌། རིམས་བདག་མོའི་ཚོགས་དང༌། ངན་སོང་གསུམ་གྱི་ཚོགས་ཀྱི་ཚོགས་དང་བཅས་པ་རྣམས་རི་རབ་ཀྱི་བྱང་ཤར་མཚམས་ན་ཐོད་པ་དགུ་བརྩེགས་ཞེས་བྱ་བའི་ཕོ་བྲང་ན་གནས་ནས། ཟླ་དུས་ཁྱད་པར་ཅན་ལ་ཀུན་ཚོགས་ཤིང་སེམས་ཅན་མང་པོ་གསོད་ཅིང་སྦྱིན་སྲེག་བྱེད། ལོ་ཐོག་ལ་སེར་བ་འབེབས། མི་ནད་ཕྱུགས་ནད་མང་པོ་གཏོང༌། སུ་དགེ་བ་བྱེད་པའི་བར་དུ་གཅོད་པ་དང༌། རི་རབ་ཀླད་ལ་བསྐོར་བ། རྒྱ་མཚོ་ཧུབ་ཀྱིས་འདེབས་པ་དེ་ལྟ་བུ་ཞེ་སྡང་ཆེན་པོའི་རུ་ཏྲ་དེ་ལྟ་བུ་ཡོད་དོ། །དུས་དེའི་ཚེ་སངས་རྒྱས་རྣམས་འདུས་ནས་འཕགས་པ་འཇམ་དཔལ་ལ་གསོལ་བ་བཏབ་པ། ཞི་བས་བྱང་ཆུབ་འགྲུབ་འགྱུར་ཡང༌། །ཡང་དག་བྱང་ཆུབ་ཐོབ་བྱེད་པ། །གཏུམ་པོ་རྣམས་ནི་གདུལ་བའི་ཕྱིར། །རང་རིག་དྲག་པོ་བསྐྱེད་འགྱུར་མཛོད། །ཅེས་ཞུས་སོ། །ལན་དུ། བྱང་ཆུབ་ཡང་དག་ཐོབ་བྱེད་པའི། །སེམས་ཅན་འདི་རྣམས་སྣོད་མིན་ཏེ། །ཉོན་མོངས་རྣམས་ནི་མེ་ལྟར་འབར། །ང་ཡིས་གདུལ་བའི་སྣོད་མིན་ནོ། །ཞེས་པས་ཡང་བཀའ་སྩལ་པ། ཁྱེད་ནི་དུས་གསུམ་སངས་རྒྱས་ཀྱི། །ཐུགས་ཀྱི་སྲས་ཏེ་གཙོ་བོ་ཆེ། །གདུག་པ་འདུལ་བའི་དཔའ་བོ་སྟེ། །རང་རིག་དྲག་པོ་བསྐྱེད་དུ་གསོལ། །ཞེས་ཞུས་པས། དེ་ནས་རྗེ་བཙུན་ཉིད་ཀུན་དུ་འབར་བའི་སྙིང་པོ་ཁྲོ་གཉེར་


DTG064_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྨིན་མ་བཅུམ་པ་མཆེ་བ་ལྷག་གེ་ཕྱུང་བ། ཤིན་ཏུ་གཙིགས་པ་ཞལ་དང་ཕྱག་མཚན་དང་སྐུ་མདོག་སྣ་ཚོགས་པར་གྱུར་ནས། དེ་བཞིན་གཤེགས་པ་རྣམས་མ་འཚལ་ལགས་སོ་ཟེར་ནས། དེར་སངས་རྒྱས་རྣམས་ཀྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་མ་རུངས་པ་མཆིས་པ་འདི་ཐུལ་གསུངས་ནས། དེ་ནས་གཞུང་བཞིན་དུ་ཧ་ཧ་ལ་སོགས་པའི་སྒྲས་ཁྲོ་བོ་གནས་ཉི་ཤུ་རྩ་བརྒྱད་ནས་རེ་རེ་སྤྲོ་ཞིང་བཀུག་པས། ལ་ལ་ཁང་པ་ནས་ཐོན། ལ་ལས་བཅོམ་ལྡན་འདས་ཀྱི་ཁང་པའི་རྩར་ཕྱིན་པ་ལ་སོགས་པ་དུ་མ་བྱས། དེ་ནས་ཐུགས་ཀ་ནས་ཁྲོ་བོ་མེ་ལྟར་འབར་བ་ཕྱུང་ནས་འགུགས་སུ་བཏང་བས། མ་ཧཱ་དེ་བ་ཡབ་ཡུམ་ཞགས་པས་བཅིངས་ནས་གཤིན་རྗེ་གཤེད་པོའི་ཞབས་གཡས་པའི་འོག་ཏུ་དབང་ཕྱུག་ཆེན་པོ་བཅུག །གཡོན་པའི་འོག་ཏུ་ལྷ་མོ་ཨུ་མ་གན་རྐྱལ་དུ་བཅུག་གོ །དེར་འཁོར་ཐམས་ཅད་ལ་འོ་དོད་མང་པོ་ཕྱུང་ནས་འཇིག་རྟེན་གྱི་དྲག་པོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་དྲུང་དུ་གནོད་པ་སྣ་ཚོགས་བྱས་པ་ལས། ནམ་མཁའ་ལ་རལ་གྲིའི་ཆར་ཕབ་ནས་ཀུན་ཤིན་ཏུ་བྲེད་ནས་འདུས་སོ། །ཉེ་བའི་འཁོར་ཕོ་རྣམས་འཁོར་གྱི་ཁྲོ་བོ་རྣམས་ཀྱི་ཞབས་འོག་ཏུ་བཅུག་གོ །དེར་ཤིན་ཏུ་བྲེད་ཨཱ་ཡུཿ་ཞེས་སླར་བསླང་ནས་ཁྲོ་བོ་རྣམས་ཀྱི་ཞབས་ཀྱིས་རེག་པས་ཁྱད་པར་དུ་གྱུར་པའི་བདེ་བ་ཁྱད་པར་སྐྱེས་སོ། །དེ་ལྟར་ལྷ་ཆེན་པོ་ན་རེ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་ཡེ་ཤེས་བླ་ན་མེད། །ཞབས་མཐིལ་གྱིས་ནི་མནན་ནས་ནི། །མྱ་ངན་འདས་ལ་རབ་བཞག་ནས། །ཟེར་ནས་དེར་ལྷ་ཆེན་པོ་ཡབ་ཡུམ་དམ་ཚིག་ལ་ཕོག་ནས་གསུམ་ལ་སྐྱབས་སུ་འགྲོ་བ་བསྟན་ནས་ཆོས་སྐྱོང་སྲུང་མར་དམ་བཅས་སོ། །དེར་མ་རུངས་པའི་ཚོགས་རྣམས་ཁྲོ་བོའི་ཚོགས་ཀྱིས་སྒྲ་ཧ་ཧ་ཞེས་པས་བཏུལ་ལོ། །འཕྲ་མེན་གྱི་ཚོགས་རྣམས་ཧི་ཧི་ཞེས་པས་བཏུལ་ལོ། །ངན་སོང་རྣམས་རྡོ་རྗེ་གད་མོས་བཏུལ་ལོ། །དེ་རྣམས་ལ་དམ་ཚིག་དང་སྡོམ་པ་ཕོག་པས་བདག་ཅག་རྣམས་ཟས་སྐལ་མེད་པས་ངེད་རྣམས་འཆི་ན་ཟེར་ནས། སྒྲུབ་པ་པོ་རྣམས་ཀྱིས་གཏོར་མ་དང་དཀྱིལ་འཁོར་སྟེར་ཟེར་ཟ་བ་དང༌། དམ་ཚིག་ཉམས་པ་དང་བསྟན་པ་འཇིག་པའི་སྙིང་ཁྲག་


DTG064_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དྲོན་མོ་སྦྱིན་པར་བྱ་སྟེ་དམ་བཅས་སོ། །རྗེ་བཙུན་གྱི་ཡོན་ཏན་བཤད་པ་ནས། མར་འཇིག་རྟེན་པ་བརྒྱ་ལྔ་བཅུ་དང༌། ཉི་ཤུ་རྩ་ལྔ་ཀུན་དེ་རུ་དམ་བཅས་པ་ཡིན་ནོ། །དེ་ཙམ་གྱི་རྣམ་པར་འཕྲུལ་པ་མཛད་པ་སུ་ཡིན་ཞེ་ན། འཇམ་པའི་དབྱངས་ཉིད་ཡིན་ནོ། །དུས་དེར་ཧ་ཧ་དང་ཧི་ཧི་དང་སྒྲ་དྲག་པོའི་ཧཱུཾ་རྣམས་ཕུལ། རི་རབ་སྟེང་དུ་མཛད་པ་དེ་བཞིན་དུ་ཁམས་གསུམ་དུས་གཅིག་ཏུ་ཁྱབ་པོ། །དེར་མ་ཟད་ནམ་མཁས་གར་ཁྱབ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྣམ་འཕྲུལ་དང་དྲག་པོ་ཧཱུཾ་སྒྲ་དུས་གཅིག་ཏུ་མཛད་དོ། །དེས་ན་རྗེ་བཙུན་འཇམ་དཔལ། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་བྱའོ། །སྔོན་ཤར་ཕྱོགས་བདེ་བ་ཅན་ན་སངས་རྒྱས་འོད་ཀྱི་ཏོག་འཁོར་མང་པོ་ལ་ཆོས་སྟོན་པའི་སར། འཇམ་དཔལ་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དང་ལྷའི་བུ་མང་པོ་ཕྱིར་འབྲངས་ནས། འཇམ་དཔལ་གྱིས་འོད་གསལ་བའི་སྒྲས་སྟོང་གསུམ་བཀང་ནས། བདུད་སྦ་བཀོང་བ་ཡིན་པ་སངས་རྒྱས་དེའི་འཁོར་ཉན་ཐོས་ཡོ་རླུང་དམར་གྱིས་ཁྱེར་བ་ལྟར་འགྱེལ་ལོ། །དེར་སངས་རྒྱས་དེ་ལ་ཞུས་པས། འདི་ནི་འཇམ་དཔལ་བདུད་སྦ་བཀོང་བའི་སྒྲ་ཡིན་གསུངས། དེར་ངེད་ཅག་བལྟ་ཟེར་ནས་ཆོས་ཞུས་སོ། །དེས་ན་ཡང་སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་གོ །ལ་ལ་དག་ན་རེ་ཀེང་རུས་མཆེ་བ་གཙིགས་པའི་སྐབས་སུ། སྔོན་མི་ཅིག་རྒྱ་མཚོའི་འགྲམ་དུ་ཕྱིན་པས་བུད་མེད་ནག་མོ་ཅིག་གིས་དེད་ནས་དེར་ཆད་ནས་ཡོད་པ་ལས་ཁོས་མིའི་འགྲམ་རུས་ཅིག་རྙེད་ནས་ལག་ཏུ་བླངས་པ་ཙམ་གྱིས་བུད་མེད་དེ་སྐད་ངན་དང་བཅས་ཏེ་བྲོས་སོ། །དེར་དེད་པས་ཕུག་ཅིག་ཏུ་བྲོས་སོ། །དེར་ཕྱིན་པས་སྲིན་མོའི་བུ་ལྔ་བརྒྱ་འདུག་སྟེ་ཡོ་བྲེད་ནས་ད་ཁྱོད་ཅི་ཟེར་ཉན་ཟེར་ནས། དེར་ཁྱེད་ཅག་ཅི་ལ་བྲེད་བྱས་པས་ལག་ན་མིའི་རུས་པ་དེ་ལ་གྲི་མང་པོ་ཐོགས་པ་འདུག་ཟེར་ནས། དེར་མི་དེས་ཁྱེད་ཅག་མ་སྨད་ཀྱང་ད་ཕྱིན་ཅད་མི་མ་གསོད་བྱས་ནས། དེར་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་ལ་དྲིས་པས། འདི་སྔོན་འཇམ་དཔལ་འདོན་པའི་མི་ཅིག་གི་འགྲམ་རུས་ཡིན་གྱི། འདི་ལ་མཆོད་གནས་ཀྱིས་ལ་འཇམ་དཔལ་ཐོན་དང་དངོས་གྲུབ་ཐོབ་ཀྱིས་ཟེར་ནས་དེ་ལྟར་


DTG064_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ཐོབ་པོ། །ཡང་འདི་ནི་འཇམ་དཔལ་བསྒོམ་པར་འཐད་དོ། །མཆེ་བ་གཙིགས་པ་པོ་ལ། སྔོན་མི་ཚོན་པོ་ཅིག་ཡོད་པ་ལ་ཡུལ་དེ་ན་མཁའ་འགྲོ་མ་བདུན་ཡོད་པས་གཅིག་བཏང་ནས་སང་ནུབ་ཁྱོད་ལ་ཟ་རེས་འབབ་པས་ངེད་ཅག་འོད་ངོ་ཟེར་ནས་སོང་ངོ༌། །དེར་མི་དེས་ལུང་བ་ཅིག་ན་ཡར་བྲོས་ནས་ཕུག་ཅིག་ཏུ་ཡིབས་སྙམ་ནས་ཕྱིན་པས། ཐོད་པ་སོ་རྩེག་གེ་བ་ཅིག་འདུག་ཏེ་ཕང་དུ་ཐོགས་ནས་འདུག་པས། མཁའ་འགྲོ་མས་རྗེས་ཆོད་ནས་བྱུང་བས་ཐོད་པ་མཐོང་བས་གན་ཅིང་བུབ་ཅིང་བྲོས་ཏེ། ཁོས་དེད། ད་ཅི་ཟེར་བ་ཉན་ཟེར། ཅི་ལ་འབྲོས་བྱས་པས་ཐོད་པའི་སོ་པར་ན་ཚུར་ཁྲོ་བོ་ཁ་གདངས་པ་མང་པོ་འདུག་ཟེར། དེར་མཁའ་འགྲོ་མ་བདུན་པོ་ཁོའི་གྲོགས་སུ་བཅས་སོ། །དེར་དྲང་སྲོང་མངོན་པར་ཤེས་པ་ལ་དྲིས་པས། འདི་འཇམ་དཔལ་སྒོམ་པ་ཅིག་ཕུང་པོ་བོར་ནས་སངས་རྒྱས་པའི་མགོ་བོ་ཡིན་པས་དེ་སྒྲུབས་དང་འཇམ་དཔལ་ཞལ་མཐོང་ངོ་ཟེར་རོ། །དེ་ནི་སྔོན་བྱུང་ངོ༌། །འཕགས་པ་འཇམ་དཔལ་ཁྲོ་བོས་སྡུག་བསྔལ་གཅོད་པའི་ཡོན་ཏན་བསྟན་པའོ།། །།ད་ནི་རྗེ་བཙུན་འཇམ་དཔལ་དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་དེ་འཇམ་དཔལ་རྣོན་པོའི་སྐུར་བསྟན་པ་ནི། གདུལ་བྱ་འདོད་ཆགས་ཅན་གདུལ་བའི་ཕྱིར་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཀྱི་ཁྱད་པར་གསུངས་པ་ནི། ཡང་དག་བདག་མེད་ཅེས་པ་ནས་འོད་འབར་གསལ་ཞེས་པས་སྟོན་ཏེ། དེ་ལ་སོ་སོར་རྟོག་པའི་ངོ་བོ་གང་ཞེ་ན། ཡང་དག་པའི་བདག་རྣམ་པ་གཉིས་ཀྱིས་སྟོང་པའི་དེ་བཞིན་ཉིད་དེ་གློ་བུར་གྱི་དྲི་མ་དང་བྲལ་བའི་ཤེས་པ་མ་འདྲེས་པ་རང་གསལ་བའོ། །དེ་ལྟ་བུ་དེ་གཞན་ལ་ཇི་ལྟར་སྟོན་ཞེ་ན། སྟོང་ཉིད་ཅེས་པ་ནས་མྱ་ངན་འདས་པ་པོ་ཞེས་པས་སྟོན་ཏེ། སྔོན་རྗེ་བཙུན་འཇམ་དཔལ་རྒྱལ་པོའི་ཕོ་བྲང་འོད་འཕྲོ་ཅན་ན་བཞུགས་པའི་དུས་སུ་བྱང་ཆུབ་སེམས་དཔའ་བཞིན་བཟངས་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོང་པ་ཉིད་ཀྱི་ངོ་བོ་ཞུར་འོངས་པས། ཕྱོགས་ཀུན་ནས་ཀུན་དུ་བཙལ་བས་ཐང་ཆད་ནས་ཡི་མུག་སྟེ་མ་མཐོང་ནས་སྟོན་པ་ཤཱཀྱ་ཐུབ་པ་ལ་ཞུས་པས་རྗེ་བཙུན་གྱི་ཡོན་ཏན་མང་དུ་བཤད་ནས་ཁྱེད་རྣམས་རྗེ་བཙུན་ལ་


DTG064_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚོལ་ལ་གསོལ་བ་ཐོབ་དང་བྱིན་རླབས་འཆར་གསུངས་ནས། དེར་བྱང་ཆུབ་སེམས་དཔའ་བཞིན་བཟངས་ཀྱིས་གྲོགས་པོ་རྣམས་ལ་དེ་ལྟར་སློབ་ནས། ཀུན་གྱིས་དེ་ལྟར་བྱས་པ་དང་མ་མཐོང་ནས་ཡང་ཤཱཀྱ་ཐུབ་པ་ལ་ཞུས་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཞོག་གསུངས་ནས་བཞིན་བཟངས་ཀྱིས་ཐམས་ཅད་མཉམ་པ་ཉིད་དུ་སེམས་ཞོག་དང་ཡོན་ཏན་མཐོང་ངོ་ཟེར་ནས། དེ་ལྟར་བྱས་པས་ཞག་བདུན་གྱི་ནང་པར་རྗེ་བཙུན་པདྨའི་སྟེང་ན་སྐུ་གསེར་གྱི་གཏན་པ་ཕྱིས་པ་བཞིན་དུ་བཞུགས་པ་མཐོང་མ་ཐག་ཏུ་སྐུ་ལས་འོད་ཟེར་བྱུང་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་བཀང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ལ་མཛད་པ་བཅུ་གཉིས་ལ་སོགས་པ་སོ་སོའི་རྣམ་པར་ཐར་པ་བསྟན་ནས་བཞུགས་པའི་དུས་སུ་ནམ་མཁའ་ལས་མེ་ཏོག་ལ་སོགས་པའི་ཆར་བྱུང་ངོ༌། །དུས་དེར་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕྱོགས་བཅུ་ཐམས་ཅད་དུ་ཉེ་རིང་མེད་པར་ཆོས་ཀྱི་དུད་བུས། གཎྜཱི་དང་ཆོས་ཀྱི་རྔ་བརྡུངས་ནས་ཀུན་ཐར་པ་ལ་བཀོད་པས་མི་གནས་པའི་མྱ་ངན་ལས་འདས་པ་རྗེ་བཙུན་ཁྱོད་ཡིན་ཞེས་པའོ། །སྐུ་ཇི་ལྟ་བུ་ཞེ་ན་ཆོས་སྐུ་གཟུགས་མེད་ལས། ལོངས་སྐུ་གཟུགས་བཟངས་མཚན་དཔེས་བརྒྱན་པ། སྤྲུལ་སྐུ་ཅིར་ཡང་སྟོན་པས་ན། གཟུགས་མེད་ནས་སྣང་བའི་དཔལ་ཞེས་བྱའོ། །འོ་ན་མི་དོགས་སམ་ཞེ་ན། གཟུགས་རྣམས་མ་ལུས་འཆང་བ་པོ། །ཞེས་པ་རྗེ་བཙུན་གྱིས་སེམས་སྒྱུ་མ་ལྟ་བུར་ཤེས། འཇིག་རྟེན་རྨི་ལམ་ལྟ་བུར་ཤེས། སྨོན་ལམ་དང་སངས་རྒྱས་ནི་མིག་ཡོར་ལྟ་བུར་ཤེས། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཤེས། ཚིག་ཐམས་ཅད་བྲག་ཅ་ལྟ་བུར་ཤེས། སྐྱེ་ཤི་ཐམས་ཅད་འཁྲུལ་འཁོར་དུ་འདུ་ཤེས། སྣང་སྲིད་ཐམས་ཅད་དྲི་ཟའི་གྲོང་ཁྱེར་དུ་འདུ་ཤེས། དེ་ལྟར་རྟོགས་ནས་ཅིས་ཀྱང་མི་ཚུགས་པས་ན། ཚུགས་པ་མེད་ཅིང་ཆེ་བར་གྲགས་པ་སྟེ་སྔོན་རྗེ་བཙུན་བྱང་ཆུབ་ཤིང་དྲུང་ན་བཞུགས་པའི་དུས་སུ། བདུད་སྡིག་ཏོ་ཅན་ཤིན་ཏུ་འཇིགས་པ་མང་མོས་ནམ་མཁའ་ལ་ཐོག་ལ་སོགས་པ་དང༌། ལ་ལས་རི་ལ་སོགས་པ་མདུང་དང༌། ཤཀྟི་དང་སྣ་ཚོགས་པ་བརྡེག་པ་ལ། རྗེ་བཙུན་གྱི་བ་སྤུ་ལས་འོད་ཟེར་བྱུང་བས་བདུད་


DTG064_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཕོག་པས་ཤིན་ཏུ་བརྒྱལ་ནས་ས་ལ་འགྱེལ་ལོ། །དེར་སྐྱབས་བཙལ་བས་ཀུན་ཐར་པ་ལ་བཀོད་དོ། །དེས་ན་འཕགས་ལམ་ཤིན་ཏུ་མཐོ་ལ་གནས་པ་དང་དམ་པའི་ཆོས་དར་བའི་རྩེ་མོ་ཡིན་པས་ཏོག་གོ །འོ་ན་འགྲོ་དོན་མཛད་སྐུ་དངོས་གང་ཡིན་ཞེ་ན། འཇིག་རྟེན་གསུམ་ན་མཛེས་པ་སྟེ་སྐུ་གཞོན་པ་དང་རྒན་པས་འཇིགས་པས་ཅི་ཡང་སྟོན་ཏོ། སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པ་སྔོན་ལྷོ་ཕྱོགས་གྱད་ཡུལ་ན་སྡིག་སྤྱོད་ཀྱི་རྒྱལ་པོ་དཔལ་སྦྱིན་བྱ་བ་མཚམས་མེད་པ་ལྔའི་ལས་བྱེད་པ་སུས་ཀྱང་མ་ཐུལ་བ་ཅིག་ཡོད། དེ་ལ་བུ་མོ་མཛེས་པ་ཅིག་ཡོད་པ་ལ་ཁྱིམ་ཐབ་ཏུ་རུང་བ་མ་རྙེད་པས་རྗེ་བཙུན་གྱི་སྐུ་བལྟ་བས་ཆོག་མི་ཤེས་པ་དེ་བུ་མོའི་གམ་དུ་ཕྱིན་པས། བུ་མོས་མཐོང་ནས་རྗེ་བཙུན་ལ་མིག་མི་འཛུམས་པར་བལྟའོ། །དེར་རྗེ་བཙུན་གྱིས་ཁྱོད་ཅི་ལ་ལྟ་གསུངས་པས། ང་ཁྱེད་ལ་ཁྱིམ་ཐབ་ཏུ་རེ་ཟེར། རྗེ་བཙུན་གྱིས་བུ་མོ་ཁྱོད་གཞན་གྱི་དབང་དུ་མ་བཟུང་ན་ང་མི་འདོད་གསུངས་པས། ངའི་ཁྱིམ་ཐབ་ཏུ་རུང་བའི་ཁྱོ་ག་མེད་པས་ང་ལ་བདག་པོ་མེད་ཟེར་ནས། འོ་ན་ངས་སྨྲས་པའི་ཚིག་འདི་ཉན་ནམ་གསུངས་པས། ཅི་གསུངས་ཉན་ཟེར་ནས། འོ་ན་བུ་མོའི་ཕ་རྒྱལ་པོ་དཔའ་བྱིན་ནང་པར་ངའི་གམ་དུ་སྡོམ་པ་འཛིན་ནུས་སམ་བྱས་པས། ངས་ཡབ་ལ་ཞུ་བ་དབུལ་གྱིས་ཟེར་ནས་དེར་ཞུ་བ་ཕུལ་བས་མ་གནང་ངོ༌། །བུ་མོས་ལྕེབ་ཚུལ་བསྟན་པས་ཡབ་ཀྱིས་གནང་ནས། དེར་ཡབ་དམ་པའི་ཆོས་ལ་བཀོད་དོ། །བུ་མོ་ལ་རྗེ་བཙུན་ཅི་འདྲ་པ་ཅིག་སྤྲུལ་ནས་བཞག་པས་སྲས་གསུམ་བྱུང་ཞིང་མ་སངས་རྒྱས་སོ། །ལ་ལས་དུས་ཤེས་སེམས་ཅན་དབང་པོ་ཤེས་ཀྱི་སྐབས་སུ་སྦྱོར་བ་སྣང་ངོ༌། །འགྲོ་དོན་ཇི་ལྟར་མཛད་ཅེ་ན། འཇིག་རྟེན་ཤེས་ལེགས་ནས་ཞི་བྱེད་པ་ཞེས་པས་བསྟན་ནོ། །འཁོར་འདས་སྒྱུ་མ་ལྟ་བུར་ཞེས་པས་སྐྱོན་གང་གིས་ང་མི་འཇིགས། འགྲོ་བ་ཀུན་ལ་ཕན་འདོགས་ཤིང་ཟད་མི་ཤེས་ཀྱིས་མ་རིག་པའི་ཡེ་ཤེས་སྒོ་ང་ལྟ་བུ་འབྱེད་དེ་ཉོན་མོངས་པ་ཐམས་ཅད་སྤོང་ངོ༌། །འདི་ལ་རྗེ་བཙུན་སྔོན་རྒྱལ་པོ་དགེ་བ་ཞེས་བྱ་བའི་ཕོ་བྲང་རིན་ཆེན་སྒྲོན་ཞེས་བྱ་བ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་


DTG064_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རབ་ཏུ་སྒྲོགས་པའི་སྒྲ་དབྱངས་ཞེས་བྱ་བ་དེ་ལ་བཙུན་མོ་སྟོང་ཕྲག་བཅུ་ཡོད། སྲས་སྟོང་ཕྲག་བདུན་ཡོད། བློན་པོ་ལྔ་བརྒྱ་ཡོད། ཀུན་ཀྱང་མ་རྨོས་པའི་ལོ་ཏོག་ཟ། ཀུན་ཀྱང་དམ་པའི་ཆོས་སྤྱོད་པ་ཤ་སྟག་གོ །དེའི་ཚེ་སྨད་ལ་བསྐལ་པ་བར་མ་ཟད་དུ་ཉེ་བ་ན་སྙིགས་མ་ལྔའི་དུས་ལ་བབ། མི་དགེ་བ་བཅུ་བྱུང་སེམས་ཅན་ལ་ཉེས་པ་སྣ་ཚོགས་པ་བྱུང༌། ལྟོགས་པ་སྐོམ་པ་འཁྱགས་པ་གཅིག་ལ་གཅིག་གསོད་པ་བྱུང་ནས་ཀུན་འོ་དོད་འབོད་ཆོ་ངེས་འདེབས་ཤིང་རྒྱལ་པོའི་སར་ཚོགས་སོ། །དེར་ཀུན་རྒྱལ་པོ་ཆེན་པོ་བདག་ལ་མགོན་དང་སྐྱབས་དང་དཔུང་གཉེན་མེད་པས་མགོན་སྐྱབས་དང་དཔུང་གཉེན་ཞུ་འཚལ་ཟེར་རོ། །རྒྱལ་པོས་ཕོ་བྲང་རྩེ་ནས་གཟིགས་པས་ཤིན་ཏུ་སྙིང་རྗེ་བར་འདུག་ནས་བཤུམས་སོ། །དེར་ནང་དུ་ལོག་ནས་སྙིང་རྗེའི་སེམས་བཅུ་བསྐྱེད་ནས་ཕྱི་སྒོར་ཕྱིན་ནས། རྔ་བོ་ཆེ་བསྒྲགས་ནས་ཐམས་ཅད་འདུས་ཤིག་བྱས་ནས་ཅི་དང་ཅི་འདོད་པ་ལ་སྦྱིན་པ་རྒྱ་ཆེན་པོ་བཏང་ངོ༌། །མཐར་བུ་དང་ཆུང་མ་དང་ཡུལ་འཁོར་བཏང༌། དེ་ནས་མགོ་དང་རྐང་ལག་དང༌། ཤ་ཁྲག་ལ་སོགས་པ་ཀུན་བཏང་ནས་མཐར་མངོན་པར་རྫོགས་པར་བྱང་ཆུབ་པས་འཁོར་བའི་འདམ་ལས་ཕ་རོལ་ཕྱིན་ནོ། །དབུ་ལ་ཡེ་ཤེས་ལྔའི་རྟགས་རྒྱལ་བ་རིགས་ལྔའི་དབུ་རྒྱན་བྱུང་བས། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་པས་སོ། །འདུ་བྱེད་ལ་སོགས་སྡུག་བསྔལ་གསུམ་ཞི་ནས་དེ་སེལ་བའི་གཉེན་པོ་འགོག་པའི་ལམ་མཐའ་ཡས་པའི་ཐེག་པ་གསུམ་ཐོབ་པོ། །དེས་ན་སྒྲིབ་པ་ཀུན་ནས་ཉོན་མོངས་པ་ལ་སོགས་པ་སྤངས་ནས་ཕྱོགས་རིས་མེད་པ་ནམ་མཁའ་ལྟར་གནས་སོ། །དེ་བས་ན་ཉོན་མོངས་དྲི་མ་ཀུན་ལས་འདས་ནས་དུས་གསུམ་དབྱེར་མེད་དུ་རྟོགས་སོ། །དེས་ན་ཀུན་གྱི་ནང་ན་གཙོ་བོ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱི་ནང་ན་ཆེ་བས་ཡོན་ཏན་ཐོད་དོ། །སྐུ་དེ་ནི་འགྲོ་བའི་རིགས་གང་གིས་ལུས་ལས་འདས་པ་སྟེ་འཇའ་ཚོན་ལྟ་བུ་སྐྱེ་ཤི་མེད་པའི་སྐུའོ། །ནམ་མཁའི་ལམ་ལ་རབ་གནས་པ། །ཞེས་པ་དོན་དམ་དུ་ཆོས་ཀུན་ནམ་མཁའ་ལྟར་རྟོགས་ཀྱང་ཀུན་རྫོབ་ཏུ་ཚོང་དཔོན་གྱི་བུས་འཇམ་


DTG064_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཚོལ་དུ་འོངས་པས། ནམ་མཁའ་ལ་པདྨའི་སྡོང་པོ་མང་པོའི་སྟེང་ན་སྐྱིལ་མོ་ཀྲུང་བཅས་ནས་ལྷ་དང་ལྷ་མོ་མང་པོས་བསྐོར་ནས་ཕྱག་དང་མཆོད་པ་བྱེད་པ་མཐོང་ནས་གདམས་ངག་ཞུས་སོ། །ཡིད་བཞིན་ནོར་བུ་ཆེན་པོས་སེམས་ཅན་གྱི་བསམ་པ་བསྒྲུབ་པ་ཡིན་ལ། ཆེན་པོ་ནི་རྫོགས་པའི་བྱང་ཆུབ་ལ་མངའ་བའོ། །ཐུགས་རྗེ་ལ་ཕྱོགས་མེད་པའི་རིན་པོ་ཆེ་སྣ་བདུན་གྱི་ནང་ན་མཆོག་གོ །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ་ནི་སྔོན་བསྐལ་བ་གོང་མའི་དུས་སུ་མུ་གེའི་བསྐལ་པ་བྱུང་ནས་ཀུན་འཆི་ལ་ཐུག་པས། རྗེ་བཙུན་གྱིས་ས་ཆེན་པོ་དེའི་མདོར་དབག་བསམ་ཤིང་ཆེན་པོ་རྒྱས་པ་གཅིག་ཏུ་སྤྲུལ་ནས་སེམས་ཅན་ཅི་འདོད་པ་ལ་ཐམས་ཅད་ལོ་སྟོང་དུ་ཚིམ་པར་བྱས་སོ། །བུམ་པ་བཟང་པོ་ཀུན་དོན་བྱེད། །ཅེས་པ་ནི་སྔོན་བསྐལ་པ་གོང་མའི་དུས་སུ་སེམས་ཅན་ལ་ཆར་མིང་མི་གྲག་པའི་དུས་བྱུང་སྟེ། དེས་ལོ་ཏོག་མེད་ནས་བཏུང་བའི་ཆུ་ཡང་མེད་པའི་དུས་བྱུང༌། རྗེ་བཙུན་སྙིང་རྗེ་ཆེན་པོ་སྐྱེས་ནས་ཡུལ་དེའི་ཕུ་རུ་བྲག་ཅིག་གི་རྩར་བུམ་པའི་གཟུགས་ཅིག་བྱུང༌། ཀུན་གྱིས་བལྟས་པས་ཇེ་ཆེ་ཇེ་ཆེ་ལ་ནམ་མཁའ་དང་མཉམ་པ་ཅིག་ཏུ་གྱུར་ནས། དེའི་ཁ་དང་ལོགས་དང་ཞབས་ལས་ཆུའི་ཕུང་པོ་བྱུང་ནས་མཐར་བཟའ་བ་དང་བགོ་བ་ཐམས་ཅད་བྱུང་ངོ༌། །དེས་ན་རྗེ་བཙུན་ཀུན་ལ་ཕན་འདོགས་ཤིང་མཉེས་གཤིན་པ་དང༌། རིགས་བཟང་ངན་དང་འདུལ་བའི་དུས་ཤེས་ཤིང་འདུས་པའི་དུས་ཤེས་པ་དང་ལྡན། དུས་ཤེས་སེམས་ཅན་དབང་པོ་ཤེས་པའོ། །དེར་མ་ཟད་ཐེག་པ་གསུམ་གྱིས་འདུལ་བ་ལ་མཁས་ཏེ། ཇི་ལྟར་ན་སྔོན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་གནས་སུ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཚོགས་ཏེ་ཆོས་ཀྱི་བགྲོ་བ་མཛད་དོ། །དེ་ན་འདུག་པའི་ཉན་ཐོས་རྣམས་ཀྱིས་གཏིང་མ་རྟོགས། དུས་དེའི་ཚེ་འཕགས་པ་འཇམ་དཔལ་གཞལ་མེད་ཀྱི་ཁང་པ་ན་བཞུགས་པ་ལས་འཁོར་ལག་ན་རྡོ་རྗེ་ལ་སོགས་པ་དཔག་ཏུ་མེད་པ་དང་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་དང་བཅས་ཏེ། ལྷོ་ཕྱོགས་སུ་བཞུད་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་


DTG064_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཉན་ཐོས་དྲུག་ཅུ་ཙམ་གྱིས་མཐོང་ནས་ཕྱིར་ཕྱིན་ནོ། །དེར་ལམ་དུ་ཤཱ་རིའི་བུས་དགེ་སློང་རྣམས་ལ་འཇམ་དཔལ་གྱི་ཡོན་ཏན་མང་དུ་བཤད་པས་དེས་ཀྱང་སྒྲིབ་པ་སྲབ་པར་གྱུར་ཏོ། །དེ་ནས་འོངས་པས་ལམ་དུ་འཇམ་དཔལ་དང་མཇལ་ནས་རྗེ་བཙུན་ལ་ཤཱ་རིའི་བུས་དགེ་སློང་འདི་རྣམས་ནི་ཁྱེད་བལྟ་བར་འདོད་པས། དེར་རྗེ་བཙུན་གྱིས་གླང་ཆེན་ལྟ་སྟངས་ཀྱིས་གཟིགས་པ། དགེ་སློང་རྣམས་ཀྱིས་གདམས་ངག་ཞུས་པས། རྗེ་བཙུན་གྱིས་ཡོངས་སུ་མི་སྐྱོ་བའི་ཆོས་བཅུ་བཤད། སངས་རྒྱས་མཆོད་པ་ལ་མི་སྐྱོ་བ་དང༌། ཆོས་ཚོལ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཕ་རོལ་ཕྱིན་བཅུ་དང༌། ཏིང་ངེ་འཛིན་སྒྲུབ་པ་དང༌། ཐོས་པ་གཅིག་ནས་གཅིག་ཏུ་བྱ་བ་དང་སངས་རྒྱས་ཀྱི་ཞིང་སྤྱོད་བ་དང༌། སེམས་ཅན་སྨིན་པ་དང༌། ལྷ་བསྒོམ་པ་དང༌། སངས་རྒྱས་ཀྱི་སྟོབས་ལ་སོགས་པ་བསྒྲུབ་བ་ལ་མི་སྐྱོ་བ་དང་བཅུ་བཤད་ནས་དགེ་སློང་རྣམས་རྫོགས་པའི་བྱང་ཆུབ་ལ་བཀོད་ནས། དེར་སྐྱིད་པའི་འབྱུང་གནས་གྲོང་ཁྱེར་ན་ནགས་ཚལ་ཆེན་པོ་སྣ་ཚོགས་ཀྱིས་བརྒྱན་པར་མདོ་སྡེ་ཆོས་ཀྱི་དབྱིངས་ཀྱི་ཚུལ་རབ་ཏུ་སྣང་བ་ཞེས་བྱ་བ། མདོ་སྡེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་ཐུན་མོང་དུ་བཤད། དུས་དེའི་ཚེ་རྒྱ་མཚོའི་ཀླུ་རྣམས་ཀྱིས་ཆོས་མཉན་པ་དང་ལྷ་དང་མིའི་ལུས་ཐོབ་པོ། །དུས་དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་ཐེག་པ་གསུམ་གྱིས་འདུལ་བར་སྣང་ངོ༌། །དུས་དེའི་ཚེ་སྐྱིད་པའི་འབྱུང་གནས་ཀྱི་མི་ཐམས་ཅད་དང་ཚོང་དཔོན་ནོར་བུ་བཟང་པོ་ལ་སོགས་པས་རྗེ་བཙུན་ལ་ཕྱག་དང་བསྐོར་བ་བྱས་ནས་འཁོད་པ་ལས། དེ་ལ་ཁྱད་པར་དུ་ཚོང་དཔོན་གྱི་བུ་ནོར་བཟངས་ལ་གཟིགས་ནས་རྗེ་བཙུན་གྱིས་གཉིས་མེད་ཀྱི་ཡེ་ཤེས་བསྟན་ནོ། །དེ་ལྟ་བུའི་རྗེ་བཙུན་དེ་རང་གི་ཡོན་ཏན་ཅི་དང་ལྡན་ན་ཡོན་ཏན་ཤེས་པས་ཆོས་ཤེས་བཀྲ་ཤིས་པའོ། །བཀྲ་ཤིས་ཀྱི་རྫས་བརྒྱད་འབྱུང་བའོ། །བཀྲ་ཤིས་ཀུན་གྱི་ནང་ན་རྗེ་བཙུན་བཀྲ་ཤིས་སོ། །གྲགས་པ་ནས་སྐྱབས་སུ་འོས་ཞེས་པ་ནི། སྔོན་རྗེ་བཙུན་རྒྱལ་བུ་ཐམས་ཅད་སྒྲོལ་ཞེས་བྱ་བར་གྱུར་པའི་དུས་སུ་ཆུ་བོ་ཆེན་པོའི་འགྲམ་ན་བཞུགས་པ་ལ་སྲོག་ཆགས་མང་པོ་མ་ཐར་ནས་འདུག་


DTG064_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པས། རྗེ་བཙུན་ཆུ་འགྲམ་ན་འདུག་པས་རྒྱལ་བུ་དེ་རང་འདྲ་བ་དུ་མར་སྤྲུལ་ནས་གཅིག་ལ་གཅིག་འཇུས་ནས་ཟམ་པ་བྱས་ནས་ཀུན་བཏོན་ཏེ་དབུགས་ཕྱུང་ངོ༌། །དེར་དེ་ན་ཡོད་པ་ཀུན་གྱིས་ལན་ལྡོན་པ་ལ། རྗེ་བཙུན་གྱིས་ང་ལ་ལན་གླན་མི་དགོས་ཀྱི་ངའི་གདམས་ངག་འདི་ཟུང་ཤིག་གསུངས་ནས་ཆོས་ཀྱི་སྟོན་མོ་མཛད་པའི་ཆོས་གཅིག་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་པའོ། །གཉིས་པ་ནི་ཐོས་པས་མི་ངོམས་པ་དང༌། ཚུལ་བཞིན་དུ་བསྒོམ་པའོ། །གསུམ་པ་ནི་སྡིག་པ་སྤོང་བ་དང༌། དགེ་བ་ལ་བརྩོན་པ་དང༌། བསྔོ་བ་ལ་མཁས་པའོ། །བཞི་པ་ནི་ཚུལ་ཁྲིམས་དག་པ། ལྟ་བ་དག་པ། སེམས་དག་པ། ཤེས་རབ་དག་པའོ། །ལྔ་པ་ནི་བྱང་ཆུབ་ལ་ཞུགས་པ། བདེན་པར་སྨྲ་བ། གཡོ་མེད་པ། ཕྲག་དོག་མེད་པ། ཀུན་ལ་སེམས་སྙོམས་པའོ། །དྲུག་པ་ནི་སློབ་དཔོན་བསྟེན་པ། སྡིག་པའི་གྲོགས་པོ་སྤོང་བ། ཆོས་ཀྱི་ཁས་མི་འདྲེན་པ། དབེན་པ་ལ་གནས་པ། བྱམས་པ་མི་གཏོང་བ། སེམས་ཅན་ལ་སྙིང་རྗེ་ཆེ་བའོ། །བདུན་པ་ནི་ཞི་གནས་ཚོལ་བ། ལྷག་མཐོང་ཚོལ་བ། བཟོའི་གནས་ཤེས་པ། རྟེན་འབྲེལ་ཤེས་པ། དོན་གྲུབ་པ། ལམ་ཚོལ་བ། ལེ་ལོ་མེད་པའོ། །བརྒྱད་པ་ནི་ལས་སུ་རུང་བ། ཚོར་བ་ལ་རྟོག་པ། ཆོས་ལ་བལྟ་བ། སྡིག་པ་སྐྱེས་པ་སྤོང་བ། མ་སྐྱེས་པ་མི་བསྐྱེད་པ། དགེ་བ་སྐྱེས་པ་སྤེལ་པ། མ་སྐྱེས་པ་བསྐྱེད་པའོ། །དགུ་པ་ནི་དུས་གསུམ་ལ་རྟོག་པ་གསུམ། མཚན་མ་མེད་པ་རྟོག །དུས་ལ་མ་ཞེན། ཆོས་ཟབ་མོ་བཟོད། སྟོང་པ་ཉིད་མི་སྤོང༌། ཚད་མེད་པ་བཞི་སྒོམ། བསམ་པ་བཞིན་དུ་བྱེད་པའོ། །བཅུ་པ་ནི་བདག་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པ་དང༌། མི་རྟག་པར་ཡིད་ཆེས་པ་དང༌། སྐྱེ་བ་ལ་དུག་ཏུ་འདུ་ཤེས་པ་དང༌། ཕུང་པོ་རྣམས་ལ་གཤེད་མར་འདུ་ཤེས་པ་དང༌། ཁམས་ལ་སྦྲུལ་གདུག་པར་འདུ་ཤེས་པ་དང༌། སྐྱེ་མཆེད་ལ་གྲོང་སྟོང་པར་འདུ་ཤེས་པ་དང༌། སྲིད་པ་རྣམས་ལ་ཆུ་ཟླར་འདུ་ཤེས་པ་དང༌། མྱ་ངན་ལས་འདས་པ་ལ་སྐམ་སར་འདུ་ཤེས་པ་དང་བཅུ་གསུངས་པའོ། །དེ་ལྟ་བུའི་རྗེ་བཙུན་དེ་བཀུར་སྟི་ལ་སོགས་པའི་གནས་སུ་གྱུར་པ་ནས་སྐྱབས་སུ་འོས་ཞེས་སོ། །ཅིས་འོས་ན་


DTG064_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་དགྲ་སེལ་བས་ནའོ། །འདི་ཡང་རྗེ་བཙུན་གྱིས་སྔོན་སེང་གེ་དང་གླང་པོ་ཆེ་དང་མེ་དང་སྦྲུལ་དང་རྐུན་མོ་དང་རྒྱལ་པོ་དང་ཉེ་བར་འཚེ་བ་རེ་རེ་བཟློག་པ་ཕན་ཡོན་གྱི་སྐབས་སུ་འབྱུང་ངོ༌། །ཇི་ལྟར་བསྟན་ན་འཇིགས་པ་སེལ་ཞེ་ན། སྐུ་ཅིར་ཡང་སྟོན་ཏེ་གཙུག་ཕུད་ཅེས་པ་ནས། བྲམ་ཟེ་ཚངས་པ་ཤེས་པ་ནི་ཕྱི་རོལ་མུ་སྟེགས་ནས་བཟུང་ནས་དྲི་ཟ་དང་རབ་ཏུ་བྱུང་བ་དང་སྦྱངས་པའི་ཡོན་ཏན་དང༌། བྲམ་ཟེ་དང་རིག་བྱེད་དང༌། ལྷ་ཚངས་པའི་སྨྲང་འདོན་པ་ལ་སོགས་བ་ནས་ཐམས་ཅད་མཁྱེན་བ་ནས་ཚངས་པ་ཐོབ་ཅེས་བྱ་བའོ། །དེའི་ངོ་བོ་གང་ཞེ་ན། རྣམ་པར་གྲོལ་བ་ལུས། ཆགས་བྲལ་མ་ལུས་འདུལ་བ་པོ། །ཞེས་པས་བསྟན་ཏེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལས་མི་གནས་པའི་མྱ་ངན་ལས་འདས་པའོ། །བདེ་སྡུག་ནི་རྟོག་པ་ཀུན་དང་བྲལ་ནས་ཆགས་བྲལ་གཟུགས་ཁམས་ཀྱི་ལུས་ལས་འདས་པའོ། །སྐུའི་མཚན་ཉིད་དངོས་གང་ཞེ་ན། འདི་ནི་གཉིས་སུ་བསྟན་ཏེ། ཟབ་མོའི་དབང་དུ་ནི། ཐུབ་པ་མེད་ཅིང་ནས་སད་པའི་བདག་ཅེས་པས་སྟོན་ཏེ། ཆོས་སྐུ་དེ་རྟོག་པས་མི་ཐུབ་པ་ལ་འདི་ཡིན་པ་དཔེ་མེད། མི་རྟོག་པ་ལ་མི་མངོན་གསལ་བའི་རྐྱེན་མེད་པས་སོ། །སྐྱོན་མེད་པས་མི་འགྱུར་ཀུན་ལ་ཁྱབ་པར་གནས་རྟོགས་པར་དཀའ་བའི་དྲི་མས་མ་གོས་པ། ཉེས་པ་རྡུལ་ཙམ་ཡང་མེད་པས་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་ལས་ཤིན་ཏུ་སད་པས་སད་པའི་བདག་གོ །སྐུ་ལ་དེ་ཉིད་བསྒྲེའོ། །མཁྱེན་པའི་ཡེ་ཤེས་ཀུན་ཤེས་ནས། །དུས་གསུམ་སངས་རྒྱས་ལས་བྱེད་པས་བསྟན་ཏེ། ཀུན་ཤེས་ལ་སོགས་པ་ཇི་སྙེད་དང་ཇི་ལྟ་བ་ཤེས་པས་གཟུང་འཛིན་ལས་འདས་པ་གཉིས་སུ་མེད་པས་མི་རྟོག་པ་ལྷུན་གྱིས་གྲུབ་པའི་དུས་གསུམ་སངས་རྒྱས་ཀུན་གྱི་ལས་ཡིན་པས་དེ་མཛད་པའོ། །དེའི་ཆོས་ཉིད་དེའི་སེམས་ཉིད་སངས་རྒྱས་ཡིན་ཏེ། སངས་རྒྱས་ནས་དེ་བཞིན་གཤེགས་པ་ཞེས་པས་བསྟན་ཏེ། རིག་པ་བྱང་ཆུབ་སེམས་འདི་དང་པོ་བར་དང་ཐ་མ་བཙལ་ན་མ་རྙེད་པ་ཉིད་སྣ་ཚོགས་སུ་སྣང༌། སྣང་ཙམ་ཉིད་ན་སྟོང་པ་ལས་མ་གཡོས་པས། ཆུ་ཟླ་ལྟ་བུ་དེ་ནི། ཡེ་ཤེས་མིག་གཅིག་དྲི་མ་མེད། །


DTG064_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ལྟ་བུའི་ཡེ་ཤེས་མིག་གཅིག་ནི་བསྒོམ་པའི་དུས་ན་དྲི་མེད་འོད་གསལ་ལྟ་བའི་དུས་ན་རིག་པ་འདུས་མ་བྱས་འཕེལ་འགྲིབ་དང་བྲལ་བ་སྣང་སྟོང་དབྱེར་མེད་སྤྱོད་པའི་དུས་ན་མཉམ་གཞག་ཆེན་པོའི་སྤྱོད་པ་བྱའོ། །འབྲས་བུ་སྐུ་ལྔ་ཐོབ་པའོ། །དེ་ལྟར་རྟོགས་པས་ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས་པའོ། །དེས་ཆོས་ཇི་ལྟར་གསུངས་ཤེ་ན། ཚིག་གི་ནས་ཚུགས་པ་མེད་ཅེས་པས་བསྟན་ཏེ། རྗེ་བཙུན་སྨྲ་བའི་སེང་གེ་སྟེ། འདི་ཡང་སྔོན་རྗེ་བཙུན་ཡུལ་མ་ག་དྷཱའི་ཕོ་བྲང་དགོན་པ་སྙིང་པོ་བྱང་ཆུབ་ན་བཞུགས་པ་གདན་སེང་གེའི་ཁྲི་པདྨའི་སྟེང་ན་བཞུགས་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྗོད་དུ་མེད་པ་ལ་ངེས་པ་དོན་གྱི་ཆོས་སྟོན་ཏེ། ཀུན་ལ་བག་མི་ཚ་བས་ནའོ། །དེ་ལྟ་བུའི་རྗེ་བཙུན་དེ་ཐུགས་རྗེ་ཕྱོགས་མེད་ཅིང་སྐུ་དང་འོད་ཟེར་ཁྱད་པར་དུ་འཕགས་པས་ན་ཀུན་ནས་བལྟ་ན་སྡུག་ཅེས་བྱའོ། །འོ་ན་གང་ནས་བྱུང་ན་ཐུགས་ཀའི་དཔལ་གྱི་བེའུ་ནས་བྱུང་བའོ། །ལག་ན་འོད་འབར་སྣང་བ་པོ། །ཞེས་པ་རྗེ་བཙུན་གྱི་ཕྱག་ལ་བྱ་སྟེ། སྔོན་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་ཆོས་ཞུས། དགེ་བའི་བཤེས་གཉེན་མང་པོས་ལུང་བསྟན་ནས་མཐར་བྱམས་པ་དང་འཇམ་དཔལ་ལ་མན་ངག་ཞུས་ནས། གྲོང་ཁྱེར་ཡིད་བདེ་བ་མངོན་དུ་གྱུར་པ་ན་ཚོང་དཔོན་གྱི་བུ་ཡོད་པ་ལ་འཇམ་དཔལ་གྱིས་དཔག་ཚད་བརྒྱད་ཅུའི་ཕ་རོལ་ནས་ཕྱག་གསེར་གྱི་མདོག་ཅན་བརྐྱང་ནས་ནོར་བཟངས་ཀྱི་སྤྱི་བོར་བཞག་ནས། དེ་ལས་འོད་ཟེར་འཕྲོས་པས་འགྲོ་བ་ཀུན་བདེ་བ་ལ་བཀོད་དེ་གདམས་ངག་བྱས་སོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཞེས་པ་ཟུག་རྔུ་འབྱིན་པ་བླ་ན་མེད། །ཅེས་པས་རྗེ་བཙུན་སེམས་ཅན་ཀུན་གྱི་ནད་འབྱིན་པ་སྟེ། སྔོན་གྲོང་ཁྱེར་ཡངས་པ་ཅན་ན་ནད་སྐྱ་རྦབ་བྱ་བ་བྱུང་ནས་ཀུན་འཆི་བ་ལ་ཐུག་ནས། སྨན་པ་གང་གིས་ཀྱང་ཕན་མ་ཐོགས་ནས་རྗེ་བཙུན་གྱིས་བློན་པོ་སྨན་པ་བྱ་བར་སྤྲུལ་ནས་ནད་ཀུན་ཞི་བར་བྱས་སོ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་པ་ནི་སྔོན་ནད་ཀྱི་བསྐལ་པ་བྱུང་བའི་དུས་སེམས་ཅན་ཐམས་ཅད་ཁ་བཏག་པ་ལས། རྗེ་བཙུན་གྱིས་ཉ་རོ་ཧི་ཏར་སྤྲུལ་


DTG064_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེའི་ཤ་སུ་བྲོས་པ་ནད་ལས་ཐར་ཏེ། དོན་ཉོན་མོངས་པའི་ནད་ཐམས་ཅད་ཀྱི་གཉེན་པོ་རྗེ་བཙུན་སྡུ་གུ་འཇིག་རྟེན་གསུམ་ན་མཆོག་གོ །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་པ་ནི་སྔོན་ལྷ་དབང་ཕྱུག་ཆེན་པོ་འདུལ་བའི་དུས་སུ་ཁོའི་འཁོར་དང་ཉི་འཁོར་ཐམས་ཅད་བྲན་དུ་བཅད་ཆོས་སྐྱོང་སྲུང་མར་དམ་ཕོག་པ་ལས། གཟའ་ཆེན་པོ་བརྒྱད་དང་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་གྲོས་བྱས་ཏེ། གཟའ་ཁྱབ་འཇུག་བྱུང་ནས་འོ་ཅག་བཀའ་ཉན་པ་འདི་མི་བྱ་བྱས་པས། འོ་ཅག་ཡོ་ཧཱུཾ་མཛད་ལ་བསྔོ་ཟེར་བ་ལ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི་བུད་མེད་ཡིན་པས་ངེད་ཀྱིས་ཅང་ཐུབ་བམ་ཟེར་བ་ལ་གཟའ་ཆེན་པོ་བརྒྱད་མ་ཉན་ནས་དེར་ནམ་མཁའ་ནས་ཐོག་དང་སེར་བ་ཕབ་བས། རྗེ་བཙུན་གྱིས་གཟའ་དང་རྒྱུ་སྐར་གྱི་སྟེང་དུ་དཀྱིལ་འཁོར་གྱི་དབུས་ན་རྡོ་རྗེ་འཇིགས་བྱེད་བཞུགས་པ་དེ་ལ་གཟའ་བརྒྱད་ཀྱིས་བསྐོར་བ། ཁྱམས་ལ་རྒྱུ་སྐར་བདུན་བདུན་གྱིས་བསྐོར་བ་ལྟ་བས་ཆོག་མི་ཤེས་པ་དེ་ལྟ་བུ་ཅིག་དེ་ཚོའི་སྟེང་དུ་བསྒོམས་ནས་ཐོག་སེར་བཏང་བ་བྲེད་དེ་སྲོག་གི་སྙིང་པོ་ཕུལ་དམ་བཅས་དཀྱིལ་འཁོར་དུ་བཅུག་སྟེ། དེས་ན། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་བྱའོ། །དེར་མ་ཟད་ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པ་ནི་སྔོན་གྲོང་ཁྱེར་ཆེན་པོ་སྤང་རི་ཞེས་པ་ན་རྗེ་བཙུན་འཇམ་དཔལ་བྱང་ཆུབ་སེམས་དཔའི་འཁོར་སྟོང་ཕྲག་བཅུ་དང་ལྡན་པ་ལ་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་སྟོན་པའི་དུས་སུ། ཞབས་ཀྱི་མཐིལ་ནས་འོད་ཟེར་འཕྲོས་ནས་དམྱལ་བ་རྣམས་ལ་ཆོས་འཆད། དེ་བཞིན་དུ་པུས་མོ་ནས་ཡི་དྭགས། ལྟེ་བ་ནས་བྱོ་ལ་སོང༌། རྩི་བ་ལོགས་ནས་གཤིན་རྗེ། ཕྱག་མཐིལ་ནས་མི། སྨིན་ཕྲག་ནས་ལྷ་མ་ཡིན། རྒྱབ་ནས་ཉན་ཐོས། ཞལ་ནས་རང་རྒྱལ་སྨིན་མཚམས་ནས་བྱང་སེམས་ལ། སྤྱི་གཙུག་ནས་སངས་རྒྱས་ལ་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་སོ། །ལ་ལ་དག་སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་དུ་སྦྱོར་རོ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་པ་ནི་རྗེ་བཙུན་གྱི་ཞབས་ལས་བྱང་ཆུབ་སེམས་དཔའ་སྣང་བ་མཛོད་ཀྱི་སྙིང་པོ་སྤྲུལ་


DTG064_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོག་གི་ཕྱོགས་སུ་ཆོས་སྟོན། བྱིན་པ་ལས་བྱང་ཆུབ་སེམས་དཔའ་གསང་བའི་མཛོད་དུ་སྤྲུལ་ནས་ཤར་གྱི་ཕྱོགས་སུ་ཆོས་སྟོན། པུས་མོ་ལས་བྱང་ཆུབ་སེམས་དཔའ་དཔལ་གྱི་མཛོད་དུ་སྤྲུལ་ནས་སྟོན། སྟ་ཟུར་ལས་བྱང་ཆུབ་སེམས་དཔའ་སྤྲིན་སྒྲ་ཟབ་མོའི་མཛོད། ལྟེ་བ་ལས་བྱང་ཆུབ་སེམས་དཔའ་རྡོ་རྗེ་མི་ཕྱེད་པའི་གཙུག་གི་མཛོད། ཐུགས་ཀ་ནས་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆོས་ཀྱི་མཛོད། ཕྲག་པ་ལས་བྱང་སེམས་གྲགས་པ་འོད་ཀྱི་མཛོད། ཞལ་ནས་བྱང་སེམས་རི་རབ་གཡོ་བའི་མཛོད། སྨིན་མཚམས་ནས་བྱང་སེམས་ཀུན་དུ་ལྟ་བ་གཟི་བརྗིད་མཛོད། དབུ་ལས་བྱང་ཆུབ་སེམས་དཔའ་ཐུབ་པ་མེད་པའི་མཛོད། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་སྟོན་ཏོ། །དེས་འགྲོ་བ་དྲུག་ལ་ཉི་མ་བཞིན་དུ་ཕྱོགས་རིས་མེད་པས་ན་འགྲོ་ན་གདུགས་གཅིག་ཡངས་པ་སྟེ། བྱམས་དང་སྙིང་རྗའི་དཀྱིལ་འཁོར་ཅན་ཚད་མེད་བས་གང་བའོ། །ཞི་བས་མི་འདུལ་ན་པདྨ་གར་གྱི་དབང་ཕྱུག་ཏུ་འགྲོ་བ་འདུལ་བ་ཀུན་ལ་གཟུགས་ཞལ་སྟོང་ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་ནས་དོན་མཛད་པས་པདྨ་གར་གྱི་དབང་ཕྱུག་གོ །རིན་ཆེན་དགོས་འདོད་སྐོང་བ་ཉི་མ་བཞིན་དུ་སྙོམས་པས་ན་ཁྱབ་བདག་ཆེན་པོ་རིན་ཆེན་གདུགས་སོ། །སངས་རྒྱས་ཀྱི་གཟི་བརྗིད་ཆེ་སྟེ་སྤྲུལ་པ་སྤྲོ་བའོ། །སངས་རྒྱས་སྐུ་འཆང་བ་ནི་གཉིས་མེད་ཡེ་ཤེས་ལ་ཀུན་སྐྱེས་པས་སོ། །རྣལ་འབྱོར་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །ཀུན་གྱི་བསྟན་པ་གཅིག་ནི་ཡུལ་གཅིག་པའོ། །རྡོ་རྗེ་རིགས་ནས་ཐུགས་བརྩེ་བ་ནི་རྗེ་བཙུན་དེ་ཡབ་ལྔ་ཡུམ་ལྔའི་རང་བཞིན་དུ་བསྟན་ནོ། །རྗེ་བཙུན་དོན་དམ་པར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཁོ་ནའོ། །དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་བས་ལྷག་པས་ན་སྐུ་ཆེ་བའོ། །ཀུན་གྱི་སྨྲ་བ་རྣམས་ཀྱི་སེང་གེར་གྱུར་པས་ན་གསུང་ཡང་དག་པ་ཡིན་ནོ། །རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་དཔེར་ན་ཉི་མ་འཆར་བ་རི་མཐོ་མཐོ་ནས་རིམ་པས་འཆར་ཡང་ཉི་མ་ལ་མཐོ་དམན་མེད་དོ། །དེ་བཞིན་དུ་རྗེ་བཙུན་གྱི་ཐུགས་རྗེ་སྣང་ལུགས་ཀྱི་སྣོད་རིམ་པ་བཟང་ངན་དུ་སྣང་ཡང་རྗེ་བཙུན་ཉིད་ལ་རྟོག་པ་མེད་དོ། །རྡོ་རྗེ་ཟླ་བ་


DTG064_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་འོད། །ཅེས་པ་དཔེར་ན་ཟླ་བ་ལ་ཆོས་བཞི་ཡོད་དེ། སྐར་མ་ཟིལ་གྱིས་གནོན་པ་དང༌། འཕེལ་འགྲིབ་སྟོན་བ་དང༌། ཆུ་དངས་པའི་ནང་དུ་འཆར་བ་དང༌། ཀུན་ལ་མངོན་སུམ་དུ་སྣང་ཡང་ཟླ་བ་ལ་རྟོག་པ་མེད་དོ། །དེ་བཞིན་དུ་རྗེ་བཙུན་གྱི་སྐུ་ཟླ་བ་ལྟ་བུ་སྟེ། སློབ་པ་མན་ཆད་ཟིལ་གྱིས་གནོན་པ་དང༌། གདུལ་བྱ་ལ་སྐུ་ཚེ་རིང་ཐུང་གིས་སྟོན་པ་དང༌། འཕེལ་འགྲིབ་སྟོན་པ་དང༌། མོས་པ་ལ་གཟུགས་བརྙན་སྣང་བ་དང༌། སོ་སོར་མོས་པ་བྱས་ནས་བསྒོམ་པའོ། །རྗེ་བཙུན་ལ་དེའི་རྟོག་པ་མེད་དོ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ་ནི་གདུལ་བྱ་ཐམས་ཅད་བསྡུས་ན་ཆགས་བྲལ་དང་ཆགས་བཅས་དེ་ཁོ་ན་ཉིད་ཀྱི་གང་ཟག་གོ །རྗེ་བཙུན་གྱི་སྐུ་ཁ་དོག་སྣ་ཚོགས་སྤྲོས་པས་ཆོས་ཀྱི་རྒྱལ་མཚན་འཛུགས་པའོ། །རྗེ་བཙུན་བྱང་ཆུབ་ཤིང་དྲུང་ན་བཞུགས་པའི་དུས་སུ་འོད་སྣ་ཚོགས་སྤྲོ་བ་དང༌། རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་འགྲོ་བ་རིས་དྲུག་ལ་ཆོས་སྟོན་པའོ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་པ་ནི་སྔོན་རྒྱལ་པོའི་ཕོ་བྲང་རིན་ཆེན་སྒྲོན་མ་ཞེས་བྱ་བ་ན་རྒྱལ་པོ་དཔལ་གྱི་གཙུག་ཕུད་བྱ་བས་འཁོར་ལོས་སྒྱུར་བའི་རྒྱལ་པོ་པདྨའི་སྡོང་པོ་ལས་རྫུས་ཏེ་བྱུང་བ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དེ་ལ་བཙུན་མོ་ཕྲག་བཅུ། བུ་སྟོང༌། བློན་པོ་ཕྲག་བཅུ་ཡོད་པ་ཀུན་དང་ལྡན་པ་དཀར་པོའི་ཆོས་ལ་སྤྱོད་པ་ཤ་སྟག་གོ །དུས་དེ་ཙམ་ན་སེམས་ཅན་གདུལ་དཀའ་བ་དེ་དག་འདུལ་བའི་དུས་ལ་བབ་པ་ལས། དུས་དེར་རྗེ་བཙུན་གྱིས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་སྐད་ཅིག་རེ་རེ་ལ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྒྲགས་པ་ཞེས་བྱ་བའི་ཡེ་ཤེས་ཀྱི་མཛོད་བཤད་དོ། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་པ་ཚོང་དཔོན་གྱི་བུས་ཕྱིན་ཙམ་ན་ཁྱད་པར་དུ་འཕགས་པའི་ཁང་པ་རིམ་ཁང་བཅུའི་དང་པོ་ན་བཟའ་བཏུང་གིས་ཀུན་ཚིམ་པར་བྱེད་པ་མཐོང༌། གཉིས་པ་ན་གོས་སྣ་ཚོགས་ཀྱིས་ཐམས་ཅད་ཚིམ་པར་བྱེད་པ་མཐོང༌། གསུམ་པ་ན་རྒྱན་དང་ལྷབ་ལྷུབ་ཀྱིས། བཞི་པ་ན་བཙུན་མོ་རིན་པོ་ཆེས་ཚོགས་ཀྱི་ཡོ་བྱད་ཤོམ། ལྔ་པ་ནས་ལ་གནས་པའི་བྱང་སེམས་ཀྱིས་འགྲོ་བ་ལ་ཕན་འདོགས། དྲུག་


DTG064_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་བྱང་ཆུབ་སེམས་དཔའ་རྣམས་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕན་འདོགས། བདུན་པ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུའི་བཟོད་པ་བསྒོམ་པ་མཐོང༌། བརྒྱད་པ་ན་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་ཆ་ལུགས་ཀྱིས་སྔགས་འཆད་པ་མཐོང༌། དགུ་པ་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་འགྲོ་བའི་དོན་མཛད་པ་མཐོང༌། རིམ་ཁང་བཅུ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པ་མཐོང་ནས། དེ་ཉིད་ཀྱི་ཚེ་མཐོང་ལམ་སྐྱེས་པས། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་པས་སོ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །ཞེས་པ་ནས་རྡོ་རྗེ་ཆོས་ཞེས་པས་སྔོན་བྱང་ཆུབ་སེམས་དཔའ་རྒྱལ་བར་དཀའ་བས་འཕགས་པ་འཇམ་དཔལ་ལ་གདམས་ངག་ཞུར་འོངས་པས་ཕོ་བྲང་གཅིག་ན་ཏིང་ངེ་འཛིན་ལ་བཞུགས་ནས་ལུས་བསྲངས་ཏེ། དབུགས་རྒྱུ་བ་མེད་པར་སྒོམ་པ་མཛད་པའི་དུས་སུ། དེའི་བ་སྤུའི་སྤུ་རེ་རེ་ལས་ཁ་དོག་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་མང་པོ་བཀྱེ་སྟེ། ཞབས་ཀྱི་མཐིལ་ནས་ཚོང་དཔོན་ལ་སོགས་པ་སྤྲོས་ནས་བཟའ་བ་རྣམ་པ་མང་པོས་ཀུན་ཚིམ་པར་བྱས་སོ། །པུས་མོ་གཉིས་ནས་རྒྱལ་རིགས་ལ་སོགས་པ་སྤྲོ། ལྟེ་བ་ནས་དྲང་སྲོང་དང་བྲམ་ཟེ་གཙུག་ཕུད་ལ་སོགས་པ་མང་པོ་སྤྲོ། རྩི་བ་ལོགས་ནས་ཀླུ་ལ་སོགས་པ་མང་པོ་སྤྲོ། ཐུགས་ཀ་ནས་ལྷ་དང་ལྷ་མ་ཡིན་མང་པོ་སྤྲོ། རྒྱབ་ནས་ཉན་ཐོས་དང་རང་རྒྱལ་མང་པོ་སྤྲོ། ཕྲག་བ་ནས་གནོད་སྦྱིན་མང་པོ་སྤྲོ། དཔྲལ་བ་ནས་མིའམ་ཅི་མང་པོ་སྤྲོ། ཞལ་ནས་འཁོར་ལོས་སྒྱུར་བ་མང་པོ་སྤྲོ། མིག་ནས་ཉི་ཟླ་མང་པོ་སྤྲོ། དཔྲལ་བ་ནས་ཚངས་པའི་ཚོགས་སྤྲོ། སྤྱི་གཙུག་ནས་དུས་གསུམ་གྱི་སངས་རྒྱས་མང་པོ་སྤྲོ། དེའི་ཚེ་བ་སྤུ་ལས་ཀྱང་དེ་སྙེད་སྤྲོ་བ་མཐོང་ནས་དེ་ཉིད་དུ་མཐོང་བའི་ལམ་སྐྱེས་སོ། །དེས་ན་ཆེ་བའི་གསང་སྔགས་དང་རིག་སྔགས་འཆང་བའོ། །ཕྱག་མཚན་རྡོ་རྗེ་རྣོན་པོ་དང་རལ་གྲི་ལ་སོགས་པའི་རྣམ་པའམ་རྟགས་བསྟན་པའོ། །ཐུགས་ཀྱི་མཁྱེན་པ་གཉིས་མེད་ནི་ཛིན་ཛིཀ་གོ །རྡོ་རྗེ་བློ་གྲོས་གཉིས་མེད་ཡེ་ཤེས་རིག་


DTG064_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕ་རོལ་ཕྱིན་པ་བཅུ་ས་བཅུ་རྫོགས། དོན་ནི་རྣམ་དག་བདག་མེད་པའི་ཡེ་ཤེས་ཐུགས་ཀྱི་མེ་ལོང་ངོ༌། །རྒྱུད་ཀྱི་མཚན་ཉིད་ནི་བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། རྒྱུད་ཀུན་གྱི་ནི་ཐེག་པ་ཀུན་གྱི་རྩ་བའོ། །རྡོ་རྗེ་གདན་ནི་མ་ལུས་ལྡན་ནི་རིགས་ལྔའི་གདན་ཡིན་པ་དང༌། སྣ་ཚོགས་རྡོ་རྗེ་ལ་ཟེར་རོ། །འདི་ལ་སྔོན་རྗེ་བཙུན་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན་བཞུགས་པའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་རྣམ་པར་འཕྲུལ་པ་མཛད་པ་ལ་རྗེ་བཙུན་གྱི་སྤྱི་གཙུག་ནས་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་སྤྲོ། སྨིན་མཚམས་ནས་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་སྤྲོ། ཞལ་དང་ལྟེ་བ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་མང་པོ་སྤྲོ། གསང་བ་ནས་ཉན་ཐོས་ལ་སོགས་སྤྲོ་བ་མཛད་ནས་སོ། །དོན་དམ་པར་སྟོང་པ་ཉིད་ཀྱི་མཆོག་ལ་དེ་ཉིད་ཀྱི་སྣང་བ་འཛིན་པའོ། །དེས་ན་སྐྱེ་བ་དེ་ཉིད་སྣ་ཚོགས་སུ་སྐྱེ་བར་རྟོག་པས་ན་རྗེ་བཙུན་ཆོས་སྐུ་འཆང་བའོ། །ཇི་ལྟར་འཆང་ན་ཆོས་ཐམས་ཅད་ཤེས་རབ་ཆེན་པོར་སྐྱུ་རུ་ར་ལག་ཏུ་བཞག་པ་དང་འདྲ་བར་མཐོང་སྤང་སྒོམ་སྤང་གི་ཉོན་མོངས་པ་སྤངས་ནས་འབྱུང་བ་སེལ་ལོ། །དུས་དེ་ནས་རྟོག་པ་གང་གིས་ཀྱང་མི་གཡོ་ལ་གསལ་བ་རྫོགས་པའི་བྱང་ཆུབ་ལ་མངོན་སུམ་དུ་རྟོགས་ཏེ་ཞིང་ཁམས་ཐམས་ཅད་དུ་རང་རིག་པ་མངོན་སུམ་དུ་རྟོགས་པས་ཡེ་ཤེས་ཆེན་པོ་རབ་ཏུ་རྒྱས་པའོ། །འཇམ་དཔལ་རྣོན་པོའི་ཡོན་ཏན་བསྟན་པའོ།། །།ད་ནི་མཉམ་ཉིད་ཀྱི་ཡེ་ཤེས་དེ་ཉིད་གདུལ་བྱ་སེར་སྣ་ཅན་གདུལ་བའི་ཕྱིར་འཇམ་དཔལ་ངག་གི་དབང་ཕྱུག་གི་སྐུར་བསྟན་པ་ནི། འདོད་པའི་དོན་གྲུབ་ནས་ནོར་བུ་རིན་ཆེན་ཏོག་ཅེས་པ་འདིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསྟན་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་སྒྲུབ་པར་བྱེད་པའོ། །ངན་སོང་ནས་དྲེགས་པས་འཇོམས་ཞེས་པས་ནི་ཕྲིན་ལས་བསྟན་ཏེ། འདི་ལ་སྔོན་རྒྱལ་བུ་ལེགས་སྦྱིན་བསྐྱོད་ཅེས་བྱ་བས་མཚམས་མེད་པ་ལྔ་བྱས་པའི་རྣམ་སྨིན་གྱིས་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེས་སོ། །དེ་ལ་རྗེ་བཙུན་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་ལེགས་སྦྱིན་དུ་སྤྲུལ་ནས་ངན་སོང་སྦྱོང་བའི་


DTG064_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྤྲུལ་ནས་རིགས་དྲུག་ནས་བཏོན་ནས་མཐར་སངས་རྒྱས་སོ། །བློ་ལྡན་ནས་རྩེ་ནས་གནོན་ཞེས་པས་ནི་དྲེགས་པ་ཅན་གདུལ་བའི་ཕྲིན་ལས་སྟོན་ཏེ། འདི་ལ་ལྷ་དང་ལྷ་མ་ཡིན་འཐབ་པའི་དུས་སུ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་བྱ་བ་ལུས་དཔག་ཚད་ཁྲི་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་པ་དེའི་ལུས་ཕྱེད་རྒྱ་མཚོའི་ནང་དུ་འདུག་ནས་རྐེད་པ་ཡན་ཆད་ཀྱིས་གཞན་འཕྲུལ་དབང་བྱེད་ལ་མགོ་རེག་པ། རི་རབ་ཀླད་ལ་བསྐོར་བ་རྒྱ་མཚོ་ཧུབ་ཀྱིས་འཐུང་བ་ཅིག་ཡོད་པ་དེས་ལྷ་ཀུན་ཕམ་པར་བྱས་ནས་ཞེ་སྡང་ཚད་དུ་ཕྱིན་པ་དེ་གདུལ་བའི་ཕྱིར། རྗེ་བཙུན་གྱིས་གཞུང་བཞིན་དུ་སྐུ་བསྟན་པས་བཏུལ་ལོ། །འོ་ན་དེ་ལྟར་དངོས་པོ་ལ་གནས་སམ་ཞེ་ན། དོན་དམ་དུ་གཅིག་སྟེ་གཉིས་སུ་མེད་པའི་ཆོས་ཀྱི་དོན་ཏོ། །དེ་ལྟར་རྟོགས་ན་གང་ལ་ཡང་བག་མི་ཚ་བས་འཇིགས་པ་མེད་དོ། །རྗེ་བཙུན་གཉིས་སུ་མེད་པའི་ཚོགས་ཡེ་ཤེས་ལྔར་གྱུར་པས་ན་རྣམ་རིག་ནས་རྒྱུད་དང་ལྡན་པའོ། །རྗེ་བཙུན་སྣང་སྟོང་གཉིས་ལ་དགྱེས་པ་ན། དངོས་དོན་ནས་ཆོས་ཀྱི་བློ་ཞེས་པས་བསྟན་ཏོ། །འོ་ན་མི་དགོས་སམ་ཞེ་ན་སྲིད་པ་ནས་ཆེན་པོ་པ་ཞེས་པས་སོ། །སྐུ་དངོས་གང་ཞེ་ན། སྤྲིན་དཀར་ནས་རྒྱན་དང་ལྡན་པས་བསྟན་ཏེ། འདི་ལ་སྔོན་རྒྱལ་པོའི་ཁབ་ན་སྟོན་པས་འཁོར་དཔག་ཏུ་མེད་པ་ལ་ཆོས་སྟོན་པའི་དུས་སུ། སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔག་མེད་བྱ་བ་ཡོན་ཏན་མཐའ་དག་དང་ལྡན་པ་ཅིག་ཡོད། མོ་གང་དུ་ཕྱིན་པར་མི་ཀུན་འདུ་བ་ཅིག་ཡོད་དོ། །བུ་མོ་དེས་ཚོང་དཔོན་གྱི་བུ་འཇིགས་བྱིན་བྱ་བ་གྲོགས་སུ་བཙལ་ཏེ་འཁོར་མང་པོ་དང་སྐྱེད་མོས་ཚལ་དུ་ཕྱིན་པས། དུས་དེའི་ཚེ་འཇམ་དཔལ་ནང་དུ་ཡང་དག་འཇོག་ལས་ལངས་ནས་ཕྱིར་བྱོན་པས་བུ་མོའི་མཚན་མ་གཟིགས་ནས། དེ་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་སྤྲིན་དཀར་ལ་སོགས་པའི་སྐུ་བསྟན་ནས། སྐུའི་འོད་ཀྱིས་ཉི་ཟླ་ཡང་མོག་མོག་བོར་བྱས་ནས་བུ་མོའི་མདུན་དུ་སྐུ་བསྟན་པས་ཚོང་དཔོན་བུ་དང་བུ་མོ་རང་ཡང་མོག་མོག་པོར་སོང་བས་དེར་རང་རེའི་ལུས་ལ་ཡི་མུག་གོ །བུ་མོས་བསམས་པ་ཚོང་དཔོན་གྱི་བུས་ཅི་བྱ། བདག་ཉིད་ཤིང་རྟ་ལས་བབ་ལ་ཁྱད་པར་


DTG064_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པའི་མི་འདི་ལ་གོས་ཀྱང་བསླང་ཁྱོ་ཡང་བྱ་སྙམ་མོ། །དེ་ལྟ་བུའི་བསམ་པ་ངན་པ་སྐྱེས་པའི་དུས་དེར་རྒྱལ་པོ་ཆེན་པོ་བཞི་མིའི་ལུས་སུ་སྤྲུལ་ནས། བུ་མོ་ཁྱོད་དེ་ལྟ་བུ་བསམ་ངན་མ་སྐྱེད་ཅིག །སྐྱེས་བུ་འདི་ནི་འདོད་པ་དོན་དུ་གཉེར་བ་མ་ཡིན། བུ་མོ་ན་རེ་སུ་ཡིན་ཇི་སྐད་བྱ་བ་ཡིན་བྱས་པས། འདི་ནི་འཕགས་པ་འཇམ་དཔལ་བྱ་བ་ཡིན་བྱས་པས། བུ་མོ་ན་རེ་འཇམ་དཔལ་བྱ་བའི་དོན་ཅི་ཡིན་བྱས་པས། འདི་གང་སུ་ལ་ཡང་ཉེས་པའི་ཟུག་རྡུ་བྲལ་བས་འཇམ་དཔལ་ལོ། །བུ་མོས་བསམས་པའོ་ན་གོས་འདི་བསླང་ཡང་སླར་སྟེར་བསམ་མོ། །དེར་བསླངས་པས་བུ་མོ་ཁྱོད་ཡང་དག་པའི་བྱང་ཆུབ་ལ་འཇུག་ནུས་ན་ངས་སྦྱིན་གསུངས་པས་བུ་མོ་ན་རེ་བྱང་ཆུབ་ཀྱི་དོན་ཇི་ལྟ་བུ་ཡིན་ཞུས་པས། ལན་དུ་གཉིས་སུ་མེད་པའི་ཡེ་ཤེས་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་གསུངས་པས་བུ་མོས་དྲོད་ཐོབ་པོ། །དེ་ནས་བུ་མོས་ཤིང་རྟ་ལས་བབས་ནས་རྗེ་བཙུན་ལ་བསྟོད་པ་དང་ཕྱག་དང་སྐོར་བ་བྱས་ནས་རབ་ཏུ་བྱུང་བར་ཞུ་བ་ཕུལ་བས། བུ་མོ་རབ་ཏུ་མ་བྱུང་བར་ཤིང་རྟ་ལ་ཞོན་ལ་ནགས་སྟུག་པོར་སོང་ལ། མི་འཇིགས་སྦྱིན་གྱི་གམ་དུ་སོང་ལ་ལུས་སྦྱིན་པར་གྱིས་གསུངས་ནས། དེར་བུ་མོས་སྐྱེད་མོས་ཚལ་དུ་ཤིང་རྟ་ལ་ཞོན་ནས་ཕྱིན་ནས་ཚོང་དཔོན་གྱི་བུ་དང་དགའ་བའི་རྩེད་མོ་མང་དུ་བྱས་སོ། །དུས་དེའི་ཚེ་འཇམ་དཔལ་གྱིས་འཁོར་དཔག་ཏུ་མེད་པ་ལ་དམ་པའི་ཆོས་ཀྱིས་ཚིམ་པར་བྱས་སོ། །དེར་བུ་མོ་དེས་ན་བའི་ཚུལ་བསྟན་ནས་ཚོང་དཔོན་གྱི་བུའི་ཕང་པར་མགོ་བོར་རོ། དེར་ལུས་ཀུན་རྙིངས། རུལ་མནམ། བམ་ནས་ཚོང་དཔོན་གྱི་བུས་མྱ་ངན་ཆེན་པོ་བྱས། དེར་ཚོང་དཔོན་བུ་སྐྲ་གནས་བཞག་ལ་འབྲོས་སྙམ་པས་རྒྱལ་པོ་མ་སྐྱེས་དགྲས་ཆད་པ་གཅོད་དུ་འོང་སྙམ་ནས་འཁོར་ཀུན་དང་འོ་དོད་འབོད་པ་ལས། དེ་ནས་རྗེ་བཙུན་གྱི་བྱིན་གྱིས་བརླབས་པ་ལས་ཤིང་གི་ལྷ་མོས་བསྐུལ་ནས་ཚིགས་བཅད་འདི་བྱུང་ངོ༌། །འཇིག་རྟེན་ཐམས་ཅད་ཡང་དག་མིན། །ཇི་ལྟར་མཐོང་བ་སྒྱུ་མ་བཞིན། །ཁྱེའུ་ཇི་ལྟར་མཐོང་འགྱུར་བ། །ཆོས་རྣམས་དེ་ཡི་རང་བཞིན་ལས། །འདི་ནི་མི་རྟག་མཚན་ཉིད་ཡིན། །ཞེས་པ་ལ་སོགས་པའི་སྒྲ་བྱུང་བས་ཚོང་


DTG064_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱི་བུས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གོ་ནས། རོ་དེ་བོར་ནས་ནགས་སུ་སྒོམ་དུ་འོང་བ་རྗེ་བཙུན་དང་མཇལ་ནས་གདམས་ངག་བྱིན་ནས་དེར་བུ་དེས་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ་ནི་རྗེ་བཙུན་ཉིད་འགྲོ་དོན་མཛད་པས། ས་དང་པོ་ནས་བཅུ་པའི་བར་དུ་སྦྱར་རོ། །དེར་མ་ཟད་རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དྲན་པ་བཅུ་བཞི་དང༌། ཡན་ལག་བདུན་དང༌། མ་འདྲེས་བ་བཞི་བཅུ་དང༌། འཕགས་ལམ་བརྒྱད་དང༌། དེས་ན་ཡང་དག་ལམ་རིག་པའོ། །འགྲོ་བའི་དོན་མཛད་ཚུལ་ནི་སེམས་ཅན་ནས་འཕྲོག་ཅེས་པ་སྟེ། རྗེ་བཙུན་སེམས་ཅན་ལ་ཇི་ལྟར་དོན་མཛད་ན་སེམས་ཅན་ཀུན་ལ་ཞེས་པའོ། །སེམས་ཅན་ཇི་ལྟར་ཆགས་ན་སེམས་ཅན་ཡིད་ནས་འཕྲོག་པ་ཞེས་པས་བསྟན་ཏེ། སྔོན་དྲི་མེད་ཀྱི་བསྐལ་པ་ལ་རྒྱལ་པོ་གློག་སྦྱིན་ལ་བུ་མོ་ཁྱད་པར་དུ་གྱུར་པ་ཅིག་ཡོད་དེ། བུ་མོ་གཡོག་དང་ཁང་སྟེང་དུ་ཉལ་ཙམ་ན་ནམ་མཁའ་ལ་སྐར་མ་ལྟ་ཞིང་ཡོད་པ་ལ་སྣང་ངོར་རྗེ་བཙུན་ལ་འཁོར་རྡོ་རྗེ་འཛིན་པ་སྟོང་གིས་བསྐོར་ནས་སོང་བ་མ་མཐོང་ངོ༌། །འོད་ཟེར་གྱིས་ནམ་མཁའ་གང་བར་མཐོང་ནས་བུ་མོ་ལ་འོད་ཕོག་པས་བདེ་བ་ཐོབ་བོ། །དེར་བུ་མོས་ལངས་ནས་ཐལ་མོ་སྦྱར་ཕྱག་བཙལ་གསོལ་བ་བཏབ་པས་རྗེ་བཙུན་མདུན་གྱི་ནམ་མཁའ་ལ་བྱོན་ནས་བུ་མོ་ལ་ཆོས་བཤད་དོ། །དུས་དེར་སྲོག་ཆགས་ཁྲི་ཕྲག་དྲུག་ཅུ་འདུས་པས་ལ་ལས་སྐུ་མཐོང་བས་གྲོལ། ལ་ལས་གསུང་ཐོས་པས། ལ་ལས་རེག་པས། ལ་ལས་འོད་ཟེར་གྱིས། ལ་ལས་འོ་བྱས་པས། ལ་ལས་མཐོང་བས། ལ་ལས་བཞད་པས། ལ་ལ་ལ་ཐུགས་ཀྱི་དགོངས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ། ལ་ལ་གྲོལ་བར་གྱུར་ཏོ། །དེས་ན་མ་ལུས་ཡིད་འཕྲོག་པའོ། །ཕུང་པོ་ལྔ་ཡང་སྒྱུ་མར་ཤེས། །རྣམ་དག་ལྔ་འཆང་བས་མཐར་ཐུག་ལ་གནས་ཤིང་དེ་མཁས་པས་ན་དེ་ཀུན་སྟོན་པའོ། །རྟེན་འབྲེལ་བཅུ་གཉིས་སྤངས་པའི་དག་པ་བཅུ་གཉིས་ཡོད་པ། བདེན་པ་བཞི་དང་བཅུ་གཉིས་དང་བཅུ་དྲུག་དང་སྟོང་པ་ཉིད་ཉི་ཤུ་དང་ལྡན་པས་ཀུན་རིག་མཆོག་གོ །སྤྲུལ་སྐུ་མང་པོ་མཁྱེན་ཅིང་སེམས་ཅན་གྱི་རྟོག་པ་ཀུན་རྫོབ་ཏུ་ཐེག་པ་གསུམ་ལ་དོན་དམ་དུ་ཐེག་པ་


DTG064_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་རྟོགས་པས་ན་དྲི་མ་མཐའ་དག་ཟད་པས་ནི་ཉོན་མོངས་ནས་གཏན་སྤངས་པའོ་ཞེས་པས་བསྟན་ནོ། །དོན་མཛད་པའི་ཐབས་སྙིང་རྗེ་དང་ཤེས་རབ་གཉིས་ཀྱིས་འགྲོ་དོན་མཛད་པའོ། །འདུ་ཤེས་དོན་གཟུང་འཛིན་རྣམ་ཤེས་དོན་དམ་ཞེན་པ་དང་བྲལ་བས་སངས་རྒྱས་དང་སེམས་ཅན་རྟོགས་པས་ཀུན་རྫོབ་ཏུ་འདོད་པ་སྒྲུབ་པ་ནི། ཡིད་ནས་འཁྲུལ་པ་མེད་ཅེས་པས་བསྟན་ཏེ། སྔོན་རྒྱལ་པོ་གསལ་སྟོབས་ལ་སྲས་བལྟ་ན་སྡུག་པ་ཅིག་བྱུང་སྟེ། དུས་ཚོད་ཅིག་ན་སྐྱེད་མོས་ཚལ་དུ་འོངས་པས་ལམ་ན་ཡི་དགས་མང་པོ་འདུག་ནས་བསྐལ་པར་ཆུའི་སྒྲ་མི་གྲག་པར་མཐོང་ནས་དེར་ཀུན་སློང་བ་ལ་རྒྱལ་བུས་སྤྲུལ་པ་བྱས་ཏེ་ཀུན་གྱིས་མ་མཐོང༌། དེར་ཕ་མ་ལ་ནོར་མང་པོ་བླངས་ནས་སྦྱིན་པ་བྱས་པས་ཀུན་ཚིམ་པར་བྱས། དེ་ཡིད་དགས་ཀྱིས་ཡོག་ཚད་ཟོས་པས་ཀུན་གསུས་པ་གས། དེར་རྒྱལ་བུས་སྨོན་ལམ་བཏབ་པས་ཀུན་སུམ་ཅུ་རྩ་གསུམ་དུ་སྐྱེས་སོ། །དེ་ནས་དབུལ་པོ་ཅིག་གི་ཁྱིམ་དུ་འོངས་པས་ཀུན་ཕྱུག་པོར་གྱུར་ནས་དེར་སྦྱིན་པ་མང་པོ་གཏོང་དུ་བཅུག་ཀུན་ཚིམ་པར་བྱས། དེར་དུས་ཚོད་ཅིག་ན་རྒྱལ་པོས་ཆད་པ་བཅད་པའི་མི་ཅིག་ལ་ཡན་ལག་བཅད་ནས་ལམ་ན་འདུག་པ་དེ་ན་རེ། ཁྱོད་ལ་བསོད་ནམས་དང་སྟོབས་ཡིན་ནམ་ཟེར་ནས་ཡིན་བྱས་པས་ང་ལ་ཕན་ཐོགས་ཟེར་ནས་རྒྱལ་བུ་སྙིང་རྗེ་སྐྱེས་ནས་རང་གི་རྐང་ལག་བཅད་ནས་དེ་ལ་བཏགས་པས་འབྱར་རོ། །དེར་བརྒྱ་བྱིན་འོངས་ནས་འཆི་བ་ཡིན་བྱས་པས་ང་ད་རུང་བསྐལ་པར་ལུས་གཏོང་ཟེར་ནས་དེར་བརྒྱ་བྱིན་ཡ་མཚན་སྐྱེས་ནས་སྨོན་ལམ་བཏབ་པས་ལུས་སྔ་མ་ལྟར་གྱུར་ཏོ། །སེམས་ཅན་ཡིད་ནས་འཁྲུལ་པ་མེད་པས་ན་དུས་གསུམ་གྱི་བདག་གོ །ཕུང་པོའི་དོན་སྐད་ཅིག་མས་སྒྱུ་མ་ལྟ་བུར་རྟོགས་པས་ན། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་སོ། །སངས་རྒྱས་ཀུན་གྱི་རང་བཞིན་ནི་གཉིས་མེད་འཆང་ངོ༌། །ལུས་དང་ལུས་ཀྱི་མཆོག་དང་ཀུན་ཏུ་སྟོན་ནོ། །འབྲས་བུ་སྐུ་གསུམ། རིན་ཆེན་ཏོག་ནི་ཀུན་གྱི་ནང་ནས་འཕགས་པ་ཏོག་གོ །རྩེ་མོ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །འཇམ་དཔལ་ངག་


DTG064_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་ཕྱུག་གི་ཡོན་ཏན་ནོ།། །།ད་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་དེ་ཉིད་འགྲོ་བ་གདུལ་བའི་ཕྱིར། འཇམ་དཔལ་ཡེ་ཤེས་སྐུ་ཅན་གྱི་སྐུར་བསྟེན་པ་ནི། སངས་རྒྱས་ནས་དཔལ་དང་ལྡན་པའི་མཆོག་གིས་བསྟན་ཏེ། བྱ་བ་ནན་ཏན་གྱི་ཡ་ཤེས་ཀྱི་མཚན་ཉིད་ནི། སངས་རྒྱས་ཀུན་གྱི་རྟོགས་པར་བྱ་བ་ནི། བྱང་ཆུབ་བླ་ན་མེད་པའོ། །དེའི་སྐུ་གང་ཞེ་ན། གསང་སྔགས་ལས་བྱུང་བའོ། །འོ་ན་དངོས་པོ་ཅི་ཡོད་ཅེ་ན། ཡི་གེ་མེད་དེ་བརྗོད་པ་དང་བྲལ་བའོ། །ཀུན་རྫོབ་ཏུ་སྐུ་གསུང་ཐུགས་བསྐྱེད་པ་དང༌། ཕྲིན་ལས་བཞིའི་དོན་བསྐྱེད་བའོ། །བཅུ་དྲུག་ནས། རྒྱུད་རིག་པ་ཞེས་པས། གང་ཟག་གསུམ་གྱི་འཇུག་ལུགས་བསྟན་ཏེ། བླ་མའི་ཞལ་ལ་རག་ལས་སོ། །ཀུན་རྫོབ་ཏུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཞིའི་དོན་བསྐྱེད་པའོ། །དོན་ལ་ཐིག་ལེ་བརྗོད་པ་དང་བྲལ་བ་སྟོང་པ་ཆེན་པོ་ཡི་གེ་ལྔ་མཚོན་པའོ། །ཡི་གེ་དྲུག་ནི་ཡི་གེ་དྲུག་ཏུ་མཚོན་བའོ། །དེའི་དངོས་པོ་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔ་ཡང་མན་ངག་གིས་རྣམ་པར་བསྟོད་པའོ། །དེའི་ཐབས་གང་གིས་རྟོགས་པར་བྱ་ན། ཏིང་ངེ་འཛིན་ནས་དབང་ཕྱུག་པོ་ཞེས་པས་སྐུ་གཉིས་དང་སྤྲུལ་སྐུ་རྒྱས་པར་བསྟན་པའོ། །དེ་ལྟ་བུ་སྲིད་པ་སྤངས་པ་ལས་བྱུང་བ་ན་སྲིད་བ་ན་སྦྱིན་བདག་ཆེན་པོ་ཞེས་པས་བསྟན་ཏེ། འདི་ལ་སྔོན་རྒྱལ་པོ་མུ་ཁྱུད་འཛིན་བྱ་བ་འཁོར་ལོས་སྒྱུར་བ་གླིང་བཞི་ལ་དབང་བྱེད་པ་ཀུན་ལ་མཉམ་པ་ཉིད་དུ་བྱེད་པ་བདེ་བ་ལ་འགོད་པ་ཅིག་བྱུང༌། དེ་ལྟ་བུ་དེ་སུམ་ཅུ་རྩ་གསུམ་ནས་ཆོས་བཟངས་ལྷའི་འདུན་སར་སྤྱན་དྲངས་ནས་ལྷ་རྣམས་ཀྱི་དབང་པོས་སྟན་ཕྱེད་བཤུགས་པ་ལས་མ་བསྡད་དེ་བཞུད་ནས་མཐར་སངས་རྒྱས་སོ། །དེ་ལ་སྲས་གཉིས་ཡོད་པ་ལ་ཆོས་བཟངས་དང་ཆོས་ཤེས་གཉིས་འཁྲུངས་ནས་རྒྱལ་སྲིད་བཟུང་ནས་ཡོད་པ་ལ། ཆོས་བཟངས་ཀྱིས་འཁོར་བའི་མཚན་ཉིད་ལ་སྐྱོ་བ་སྐྱེས་ནས། དེར་སངས་རྒྱས་མངོན་འཕགས་ཐོས་ནས། ནུ་བོ་ལ་འདིར་ཤོག་དང་བྱས་པས་བྱུང་ནས། ནུ་བོའོ་ཅག་གཉིས་བྲོས་ལ་ཆོས་ལ་འདེང་བྱས་པས། ནུ་བོ་བཙུན་མོ་ལ་ཆགས་ནས་འགྲོ་མ་ནུས།


DTG064_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཟངས་ཀྱིས་གསེར་སྲང་བྱེ་བ་ཁྱེར་ནས་མཁར་ལས་མཆོངས་ཏེ། སངས་རྒྱས་མངོན་འཕགས་ལ་ཕུལ་ནས་རབ་ཏུ་བྱུང་ལོ་བཅུ་གཉིས་སུ་ཆོས་ཉན་ནས་ཡུལ་དུ་ཕྱིན་ནས་བུ་སྨད་དང་འཁོར་ཀུན་ལ་མི་རྟག་བའི་མཚན་ཉིད་བཤད་པས་ཀུན་ཐར་པ་ལ་བཀོད་དོ། །ནུ་བོ་ཆོས་ཤེས་ལ་མི་སྡུག་པ་བསྒོམ་པའི་ཐབས་བསྟན་པས་དེར་ཡིད་བྱུང་ནས་རབ་ཏུ་བྱུང༌། དེར་ཆོས་བཟངས་ཀྱིས་འགྲོ་བ་ཀུན་ལ་ཆོས་དང་ཟང་ཟིང་གི་སྦྱིན་པས་ཀུན་ཚིམ་པར་བྱས་ནས་ཕྱོགས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་བསྐོར་རོ། །མཐར་མངོན་པར་སངས་རྒྱས་སོ། །ཆོས་ཤེས་བྱང་ཆུབ་སེམས་དཔའ་རིན་ཆེན་མཆོག་ཏུ་གྱུར་ནས་འཇམ་དཔལ་ལ་ལོ་སྟོང་དུ་ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་བདག་བྱས་སོ། །རྗེ་བཙུན་གྱི་ཕྲིན་ལས་ཀྱི་ཡོན་ཏན་ནི་བྱམས་པའི་གོ་ཆ་ནས་འཇིག་རྟེན་འདྲེན་ཞེས་པས་བསྟན་ཏེ། འདི་ནི་རྗེ་བཙུན་མིག་སེར་ན་ཞུགས་པའི་དུས་སུ་བྱང་ཆུབ་སེམས་དཔའ་ཟླ་མཛེས་བྱ་བ་གདམས་ངག་ཞུར་འོངས་པས། ཡུལ་དེ་ན་བདུད་དང་མུ་སྟེགས་མང་པོ་ཡོད་པ་གདུལ་བའི་ཕྱིར། རྗེ་བཙུན་གྱིས་རྒྱལ་པོར་སྤྲུལ་ནས་སྤྱོད་པ་མཛད་དོ། །དེ་ཡང་བཙོན་ཁང་བ་མང་པོའི་ནང་ན་སེམས་ཅན་མིག་ཕྱུང་བ་དང༌། ཡན་ལག་བཅད་པ་མང་པོ་བཅུག །ལ་ལ་ལྕགས་ཐག་ལ་བརྒྱུས། མི་ལ་ལ་བསད་པ་དང༌། རྐེ་བཅད་པའི་མགོ་མང་པོ་བཅེར་བ་མཐོང༌། ལ་ལ་འཁུན། ལ་ལ་འོ་དོད་འབོད་པ་མང་པོ་ཐོས་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་དེས་རྗེ་བཙུན་ཚོལ་དུ་འོངས་པས་མི་ལ་དྲིས་པས་གྲོང་ཁྱེར་ན་སྤྱོད་པ་མཛད་ཟེར་ནས་དེ་རྣམས་མཐོང་བས་སྐྲག་ནས་ཕྱིར་ལོག་པས། ནམ་མཁའ་ནས་མར་ལྷའི་བུ་རྣམས་ན་རེ། སྐལ་བར་ལྡན་པའི་གང་ཟག་ཁྱེད། །ཟབ་མོའི་གདམས་ངག་ཁྱེད་འདོད་ན། །རྗེ་བཙུན་སྤྱོད་པ་མཛད་པ་ཡིན། །ཐེ་ཚོམ་མ་ཟ་གདམས་ངག་ཞུས། །ཟེར་ནས་ནང་དུ་ཕྱིན་ཙམ་ན་རྗེ་བཙུན་སེང་གེའི་ཁྲི་ལ་བཞུགས་ནས་རལ་གྲི་དང་མདའ་གཞུ་དང་པོ་ཏི་བསྣམས་ནས་བཞུགས་པ་མཐོང་ངོ༌། །དེའི་ཚེ་ཉམ་ང་བའི་འཇིགས་པ་དེ་ཚོ་མེད་ནས། དེར་ཆོས་ཞུས་པས་ཆོས་ཐམས་ཅད་སྒྱུ་མ་ལ་


DTG064_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་བསྟན་པས་བདུད་དང་མུ་སྟེགས་ལ་སོགས་པ་བྲེད་ནས་ཐར་པ་ལ་བཀོད་དོ། །རྫོགས་པའི་སངས་རྒྱས་ཀྱི་ཐབས་དེས་འགྲོ་བ་འདྲེན་པའོ། །དེ་ལྟ་བུ་རྗེ་བཙུན་དེ་མཆོད་པའི་གནས་བསྟོད་པ་དང་ཕྱག་དང་རིམ་གྲོ་དང་བཀུར་སྟིའི་གནས་ཡིན་པས་ན་བླ་མའོ། །འཇིག་རྟེན་གསུམ་པོ་རྣམ་པར་གནོན་ནི་སྔོན་གྱི་དུས་ན་ལྷ་ཚངས་པ་ཆེན་པོ་དེས་ཁམས་གསུམ་གྱི་སེམས་ཅན་སྤྲུལ་ཙམ་ན་ཁོའི་སྒོ་ང་ལས་བྱུང་བས་ན་ཀུན་ལ་དབང་བྱེད་པ་ཡོད་དོ། །དེའི་དྲེགས་པ་གདུལ་བའི་ཕྱིར་རྗེ་བཙུན་གྱིས་ཁམས་གསུམ་དུ་གོམ་པ་གཅིག་གིས་བརྐྱང་ནས་མནན་པའི་སྐུས་ཁམས་གསུམ་དུས་གཅིག་ཏུ་ནམ་མཁའི་ཁམས་གང་བས་མནན་པས་ལྷ་ཚངས་པའི་དྲེགས་པ་ཞིའོ། །བྲམ་ཟེའི་སྤྱོད་པ་མཛད་པས་གསུམ་རིག་གོ །མངོན་ཤེས་དྲུག་རྗེས་དྲན་དྲུག་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེའོ། །གོང་མ་ལྟ་བུའི་རྫུ་འཕྲུལ་མཛད་དོ། །རྟོགས་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གཉིས་མེད་ཐོབ་བོ། །རང་གཞན་དོན་གཉིས་རྫོགས་པས་ཀུན་ལ་ཕན་པ་དཔེ་ལས་འདས་པའོ། །ཤེས་དང་ཤེས་བྱ་དབྱིངས་དང་ཡེ་ཤེས་གཉིས་ཀའི་བདག་པོ་མཆོག་གོ །གཙོ་བོ་ཆོས་ཀྱི་སྦྱིན་བདག་ནས་དོན་སྟོན་པ་ཞེས་པས་སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་འདས་པའི་དུས་ན་སངས་རྒྱས་རྣམ་གཟིགས་ཀྱི་བསྐལ་པ་ལ་སྡིག་པ་བྱེད་པའི་དགེ་སློང་དྲུག་བྱུང༌། ཤིན་ཏུ་མཐོང་དང༌། ཉེ་ལྷ་དང༌། དགའ་བྱེད་དང༌། དགེ་བྱེད་དང༌། གྲགས་པ་དང༌། མེ་སྦྱིན་དྲུག་བྱུང༌། ཁོང་ཚོས་མི་ཁྱིམ་ལྔ་བརྒྱ་ལོག་ལྟ་ལ་བཀོད་པར་དམ་བཅས་སོ། །མ་འཁོད་པ་བསད་པར་བྱས་སོ། །དེ་ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་ལས་ལོག་ནས། རྟག་པ་བདེ་བ། ཡོད་པ་ཀུན་ལ་བསྟན་ནོ། །སངས་རྒྱས་རྣམ་གཟིགས་ཀྱི་དགེ་སློང་གཞན་རྣམས་ཀྱིས། །འདུས་བྱས་ཐམས་ཅད་མི་རྟག་ལ། །ཆོས་ཀུན་ལ་ནི་བདག་མེད་ཅིང༌། །བདག་མེད་ཐེར་ཟུག་མེད་དོ་ཞེས། །འདྲེན་པ་རྣམས་ཀྱིས་མངོན་པར་བཤད། །བྱས་ཤིང་སྒོར་བསོད་སྙོམས་བྱས་པས། ལ་ལས་བསད། ལ་ལས་བཟུང་ངོ༌། །དེའི་ཁྱིམ་བདག་བདེ་བ་བྱ་བའི་ཆུང་


DTG064_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོད་འཕྲོ་ཅན་བྱ་བ་ལ་བུ་མཚན་དང་ལྡན་པ་ཅིག་བྱུང༌། བཙས་མ་ཐག་ཏུ་བདག་ལྟ་བ་ལོག་པ་ཅན་དུ་སྐྱོལ་ཟེར་ནས། མ་བྲེད་ནས་མངོན་ཤེས་ཅན་ལ་བསྟན་སྙམ་པ་ལ། མ་གཅིག་བསྟན་མི་དགོས་ལྟ་བ་ལོག་པ་འདི་རྣམས་ལྟ་བ་མ་ལོག་པར་བྱ་སྙམ་པ་ཡིན། རྫས་དང་ཡོ་བྱད་ཀུན་སངས་རྒྱས་རྣམ་པར་གཟིགས་ལ་ཕུལ་ཟེར་ནས། དེ་ལྟར་བྱས་ནས་སེམས་ཅན་ཐམས་ཅད་ཆོས་རྟགས་ཀྱི་ཕྱག་རྒྱ་ཆེན་པོ་བཞི་ལ་བཀོད་དོ། །དགེ་སློང་དྲུག་པོ་ཤི་ནས་དམྱལ་བར་སྐྱེས་སོ། །དམྱལ་བ་དེ་ཡང་ལུས་ཉ་མགོ་ཙམ། ལྕེ་དཔག་ཚད་ཙམ་དུ་གྱུར་ནས་རྨོན་དོར་ལྔ་བརྒྱ་ལྔ་བརྒྱས་རྨོ་བ། ལུས་དེ་ལ་མདུང་ཐུང་སྟོང་གིས་བརྡེག་པ། ཁ་ན་མར་ལྕགས་ཀྱི་ཐུ་ལུམ་འབར་བ་ཟ་བར་གྱུར་ཏོ། །དེས་ན་གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། ཕྱག་རྒྱ་བཞི་པོའི་དོན་སྟོན། དེ་ལྟར་བསྟན་ནས་ཀུན་ཐར་པ་ལ་བཀོད་པས་འགྲོ་བའི་བསྙེན་བཀུར་རྣམས་ཀྱི་མཆོག་གོ །གོང་དུ་བསྟན་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་པས་ངེས་འབྱུང་ནས་རྣམ་དག་དཔལ་ལོ། །དེ་ལྟ་བུའི་རྗེ་བཙུན་འཇམ་དཔལ་འདི་དཔལ། གང་ཟག་ཇི་ལྟ་བུའི་ལག་ཏུ་འོང་ཞེ་ན། འཇིག་རྟེན་ན་སྐལ་བ་བཟང་པོའི་ལག་ཏུ་འོང་ངོ༌། །འདི་དང་སུ་ཕྲད་པ་ལ་དཔལ་ལྡན་འདིས་འབྱོར་པ་ཀུན་སྟེར་བས་ན། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གོ །རྗེ་བཙུན་ཡེ་ཤེས་སྐུ་ཅན་གྱི་ཡོན་ཏན་བསྟན་པའོ། །།།ད་ནི་ཡེ་ཤེས་སེམས་དཔའ་དྲུག་པོ་ལ་ཡེ་ཤེས་ལྔའི་སྒོ་ནས་བསྟོད་པ་བསྟན་པ་ནི། མཆོག་སྦྱིན་ལ་སོགས་པ་མེ་ལོང་ལྟ་བུའི་སྒོ་ནས་སོ། །སངས་རྒྱས་ཆགས་པ་ལ་སོགས་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སྒོ་ནས་སོ། །སངས་རྒྱས་འཛུམ་པ་ལ་སོགས་པས་སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་སོ། །མེད་པ་ལས་བྱུང་ལ་སོགས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །སྒྱུ་འཕྲུལ་དྲ་བ་ལ་སོགས་པས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་དོ། །འདུད་ཉི་ཤུས་བསྟོད་པའོ། །ད་ནི་ཕན་ཡོན་གྱི་རྣམ་པར་གཞག་པ་ནི། རྗེ་བཙུན་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བརྗོད་པས་ཡོན་ཏན་གཞུང་ནས་འབྱུང་བ་བཞིན་རིགས་ཀྱི་བུའམ་རིགས་ཀྱི་


DTG064_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་རྗེས་སུ་འཇུག་པ་རྣམས་ལ་འབྱུང་ངོ༌། །རྗེ་བཙུན་གྱི་ཕན་ཡོན་གྱི་ཡོན་ཏན་བསྟན་པའོ།། །།སྔགས་ཀྱི་དོན་ནི་གསུམ་སྟེ། རྩ་བའི་སྔགས་དང༌། དམ་བཅའ་བའི་སྔགས་དང༌། ཕྲེང་བའི་སྔགས་སོ། །རྩ་བའི་སྔགས་ནི་ཨོཾ་ནས་ཨ་ཡིས་བསྟན་ནོ། །དོན་ནི་ཆོས་ཐམས་ཅད་འབྱུང་བའི་རང་བཞིན། རྣམ་པར་དག་པའི་རང་བཞིན། རྣམ་པར་ཐར་པའི་སྒོ་བཞིས་རྒྱས་བཏབ་པ་ནས་རྩ་བའོ། །དམ་བཅའ་བ་ནི་པྲ་ཀྲྀ་ནས་ཡ་ཏེའི་བར་ཏེ། ལྷུན་གྱིས་གྲུབ་པའི་ཆོས་ཐམས་ཅད་ཡོངས་སུ་དག་པ། ཕུང་པོ་ལ་སོགས་པ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པ་ཁས་བླངས་པའོ། །ཕྲེང་སྔགས་ནི་ཨ་ཨཱ་ནས་རརྦྷ་ཨཿའི་བར་གྱིས་བསྟན་པ་ནི་དོན་དམ་པར་སྐྱེ་མེད་ཀྱི་ཡེ་ཤེས་སྤྲོས་བྲལ་ལོ། །ཀུན་རྫོབ་ཏུ་ངག་གི་དབང་ཕྱུག་ལ་སོགས་པ་སྐུའི་རྣམ་པར་བསྟན་པའོ། །སྔགས་ཀྱི་ཡོན་ཏན་བསྟན་པའོ།། །།དེ་ལྟར་རྗེ་བཙུན་འཇམ་དཔལ་གྱི་རང་བཞིན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཤད་པ་ལ། འཁོར་ཕྱག་ན་རྡོ་རྗེ་ལ་སོགས་པ་དགའ་ནས་སྟོན་པ་ལ་དགའ་བའི་བསྟོད་པའོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དག །བདག་དོན་གཞན་དོན་མ་ལུས་རྫོགས་མཛད་ཅིང༌། །འཁོར་རྣམས་ཐར་པ་ཉིད་ལ་འགོད་མཛད་པའི། །ལྷ་མིའི་སྟོན་པ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས་ལེགས་པའི་ཡོན་ཏན་བརྗོད། ཐར་པ་འདོད་པ་བདག་ཅག་རྣམས་ལ་སོགས་གོ་སླའོ། །ཟབ་སྟེ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་མ་ཡིན་ནོ། །འགྲོ་དོན་ནི་ཐུགས་རྗེས་བཟུང་བའོ། །རྫོགས་པའི་སངས་རྒྱས་ཀུན་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བཤད་པའོ། །བསྡུ་བའི་རིམ་པའོ། །མཚན་བརྗོད་རྡོ་རྗེའི་ཚིག་འདི་ནི། །དགྲོལ་བར་ནུས་པ་མ་ཡིན་ཀྱང༌། །བླ་མའི་གདམས་ངག་རིམ་པ་ཡིས། །འདི་བྱས་འགྲོ་བ་རྣམས་ལ་བསྔོ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་གཞོན་ནུ་གྲགས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་


DTG064_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བ་རཱ་ཛ་དང༌། བོད་ཀྱི་ལོ་ཙཱ་བ་ཤེས་རབ་བླ་མས་བསྒྱུར་བའོ།།


previousའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མན་ངག་གི་འགྲེལ་པ་ཞེས་བྱ་བ། གཞོན་ནུ་གྲགས་པ།next