Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་བཞི་པ།


   
   
   
   
   
   
འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ།  དབུ་མ་ལ་དགའ་བ།
   
   


 
previousའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ། དབུ་མ་ལ་དགའ་བ།next

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ།
དབུ་མ་ལ་དགའ་བ།


DTG064_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་ནཱ་མ་སངྒཱི་ཏི་པཉྩི་ཀཱ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་རང་དང་གཞན་དང་གཉི་གའི་གཞི། །གང་འདི་ཡིན་ཞེས་བརྗོད་པར་ནུས་མིན་ཉིད། །འགའ་ཡིས་ངེས་པར་ཤེས་རྟོགས་རང་བཞིན་ཕྱིར། །གང་དེའི་ཆེད་དུ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་སྲིད་པ་གསུམ་ན་ཟབ་མོ་བརྗོད་མེད་ཆེན་པོར་གྱུར་པ་བཅོམ་ལྡན་འདས། །བདག་ཉིད་གཅིག་པུ་ཚིག་ནི་རྣམ་པར་འབྱེད་པར་མཛད་ལ་གསལ་བའི་བློ་ལྡན་པ། །དེ་བཞིན་འདིར་ཡང་རིང་ནས་གོམས་ཤིང་གནས་པའི་ཡིད་ཀྱི་མུན་པ་མུན་ནག་དག །གཞོམ་པར་བྱ་དང་བདག་གི་བསམ་པ་སྐྱེ་མེད་བློ་ལ་གཟུང་བར་བྱ་ཕྱིར་རོ། །མཚན་ནི་ཡང་དག་བརྗོད་པ་ཡི། །དོན་རྣམས་ཕལ་ཆེར་བསྡུས་བྱས་ནས། །དབུ་མ་ལ་ནི་དགའ་བ་ཡིས། །དཀའ་འགྲེལ་ཉུང་དུ་འདི་ནི་བྲི། །འདིར་རིགས་ཀྱི་བུ་གང་ལ་ལ་ཞིག་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བརྗོད་ལ། དད་པའི་རིགས་ཀྱི་བུ་གཞན་ཞིག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་མཚན་ལན་ཅིག་བཟུང་ན། འདིས་ནི་སྔ་མ་ལས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ནི་དེ་བཞིན་གཤེགས་པ་མཐའ་ཡས་པའི་དགེ་བའི་བཤེས་གཉེན་དུ་གྱུར་པའི་ཕྱིར་རོ། །དེ་ཡང་འཇམ་དཔལ་གྱིས་སྔོན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་རིམ་གྱིས་སངས་རྒྱས་ལ་གཞག་པས་ཤཱཀྱ་ཐུབ་པས་རབ་ཏུ་བསྔགས་པ་གསུངས་པ་ལ། ལ་ལ་དག་ཅི་འདི་དོན་ཇི་ལྟ་བ་ཉིད་ཡིན་ནམ། ཡང་ན་གུས་པ་སྐྱེད་པའི་ཕྱིར་བསྟོད་པར་མཛད་པ་ཡིན་ཞེས་རྣམ་པར་རྟོག་པར་འགྱུར་ཏེ། དེ་བསལ་བའི་ཕྱིར་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་སྟེ་དེ་ཡང་དག་པར་བརྗོད་


DTG064_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྣམ་པ་གསུངས་པ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ལ་སོགས་པའོ། །དེ་ལྟ་བུ་ནི་རེ་ཞིག་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལའོ། །སྔགས་ཀྱི་ཚུལ་ལ་ནི་སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོའི་ཏིང་ངེ་འཛིན་གྱི་ལེའུར་དཀྱིལ་འཁོར་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བརྗོད་པའི་རྣམ་འགྲེལ་ལོ། །དེའི་འོག་ཏུ་སྐབས་རྙེད་པ་དང༌། རྗེ་བཙུན་འཇམ་དཔལ་གྱི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ངོ་བོ་ཉིད་མཚན་ཡང་དག་པར་བརྗོད་པའི་སྒོ་ནས་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ་དེ་གསུངས་པ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ལ་སོགས་པའོ། །དེ་ལ་དང་པོ་རེ་ཞིག་ཉན་པ་པོ་སྐྱེ་བོ་འཇུག་པའི་ཡན་ལག་ཏུ་བརྗོད་བྱ་ལ་སོགས་པ་ཉེ་བར་བསྟན་པར་བྱའོ། །ཏ་ཐཱ་ཧི། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རང་བཞིན་མཚན་ཡང་དག་པར་བརྗོད་པའི་དོན་གྱི་ངོ་བོ་ཉིད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྗེ་བཙུན་གསུང་གི་དབང་ཕྱུག་ནི་བརྗོད་པར་བྱ་བ་ཡིན་ལ། དེ་སྟོན་པར་བྱེད་པའི་མཚན་ཡང་དག་པར་བརྗོད་པའི་གཞུང་ནི་བརྗོད་པར་བྱ་སྟེ། དེ་དག་བརྗོད་བྱ་དང་རྗོད་བྱེད་ཀྱི་མཚན་ཉིད་ནི་འགྲེལ་པའོ། །མཚན་གྱི་དོན་གང་ཡང་རུང་བ་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ན་བདག་ཉིད་རྗེ་བཙུན་འཇམ་དཔལ་གྱི་གཟུགས་སུ་རྫོགས་པར་གྱུར་པ་ནི་དགོས་པའོ། །དེ་གྲུབ་ནས་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཀྱིས་སྤྲུལ་པའི་འོད་ཟེར་སྣ་ཚོགས་པས་འགྲོ་བ་མ་ལུས་པའི་མི་ཤེས་པའི་མུན་པ་མུན་ནག་སེལ་བར་བྱེད་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལ་དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་འབྲེལ་ཏེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ནི། དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་དང་དྲི་མ་མེད་པ་དང་སེང་གེ་རྣམ་པར་རོལ་པ་དང་རྡོ་རྗེ་ལྟ་བུ་སྟེ། ཏིང་ངེ་འཛིན་ལྔ་པོ་གཅིག་པ་སྟེང་དང་འོག་ཏུ་རྩེ་མོ་ལྔ་པའི་རྡོ་རྗེ་ལག་མཐིལ་དུ་བཞག་པ་བཞིན་དུ་མངོན་དུ་མཛད་པར་བསྟན་ཏེ་དེ་དེའི་བདག་ཉིད་དུ་འཛིན་པས་རྡོ་རྗེ་འཆང་ངོ༌། །དེ་སྐད་དུ་ཡང༌། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །མི་ཆོད་མི་བྱེད་མཚན་ཉིད་ཅན། །བསྲེག་ཏུ་མེད་


DTG064_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གཞོམ་དུ་མེད། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །དེ་བཞིན་རྡོ་རྗེ་རྡོ་རྗེར་བརྗོད། །དེ་བཞིན་རྡོ་རྗེ་རྡོ་རྗེ་ཞེས། །རབ་གསུངས་རྡོ་རྗེའི་མཚན་ཉིད་ཉོན། །དག་པའི་བློ་ནི་ཟླ་བ་བཞིན། །ནམ་མཁའ་རྡོ་རྗེ་ཞེས་བརྗོད་བྱ། །ཞེས་སོ། །དེ་ལ་དག་པའི་བློ་ཞེས་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་སོ། །གཟུགས་ཀྱི་སྐུར་དང་ཆོས་ཀྱི་སྐུ་འགྲུབ་པའི་རྒྱུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་དཔལ་ཏེ་དེ་དེའི་བདག་ཉིད་དུ་ཡོད་པ་གང་ཡིན་པ་དེ་དཔལ་ལྡན་ནོ། །ཤིན་ཏུ་གདུག་པའི་སེམས་ཅན་ལ། །ཞི་བ་ཉེ་བར་མི་སྦྱར་ཏེ། །ཞེས་པས་སྙིང་རྗེ་ཆེན་པོ་དང་གཅིག་པ་ཉིད་ཀྱི་གདུལ་དཀའ་བ་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ལ་གནས་པ་དང་འབྲས་བུ་ལ་གནས་པར་བྱ་བའི་ཕྱིར་རང་གི་དབང་དུ་བྱེད་ཅིང་འདུལ་བར་བྱེད་པ་ནི་གདུལ་དཀའ་བ་འདུལ་བ་པོའོ། །སྲེད་མེད་ཀྱི་བུ་ལ་སོགས་པ་ཡང་ལྷ་མ་ཡིན་གདུལ་དཀའ་བ་འདུལ་བ་པོ་ཡིན་ཡང་དེ་ལས་ཕུལ་དུ་བྱུང་བས་ན་མཆོག་གོ །དེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ངང་ཚུལ་ཉིད་ཀྱི་ཕྱིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ། །དེ་ཉིད་ཤིན་ཏུ་དཔའ་བས་ན་དཔའ་བོ་སྟེ་མཆོག་ཅེས་པ་འདིར་ཡང་སྦྱར། ཇི་ལྟ་བུ་ཞེ་ན་གསུངས་པ། གསང་བ་ཞེས་པ་ལ་སོགས་པ་སྟེ། ཤིན་ཏུ་རྣམ་བར་དག་པ་གཉིས་སུ་མེད་པའི་སྣང་བ་དང་དབྱེར་མེད་པ་ཁམས་གསུམ་པའི་རང་བཞིན་གྱི་སྐུ་དང་གསུང་དང་ཐུགས་ནི་གསང་པར་བཤད་དེ་དེའི་གསལ་ཞིང་འབར་བའི་ཕྱིར་གསང་བའི་རྒྱལ་པོའོ། །གསང་བའི་རྒྱལ་པོའི་རྒྱུ་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་ནི་རྡོ་རྗེའི་རིགས་ཉེ་བར་མཚོན་པ་སྟེ། ཐུགས་ཀྱི་རིགས་ཞེས་པའི་དོན་ཏོ། །དེ་ཁྱབ་བདག་ཉིད་ཀྱི་ཕྱིར་རྡོ་རྗེ་དབང་ཕྱུག་གོ །འདིས་ནི་སྐུ་དང་གསུང་གི་རིགས་དག་ལས་ཐུགས་ཀྱི་རིགས་གཙོ་བོར་མངོན་པར་བརྗོད་དོ། །གཞན་དུ་གསང་བའི་རྒྱལ་ཞེས་པ་གནོད་སྦྱིན་གྱི་རྒྱལ་པོ་ཞེས་བཤད་པ་དེ་མི་འཐད་དོ་ཞེ་ན་ལན་སྨྲས་པ། གསང་དབང་ཞེས་འཆད་པར་འགྱུར་བར་འདི་ཉིད་གནོད་སྦྱིན་གྱི་རིགས་ཀྱི་བདག་པོ་ཉིད་དུ་གསལ་བའི་ཕྱིར་རོ། །རྣམ་རྒྱལ་ཞེས་པ་ལ་སོགས་པ་ནས། རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །ཞེས་པའི་མཐར་ཐུག་པས་སྒེག་པ་དང༌། ཁྲོ་བས་འདུལ་བས་འདུལ་བའི་སེམས་ཅན་འདུལ་བའི་


DTG064_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གསུངས་ཏེ། རྣམ་རྒྱས་པདྨ་དཀར་པོ་ནི་ཆུ་སྐྱེས་དཀར་པོའོ། །གང་གི་སྤྱན་དེ་བཞིན་དུ་ཡིད་དུ་འོང་བའི་ཕྱིར་རོ། །པདྨ་རྒྱས་འདྲའི་ཞལ་མངའ་བ་ནི་ཞལ་གྱི་དཀྱིལ་འཁོར་མཐའ་དག་གང་གི་ཡིན་པ་དེ་དག་བཞིན་དུ་གསུངས་སོ། །འདི་ཡང་སྤྱན་དང་ཞལ་རྣམ་པར་རྒྱས་པ་སྟེ། ཡང་དག་པའི་དེ་ཁོ་ན་ཉིད་རྟོགས་པས་ནང་གི་དགའ་བ་བརྙེས་པ་མཚོན་པར་རིག་པར་བྱའོ། །བྱ་བ་མཉམ་པས་རང་དང་རྗེས་སུ་མཐུན་པའི་འཁོར་རྣམས་དང་ལྡན་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཞེས་སྟོན་པར་བྱེད་པ་ལ། གསོར་བྱེད་པ་ཞེས་པ་ལ་སོགས་པ་ནི་སྔར་བཤད་པའི་རང་བཞིན་གྱི་རྡོ་རྗེ་འཛིན་པས་རང་གི་ལག་གིས་གསོར་བྱེད་པ་སྟེ། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་དྲེགས་པ་གཞོམ་པའི་ཕྱིར། ཡང་དང་ཡང་དུ་གསོར་བྱེད་པའོ། །དེ་ལྟར་རང་དང་རྗེས་སུ་མཐུན་པའི་འཁོར་གྱི་ཁྱད་པར་གསུངས་པ། ཁྲོ་གཉེར་ཞེས་པ་ལ་སོགས་པ་སྟེ། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །སོགས་པ་གང་རྣམས་ཡིན་ན་འདོད་པ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་དང་མི་གཡོ་བ་ལ་སོགས་པ་རྣམས་སོ། །དེ་རྣམས་ནི་མཐའ་ཡས་པ་སྟེ་ནམ་མཁའ་ཐམས་ཅད་དུ་ཁྱབ་པ་རྣམས་སོ། །སེམས་ཅན་ལ་འཚེ་བའི་གདུག་པ་འདུལ་བ་ལ་ཤིན་ཏུ་དཔའ་བ་ཉིད་ཀྱིས་འཇིགས་སུ་རུང་བ་དང་མི་སྡུག་པའི་གཟུགས་འཛིན་པས་ན་དཔའ་ཞིང་འཇིགས་རུང་གཟུགས་ཅན་དང་ངོ༌། །རང་གི་ལག་གིས་གསོར་བྱེད་པ། །ཞེས་པར་རྡོ་རྗེ་ཞེས་པ་ལྷག་མའོ། །འདི་ཡང་ཚིག་གཉིས་ཀྱི་དབྱེ་བའི་དབང་དུ་བྱེད་པའོ། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །ཞེས་པ་འདིས་ནི་ལག་མཐིལ་ན་གནས་པའི་རྡོ་རྗེ་ཕྲེང་བ་མཐའ་ཡས་པ་ཉིད་དུ་བསྟན་ཏོ། །ཤེས་རབ་ནི་ཆོ་ས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་ཡེ་ཤེས་སོ། །ཐབས་ནི་བདེན་པ་གཉིས་རྣམ་པར་འབྱེད་པ་ལ་མཁས་པས་ཞུགས་ཏེ་མི་གཡོ་བར་བྱེད་པའོ། །སྙིང་རྗེ་ཆེན་པོ་དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ལ་རྐང་གི་ཁོང་ནས་མཛྫ་ག་ཏཱ་སྡུག་བསྔལ་དང་དེའི་རྒྱུ་ལས་ཀུན་དུ་འབྱིན་པར་འདོད་པའོ། །ཤེས་རབ་ཀྱང་ཡིན་ལ་ཐབས་ཀྱང་ཡིན་ཞིང་སྙིང་རྗེ་ཆེན་པོ་ཡང་ཡིན་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་རྣམས་འགྲོ་བའི་དོན་བྱེད་པའོ། །ཡང་ན་ཐབས་ནི་སྙིང་རྗེ་ཆེན་པོའོ་ཞེས་ཚིག་


DTG064_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བྱའོ། །དེ་ཉིད་མཆོག་སྟེ་གཙོ་བོའོ། །དགའ་པའི་བསམ་པ་ནི་རྒྱུའི་འབྲས་བུའི་ཁྱད་པར་དམིགས་པས་སོ། །མགུ་བའི་བསམ་པ་ནི་རྒྱུའི་འབྲས་བུའི་ཁྱད་པར་ཉེ་བར་དམིགས་པས་ན་དགའ་མགུའི་བསམ་པའོ། །རངས་པ་ནི་དེ་གཉི་ག་རྫོགས་པར་མཐོང་ངོ༌། །ཁྲོ་བར་བྱེད་པས་ཁྲོ་བོ་སྟེ། ཁྲོ་བོ་རྣམས་ལྟ་བུའི་ལུས་དང་གཟུགས་ནི་འཇིགས་སུ་རུང་བའི་ལུས་ཀྱི་རྣམ་པའོ། །དེ་གང་ལ་ཡོད་པ་ནི་ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ་སྟེ་གདུག་པ་འདུལ་བར་བྱེད་པའི་དོན་དུ་ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པའོ། །དེས་ནི་ཁྲོ་བོ་རྣམས་སྙིང་རྗེ་ཆེན་པོའི་བསམ་པ་དང་ལྡན་པའི་ཕྱིར་ཞེས་དགོངས་པའོ། །དེ་ཉིད་གསུངས་པ། སངས་རྒྱས་ཕྲིན་ལས་བྱེད་པ་ཞེས་པ་སྟེ་ཐབས་ཆེན་པོ་ཉིད་ཀྱིས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཡང་དག་བར་བསྒྲུབ་པའོ། །དེ་ཉིད་ཀྱི་ཕྱིར་མགོན་ནོ། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་བ་བྱས་གྱུར་ནས། །འདི་སྐད་གསོལ་ཞེས་འཆད་པར་བྱེད་པ་ལ་སྤྱན་སྔར་འདུག་སྟེ་ཞེས་པ་ནི་གུས་པ་མ་ཡིན་པ་སྤང་བའི་དོན་དུ་ལོགས་དང་རྒྱབ་ཏུ་འདུག་པ་ལྟ་བུ་མ་ཡིན་ཞེས་པའི་དོན་ཏོ། །ཅི་ཞིག་གསོལ་ཞེ་ན་གསུངས་པ། བདག་ལ་སྨན་པ་དང་ཞེས་པ་ལ་སོགས་པ་སྟེ། བདག་ལ་སྨན་པ་དང་བདག་གི་དོན་དུ་ཞེས་ཚིག་གཉིས་སུ་དྲངས་ཏེ་དེ་ནི་འདི་དང་ཕྱི་མའི་རྣམ་པར་དག་པའི་འབྲས་བུ་རྫོགས་པའི་དོན་དུ་གསུངས་སོ། །ཐུགས་བརྩེའི་ཕྱིར་ནི་དེ་ག་ཉིག་རྫོགས་པར་བྱ་བའི་ཕྱིར་རོ། །སྒྱུ་འཕྲུལ་ནི་མ་རིག་པས་སྤྲུལ་པའི་ཁམས་གསུམ་བའི་གྲོང་ཁྱེར་ཏེ། དེ་ཉིད་དམིགས་པ་མེད་པར་གཅིག་པའི་ཕྱིར་དེ་ལ་མངོན་དུ་ཕྱོགས་པའི་ཡང་དག་པའི་བྱང་ཆུབ་པ་སྟེ། རྣམ་པ་ཐམས་ཅད་པ་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས་པའི་དོན་ཏོ། །དེ་ཉིད་ཅེས་ཀྱང་བདག་གིས་ཐོབ་པར་འགྱུར་བ་དེ་ལྟར་བདག་ལ་རྫོགས་པའི་སངས་རྒྱས་ཀྱི་མཚན་ཡང་དག་པར་བརྗོད་པ་ཡང་དག་པར་བཤད་དུ་གསོལ་ཞེས་སྦྱར་རོ། །དེ་ཐོབ་ནས་དོན་ཅི་ཞིག་བྱེད་ཅེ་ན་གསུངས་པ་མི་ཤེས་ཞེས་པ་ལ་སོགས་པ་སྟེ། མི་ཤེས་འདམ་དུ་བྱིང་བ་ནི་ལོག་པའི་ཤེས་པས་ཟིལ་གྱིས་མནན་པའོ། །དེ་ཉིད་མི་བདེན་


DTG064_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བདེན་པའི་འདུ་ཤེས་ཉིད་ཀྱི་ཕྱིར་ཉོན་མོངས་པས་སེམས་དཀྲུགས་པ་རྣམས་ལ་ཕན་པའི་ཕྱིར་རོ། །ཕན་པ་ཉིད་གསུངས་པ། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་པ་སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་ཞེས་འབྲེལ་ལོ། །ཤེས་རབ་དང་ཐབས་ཀྱིས་གཞན་ལ་ཕན་པ་ནི་ཡང་དག་པའོ། །ཡང་དག་པའི་དོན་ཁོང་དུ་ཆུད་པའི་ཕྱིར་རྫོགས་པའི་སངས་རྒྱས་སོ། །དེའི་རྒྱུ་གསུངས་པ། བཅོམ་ལྡན་འདས་ཞེས་པ་ལ་ཆོས་ཐམས་ཅད་ངེས་པར་འབྱེད་པར་བྱེད་ཅིང་ཉོན་མོངས་པ་དང་བདུད་ལ་སོགས་པ་སེལ་བར་བྱེད་པས་ཤེས་རབ་ནི་བཅོམ་པ་སྟེ། དེ་དེའི་བདག་ཉིད་དུ་ཡོད་པས་བཅོམ་ལྡན་ནོ། །དེ་སྐད་དུ་ཡང༌། ཤེས་རབ་ཉོན་མོངས་གསོད་བྱེད་དེ། །དེ་ཕྱིར་ཤེས་རབ་བཅོམ་ཞེས་བརྗོད། །ཅེས་སོ། །དེ་ཉིད་འགྲོ་བ་རྗེས་སུ་འཆོས་པའི་ཕྱིར་སྟོན་པའོ། །དེའི་ཕྱིར་འགྲོ་བའི་བླ་མའོ། །དེའི་ཡང་རྒྱུ་གསུངས་པ། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་རིག་པ་མཆོག །ཅེས་པ་སྟེ། དེ་ལ། དཀྱིལ་འཁོར་ངེས་པ་དུས་དང་བརྡ། །སྔགས་དང་ཕྱག་རྒྱ་ལྷ་རྣམས་དང༌། །གྲུབ་མཐའ་རྣམས་ལ་དམ་ཚིག་ཅེས། །རྒྱལ་བ་རྣམས་ཀྱིས་བཤད་པ་ཡིན། །ཞེས་པ་འདི་ནི་དམ་ཚིག་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །དབང་པོ་རྣམས་དང་བསམ་པ་རྣམས་ཡོངས་སུ་མཁྱེན་པའི་ཕྱིར། དམ་ཚིག་ཆེན་པོའི་དེ་ཉད་མཁྱེན། །དབང་པོ་བསམ་པ་རིག་པ་ཡང་ངོ༌། །དེ་ཉིད་ཀྱི་ཕྱིར་མཆོག་དེ་ཐམས་ཅད་ཀྱི་ཕྱོགས་འགྲོ་བ་རྗེས་སུ་མཆོད་པའི་བླ་མ་ཞེས་པའི་དོན་ཏོ། །དབང་པོ་རྣམས་ནི་དད་པ་ལ་སོགས་པའོ། །བསམ་པ་རྣམས་ནི་མངོན་པར་འདོད་པའོ། །སུའི་མཚན་ཡང་དག་པར་བརྗོད་ཅེ་ན་གསུངས་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་དེ་འཇམ་དཔལ་ལོ། །དེའི་རང་བཞིན་ཡིན་བའི་ཕྱིར་རོ། །དེ་ལྟར་ཡང༌། བདེ་གཤེགས་ཤེས་རབ་དྲི་མ་མེད། །རྡོ་རྗེ་རྣོན་པོར་དེ་བཤད་དོ། །ཞེས་གསུངས་སོ། །དེ་ཉིད་ཐམས་ཅད་ལས་འཕགས་པའི་ཕྱིར་གཙུག་ཏོར་ཆེན་པོའོ། །ཆིག་གི་བདག་ནི་ཚིག་གི་དབང་ཕྱུག་སྟེ། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་ངག་ཐམས་ཅད་ལ་རབ་


DTG064_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འཇུག་པའི་མངའ་བདག་ཅེས་བའི་བར་རོ། །འཇམ་པ་ནི་ཡིད་དུ་འོང་བའོ། །དཔལ་ནི་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པའི་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གྱི་སྐུ་དང་གསུང་དང་ཐུགས་ཕུན་སུམ་ཚོགས་པ་གང་ཡིན་པ་སྟེ། དེ་ཡེ་ཤེས་ཀྱང་ཡིན་ལ་སེམས་དཔའ་ཡང་ཡིན་པར་ཞེས་ཚིག་རྣམ་པར་སྦྱར་རོ། །རྣམ་པར་སྤྱད་པ་ན་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་ཡེ་ཤེས་ཁོ་ན་གང་གི་སྐུ་ཡིན་པ་དེ་ནི་ཡེ་ཤེས་སྐུའོ། །དེ་ཕྱི་རོལ་གྱི་དོན་དུ་དམིགས་པ་ལས་མ་སྐྱེས་པས་རང་བྱུང་ངོ༌། །ལྷའི་རྣམ་པ་ཕྱག་རྒྱ་ཆེན་པོ་ནི་ཡེ་ཤེས་ཀྱི་སྐུ་ཡིན་ལ། དེའི་ཐུགས་ཀའི་མཚན་མའི་ནང་དུ་གནས་པ་ནི་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་གཉིས་པོའི་ཁྱད་པར་རོ། །མཚན་ཡང་དག་པར་བརྗོད་པ་ལ་ནི་ཁྱད་པར་མེད་དོ། །དོན་ཟབ་ཅེས་པ་ལ་སོགས་པ་ལ་དོན་ཟབ་ནི་སྟོང་པ་ཉིད་ལ་སོགས་པ་སྟོན་པའི་ཕྱིར་རོ། །དོན་རྒྱ་ཆེ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་རྒྱ་ཆེན་པོའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུ་རབ་ཏུ་གསལ་བར་བྱེད་པའི་ཕྱིར་རོ། །དོན་ཆེན་ནི་ཟབ་པ་དང་རྒྱ་ཆེ་བའི་བདག་ཉིད་ཅན་ཀུན་དུ་བཟང་པོའི་རང་བཞིན་མངོན་པར་རྗོད་པར་བྱེད་པའི་ཕྱིར་རོ། །དེའི་ཕྱིར་མཚུངས་མེད་ནི་མཉམ་པ་མེད་པའི་ཕྱིར་རོ། །ཞི་བ་ནི་མྱ་ངན་ལས་འདས་པའི་ལམ་རབ་ཏུ་སྟོན་པའི་ཕྱིར་རོ། །ཐོག་མར་དགེ་བ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །བར་དུ་དགེ་བ་ནི་རང་བྱང་ཆུབ་ཀྱི་རྒྱུའི་ལམ་རབ་ཏུ་གསལ་བར་བྱེད་པའི་ཕྱིར་རོ། །ཐ་མར་དགེ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རོ། །ཡང་ན་ཐོས་པ་དང་བསམ་པ་དང་བསྒོམ་པའི་དབྱེ་བས་ཐོག་མ་བར་དང་མཐར་དགེའོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ལས་ཕུལ་དུ་བྱུང་བས་མཆོག་གོ །མཚན་མངོན་པར་བརྗོད་པ་ཆོས་དང་དོན་དང་ངེས་པའི་ཚིག་ལ་སོགས་པའི་དབྱེ་བས་ཡང་དག་པ་ཕྱིན་ཅི་མ་ལོག་པར་བརྗོད་པས་ན་ཡང་དག་པར་བརྗོད་པ་སྟེ། དེ་རབ་ཏུ་གསལ་བར་མཛད་དུ་གསོལ་ལོ། །ངེས་པར་རབ་ཏུ་གསལ་བ་ཉིད་དུ་མཛད་པར་རིག་པར་གསུངས་པ་འདས་པའི་ཞེས་པ་ལ་སོགས་པ་སྟེ། དུས་གསུམ་པའི་དེ་བཞིན་གཤེགས་པས་བསྟན་པའི་ཡུལ་དུ་གྱུར་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཁྱོད་ཀྱིས་ཀྱང་རྟག་ཏུ་སྟོན་པར་མཛད་དགོས་ཏེ། ཆོས་སྟོན་པས་འགྲོ་བའི་དོན་བྱ་


DTG064_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་དེ་བཞིན་གཤེགས་པའི་འབྲས་བུ་ཡིན་པའི་ཕྱིར་ཞེས་དགོངས་སོ། །དེ་བཞིན་གཤེགས་པ་འབའ་ཞིག་གིས་གསུངས་པ་མ་ཡིན་ནོ་ཞེས་གསུངས་པ་སྒྱུ་འཕྲུལ་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་འཆང་ཆེན་པོ་དེ་བཞིན་གཤེགས་པ་སྐྱེས་པ་པོ་རྣམས་ཀྱིས་ཀྱང་ངོ༌། །འདིར་སྒྱུ་འཕྲུལ་དྲ་བའི་རྒྱུད་སྟོང་ཕྲག་བཅུ་དྲུག་པར་ཡང་དག་པར་གླུར་བླངས་པ་དེ་རབ་ཏུ་བཤད་དུ་གསོལ་ཞེས་འབྲེལ་ལོ། །བསྟན་པའི་འབྲས་བུ་གསུངས་པ། དགྱེས་བཞིན་དུ་ཞེས་པ་ལ་སོགས་པ་སྟེ་བདག་ཀྱང་ཞེས་བ་ཀྱང་ཡིག་གིས་ནི་འདི་བདག་འབའ་ཞིག་མ་ཡིན་པའོ། །དགྱེས་བཞིན་དུ་ཞེས་པ་ཁྲོ་གཉེར་རིམ་པར་ལྡན་ལ་སོགས་པ་གསང་སྔགས་འཛིན་པ་དག་ཏུ་མེད་པ་དང་ཐབས་ཅིག་ཏུ་དོན་དང་གཞུང་ལས་གཟུང་བར་བགྱི་ཞིང་མ་འོངས་པའི་བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་ཅི་ནས་ཀྱང་འཛིན་དུ་གཞུག་པར་བགྱིའོ་ཞེས་དགོངས་པའོ། །དུས་ཀྱི་ཁྱད་པར་གསུངས་པ། དེས་པར་འབྱུང་གི་བར་དུ་ནི། །ཞེས་པ་ངེས་པར་འབྱུང་བའི་མཐར་ཐུག་པའོ། །བསམ་པ་བརྟན་པོས་ཞེས་པ་བརྩོན་འགྲུས་བརྟན་པོ་ཉིད་ལ་བརྗོད་དེ་བརྩོན་འགྲུས་བརྟན་པོ་དེ་ཡང་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པ་བརྟན་དེར་བརྗོད་དོ། །གཟུང་བར་བགྱིའོ་ཞེས་གསུངས་པ། ཅི་ནས་ཞེས་ལ་སོགས་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསང་བ་སྐུ་གསུང་ཐུགས་རོ་གཅིག་ཏུ་གྱུར་བ་དེ་འཛིན་པར་བྱེད་པ་ལ་དེ་ལྟར་བཤད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསང་བ་འཛིན་པར་བདག་ཅི་ནས་ཀྱང་འགྱུར་བ་དེ་ལྟར་གཟུང་བར་བགྱིའོ་ཞེས་དགོངས་པའོ། །དེའི་ཕྱིར་རང་གི་དོན་ཕུན་སུམ་ཚོགས་པ་དེ་སེམས་ཅན་རྣམས་ལ་བཤད་པར་བྱ། དེ་ཡང་བསམ་པའི་ཁྱད་པར་ཇི་བཞིན་དུ་སྟེ་གང་གི་བསམ་པའི་ཁྱད་པར་དབང་པོ་རྟུལ་པོ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཕྱེ་བ་དེ་རྣམས་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཕྱིར་ཞེས་པའི་དོན་ཏོ། །དོན་ཅི་ཞིག་གི་ཕྱིར་འཆད་པ་ན་གསུངས་པ། མ་ལུས་ཞེས་པ་ལ་སོགས་པ་སྟེ་ཉོན་མོངས་པ་དང་ལས་དང་སྐྱེ་བས་ཀུན་ནས་ཉོན་མོངས་པ་ཞེས་བཤད་པ་ལ། ཉོན་མོངས་པ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་རྣམ་པར་རྟོག་པ་ཉིད་ཉོན་མོངས་པ་སྟེ། དེ་རྣམས་མ་ལུས་བསལ་


DTG064_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རོ། །དེ་སེལ་བའི་རྒྱུ་གསུངས་པ། མི་ཤེས་པ་ལུས་སྤངས་པའི་ཕྱིར། །ཞེས་པ་ལ་སོགས་པ་ནི་མ་རིག་པའོ། །དེ་སྤངས་པ་ནི་སྔོན་དུ་འགྲོ་བའི་འདོད་ཆགས་ལ་སོགས་པ་སྤང་བའི་ཕྱིར་ཞེས་པ་སྟེ། འདི་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར་དུ་ཞེས་པའི་དོན་ཏོ། །དེ་སྐད་དུ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཞེས་པ་ལ་སོགས་པ་བཏབ་པའི་དེ་མ་ཐག་ཏུའོ། །ཤཱཀྱ་ཐུབ་པས། གསང་དབང་ལ་ནི་སླར་གསུངས་པ། །ཞེས་སྦྱར་ཏེ། ལྷ་དང་མི་ལས་ཕུལ་དུ་བྱུང་བའི་ཕྱིར་རྐང་གཉིས་མཆོག་གོ །ཅི་ལྟར་མཛད་ནས་ལན་གསུངས་ཤེ་ན་གསུངས་པ། རྐྱོང་མཛད་དེ་ཞེས་པ་ལ་སོགས་པ་སྟེ་རྐྱོང་པ་ནི་ངེས་པར་ཕྱུང་བའོ། །ཉིད་ཀྱི་ལྗགས་ནི་བྱིན་གྱི་རླབས་ཀྱིས་སེམས་ཅན་གཞན་དང་འབྲེལ་པ་མ་ཡིན་པའོ། །སྲིད་དུ་རིང་བས་ན་རིང་བའོ། །ཞེང་དང་ལྡན་པས་ཡངས་པ་སྟེ་རིང་ཞིང་ཡངས་པ་ཉིད་ཀྱིས་དཔྲལ་བའི་མཐར་ཐུག་པའི་ཞལ་གྱི་དཀྱིལ་འཁོར་རབ་ཏུ་ཁེབས་པ་ཆེ་ཞིང་སྲབ་པ་ལས་ཟངས་ཀྱི་ཁ་དོག་ལ་སོགས་པ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཞེས་གསུངས་སོ། །ཉིད་ཀྱི་ཞལ་ནས་ཏེ་རྫུ་འཕྲུལ་གྱིས་སེམས་སེམས་ཅན་གཞན་གྱི་ཁ་ནས་བསྟན་པ་མ་ཡིན་པའོ། །བསོད་ནམས་ཀྱི་ཚོགས་མང་པོ་ལས་ངེས་པར་འཁྲུངས་པའི་ཕྱིར་བཟང་བ་སྟེ་ཤིན་ཏུ་འབར་བ་ཞེས་པའི་དོན་ཏོ། །དེ་ཡང་ལྗགས་ཀྱི་ཁྱད་པར་ཏེ་དེ་ཡང་བསྐལ་པ་ཉུང་དུ་མ་ཡིན་པ་ནས་བདེན་པར་གསུང་བར་གོམས་པ་ལས་བྱུང་བ་ལས་སེམས་ཅན་ཐམས་ཅད་ལ་མི་སླུ་ཞིང་ཕྱིན་ཅི་མ་ལོག་པའི་ཆོས་སྟོན་པ་ཉིད་རྟོགས་པར་བྱ་བའི་དོན་ཏོ་ཞེས་བཤད་པར་བྱའོ། །ཉིད་ཀྱི་ལྗགས་བརྐྱང་བ་འབའ་ཞིག་མ་ཡིན་གྱི་འཛུམ་པ་བསྟན་པ་ཡང་མཛད་པར་བལྟ་བར་བྱ་སྟེ། འཛུམ་པ་ཇི་ལྟ་བུ་ཞིག་ཅེ་ན་གསུངས་པ། འཇིག་རྟེན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་ཅེས་པ་སྟེ་འཇིག་རྟེན་རྣམས་ཀྱི་ཞེས་འབྲེལ་ལོ། །ངན་སོང་གསུམ་ནི་དམྱལ་བ་དང་ཡི་དགས་དང་དུས་འགྲོའི་སྐྱེ་གནས་ཀྱི་ངོ་བོ་ཉིད་གང་ཡིན་པ་སྟེ། དེར་འཛུམ་པ་ཞལ་ལས་ངེས་པར་འཐོན་པའི་ཁ་དོག་སྣ་ཚོགས་པའི་འོད་ཟེར་རྣམས་ཀྱིས་ཡང་དག་པར་བསྟན་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉེ་བར་ཞི་ཞིང་རྒྱུན་འཆད་དེ་


DTG064_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ངག་དང་སེམས་རྣལ་འབྱོར་དུ་གནས་པ་ཐོབ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་རིམ་གྱིས་ལྷ་དང་མི་ཉིད་ཐོབ་པར་བྱེད་པའི་ཕྱིར་སྦྱོང་བར་བྱེད་པ་སྟེ་ངན་སོང་གསུམ་སྦྱོང་བའོ། །ཡང་ན་ངན་སོང་གསུམ་གྱི་རྒྱུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་རྣམ་པར་སྦྱོང་བས་ན་ངན་སོང་གསུམ་སྦྱོང་བའོ། །ཡང་འཛུམ་པ་ཅི་ལྟ་བུར་གྱུར་པས་ཤེ་ན། འཇིག་རྟེན་གསུམ་པོ་སྣང་བར་བྱེད་པ་སྟེ་ཁམས་གསུམ་ཀུན་སྣང་བར་བྱེད་པའོ། །བདུད་བཞི་ནི་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་ཅེས་གྲགས་པ་རྣམས་ཏེ་དེ་དག་ཉིད་ནི་དགྲ་རྣམས་སོ། །དེ་རྣམས་འདུལ་བར་བྱེད་པ་ནི་རང་གི་ཡུལ་ལས་སྤྲོ་བ་དང་བྱང་ཆུབ་ཀྱི་ལམ་ལ་ངེས་པར་སྦྱོང་བར་བྱེད་པས་ན་བདུད་བཞིའི་དགྲ་རྣམས་འདུལ་བྱེད་བའོ། །ཅི་ཡིས་ལན་གསུངས་ཤེ་ན་གསུངས་པ་ཚངས་པའི་ཞེས་པ་ལ་སོགས་པ་སྟེ། ཚངས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་རྒྱུ་དང་ལྡན་པ་ལ་ཚངས་པའོ། །དེའི་གསུང་དེ་ནི་ངེས་པར་ཚངས་པའི་གསུང་སྟེ། ཇི་ལྟར་ཡུལ་ཉེ་བར་གནས་པ་དག་གིས་ཐོས་པ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་ན་གནས་པ་དག་གིས་ཀྱང་ཐོས་ཏེ། གམ་ན་གནས་པ་དབང་པོ་གནོད་པ་མེད་པ་རྣམས་ཀྱིས་ཐོས་པར་མ་ཟད་ཀྱི་ཐག་རིང་པོར་གནས་ལ་དམན་ཅིང་རྣ་བ་མི་གསལ་བ་རྣམས་ཀྱིས་ཀྱང་སྙན་ཅིང་ཡིད་དུ་འོང་བ་ལ་རྣམ་པར་གསལ་བའི་དོན་རྟོགས་པར་བྱེད་པའི་རྒྱུར་གྱུར་པའོ། །དེའི་རང་བཞིན་གསུངས་པ། འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་པ་སྟེ་སྙན་པ་ཡིད་ཅེས་པ་ནི་དོན་དང་སྒྲ་ལས་ཡིད་འཕྲོག་པར་བྱེད་པ་ཞེས་པའི་དོན་ཏོ། །གསང་དབང་ཞེས་པ་ནི་གནོད་སྦྱིན་གྱི་བདག་པོ་སྟེ། འདིས་གནོད་སྦྱིན་རྣམས་འདུལ་བའི་དོན་དུ་དེ་ལྟ་བུའི་རིགས་སུ་གཟུང་སྟེ་རྡོ་རྗེ་འཛིན་པར་བསྟན་པའོ། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་མཐར་སོན་པས་ལག་ན་རྡོ་རྗེ་སྟོབས་བོ་ཆེའོ། །དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས་སྨོན་ལམ་དུ། སྟོབས་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་ཅིག་ཅེས་སོ། །ལན་དུ་ཅི་གསུངས་ཤེ་ན་གསུངས་པ། ལེགས་སོ་ཞེས་པ་ལ་སོགས་པ་སྟེ། ཀྱེ་གསང་བ་པའི་བདག་པོ་དཔལ་ལྡན་རྡོ་རྗེ་འཆང་གང་ཡིན་པ་ཁྱོད་ཅེས་བྱའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་


DTG064_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྙིང་རྗེ་ཆེ་དང་ལྡན་གྱུར་ཅིང་ངོ༌། །དེ་ནི་དོན་ཆེན་སྡོང་དོན་དམ་པར་གསལ་བར་བྱེད་པའོ། །ཀློག་ཅིང་འདོན་པ་ལ་སོགས་པས་སྡིག་པ་སེལ་བའོ། །དེའི་ཕྱིར་གཅང་བར་བྱེད་པས་ན་དག་པར་བྱེད་ཅིང་ངོ༌། །འཇམ་དཔལ་ཡེ་ཤེས་སྐུ་ཡི་མཚན། །ཡང་དག་པར་བརྗོད་པ་ནི་ཕྱག་ན་རྡོ་རྗེ་ཁྱོད་འགྲོ་བ་ལ་ཕན་པའི་དོན་དེའི་ཆེད་དུ། ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་ལེགས་སོ་ཞེས་རབ་ཏུ་དགོས་པས་གཉིས་མངོན་པར་བརྗོད་པའོ། །དེའི་དོན་དུ་ལེགས་སོའི་སྒྲ་སྦྱོར་བ་ལ་བཞི་པའོ། །གང་གི་ཕྱིར། མངོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་ཀུན་གྱི། །ཞེས་ཁྱོད་ཀྱིས་མངོན་པར་སྨྲས་པ་དེའི་ཕྱིར་འདི་གསུངས་ཏེ། དེ་བཞིན་དུ་ཁྱོད་ཀྱིས་ལེགས་པར་གསུང་གཅིག་ཅི་ནས་ཀྱང་ཟུང་ཤིག །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཅི་ནས་ཀྱང་ཟུང་ཤིག །སེམས་ཅན་རྣམས་ལ་ཇི་ལྟ་བར་རབ་ཏུ་གསལ་བར་གྱིས་ཤིག །དེའི་ཕྱིར་ཁྱོད་ཉོན་ཞེས་སྦྱར་ཏེ། ཅི་ལྟར་ཉན་ཞེ་ན་གསུངས་པ། རྩེ་གཅིག་ཡིད་ཀྱིས་ཏེ་རྣམ་པར་གཡེང་བ་མེད་པའི་སེམས་ཀྱིས་སོ། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པ་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་བ་སྟེ། ལེགས་སོ་ཞེས་བྱ་བ་གསོལ་བའོ། །གུས་བས་བསྐུལ་ཏེ་ཉན་ནོ་ཞེས་པའི་དོན་ཏོ། །རྣམ་པར་གཡེང་བ་མེད་པའི་སེམས་དང་དད་པ་བསྐྱེད་པས་ལྷག་པར་རྟོགས་པར་བྱ་བར་ནུས་ཞེས་དགོངས་པའོ། །འདི་ཡང་མ་འོངས་པའི་གདུལ་བྱའི་སྐྱེ་བོ་རྣམས་ལ་བསླབ་པའི་དོན་དུ་གསུངས་ཀྱི། རྡོ་རྗེ་འཛིན་པ་ལ་ནི་མཉམ་པར་མ་བཞག་པའི་སེམས་མེད་དེ་ཞེས་མ་ཡིན་པ་མི་བྱའོ་ཞེས་སོ། །དེ་ལྟར་ཡང༌། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ཚིམ་པའི་རྣམ་པར་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་བསྐྱེད་དེ་རྩེ་གཅིག་ཏུ། །དང་ཞིང་དྲི་མེད་ཡིད་ལྡན་པས། །ནད་པས་སྨན་པའི་ཚིག་བཞིན་དུ། །བཀུར་སྟི་བྱས་ཏེ་ཆོས་མཉན་བྱ། །ཞེས་གསུངས་སོ། །དེ་ལྟར་རྗེས་སུ་བསླབས་ནས་ཇི་ལྟ་བུ་ཞིག་སྟོན་ཞེ་ན་དེ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཚིག་གི་བདག་པོས་ཚིགས་བཅད་གསུངས། །ཞེས་འབྲེལ་ལོ། །ཤཱཀྱའི་རིགས་


DTG064_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་ཕྱིར་ཤཱཀྱ་ཡང་འདི་ཡིན་ལ་སྐུ་དང་གསུང་དང་ཐུགས་ཐུབ་པའི་བརྟུལ་ཞུགས་དང་ལྡན་པ་ཐུབ་པ་ཡང་འདི་ཡིན་པས་དེ་ལྟར་བཤད་དོ། །མཆོག་གི་དབང་ཕྱུག་ལ་སོགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་སོ། །ཇི་ཞིག་མཛད་ནས་གསུངས་ཤེ་ན་གསུངས་པ། མཐའ་དག་ཅེས་པ་ལ་སོགས་པ་སྟེ་ཆོས་ཀྱི་དབྱིངས་རྟོགས་པའི་ཡིད་ཀྱིས་སེམས་ཅན་གྱི་ཁམས་སྐྱོབ་པའི་ཕྱིར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ནི་གསང་སྔགས་ཏེ། དེ་ལས་བྱུང་བ་ཨཱ་ལི་དང་ལཱ་ལིའི་རང་བཞིན་ཧཱུཾ་ཡིག་ལ་སོགས་པ་ཡང་གསང་སྔགས་སོ། །མཐའ་དག་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་དུ་གཏོགས་པ་ལ་སོགས་པ་བསྐྱེད་པའི་གནས་སྐབས་སོ། །སྔགས་རྣམས་ཀྱི་རིགས་ནི་རྒྱུད་ཅེས་ཆོས་ཀྱི་དབྱིངས་ཀྱི་ངོ་བོའོ། །དེ་དང་དབྱེར་མི་ཕྱེད་ཀྱང་བརྗོད་བྱའི་ཆོས་རྣམས་ཀྱི་དབྱེ་བས་ཕྱེ་བའི་ཉེ་བར་བརྟག་པ་གསུངས་པ་ཡང་མཐའ་དག་ཅེས་བྱའོ། །དེ་བསྟན་པའི་དུས་ལ་སོགས་པ་ལ་ཁྱབ་པའི་ཕྱིར་ཆེན་པོའོ། །གསང་སྔགས་རིག་སྔགས་ནི་གྲུབ་པའི་གསང་སྔགས་རྣམས་དང་དེ་འཛིན་པར་བྱེད་པས་གསང་སྔགས་རིག་སྔགས་འཆང་བ་སྟེ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་རྣལ་འབྱོར་རྣམས་སོ། །དེ་རྣམས་ཀྱི་རིགས་ནི་རྒྱུད་དོ། །མཐའ་དག་ཅེས་པ་འདིར་ཡང་སྟེ་མཆོག་ལ་སྦྱར་བར་ཡང་བྱའོ། །རིགས་གསུམ་ཞེས་པ་སྐུ་གསུང་ཐུགས་ཀྱི་རིགས་ཏེ་རིགས་ཐམས་ཅད་ཡང་དག་པར་བསྡུས་པར་གྱུར་པའོ། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་པ་ནི་འཇིག་རྟེན་པའི་གསང་སྔགས་ཀྱི་རིགས་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་ཀྱི་རིགས་སོ། །འཇིག་རྟེན་སྣང་བྱེད་རིགས་ནི་དེ་གཉི་གའོ། །ཕྱག་རྒྱ་ཆེན་པོ་ནི་སྤྱན་མ་ལ་སོགས་པ་རིགས་པའི་རྒྱལ་མོ་རྣམས་སོ། །དེའི་རིགས་ནི་དེ་ལས་བྱུང་བའི་གསང་སྔགས་དང༌། ཕྱག་རྒྱ་ལས་སྐྱེས་པའི་རྒྱུ་དང་འབྲེལ་བའོ། །རིགས་ཆེན་གཙུག་ཏོར་ནི་གཙུག་ཏོར་ཡི་གེ་གཅིག་པ་ལ་སོགས་པའི་སྔགས་ཀྱི་སྟོབས་ལས་སྐྱེས་པའི་ལྷའི་ཁྱད་པར་གཞན་དང་གཞན་ནོ། །རྣམ་པར་གཟིགས་ཞེས་པ་སྔགས་དང་ཕྱག་རྒྱ་ལ་སོགས་པའི་སྐལ་བ་དང་ལྡན་པ་གང་ཡིན་པ་དེ་རྣམས་ལ་ངེས་པར་རྟོགས་པར་མཛད་དོ་ཞེས་པའི་དོན་ཏོ། །འདི་ཞེས་པ་འཆད་པར་འགྱུར་


DTG064_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཨ་ཡིག་ལ་སོགས་པའི་ཚིགས་སུ་བཅད་པའོ། །ཚིགས་སུ་བཅད་པ་གཉིས་པ་ཡོད་ཀྱང་ཚིགས་སུ་བཅད་ཅེས་གསུངས་སོ། །ཤེས་རབ་ཀྱི་རང་བཞིན་ཨཱ་ལི་གཙོ་བོར་རྟོགས་པའི་དོན་ཏོ། །དོན་དམ་པར་ནི་ཤེས་རབ་ཉིད་ཐབས་སོ་ཞེས་པས་སོ། །གསང་སྔགས་རྒྱལ་པོ་དྲུག་ལྡན་ནོ། །ཞེས་པ་ནི་ཨོཾ་བཛྲ་ཏཱིཀྵྣ་ཞེས་པ་ལ་སོགས་པ་གསང་སྔགས་རྒྱལ་པོ་དྲུག་ལྡན་ནོ། །འདིར་རྒྱལ་པོའི་སྒྲའི་ཚིག་ལ་མ་ཡིན་པར་དོན་ལ་རྟོན་པ་ཉིད་ཀྱིས་རྒྱལ་པོའི་སྒྲ་དོན་རྟོགས་པར་བྱའོ། །ཚིག་ལ་རྟོན་པ་ཁ་ཅིག་རྒྱལ་པོའི་སྒྲའི་སོ་སོར་སྦྱོར་བར་བྱེད་དེ། རྒྱལ་པོ་རྗེས་སུ་ཡང་དག་ལྡན། །ཞེས་རྗེས་སུའི་སྒྲའོ་ཞེས་རྟོགས་པར་བྱེད་དོ། །གཉིས་སུ་མེད་པར་འབྱུང་བ་ཞེས་པ་ལ་གཉིས་སུ་མེད་པ་ནི་སྔགས་ཀྱི་ཚུལ་ལ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བ་བདེ་བ་ཆེན་པོའི་རང་གི་ངོ་བོའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་བདག་དང་བདག་གི་གཟུང་བ་དང་འཛིན་པ་ལ་སོགས་པའི་ཡིད་ཀྱི་གཡོ་བ་མཐའ་དག་དང་བྲལ་བ་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་ངོ་བོ་ཉིད་ཀྱི་སྐུ་དང་གཅིག་པའི་སེམས་ནི་དེར་བརྗོད་དེ་དོན་གྱི་སྒོ་ནས་ཨ་བིརྦྷ་ཝཏྱ་སྨཱ་དི་ཏི་གཉིས་སུ་མེད་པར་འབྱུང་བའོ། །དེའི་ཕྱིར་སྐྱེ་བ་མེད་པའི་ཆོས་བརྗོད་པར་བྱ་བ་ཉིད་ཀྱིས་འདི་ལ་ཡོད་པས་མི་སྐྱེ་ཆོས་ཅན་ནོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དེ་ཡང་ལུང་དང་རིགས་པ་ལས་ངེས་པར་བྱ་སྟེ། དེ་ལ་རེ་ཞིག་ལུང་ནི་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་ཏེ། དེ་ཡང་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང་སྐྱེ་བ་ངོ་བོ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་བས་ཆོས་ཐམས་ཅད་དངོས་པོ་མེད་པ་སྐྱེ་བ་མེད་པ། འགག་པ་མེད་པ། གཟོད་མ་ནས་ཞི་བ། ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡར་རྣམ་པར་གཞག་པའི་མཚན་ཉིད་ཡིན་གྱི། རང་གི་མཚན་ཉིད་ཀྱི་ནི་མ་ཡིན་ཏེ། ཕུང་པོ་དང་ཁམས་ལ་སོགས་པ་འདུས་བྱས་དང་འདུས་མ་


DTG064_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་རྣམས་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་སྟོང་པ་ཡིན་པའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱའོ། །སྐྱེ་བ་ངོ་བོ་ཉིད་མེད་པ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་འབྱུང་བ་ཡིན་གྱི་བདག་ཉིད་ཀྱིས་ནི་མ་ཡིན་ཏེ། གང་ཡང་རང་ཉིད་མེད་པ་དེ་ཉིད་མེད་པ་དེ་ནི་སྐྱེ་བ་མེད་དེ། སྐྱེ་བ་མེད་པ་ལ་ནི་ངོ་བོ་ཉིད་མེད་པས་དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དོན་དམ་པ་ངོ་བོ་ཉིད་མེད་པ་གང་ཞ་ན། ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། དེ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་བདག་མེད་པ་གང་ཡིན་པ་དེ་ནི་དོན་དམ་པ་སྟེ། དེ་ཡང་ངོ་བོ་ཉིད་མེད་པས་ན་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུ་ནི་མཚན་ཉིད་ངོ་བོ་ཉིད་མེད་པའོ། །སྒྱུ་མ་བྱས་པ་ཇི་ལྟ་བདེ་ལྟ་བུ་ནི་སྐྱེ་བ་ངོ་བོ་ཉིད་མེད་པའོ། །ནམ་མཁའ་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཙམ་དང་ཐམས་ཅད་དུ་སོང་བ་ཇི་ལྟ་བ་དེ་ལྟ་བུ་ནི་དོན་དམ་པ་ངོ་བོ་ཉིད་མེད་པ་སྟེ། ཆོས་བདག་མེད་པས་རབ་ཏུ་ཕྱེ་བ་དང་ཐམས་ཅད་དུ་སོང་བས་སོ། །ལུང་འབའ་ཞིག་ཏུ་མ་ཟད་ཀྱི་རིགས་པས་ཀྱང་སྐྱེ་བ་མེད་པ་དེ་བསྟན་པར་བྱ་སྟེ། དེ་ཡང་གང་གི་རང་བཞིན་ཡོད་མིན་པ། །དེ་ནི་དངོས་པོ་མེད་པ་སྟེ། །རྒྱུ་དང་འབྲས་བུའི་དངོས་པོ་དག །ཡོད་པ་མིན་ཏེ་ཅི་ལྟ་ཞིག །གང་ཞིག་རྒྱུ་དང་འབྲས་བུ་ཡི། །དངོས་པོ་ཡོད་པ་མ་ཡིན་པ། །དེ་ཡི་སྐྱེ་བ་ཇི་ལྟ་བུ། །མོ་གཤམ་བུ་སོགས་ཇི་བཞིན་ནོ། །དེ་ཉིད་ཕྱིར་ན་དངོས་རྣམས་ཀྱི། །རང་བཞིན་ཡོད་པ་མ་ཡིན་ནོ། །གཅིག་དང་དུ་མ་ལ་སོགས་ཀྱི། །རང་བཞིན་འགའ་ཡང་མི་ལྡན་ཕྱིར། །ཞེས་སོ། །དེ་ལྟར་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གཅིག་དང་དུ་མ་ཉི་ཚེ་དང༌། །ཉི་ཚེ་མ་ཡིན་འགའ་ཡང་མེད། །དུ་མ་མེད་ཅིང་གཅིག་ཀྱང་མེད། །མེད་པ་ཉིད་ཀྱང་ཡོད་མ་ཡིན། །ཞེས་སོ། །འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་གསུངས་ཤེ་ན་བདེན་ཏེ། སྐྱེ་བ་མེད་པ་ཉིད་རྟོགས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས་སོ། །དེ་སྐད་དུ། རྟེན་ནས་སྐྱེས་དང་མ་སྐྱེས་པར། །གསུངས་པ་ནམ་མཁའི་དེ་ཉིད་རིག །ཅེས་སོ། །ཡང་གསུངས་པ། རྟེན་ཅིང་འབྲེལ་


DTG064_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གང་ཡིན་པ། །དེ་ཡི་རང་བཞིན་སྐྱེ་མེད་ཕྱིར། །གང་གི་རང་བཞིན་སྐྱེ་མེད་པ། །དེ་ཡི་སྐྱེ་བ་ཞེས་བྱ་ཅི། །དངོས་པོ་རང་ལས་མི་སྐྱེ་ཞིང༌། །གཞན་དང་གཉི་ག་ལས་ཀྱང་མིན། །མེད་དང་ཡོད་མེད་མི་འགྲུབ་པ། །དེ་ཡི་འབྱུང་བ་གང་ཅི་ཞིག །གསུང་རབ་དག་ལས་ཀྱང༌། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་གིས་སྟོང་ཉིད་མཐོང་དེ་བག་ཡོད་ཡིན། །ཞེས་གསུངས་སོ། །གལ་ཏེ་ཡང་འདི་སྐད་དུ། དེ་བཞིན་དུ་ཁས་བླངས་པའི་འབྲས་བུ་དང་རྒྱུའི་རང་བཞིན་དག་ལ་ངེས་པར་བརྟག་པར་བྱ་སྟེ། དེ་ལ་རྒྱུའི་རང་བཞིན་ལས་རེ་ཞིག་འབྲས་བུ་སྐྱེ་བར་བྱེད་པ་ན། ཅིའི་འབྲས་བུའི་རང་བཞིན་དུ་གྱུར་པའི་རྒྱུ་ལས་སམ། གཞན་གྱི་དངོས་པོར་གྱུར་པ་ལས་སམ། གཉི་གར་གྱུར་པ་ལས་སམ། གཉི་ག་མ་ཡིན་པར་གྱུར་པ་ལས་ཡིན་ཞེས་རྣམ་པར་རྟོག་པ་བཞིའོ། །དེ་ལ་རེ་ཞིག་འབྲས་བུའི་རང་བཞིན་དུ་གྱུར་པའི་རྒྱུ་ལས་ནི་མ་ཡིན་ཏེ། འབྲས་བུ་སྐྱེ་བའི་འབྲས་བུའི་རང་བཞིན་དུ་གྱུར་པ་ནི་གང་གི་ཕྱིར་རྒྱུ་དང་འབྲས་བུ་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུའི་རང་བཞིན་དུ་གྲུབ་པ་ནི་འབྲས་བུའི་རང་བཞིན་དུ་གྱུར་པའི་རྒྱུ་ལས་དེའི་རང་བཞིན་ཉིད་ཀྱི་འབྲས་བུ་མི་སྐྱེ་སྟེ་འབྲས་བུ་མེད་པའི་ཕྱིར་རོ། །བདག་ཉིད་ཀྱི་ཐོབ་པའི་དོན་གྱི་བྱ་བ་བྱེད་པ་ཡང་དངོས་པོ་རྣམས་ཀྱི་སྐྱེ་བའི་འབྲས་བུའོ། །དེ་གཉིས་ཀ་གྲུབ་པའི་ཕྱིར་དེ་ལས་ཀྱང་སྐྱེ་ན་མཐའ་མེད་པར་སྐྱེ་བར་ཐལ་མེད་པར་ཐུག་མེད་དུ་འགྱུར་རོ། །དེ་ལ་སྐྱེ་བ་ཉིད་སླར་ཡང་དེའི་བདག་ཉིད་དུ་སྐྱེ་བའི་ནུས་པ་ཡོད་པ་མ་ཡིན་ཏེ། དེ་ལྟར་ཡང་ཟླ་བ་གྲགས་པའི་ཞབས་ཀྱིས་གསུངས་པ། དེ་ཕྱིར་ཕན་པའི་དངོས་པོ་ལ། །ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སླར་ཡང་སྐྱེ་བ་ཉིད་སྐྱེ་བ། །དེ་ལྟར་རིགས་པ་མ་ཡིན་ཉིད། །ཅེས་སོ། །གཞན་ལས་ཀྱང་སྐྱེ་བ་འབྲས་བུ་མེད་དེ། གཞན་ཞེས་བྱ་བ་ཡང་དངོས་པོ་གཉིས་ལ་ལྟོས་ནས་བཤད་པ་ཡིན་ལ། དངོས་པོ་གཉིས་པ་འདི་ནི་འབྲས་བུ་སྟེ། དེ་ཡང་རྒྱུ་ཡོད་པའི་དུས་ན་ནི་ཡོད་པ་མ་ཡིན་ལ། དེ་ཡོད་པའི་དུས་སུ་ཡང་རྒྱུ་ཡོད་པ་མ་ཡིན་ནོ། །དེ་གང་ལ་ལྟོས་ནས་གཞན་


DTG064_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་དོན་དམ་པར་ཁས་ལེན་ཏེ། བ་ལང་གི་རྭ་ལ་ལྟོས་པའམ། རི་བོང་གི་རྭ་ལ་ལྟོས་ནས་རྟའི་རྭའི་གཞན་པ་ཉིད་ཡོད་པ་མ་ཡིན་ནོ། །མངོན་པར་འདོད་པའི་རྒྱུ་མིག་ལ་སོགས་པས་ཀྱང་མངོན་པར་འདོད་པའི་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེད་པ་མ་ཡིན་ཏེ། དེ་སྐྱེད་པ་པོ་ལས་གཞན་དུ་གྱུར་པའི་ཕྱིར། མངོན་པར་འདོད་པ་མ་ཡིན་པའི་ར་ཎ་ཌིཀ་བཞིན་ནོ། །དེ་སྐད་དུ་ཡང༌། རང་གི་ངོ་བོ་མ་བྱུང་བར། །གང་ཞིག་གང་ལས་གཞན་དུ་འདོད། །བ་ལང་རྭའམ་མི་རྭ་ལས། །རྟའི་རྭ་བཞིན་དུ་འདོད་མ་ཡིན། །རྐྱེན་གཞན་གྱིས་ཀྱང་དོན་དམ་པར་མིག་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་སྐྱེད་པ་མ་ཡིན་ཏེ། གཞན་དུ་གྱུར་པས་བའི་ར་ཎ་ལ་སོགས་པ་བཞིན་ནོ། །གཉིས་ཀ་ལས་ཀྱང་སྐྱེ་བར་མི་རིགས་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ངོ་བོ་དག་ཕན་ཚུན་འགལ་བར་གནས་པའི་མཚན་ཉིད་ཡིན་པས་གཅིག་ཏུ་འདྲེས་པ་མི་སྲིད་པའི་ཕྱིར་རོ། །གཉི་ག་མ་ཡིན་པའི་ཚུལ་གྱིས་བརྗོད་དུ་མེད་པའི་ཕྱོགས་ཀྱང་རིགས་པ་འདིས་ངེས་པར་དཔྱད་ན་མི་རིགས་ཏེ། དེ་ལ་བརྗོད་དུ་མེད་པའི་རང་བཞིན་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་རྣམ་པར་རྟོག་པ་ལས་འདས་པའི་ཕྱིར་གང་དེ་ཉིད་ནི་འདི་མ་ཡིན་ནོ་ཞེས་བྱ་བ་ནི་དེའི་གཟུགས་དོར་བ་སྟེ་དེ་ཉིད་ནི་ཐ་དད་པའོ། །དེ་དགག་པ་ནི་ཐ་དད་པ་མ་ཡིན་པ། དངོས་པོ་རྣམས་རྣམ་པ་གཞན་གང་ཞིག་ལས་འབྱུང་བར་འགྱུར། རྒྱུ་མེད་པ་ལས་ཀྱང་སྐྱེ་བར་མི་རིགས་ཏེ། རྒྱུ་མེད་པ་ནི་གཞན་ལ་ལྟོས་པ་མེད་པའི་ཕྱིར་རྟག་ཏུ་ཡོང་པའམ་མེད་པར་ཐལ་བར་འགྱུར་རོ། །ལྟོས་པ་དང་བཅས་པའི་དངོས་པོ་རྣམས་ནི་རེས་འགའ་འབྱུང་ངོ་ཞེས་པའི་རིགས་པ་ལས་དེ་ལྟར་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་དེ་ལ། བདག་ལས་ཞེས་པ་ནི་གྲངས་ཅན་པའོ། །གཞན་ལས་ཞེས་བྱ་བ་སངས་རྒྱས་པ་ཁ་ཅིག་དང་བྱེ་བྲག་པ་ལ་སོགས་པའོ། །གཉིག་ལས་ཞེས་བྱ་བ་དང་སྤྱོད་པ་དང་གཅེར་བུའོ། །རྒྱུ་མེད་པར་སྨྲ་བ་ནི། འཇིག་རྟེན་རྒྱང་པན་པ་དང་རང་བཞིན་རྒྱུར་སྨྲའོ། །


DTG064_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདི་ལ་དངོས་པོ་སྐད་ཅིག་པ་རྣམས་ཀྱི་འབྲས་བུ་སྐྱེ་བ་ན་ཅི་རྒྱུ་འདས་པ་ལས་སྐྱེའམ། མ་འོངས་པ་དང་ད་ལྟར་བྱུང་བ་ལས་སྐྱེས་ཞེས་རྣམ་པར་བརྟག་པ་གསུམ་མོ། །དེ་ལ་རེ་ཞིག་འདས་པ་ལས་ནི་མ་ཡིན་ཏེ་ཞིག་པ་ཉིད་ཀྱིས་དེའི་རྒྱུ་མ་ཡིན་པའི་ཕྱིར་རོ། །མ་འོངས་བ་ལས་ཀྱང་མ་ཡིན་ནོ། །དེ་ནི་མ་སྐྱེས་པ་ཉིད་ཀྱིས་ཡང་དག་པར་ཐོབ་པ་མེད་པའི་ཕྱིར་རོ། །ད་ལྟར་བ་ལས་ཀྱང་མ་ཡིན་ཏེ། དངོས་པོའི་རང་བཞིན་མ་གྲུབ་པ་ཉིད་ཀྱིས་རྒྱུ་མ་ཡིན་པའི་ཕྱིར་རོ། །ཡང་ན་འདས་པ་དང་མ་འོངས་པ་གཉི་ག་ནི་རང་བཞིན་ཐ་དད་བའི་ཕྱིར་རོ། །དེ་ཡང༌། ཕྱེད་ཀྱིས་གྲུབ་དང་ཕྱེད་ཀྱིས་ནི། །མ་གྲུབ་ད་ལྟར་བྱུང་བར་བརྗོད། །དེ་ལ་གང་ཕྱེད་གྲུབ་པ་དེ་ནི་འདས་པའོ། །གང་མ་གྲུབ་པ་དེ་ནི་མ་འོངས་པའོ། །ཕྱོགས་གཉི་ག་ཐ་དད་པར་གྱུར་པའོ། །དེའི་ཕྱིར་སྐད་ཅིག་མ་གསུམ་པ་ཡང་རྒྱུ་མ་ཡིན་པའི་ཕྱིར་དངོས་པོ་རྣམས་ཀྱི་འབྲས་བུ་འབྱུང་བ་མེད་དོ། །གལ་ཏེ་རྒྱུ་ཞིག་པའི་དུས་ཀྱི་སྐད་ཅིག་མ་ཁོ་ན་ལ་འབྲས་བུ་འབྱུང་གི་སྔོན་དང་ཕྱི་མར་མ་ཡིན་ནོ་ཞེ་ན། རྒྱུ་ཞིག་པ་འདི་ནི་ཅི། རྒྱུའི་རང་བཞིན་ཁོ་ན་ཅི་གནས་སུ་སྨྲའམ་དངོས་པོ་ཉིད་སྐད་ཅིག་མར་སྐྱེས་པའི་ཆོས་ཞིག་པའམ། ཡང་ན་རྒྱུ་ཞིག་པ་ཅི། དེ་ལ་གལ་ཏེ་རྒྱུའི་རང་བཞིན་དག་ཡིན་ན་ནི་ཅིག་ཅར་བ་ཡིན་པའི་ཕྱིར་དེ་ནི་མི་འདོད་དེ། དེས་ན་རྒྱུ་ཞིག་པའི་གཏན་ཚིགས་དེ་ཅི་ལྟ་བུ་ཞིག །འབྲས་བུ་དང་ལྡན་པ་ཞིག་པ་ཡིན་ན་ནི་རང་བཞིན་མེད་པའི་ཕྱིར་རང་དེ་ལ་མེད་པ་ཞིག་པ་དེའི་འབྲས་བུ་དང་ལྡན་པ་སྐྱེ་བ་ཞེས་བྱ་བ་ནི་མེད་དོ། །ད་ནི་འབྲས་བུའི་རང་བཞིན་ལ་དཔྱད་པར་བྱ་སྟེ། འབྲས་བུ་རྣམས་སྐྱེ་བ་ན་ཅི། འབྲས་བུ་མེད་པ་ཡིན་སྐྱེའམ། འོན་ཏེ་མེད་པའམ། ཡོད་མེད་དམ། དེ་ལས་གཞན་པ་ཞིག་ཅེས་རྣམ་པར་བརྟག་པ་བཞིའོ། །དེ་ལ་རེ་ཞིག་ཡོད་པ་ནི་མི་སྐྱེ་སྟེ་དེ་ཡོད་པའི་ཕྱིར་རོ། །དེ་གལ་ཏེ་སྐྱེ་ན་སྐྱེས་པ་ཡང་ཡང་སྐྱེའོ། །མེད་པ་ཡང་མི་སྐྱེ་སྟེ་བོང་བུ་ལ་རྭ་སྐྱེས་པ་མི་འཐད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གྱུར་ན་ཐམས་ཅད་རྒྱུ་གཅིག་ཏུ་གྱུར་པའི་ཕྱིར་གང་ཞིག་གང་ལས་སྐྱེས་པའི་རྒྱུ་དང་འབྲས་བུའི་ངེས་པ་དག་མེད་པར་འགྱུར་རོ། །དེས་ན་དངོས་པོ་རྣམས་ཀྱི་ནུས་པ་སོ་སོར་ངེས་པའི་ཕྱིར་འབྲས་བུ་སྐྱེད་པ་པོ་སོ་སོར་


DTG064_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་དེའི་ཕྱིར་ཐམས་ཅད་ལས་ཐམས་ཅད་འབྱུང་ངོ་ཞེ་ན། འོ་ན་ནུས་པ་དེ་རྐྱེན་ལས་ཐ་དད་པའམ། ཐ་དད་མ་ཡིན། གལ་ཏེ་ཐ་དད་ཡིན་པ་ལས་སྐྱེ་ན་དེའི་ཚེ་རྐྱེན་ཅི། དེ་ཉིད་སྐྱེ་ན་ཐ་དད་པ་མ་ཡིན་པ་དེའི་ཚེ་ནུས་པ་ཙམ་མམ་རྐྱེན་ཙམ་དུ་འགྱུར་རོ། །ནུས་པ་ཙམ་སྐྱེད་པ་པོ་ཡིན་ན་དེ་ཁོ་ན་སྐྱོན་ཡིན་ནོ། །འོན་ཏེ་ནུས་པ་དང་ལྡན་པའི་ཕྱིར་རྐྱེན་ཉིད་སྐྱེ་བ་པོ་ཞེ་ན་མ་ཡིན་ཏེ། དེ་ཇི་སྙེད་ལྡན་ཡང་གལ་རིགས། རིགས་པ་གཞན་གྱིས་སོ་ཞེ་ན། གནས་སྐབས་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ནུས་པ་ལ་བརྟག་པ་འདིས་འབྲས་བུ་ཡོད་པ་མི་སྐྱེ་ཞིང༌། ཡོད་མེད་ཀྱི་ཕྱོགས་ལ་གསུངས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་གཉི་ག་ལས་ཀྱང་སྐྱེ་བ་མེད་དོ། །ཡོད་པ་དང་མེད་པ་དག་ནི་ཕན་ཚུན་འགལ་བའི་ཕྱིར་གཅིག་ཏུ་ཡོད་པ་མ་ཡིན་ལ། ཡོད་པ་དང་མེད་པ་རང་བཞིན་ཐ་དད་པའི་ཕྱོགས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་ཆ་མེད་པ་ཁོ་ནའོ། །དེ་སྐད་དུ་ཡང་རྐྱེན་བརྟག་པ་ལས། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་གྲུབ་བ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟར་ཡིན་ན་མི་རིགས་སོ། །ཞེས་གསུངས་སོ། །དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དུ་མ་དང་བྱེད་པ་པོ་གཅིག་ཏུ་སྨྲ་བ་ནི། རྟག་ཏུ་རིམ་པ་དང་ཅིག་ཅར་དག་ལས་ཞེས་པ་ལ་སོགས་པས་ཚང་མ་ཡིན་པ་ཐམས་ཅད་རྣམ་པར་བཅོམ་པ་ཉིད་དོ། །ཚོགས་པ་ཙམ་ཁོ་ནའི་རིམ་པས་འབྲས་བུ་སྐྱེ་བར་མཐོང་བས་དེའི་ཕྱིར་གང་གི་ཚེ་དངོས་པོ་རྣམས་ཀྱི་སྐྱེ་བ་ལ་ཇི་ལྟ་ཇི་ལྟར་རྣམ་པར་དཔྱད་པ་དེ་ལྟ་དེ་ལྟར་བརྟག་མི་བཟོད་དོ། །འོ་ན་མངོན་སུམ་དུ་རིགས་པའི་སྐྱེ་བ་འདི་ལ་གནོད་པ་ཅི་ལྟ་བུ་ཞེ་ན། བདེན་ཏེ་དེ་ལྟ་མོད་ཀྱི་ངེས་པའི་ཐབས་གང་ཞིག་ཡོད་དེ། གང་གི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པས་བསྒྲུབས་ནས་རྒྱུ་དང་འབྲས་བུའི་དངོས་པོར་བརྗོད་པར་བྱའོ་ཞེའོ། །མངོན་སུམ་དང་རྗེས་སུ་དཔག་པ་ཡང་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་དག་བསྡུས་པ་ཉིད་དུ་འཛིན་པར་བྱེད་པ་ནི་མི་རིགས་ཏེ། དེ་ལ་རྣམ་པ་མེད་པའི་ཕྱོགས་ལ་ནི་རེ་ཞིག་ཡུལ་བྱས་པའི་སྣང་བ་དང་བྲལ་ན་དོན་དུ་འཛིན་པའི་དངོས་པོ་མེད་པས་འདིས་ཤེས་སོ་ཞེས་རྣམ་པར་གཞག་པ་མི་རིགས་སོ། །རྣམ་པ་དང་བཅས་པའི་ཕྱོགས་ལ་ཡང་རྣམ་པའི་དོན་


DTG064_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ལ་ཡང་རྨི་ལམ་ལ་སོགས་པའི་རྐྱེན་རྣམས་ལ་དངོས་པོར་གྱུར་པས་ཁྱབ་པ་མེད་དེ། རི་མིའི་རྣམ་པ་སྦོམ་པོ་དང་གཅིག་པ་སྟེ་རྣམ་པར་ཤེས་པ་མེད་པར་མཚུངས་པ་ཉིད་པས་མི་རིགས་སོ། །དེ་སྐད་དུ། ཤེས་པས་ཡུལ་ནི་འཛིན་པ་ཡི། །རྣམ་པ་མེད་པའང་མི་རིགས་ཏེ། །རྣམ་པ་ཚད་ནི་མེད་པའི་ཕྱིར། །ཅིག་ཤོས་ཀྱང་ནི་རིགས་མ་ཡིན། །ཞེས་སོ། །དེ་ལྟར་ན་ཤེས་པས་ཐབས་གཞན་མངོན་སུམ་དང་རྗེས་སུ་དཔག་པ་ཉིད་དུ་གྱུར་དང་འབྲས་བུ་ཉིད་དུ་གྲུབ་པར་ཐབས་གཞན་རྣམ་པར་དཔྱད་པ་ཡང་དེ་ལྟ་མ་ཡིན་པ་ཉིད་དོ། །དེ་ལ་འདིར་ཚིག་གི་བདག་པོས་སྐྱེ་བ་མེད་པའི་ཆོས་བརྗོད་བྱར་བྱེད་པ་ཉིད་ཀྱིས་འདི་ལ་ཡོད་པས་སྐྱེ་བ་མེད་པའི་ཆོས་ཅན་གྱི་ཚིགས་སུ་བཅད་པའོ། །ཆོས་ཐམས་ཅད་ཚིག་གི་བདག་པོ་འདི་ཡིས་ཞེས་དེ་ལྟར་རྟོགས་པར་བྱའོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཅན་བཅོམ་ལྡན་འདས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དབུ་མ་ལས་གསུངས་པ། དེ་བཞིན་གཤེགས་པའི་རང་བཞིན་གང༌། །དེ་ནི་གང་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། རྟག་སྟེ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་མཚུངས། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་སོ། །སྐྱེ་བ་མེད་པའི་ཆོས་ཅན་ཞེས་པ་ནི་ཉེ་བར་མཚོན་པ་སྟེ། འགག་པ་མེད་པའི་ཆོས་ཅན་ཞེས་ཀྱང་ཐོས་པར་འགྱུར་ཏེ། སྐྱེ་བ་མངོན་དུ་སོང་བ་ལས་འགག་པའོ། །དེ་སྐད་དུ་ཡང༌། གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་འཐད་པར་མི་འགྱུར་ལ། །དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །འགག་པ་འཐད་པར་མི་འགྱུར་རོ། །ཞེས་སོ། །སྐྱེ་བ་དང་འགག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་གནས་པ་ཡང་དོན་དམ་པར་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་གནས་པའི་ཕྱིར་དེ་ལ་མ་སྟོས་པའི་རྒ་ཤིལ་སོགས་པ་ཡང་མེད་


DTG064_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་མེད་པའི་ཕྱིར་འདུས་བྱས་ལ་སོགས་པ་ཐམས་ཅད་ཀྱང་མེད་པར་གསུངས་སོ། །དེ་ལྟར་གྱུར་ན་སྐྱེ་བ་ལ་སོགས་པའི་ཐ་སྙད་ཡོད་པ་འདི་ཅི་ཞེ་ན་བདེན་ཏེ། འོན་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་འགྱུར་ཏེ། དེ་ཡང་སྒྱུ་མ་བཞིན་དུ་དངོས་པོ་རྣམས་དོན་དམ་པར་སྐྱེ་བ་མེད་ཀྱང་ཐ་སྙད་དུ་སྐྱེ་བ་ལ་སོགས་པ་ཇི་ལྟ་བ་དེ་ལྟར་ཐམས་ཅད་དུ་རིག་པར་བྱའོ། །དེ་ལྟར། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་བརྗོད། །ཅེས་སོ། །གང་དེ་ལྟར་ཡང་མེད་པར་གྱུར་པ་དེ་ལ་ནི། འདིར་གཉིས་སུ་མེད་པའི་རང་བཞིན་དང་དེ་ལས་གཞན་པའང་ཅི་ཡང་ཡོད་པ་མ་ཡིན་ནོ། །དེས་ན་འདི་ཁོང་དུ་ཆུད་ཅིང་རིག་པར་སྲིད་པ་གསུམ་གྱི་དངོས་པོ་མ་ལུས་པ་སོ་སོར་སྣང་བ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྒྱུ་མ་ལྟ་བུའི་ཆོས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་ཕྱིར། རྒྱུད་དག་པར་གྱུར་པའི་སོ་སོའི་སྐྱེ་བོ་རྣམས་ཀྱང་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་རིམ་གྱིས་ཤེས་རབ་ཕུལ་དུ་བྱུང་བར་གྱུར་ཏེ། ཤེས་རབ་ཀྱི་འཁོར་ལོ་བསྒོམ་པ་ལ་ཉེ་བར་བརྩོན་བ་རྣམས་ཀྱི་ཕྱིར། གསང་སྔགས་ཀྱི་རྒྱལ་པོ་དྲུག་དང་ལྡན་པའི་ཨ་ཡིག་ལ་སོགས་པའི་ཚིགས་སུ་བཅད་པ་གསུངས་པ། ཨ་ཨཱ་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་མཆོག་པར་བྱེད་པའི་དབྱངས་བཅུ་གཉིས་ཀྱིས་ནི་ཀ་ཡིག་ལ་སོགས་པའི་ངོ་བོ་སུམ་ཅུ་རྩ་བཞི་གསལ་བར་བྱེད་པ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་ཡོངས་སུ་སྣང་བར་བྱེད་པའོ། །དེ་རྣམས་དང་ཡང་དག་པར་ལྡན་པའི་གསང་སྔགས་ཀྱི་ལྷ་རྣམས་ནི་ཤེས་རབ་ཀྱི་འཁོར་ལོར་བསྒོམ་པར་བྱ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་འབྱུང་བའི་རྒྱུར་གྱུར་པའི་ཕྱིར་ཞེས་པ་ངེས་པའོ། །དེ་ལས་དང་ཕ་རོལ་ཏུ་ཕྱིན་པའི་ངེས་པ་སོ་སོར་རྟོགས་པར་བྱ་བའི་དོན་དུ་དབྱངས་བཅུ་གཉིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་ལ་གོམས་པ་རབ་ཀྱི་མཐར་ཕྱིན་པ་ན་རྣམ་པར་སྨིན་པར་གྱུར་པའི་སེམས་ཀྱི་ཁྱད་པར་བཅུ་གཉིས་ནི་ས་རྣམས་ཏེ་ལུང་ལས་བཀླག་པར་བྱའོ། །དེ་ལ་


DTG064_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཞེས་བྱ་བ་ནི་སྐྱེ་བ་མེད་པ་ལ་སོགས་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་རྣམ་པར་ཐར་པའི་སེམས་ཀྱི་རང་བཞིན་མོས་པས་སྤྱོད་པའི་ས་སྟེ། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་སོ་སོར་རྟོགས་པར་བྱེད་ཅིང་རིན་ཆེན་པདྨའི་ཕ་རོལ་ཏུ་ཕྱིན་པ་ཡང་མཚོན་པར་བྱེད་པའོ། །ཨཱ་ཞེས་བྱ་བ་ནི་ཆོས་དང་ཟང་ཟིང་དང་མི་འཇིགས་པའི་མཚན་ཉིད་ཅན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པ་གསལ་བར་བྱེད་ཅིང་རབ་ཏུ་དགའ་བའི་ས་མཚོན་པར་ཡང་བྱེད་དོ། །ཨི་ཞེས་བྱ་བ་ནི་སྐྱེ་བའི་རྟོག་པ་དང་བྲལ་བའི་ཕྱིར་སྡོམ་པ་དང་ཆོས་ཡང་དག་པར་སྡུད་པ་དང་སེམས་ཅན་གྱི་དོན་བྱེད་པའི་མཚན་ཉིད་ཅན་ཚུལ་ཁྲིམས་ཀྱི་ཕྲ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་གསལ་བར་བྱེད་ཅིང་དྲི་མ་མེད་པའི་ས་མཚོན་པར་ཡང་བྱེད་དོ། །ཨཱི་ཞེས་བྱ་བ་ནི་འདིའི་ཡན་ལག་དང་ཉིང་ལག་བཅད་ཀྱང་བཟོད་པར་བྱེད་པས་སྡུག་བསྔལ་ལ་ཇི་མི་སྙམ་པ་དང་གཞན་གྱིས་གནོད་པ་བྱས་པ་ལ་བཟོད་པ་དང་ཆོས་ལ་ངེས་པར་སེམས་པའི་མཚན་ཉིད་ཅན་གྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་སྤྱོད་པ་གསལ་བར་བྱེད་ཅིང་འོད་བྱེད་པའི་ས་མཚོན་པར་ཡང་བྱེད་དོ། །ཨུ་ཞེས་བྱ་བ་ནི་ལུས་དང་ངག་དང་མེས་ཀྱི་རིགས་ཀྱི་ཆོས་ཚོགས་རབ་ཏུ་སྒྲུབ་པ་དང༌། སེམས་ཅན་གྱི་དོན་གྱིས་རྗེས་སུ་བཅིངས་པ་དང༌། སངས་རྒྱས་ཞིང་ཡོངས་སུ་སྦྱོང་བ་སྟེ། རྣམ་པ་གསུམ་ལ་སྤྲོ་བའི་མཚན་ཉིད་ཅན་གྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་གསལ་པར་བྱེད་ཅིང་འོད་འཕྲོ་བ་ཅན་གྱི་ས་མཚོན་པར་ཡང་བྱེད་དོ། །ཨཱུ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལྷག་པ་དང་ཆད་པ་མེད་པའི་ཕྱིར་རོ། །སྐྱོན་དང་བྲལ་བ་དང༌། གནས་པར་བྱེད་པ་དང༌། རྣམ་པར་འབྱོར་པའི་མཚན་ཉིད་རྣམ་པ་གསུམ་དང་ལྡན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་གསལ་པར་བྱེད་ཅིང་ཤིན་ཏུ་སྦྱང་དཀའ་བའི་ས་ཡང་མཚོན་པར་བྱེད་དོ། །ཨེ་ཞེས་བྱ་བ་ནི་མཐའ་གཅིག་ཏུ་རྙོག་པ་མཐའ་དག་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་ཞི་བའོ་ཞེས་ཁྱོད་དུ་ཆུད་དེ། ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་རྣམ་པ་གསུམ་ལ་ལྷག་པར་སྤྱོད་པ་གསལ་བར་བྱེད་ཅིང་མངོན་དུ་གྱུར་པའི་ས་ཡང་མཚོན་པར་བྱེད་དོ། །


DTG064_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཨཻ་ཞེས་བྱ་བ་ནི་མཐའ་གཅིག་ཏུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པའི་ཕྱིར་རང་གི་སྐྱོན་སྤོང་བ་དང༌། སེམས་ཅན་གྱི་དོན་ལ་འཇུག་པ་དང༌། མྱུར་དུ་མངོན་པར་བྱང་ཆུབ་པར་བྱེད་པའི་མཚན་ཉིད་རྣམ་གསུམ་དང་ལྡན་པའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་རབ་ཏུ་རྟོགས་པར་བྱེད་ཅིང་རིང་དུ་སོང་བའི་ས་ཡང་མཚོན་པར་བྱེད་དོ། །ཨོ་ཡིག་ནི་རྣམ་པར་རྟོག་པའི་ཆུ་བོ་ལས་རྒལ་བ་ཉིད་ཀྱི་ཚོགས་རབ་ཏུ་སྒྲུབ་པ་དང༌། སེམས་ཅན་གྱི་དོན་བྱེད་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་སྟེ་མཚན་ཉིད་རྣམ་པ་གསུམ་དང་ལྡན་པའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པ་ནས་མངོན་པར་གསལ་བར་བྱེད་ཅིང་མི་གཡོ་བའི་ས་མཚོན་པར་ཡང་བྱེད་དོ། །ཨཽ་ཡིག་ནི་དཔེ་ལས་འདས་པའི་ཆོས་ཅན་སྨྲ་བ་པོ་ཉིད་ཀྱིས་ལས་ཟློག་པར་བྱེད་པ་དང་ཉོན་མོངས་པ་སྤོང་བར་བྱེད་པ་དང་བདུད་དང་ཕས་ཀྱི་རྒོལ་བ་ཟློག་པར་བྱེད་པའི་མཚན་ཉིད་རྣམ་པ་གསུམ་དང་ལྡན་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པ་ཉིད་འཆད་པར་བྱེད་ཅིང་ས་ལེགས་པའི་བློ་གྲོས་མཚོན་པར་ཡང་བྱེད་དོ། །ཨཾ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སའི་མཐར་སོན་པ་ཉིད་ཀྱིས་རྣམ་པར་རྟོག་པ་མེད་པ་དང་རྣམ་པར་རྟོག་པ་མེད་པའི་མཉམ་པ་ཉིད་ཁོང་དུ་ཆུད་པ་དང༌། སེམས་ཅན་གྱི་དོན་བྱ་བའི་ཐབས་ལ་ལྐོག་ཏུ་མ་གྱུར་པའི་མཚན་ཉིད་རྣམ་པ་གསུམ་དང་ལྡན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་སོན་པ་ཉིད་རྣམ་པར་འབྱེད་པར་བྱེད་ཅིང་ཆོས་ཀྱི་སྤྲིན་གྱིས་མཚོན་པར་ཡང་བྱེད་དོ། །ཨཿཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སྣང་བའི་ངོ་བོ་གཡོ་བ་མེད་ཅིང་མི་ཕྱེད་པ་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་དེ་བཞིན་གཤེགས་པའི་རང་བཞིན་རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་སོན་པ་ལྷག་པར་རྟོགས་པ་ཉིད་ཀྱིས་བྱ་བ་བྱས་པའི་ཕྱིར་སེམས་ཅན་གྱི་དོན་གྱི་བྱ་བ་མཐའ་དག་ལ་ལྷུན་གྱིས་གྲུབ་པས་གསལ་བར་འཇུག་པ་དང༌། ཀུན་དུ་འོད་སངས་རྒྱས་ཀྱི་ས་མཚོན་པར་ཡང་བྱེད་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་བ་བཅུ་གཉིས་རྡང་ས་བཅུ་གཉིས་པོ་རྣམས་ཀྱང་དབྱངས་ཀྱི་ཡི་གེ་བཅུ་གཉིས་པོས་གསལ་བར་བྱེད་


DTG064_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་ཀྱི་འཁོར་ལོར་ཀུན་ནས་ཕྱིའི་མུ་ཁྱུད་ཐམས་ཅད་ལ་ཏེ། དེ་ཡང་ཕྱི་རོལ་དུ་ནི་ཀ་ལ་སོགས་པ་ནས་ཀྵའི་མཐར་ཐུག་པར་སྦྱར་རོ། །དེ་ལ་འཁོར་ལོ་རྩིབས་དྲུག་པའི་ལྟེ་བ་ལ་མུཿཨོཾ་ཞེས་པ་ཡི་གེ་གསུམ་མོ། །ཤར་ལ་སོགས་པའི་རྩིབས་རྣམས་ལ་གཡས་སྐོར་གྱིས་བཛྲ་ཏཱིཀྵྞ་ལ་སོགས་པའི་གསང་སྔས་དྲུག་སྦྱར་བར་བྱའོ། །ཐམས་ཅད་ཀྱང་ཁ་དོག་དཀར་པོ་ལུས་ཐམས་ཅད་སྣང་བར་བྱེད་པ་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསམ་པར་བྱའོ། །རྩིབས་བཅུ་གཉིས་པའི་འཁོར་ལོའི་ལྟེ་བའི་དབུས་སུ་ཨོཾ། དེ་ནས་མདུན་དུ་ཧཱུཾ། རྒྱབ་ཏུ་ཧྲཱིཿ་གཡས་སུ་ཨཾ། གཡོན་དུ་ཨཿཞེས་བྱའོ། །ཤར་ལ་སོགས་པའི་རྩིབས་རྣམས་སུ་རིམ་པས། བཛྲ་ཏཱིཀྵྞཱ་ཡ། དུཿཁ་ཙྪེ་དཱ་ཡ། པྲཛྙཱ་ཡ། ཛྙཱ་ན་ཀཱ་ཡཱ་ཡ། ཝཱ་གཱི་ཤྭ་རཱ་ཡ། ཨ་ར་པ་ཙ་ནཱ་ཡ། བཱ་ར་དཱ་བཛྲཱ་ཡ། ཤཱུ་ནྱ་ཏཱ་གརྦྷཱ་ཡ། ག་གྣོདྡྷ་བཱ་ཡ། ཛྙཱ་ན་སམྦྷ་ཝཱ་ཡ། བུདྡྷ་སམྦྷཱ་ཡ། དྷརྨ་དྷཱ་ཏུ་ཝཱ་གཱི་ཤྭ་རཱ་ཡ་ཞེས་པ་སངས་བཅུ་གཉིས་པོའི་དང་པོར་ཨོ་ཡིག་དང་ན་མཿཞེས་བྱ་བ་མཐར་བསམ་པར་བྱ་སྟེ། འཁོར་ལོ་དེ་རྣམས་ཀྱང་དེ་བཞིན་གཤེགས་པ་ལྔའི་སྙིང་པོ་ཅན་ས་བཅུ་གཉིས་དང་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བསགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སྣང་བའི་ངོ་བོ་དེ་སྙིང་གར་ཟླ་བའི་སྟེང་དུ་རྣམ་པར་བསམས་ལ། དེ་ལས་བྱུང་བའི་དཀར་པོ་དང་དམར་པོ་ལ་སོགས་པའི་འོད་ཀྱི་ཚོགས་འཕྲོ་ཞིང་འཐོན་པ་རྣམས་ཀྱིས་ལུས་ཀྱི་ནང་སྣང་བར་བྱས་ནས་ཕྱི་རོལ་དུ་འཐོན་ཏེ་མཐའ་ཡས་པའི་ནམ་མཁའི་ཁོང་ན་གནས་པའི་བརྟེན་པ་དང་གཡོ་བའི་དངོ་སྤོ་མཐའ་དག་རབ་ཏུ་གསལ་བར་སྣང་བར་བྱས་ཏེ། ཤེས་བྱའི་དཀྱིལ་འཁོར་མཐའ་དག་དྲི་མ་མེད་པའི་མེ་ལོང་གི་དཀྱིལ་འཁོར་ལྟ་བུར་ཤིན་ཏུ་འོད་གསལ་བདག་ཉིད་དུ་བསྒོམས་པས་མྱུར་བ་ཉིད་དུ་ཐམས་ཅད་མཁྱེན་པ་ཉིད་དུ་ཐོབ་པར་འགྱུར་རོ། །དེ་བཞིན་དུ། སྠི་ཏོ་ཧྲྀ་དི་ཛྙཱ་ན་མཱུརྟྟི་ར་ཧམ་བུདྡྷོ་བུདྡྷཱ་ནཱཾ། ཏྱདྷྭ་ཝརྟྟ་ནིཾ། ཞེས་པ་ནི་དུས་གསུམ་པའི་ཡེ་ཤེས་སྣང་བའི་རང་བཞིན་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་ཉིང་ལ་


DTG064_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཞེས་བྱ་བའི་དོན་ཏོ། རྩིབས་བརྒྱད་པའི་འཁོར་ལོའི་ལྟེ་བ་ལ་ཨོཾ། ཤར་ལ་སོགས་པའི་ཕྱོགས་རྣམས་བྱུ། །བ་ཛྲ། ཏཱི། ཀྵྞ། མེ་ལ་སོགས་པའི་མཚམས་རྣམས་སུ། ཝཱ། གཱི་ཤྭ། རཱ། ཡང་རྩིབས་བརྒྱད་པའི་འཁོར་ལོའི་ལྟེ་བ་ལ། ཁཾ། ཕྱོགས་རྣམས་སུ། དུཿ།ཁ། ཙྪེ། དཱ། ཕྱོགས་བྲལ་རྣམས་སུ། མ། ཧཱ། ཝཱ། ཙ། ཡང་རྩིབས་བརྒྱད་པའི་འཁོར་ལོའི་ལྟེ་བ་ལ་དྷཱི། ཕྱོགས་རྣམས་སུ། པྲ། དྙཱ། ཛྙཱ། ན། མཚམས་རྣམས་སུ། ཨ། ན། ནྟ། གཱི། ཡང་རྩིབས་བརྒྱད་པའི་འཁོར་ལོའི་ལྟེ་བ་ལ་ཨོཾ། ཕྱོགས་རྣམས་སུ། ཛྙཱ། ན་ཀཱ། ཡ། ཕྱོགས་བྲལ་རྣམས་སུ། མ། ཧཱ། ཝཱ། དཱི། ཡང་རྩིབས་བརྒྱད་པའི་འཁོར་ལོའི་ལྟེ་བ་ལ། ཨཿཕྱོགྶ་རྣམས་སུ། ཝཱ། གཱི། ཤྭ། ར། མཚམས་རྣམས་སུ། ཝ། དི། སི། ཧཾ། ཡང་རྩིབས་བརྒྱད་པའི་འཁོར་ལོའི་ལྟེ་བ་ལ། ཨ། ཕྱོགས་རྣམས་སུ། ར། པ། ཙ། ན། ཕྱོགས་བྲལ་རྣམས་སུ། ཝ། ཙ། སྤ། ཏི། རྩིབས་བརྒྱད་པའི་འཁོར་ལོ་དྲུག་པོ་དེ་རྣམས་སུ་ཡི་གེ་ཡོད་པ་དེ་རྣམས་ནི་ཤེས་རབ་ལྷ་བར་བསྐྱེད་པའི་ཕྱིར་ཁ་དོག་དཀར་པོར་བསྒོམ་པར་བྱའོ། །། །ད་ནི་གསོལ་བ་བཏབ་པའི་དེ་མ་ཐག་ཏུ་དེ་ལེགས་པར་བསྟན་པར་བྱའོ་ཞེས་པ་ལ་སོགས་པས་མཚན་གྱི་རང་གི་ངོ་བོའི་དོན་ཡང་དག་པར་བརྗོད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་བདེན་པ་གཉིས་ལ་བརྟེན་ཏེ་སྒྱུ་མའི་ཆོས་ཀྱི་ཉེ་བར་བཟུང་ནས་གསུངས་པ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་གྱི་སྒྲ་ནི་ཀུན་དུ་འབྱུང་བར་སྟོན་པའོ། །ཡང་ན་ལན་གྱི་སྐབས་སུ་ཞལ་གྱིས་བཞེས་པ་གང་ཡིན་པ་དེ། དེ་ངེས་པར་བསྟན་པར་བྱའི་ཞེས་པ་སྟེ་དེ་ནི་སྒྲའི་རིམ་པའི་དོན་ཏོ། །དེ་ཉིད་གསུངས་པ། བཅོམ་ལྡན་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ཨ་ཡིག་ལས་བྱུང་ཞེས་པ་ཚིག་གི་དོན་ཏོ། །ཅི་ཉན་ཐོས་ལ་སོགས་པའི་སངས་རྒྱས་ཡིན་ནམ་ཞེས་གསུངས་པ་རྫོགས་པའི་སངས་རྒྱས་ཞེས་པ་སྟེ། ཡང་དག་པར་རྫོགས་སངས་རྒྱས་ཞེས་པའི་དོན་ཏོ། །དེ་ཉིད་གསུངས་པ། བཅོམ་ལྡན་ཞེས་པ་སྟེ། ཇི་སྐད་དུ། ཇི་ལྟར་རྒྱལ་བས་དང་ཕྱུག་སངས། །ཐམས་


DTG064_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འདུལ་ཞིང་འཇོམས་མཛད་པ། །དེ་བཞིན་འདིར་ཡང་ཤེས་བྱ་སྟེ། །དེས་ན་འདི་ནི་བཅོམ་ལྡན་བརྗོད། །ཅེས་སོ། །དེ་ལ་རྒྱལ་བ་ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་པའི་དོན་ཏོ། །ཡང་ན་ཕུང་པོ་ལ་སོགས་པ་བདུད་བཞི་བཅོམ་པ་དང་ལྡན་པས་བཅོམ་ལྡན་ནོ། །ན་ཡིག་ཕྱིས་པ་ནི་ངེས་པའི་ཚིག་ལས་སོ། །དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་རྟོགས་པ་དང་ལྡན་པས་སངས་རྒྱས་སོ། །རྣམ་པ་ཐམས་ཅད་རྣམ་པ་མེད་པར་ཡང་དག་པར་རྟོགས་པ་དང་ལྡན་པས་རྫོགས་པའི་སངས་རྒྱས་ཏེ། བྱེད་པ་པོ་ཉིད་ཀྱི་ཕྱིར་ནི་ཥྵིའི་རྐྱེན་ཅན་ནོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་བུ་དྷི་ལ་བྱེད་པ་པོ་ཉིད་ལ་ནིཥྛཱ་རབ་ཏུ་འགྱུར་བར་གསུངས་ཏེ། རྟག་པ་དང་ནི་ཆད་པ་བྲལ། །མཚོན་བྱ་དང་ནི་མཚན་ཉིད་སྤངས། །གཙོ་བོས་རྨི་ལམ་སྒྱུ་སོགས་བཞིན། །འཁོར་བ་ངེས་པར་རྟོགས་པ་ལགས། །ཞེས་སོ། །ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ལ་སོགས་པས་དངོས་པོའི་ཆོས་རྣམས་སྐྱེས་བ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ས་བོན་ལས་ཨ་ཡིག་མི་འགྱུར་བ་ཉིད་རྫོགས་པའི་ཕྱིར་ཀུན་རྫོབ་ཏུ་ཨ་ཡིག་ལས་བྱུང་བའོ། །དོན་དམ་པར་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བཅོམ་ལྡན་འདས་ཨ་ཡིག་ལས་མ་བྱུང་བ་ཉིད་དུ་བྱུང་བར་ཤེས་པར་བྱ་ཞིང༌། དེས་ཉེ་བར་མཚོན་ནས་ཆོས་ཐམས་ཅད་ཀྱང་ཡིག་ལས་བྱུང་བའོ་ཞེས་རྟོགས་པར་བྱ་སྟེ། དེ་རྣམས་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དེ་བཞིན་གཤེགས་པའི་རང་བཞིན་གང༌། །འགོ་བ་དེ་ཡི་རང་བཞིན་དེ། །ཞེས་པ་ལ་སོགས་པའོ། །དེ་ཡི་གེ་དུ་མ་ལས་བྱུང་ཡང་ཨ་ཡིག་གཙོ་བོར་བྱས་པའི་ཕྱིར་གསུངས་པ། ཨ་ཡིག་ཅེས་པ་ལོགས་པ་སྟེ། ཅི་ལྟར་ཡིག་འབྲུ་ཀུན་གྱི་མཆོག་ཡིན་ཞེ་ན་གསུངས་པ། ཡི་གེ་དམ་པ་ཞེས་པ་སྟེ། འདི་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་དམ་པའོ། །ཆོས་ཀྱི་དབྱིངས་མི་འགྱུར་བའི་རང་བཞིན་ཡིན་པའི་ཕྱིར་ཡི་གེའོ། །འགྱུར་བ་མེད་པའི་མཆོག་ཆོས་ཀྱི་སྐུ་ལ་དེ་ལྟར་བཤད་དོ། །དེ་ལས་ཀྱང་སེམས་ཅན་གྱི་ཕུང་པོ་ཆེན་པོའི་དོན་འབྱུང་བས་ན་དོན་ཆེན་ཏེ།


DTG064_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཆེན་པོ་ཡང་ཡིན་ལ་ཆོས་ཀྱི་སྐུ་བདག་པོར་གྱུར་བ་ཉིད་ཀྱང་ཡིན་པས་སེམས་ཅན་རྣམས་ཀྱི་དོན་ཕུན་སུམ་ཚོགས་པའོ། །དེ་ཉིད་ཀྱང༌། འགྲོ་རྣམས་ཞི་བའི་ལས་རྣམས་ནི། །ཞེས་པ་ལ་སོགས་པ་མགོན་པོ་བྱམས་པས་མངོན་པར་རྟོགས་པའི་རྒྱན་དུ་རྒྱ་ཆེར་གསུངས་ཏེ། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉིད་ཤུ་དུན་དུ་བཞེད། །ཅེས་པ་ཕྲིན་ལས་རྣམ་པ་ཉི་ཤུ་རྩ་བདུན་པོ་དེ་ཡང་རྟོགས་པར་བྱས་ཏེ། འདིར་ནི་མངས་པ་འཇིགས་པའི་ཕྱིར་མི་བྲིའོ། །དོན་ཆེན་པོ་དེ་གསལ་བར་བྱེད་པའི་ཕྱིར་ཨ་ཡིག་ཀྱང་དོན་ཆེན་པོའོ། །སྔགས་ཀྱི་ཚུལ་ལ་ནི་ཨ་ཡིག་ཅེས་པ་མི་བསྐྱོད་པ་དང་འོད་དཔག་མེད་དོ། །ཁ་དོག་ཀུན་གྱི་མཆོག་ཅེས་པ་ལ། དཀར་པོ་དང་ནག་པོ་ལ་སོགས་པའི་ཁ་དོག་ཐམས་ཅད་ཀྱི་མཆོག་ནི་སྣ་ཚོགས་ཡིན་པའི་ཕྱིར་ཁ་དོག་ཀུན་གྱི་མཆོག་ནི་དོན་ཡོད་གྲུབ་པའོ། །དོན་ཆེན་ནི་རིན་ཆེན་འབྱུང་ལྡན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་པོ་གང་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཆང་བ་ནི་རིན་ཆེན་འབྱུང་ལྡན་ཡིན་པའི་ཕྱིར་ཞེས་པའོ། །ཡི་གེ་དམ་པ་ཞེས་པ་ནི་རྣམ་པར་སྣང་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ཉིད་ཡི་གེ་མེད་པས་ན་ཞེས་སྦྱར་ཏེ་སངས་རྒྱས་ལྔའི་བདག་ཉིད་ཅན་ནོ། །དེ་ཉིད་ཅེས་པ་སྦྱར་ཏེ། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་མཆོག་ཏུ་མི་འགྱུར་བ། །དེ་ཉིད་ཀུན་ལ་ཁྱབ་པ་པོ། །དེ་ནི་ལུས་ཅན་ཀུན་ལ་གནས། །ཞེས་པའི་རིགས་པས་ཀུན་ལ་གནས་ཞེས་པའི་རིགས་པས་གཉིས་སུ་མེད་པའི་ངེས་ཤེས་ཀྱི་རང་བཞིན་ཉིད་ཀྱི་སྲོག་ཆེན་པོའོ། །སྔར་གསུངས་པའི་རིགས་པས་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཨ་ཡིག་ནི་སྐྱེ་བ་མེད་པ་ཡིན་ལ། དེ་ལས་བྱུང་བའི་ཕྱིར་བཅོམ་ལྡན་འདས་ཀྱང་སྐྱེ་བ་མེད་པའོ། །དེ་ཉིད་ཀྱིས་ན། དངོས་མེད་ལས་བྱུང་ཁྱོད་ལ་འདུད། །ཅེས་པའོ། །དེ་ལྟར་སྐྱེ་བ་མེད་པ་ལ་གནས་པ་དང་འགྲོ་བ་དང་འོང་བ་རྣམས་ཟད་ཅིང་བྲལ་ཏེ་རྣམ་པར་རྟོག་པས་རྣམ་པར་དབྱེར་དུ་མེད་པའི་ཕྱིར་ཚིག་ཏུ་བརྗོད་པ་སྤངས་པའོ། །དེ་ལྟ་ན་ཡང༌། སེམས་ཅན་བསམ་པའི་དབང་གིས་ན། །དེ་ལ་བདག་པོ་ཡོད་མིན་ཡང༌། །ཇི་ལྟར་འདོད་པ་རྩིག་པ་


DTG064_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །རྣམ་ལས་ཀྱང་ནི་ཆོས་སྟོན་འབྱུང༌། །ཞེས་པའི་རིག་པས་སོ། །བརྗོད་པ་ཀུན་གྱི་རྒྱུའི་མཆོག་སྟེ་རང་བཞིན་ལ་སོགས་པའི་ཚུལ་ལུགས་མངོན་པར་བརྗོད་པ་རྣམས་ཀྱི་རྒྱུར་གྱུར་པ་ཡང་ཡིན་ལ། གཙོ་བོར་གྱུར་པས་མཆོག་ཀྱང་ཡིན་ཏེ་རྗེ་བཙུན་ནི་བརྗོད་པ་ཀུན་གྱི་རྒུའི་མཆོག་སྟེ་འབྲས་བུའི་རང་བཞིན་ཉིད་དུ་གསུངས་པའོ། །ཚིག་ཀུན་ཞེས་པ་ལ་སོགས་པ་ལ། འགྲོ་བ་དྲུག་གི་སེམས་ཅན་དང་འབྲེལ་པའི་ཕྱིར་ཀུན་ཀྱང་ཡིན་ལ་གསུང་རྡོ་རྗེའི་རང་བཞིན་ཡང་ཡིན་པའི་ཚིག་ཅེས་པ་ནི་ཚིག་ཀུན་ནོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཤེས་རབ་ཀྱི་སྣང་བ་ཐམས་ཅད་དུ་འཕྲོ་བའི་ཕྱིར་རབ་ཏུ་གསལ་བར་བྱེད་པའོ། །ཡང་ན་ཚིག་ཀུན་ནི་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པའི་སྐད་རྣམས་ཀྱིས་ཆོས་ཡོངས་སུ་སྟོན་པའི་ཕྱིར་བར་བྱེད་པས་ན་ཤིན་ཏུ་གསལ་བའི་དང་ཚུལ་དང་ལྡན་པའི་ཕྱིར། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་ཚིག་གཅིག་ཏུ་བྱའོ། །གང་སྲོག་ཆེན་པོ་ཞེས་པ་ཨ་ཡིག་ལས་བྱུང་བ་ཉིད་དུ་འགའ་ཞིག་འཆད་པར་བྱེད་པ་དེ་ནི་མ་ཡིན་ཏེ། ཡང་དག་ཅེས་པས་གཞན་པའོ། །གང་གི་ཕྱིར་བཅོམ་ལྡན་འདས་ཨ་ཡིག་ལས་བྱུང་བར་བསྟན་པ་དེ་ལྟར་རྗེ་བཙུན་ལ་ཡང་ཐོས་སོ་ཞེས་སོ། །ད་ནི་ཉོན་མོངས་པའི་བདག་ཉིད་ཀྱང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ཀྱི་ཡན་ལ་གཉིད་ཀྱིས་བདག་ཉིད་ཆེན་པོར་སྟོན་པར་མཛད་པ་ནི་མཆོད་པ་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། མཆོད་པའི་སྒྲ་ནི་སྒོ་བའི་དོན་ཏོ། །དེ་ཡང་དགའ་སྟོན་ལ་རང་གི་འདོད་པ་བཞིན་འཇུག་པ་སྟེ། ཇི་ལྟར་འདོད་པ་འཕེལ་ཞིང་རྒྱས་པ་ཉིད་དོ་ཞེས་པའི་བར་རོ། །མཆོད་པ་ཆེན་པོ་གང་ཡིན་པ་དེ་ཡང་འདི་ཡིན་ལ་འདོད་ཆགས་ཆེན་པོ་ཡང་ཡིན་པས་ན་མཆོད་པ་ཆེན་པོ་འདོད་ཆགས་ཆེའོ། །མཐར་ཕྱིན་པའི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབས་པ་ཉིད་ནི་འདོད་ཆགས་ཆེན་པོ་ཞེས་པའི་དོན་ཏོ། །འོ་ན་ལྷ་ཆེན་པོ་ཡང་འདོད་ཆགས་ཆེན་པོ་ཡིན་ཏེ། དེའི་ལྷའི་ལོ་སྟོང་དུ་འཁྲིག་པ་ཆེན་པོ་བསྟེན་པ་ལ་ཞུགས་པའི་ཕྱིར་རོ། །དེས་ན་མངོན་པར་རྟོགས་པ་འདི་ཅི་ཞེ་ན་གསུངས་པ། སེམས་ཅན་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ་སེམས་ཅན་ཐམས་ཅད་འཁོར་བའི་རྒྱུར་གྱུར་པའི་གཟུགས་


DTG064_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་དགའ་བ་ལས་བྱུང་ནས། ཟག་པ་མེད་པ་རྒྱུན་མི་འཆད་ཅིང་ཕུལ་དུ་བྱུང་བའི་མཆོག་ཏུ་དགའ་བའི་རང་བཞིན་གྱིས་དགའ་བར་བྱེད་པས་ན། སེམས་ཅན་ཐམས་ཅད་དགའ་བར་བྱེད་པའོ། །ལྷ་ཆེན་པོ་ནི་དེ་ལྟ་བུ་མ་ཡིན་ཏེ་དགའ་བ་སྐྱེད་པའི་དེ་ཁོ་ན་ཉིད་ཡོངས་སུམ་ཤེས་པའི་ཕྱིར་རོ། །གཽ་རཱི་གཅིག་པུ་ཡང་དགའ་བར་བྱེད་མ་ནུས་ཞེས་པའོ། །འདིས་ནི་འདི་སྐད་སྟོན་པར་ཡང་འགྱུར་ཏེ། ཅིག་ཅར་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་རྡུལ་ཕྲ་རབ་སོ་སོར་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་ནང་དུ་ཆུད་པའི་མཆོད་པ་ཆེན་པོའི་བཀོད་པའི་རང་བཞིན་སྤྱན་མ་ལ་སོགས་པའི་ལྷ་མོའི་ཆུ་སྐྱེས་སུ་ཡང་དག་པར་ཞུགས་པའི་རྡོ་རྗེ་ཀུན་དུ་རེག་པ་ལས་སྐྱེས་པ་རྒྱུན་མི་འཆད་ཅིང་མཆོད་ཏུ་དགའ་བའི་བདེ་བ་ཆེན་པོས་དགའ་བར་བྱེད་པས་ན། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་སོ། །དེ་ལ་སེམས་ཅན་ཐམས་ཅད་དབང་དུ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དང་པོ་སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧོ་ཡིག་ལས་བྱུང་བའི་མདའ་ལས་གྲུབ་པ་བདག་ཉིད་འདོད་ཆགས་ཆེན་པོའི་གཟུགས་དམར་སེར་སྒེག་པའི་ཉམས་དང༌། ལྡན་པ། རོལ་པའི་སྟོབས་ཀྱིས་གནས་པ། ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་དང་པོ་དམར་སེར། གཡས་པ་གུར་གུ་མ་ལྟར་དམར་བ། རྒྱབ་ཞལ་པདྨ་ལྟར་དམར་བ། གཡོན་པ་དམར་སེར། ཕྱག་གཉིས་ན་མདའ་དང་གཞུ་བསྣམས་པ། གཞན་པ་གཉིས་ཀྱིས་ཞགས་པ་དང་ལྕགས་ཀྱུ་འཛིན་པ། དེ་བཞིན་དུ་གཞན་གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང་རལ་གྲི་འཛིན་པ། ཡང་གཞན་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྣམ་པར་བསམས་ལ། ཅོད་པན་གྱི་རྩེ་བྲན་ལས་བྱུང་བའི་འོད་ཟེར་རྣམས་སྟེང་དུ་སོང་སྟེ་སྣང་བར་བྱེད་པས་ཤས་ཆེར་ཆགས་ཤིང་ལས་ཀྱིས་འདུད་པར་ཡང་དག་པར་བལྟ་བར་བྱ་ཞིང༌། དེ་བཞིན་དུ་ཤར་དང་ལྷོ་དང་ནུབ་དང་བྱང་དང་འོག་གི་ཕྱོགས་རྣམ་པར་གནས་པ་རྣམས་ལ་ཞལ་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་ཞབས་ཀྱི་འོད་ཟེར་རྣམས་ཀྱིས་ཀུན་དུ་གང་ཞིང་རྗེས་སུ་གང་བར་བྱས་ནས། རང་གི་དབང་


DTG064_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པ་ལས་བཞག་པར་ཡིད་ཀྱིས་བསམས་ནས། བར་བར་དུ་སྔགས་བཟླས་པར་བྱས་ཏེ་དེ་ལ་སངས་ནི་འདི་ཡིན་ནོ། ཨོཾ་མ་ཧཱ་རཱ་བཛྲ་རཱ་ག་ཡ་སརྦྦ་སཏྭཱ་ན་ཧོ། དེ་ལས་དེས་པའི་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ་ཞེས་ངེས་པའི་བློ་དང་ལྡན་པས་རྗེ་བཙུན་འཇམ་དཔལ་གྱི་འདོད་ཆགས་ཆེན་པོའི་སྐུ་བསྒོམ་པར་བྱའོ། །ཡང་ན་མཆོད་པ་ཞེས་པ་ཤེས་རབ་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཆེན་པོར་གྱུར་པས་ན་ཆེན་པོ་གང་ཡིན་པ་དེ་ནི་མཆོད་པ་ཆེན་པོའོ། །སེམས་ཅན་ཐམས་ཅད་ཀུན་དུ་ཞེན་པ་ཆེན་པོ་ལས་མངོན་པར་འབྱིན་པའི་མཚན་ཉིད་ཅན་གྱི་སྙིང་རྗེས་ཀུན་དུ་ཆགས་པ་གང་ཡིན་པ་དེ་ནི་འདོད་ཆགས་ཆེན་པོའོ། །མཆོད་པ་ཆེན་པོ་གང་འདི་ཡིན་ལ་འདོད་ཆགས་ཆེན་པོ་ཡང་ཡིན་པས་དེ་ལྟར་བཤད་དེ། འདོད་ཆགས་ཆེན་པོས་ཉེ་བར་ཆགས་པ་སྙིང་རྗེ་དང་ཤེས་རབ་ཀྱི་རང་བཞིན་གྱི་སྐུ་ཞེས་པའི་དོན་ཏོ། །དེའི་ཕྱིར། སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པ་ཉེ་བར་ཐོབ་པོ། །དེ་བཞིན་དུ། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེས་པ་ལ་སོགས་པ་འཆད་པར་འགྱུར་བ་བཤད་པར་བྱ་ཞིང་ཁྱད་པར་དག་ཀྱང་བརྗོད་པར་བྱའོ། །ཞེས་སྡང་ཆེ་ནི་ཁྱབ་འཇུག་སྟེ། དེ་ཡང་ཞེ་སྡང་གི་དབང་དུ་གྱུར་པས་ལྷ་མ་ཡིན་ཐམས་ཅད་གསོད་པར་བྱེད་བྱེད་པས་རང་གི་སེམས་ཀྱི་ཉོན་མོངས་པ་མེད་པར་ནི་བྱ་མི་ནུས་སོ། །རྗེ་བཙུན་ནི། མཆོད་པ་ཆེན་པོ་ཞེས་སྡང་ཆེ་བ་ཡིན་པའི་ཕྱིར་གཞན་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པ་ཀུན་གྱི་དགྲ་ཆེན་པོའོ། །དེ་ལ་ཞེ་སྡང་ནི་སྙིང་རྗེ་ཆེན་པོ་མི་བསྐྱོད་པའི་གཟུགས་ཅན་གྱི་རྗེ་བཙུན་རྡོ་རྗེ་རྣོན་པོ་ཡིན་ཏེ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ལས་ཀྱེས་པའི་རྡོ་རྗེ་ལས་བྱུང་བའི་སྐུ་མདོག་ནག་པོ་ཞལ་བཞི་ཕྱག་བརྒྱད་པ། ཞལ་དང་པོ་ཁྲོ་བ་དང་བཅས་ཤིང་སྒེག་པ་ནག་པོའོ། །གཡས་པ་དྲག་པོ་སྟེ་ཞལ་གདངས་པ་སེར་པོའོ། །གཡོན་པ་འཇིགས་སུ་རང་བ་སྟེ་མཆེ་བས་མ་མཆུའི་སྒྲོས་མནན་པ་སྔོ་བསངས་སོ། །རྒྱབ་ཞལ་དཔའ་བ་སྟེ་གདུག་པ་ཅན་སྐྲག་པར་བྱེད་པ་དམར་པོའོ། །ཕྱག་གཡས་པ་རྣམས་ན་རལ་གྲི་དང་རྡོ་རྗེ་དང་མདའ་དང་ལྕགས་ཀྱུ་བསྣམས་པ། གཡོན་པ་རྣམས་ཀྱིས་གདུག་པ་


DTG064_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་པར་བྱེད་པ་དང་དྲིལ་བུ་དང་གཞུ་དང་གཞུ་དང་ཞགས་པ་བསྣམས་པ། གཡོན་བརྐྱང་བའི་གནས་པས་བཞུགས་པ། བ་སྤུའི་ཁུང་བུ་ཐམས་ཅད་ནས་ངེས་པར་འཐོན་པའི་རྡོ་རྗེ་མེ་ལྟར་འབར་བའི་རྩེ་མོ་རྣམས་ཀུན་དུ་འབར་བས་ཁམས་གསུམ་པ་མེས་བཀྲུ་བའི་གོས་བཞིན་དུ་རྣམ་པར་སྦྱངས་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་ངེས་པར་སྦྱར་བར་བསྒོམ་པར་བྱའོ། །གཏི་མུག་ཆེ་བ་ནི་ཚངས་པ་སྟེ། གཏི་མུག་ལས་སྐྱེས་པ་སྟེ་སྲོག་ཆགས་ལ་འཚོ་བ་དང་ལྡན་པའི་མཆོད་སྦྱིན་ཉེ་བར་བསྟན་པའོ། །བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ནི་སྔ་མ་བཞིན་དུ་མཆོད་པ་ཆེན་པོ་གཏི་མུག་ཆེ་བ་སྟེ། རྣམ་པར་དཔྱད་ན་ཆོས་ཐམས་ཅད་རང་བཞིན་མེད་པར་མ་རྟོགས་པའི་ངོ་བོ་དེ་ལྟར་གྱུར་པ་ནི་གཏི་མུག་གི་རང་བཞིན་ཡིན་པའི་ཕྱིར་གཏི་མུག་གི་བློའོ། །གཏི་མུག་སེལ་བ་ནི་མི་ཤེས་པ་དང་ལོག་པར་ཤེས་པའི་གཏི་མུག་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་གང་ཡིན་པ་དེ་ཆོས་བདག་མེད་པར་ཁོང་དུ་ཆུད་ཅིང་སེལ་བར་བྱེད་ཅིང་ཟད་པར་བྱེད་པས་ན་གཏི་མུག་བློ་སྟེ་གཏི་མུག་སེལ་བའོ། །གཏི་མུག་བློ་ཞེས་ཀློག་པར་གྱུར་བ་ལ་ཁྱད་པར་ནི་ཆོས་ཐམས་ཅད་རྟོགས་པ་ནི་གཏི་མུག་བློ་སྟེ་གཏི་མུག་སེལ་བ་ཉིད་དོ། །དེ་ཡང་རྣམ་པར་སྣང་མཛད་ཆེན་པོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཡིག་ལས་སྐྱེས་པའི་འཁོར་ལོ་ལས་གྲུབ་པ་གསེར་གྱི་མདོག་ཅན་ཞལ་བཞི་ཕྱག་བརྒྱད་པ། ཞལ་དང་པོ་གསེར་མདོག །གཡས་ནག་པ། གཡོན་སེར་བ། རྒྱབ་ཞལ་དམར་པོའོ། །ཕྱག་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། གཡས་པ་རྣམས་ཀྱིས་རྡོ་རྗེ་དང་མདའ་དང་རལ་གྲི་འཛིན་པ། གཡོན་པ་རྣམས་ཀྱིས་དྲིལ་བུ་དང་གཞུ་དང་ཞགས་པ་འཛིན་པ། རྡོ་རྗེ་སྐྱིལ་དྲུང་གིས་བཞུགས་པ། བ་སྤུའི་བུ་གནས་འཐོན་པའི་བཞིན་གཤེགས་པའི་འོད་ཟེར་རྣམས་ཀྱི་ས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་མི་ཤེས་པའི་མུན་པ་བསལ་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་གཞག་པར་བསམ་པར་བྱའོ། །ཁྲོ་བ་ཆེ་ནི་ཉི་མ་ལ་སོགས་པའི་གཟའ་རྣམས་དང་ཀླུ་ལ་སོགས་པའི་སེམས་ཅན་རྣམས་ལ་འཁུ་བ་རྣམས་སོ། །བཅོམ་ལྡན་འདས་རྡོ་རྗེའི་བློ་ནི་སྔ་མ་བཞིན་དུ་ཟག་པ་མེད་པའི་མཆོད་པ་ཆེན་པོ་སྟེ། སྙིང་རྗེ་ཆེན་པོ་


DTG064_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཁྲོ་བོའི་རང་བཞིན་ཡིན་པའི་ཕྱིར་ཁྲོ་བ་ཆེན་པོའི་སྒྲའོ། །དེ་ནི་སེམས་ཀྱི་རྒྱུད་དུ་གཏོགས་པའི་ཟག་པ་དང་བཅས་པའི་ཁྲོ་བ་བག་ཆགས་དང་བཅས་པ་དྲངས་ནས་འབྱིན་ཅིང་འཇིགས་པར་བྱེད་པའི་ཕྱིར་དེ་ཉིད་ཀྱང་འདི་ཡིན་ལ་འཇིགས་བྱེད་ཅེ་ན་པོ་ལ་སོགས་པ་ལས་ཕུལ་དུ་བྱུང་བའི་ཕྱིར་ཆེན་པོའོ། །ཁྲོ་བ་ཆེན་པོ་དེ་ཡང་དོན་ཡོད་གྲུབ་པ་ཉི་མའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ལས་སྐྱེས་པ་ཞལ་བཞི་ཕྱག་བརྒྱད་པ། ཞལ་དང་པོ་མཆེ་བ་གཙིགས་པ། མདོག་ལྗང་གུ་གཡས་སེར་པོ། གཡོན་དཀར་པོ། རྒྱབ་དམར་པོ། ཕྱག་གཡས་པ་རྣམས་ཀྱིས་རལ་གྲི་དང་རྡོ་རྗེ་དང་མདའ་དང་ལྕགས་ཀྱུ་བསྣམས་པ། གཡོན་པ་རྣམས་ཀྱིས་གདུག་པ་སྡིགས་པར་མཛད་པ་དང་དྲིལ་བུ་དང་གཞུ་དང་ཞགས་པ་བསྣམས་པ། གཡོན་བརྐྱང་བའི་གནས་པས་བཞུགས་པ། བ་སྤུའི་ཁུང་བུ་ཐམས་ཅད་ནས་ཕྱུང་བའི་ཁོ་བོ་འབར་བ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པ་ཁྲོ་བ་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་ནས་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་བཞག་པར་བསམ་པར་བྱའོ། །དེ་བཞིན་དུ་ང་དང་ང་ཡི་ཞེས་བྱ་བ་དང་བདག་དང་བདག་གིར་གང་ཤིན་ཏུ་ཆགས་པའི་རང་བཞིན་ནི་སེམས་ཅན་རྣམས་ཀྱི་ཆགས་པ་ཐམས་ཅད་དོ། །ཆགས་པ་བག་ཆགས་དང་བཅས་པ་དེ་ཐམས་ཅད་མཆོད་པ་ཆེན་པོ་ཆགས་པ་ཆེ་བ་ཉིད་ཀྱིས་སེལ་བར་བྱེད་པ་ནི་བཅོམ་ལྡན་འདས་ཏེ། དེ་ཉིད་ཀྱི་ཕྱིར་འདིར་ཡང་ཆེན་པོ་ཞེས་སྦྱར་ཏེ། དེ་ཡང་འདི་ལྟར་འགྱུར་ཏེ། ཆགས་པ་ཆེན་པོ་ནི་རིན་ཆེན་འབྱུང་ལྡན་ཏྲཱཾ་ཡིག་ལས་སྐྱེས་པའི་རིན་པོ་ཆ་ཆ་བརྒྱ་པ་ལས་གྲུབ་པ། ཞལ་བཞི་ཕྱག་བརྒྱད་པ་ཞལ་གྱི་དབྱེ་བ་སེར་པོ་དང་ནག་པོ་དང་དཀར་པོ་དང་དམར་པོའོ། །གཡས་པ་དང་ཅིག་ཤོས་ཀྱི་ཕྱག་རྣམས་ན་རྡོ་རྗེ་དང་རལ་གྲི་དང་མདའ་དང་གཞུ་ལྕགས་ཀྱུ་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་དྲིལ་བུ་དང་གཞུ་དང་ཞགས་པ་བསྣམས་པ། རྒྱལ་པོའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། བ་སྤུའི་བུ་ག་ཐམས་ཅད་ནས་ངེས་པར་འཐོན་པའི་རིན་ཆེན་འབྱུང་ལྡན་གྱི་སྤྲིན་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་སྦམ་པ་རྫོགས་པར་མཛད་ཅིང་རིན་པོ་ཆེ་ལ་སོགས་པའི་ཆར་ཕབ་


DTG064_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆགས་པའི་སྡུག་བསྔལ་ཞི་བར་མཛད་དེ། དེ་རྣམས་སངས་རྒྱས་ཉིད་ལ་ངེས་པར་སྦྱར་བར་བསམ་པར་བྱའོ། །འདིས་ནི་འདོད་ཆགས་དང་ཞེས་སྡང་དང་གཏི་མུག་དང་ཁྲོ་བ་དང་ཆགས་པ་རྣམས་དམིགས་པ་མེད་པའི་བ་རྩེ་བ་ཆེན་པོའི་བདག་ཉིད་དུ་ཉེ་བར་བསྒྱུར་ནས་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་ཐབས་ཆེན་པོ་དང་ལྡན་པའི་རྡོ་རྗེ་འཆང་འཇམ་དཔལ་གྱི་སྐུ་ཉིད་སྣ་ཚོགས་གཟུགས་ཅན་དོན་ཐམས་ཅད་མཛད་པའོ་ཞེས་བསྟན་ཏོ། །འདི་ཉིད་ཀྱི་ཕྱིར། ཐབས་ཆེན་རིགས་པ་རྣམས་ལ་ནི། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་པས། །དེ་ཕྱིར་བདག་ཉིད་བསམ་མི་ཁྱབ། །ཅེས་པའི་གསུང་ལས་དེ་བཞིན་གཤེགས་པ་ང་རྒྱལ་གྱིས་སྒྱུ་མ་ལྟ་བུར་ལྷག་པར་མོས་པས་འདོད་ཆགས་ལ་སོགས་པ་བསྟན་པ་ནི་སྔགས་ཀྱི་ཚུལ་འགལ་བ་མེད་དོ་ཞེས་བསྟན་ཏོ། །ད་ནི་ཡིད་ཀྱི་ཆོས་ཉིད་ཀྱིས་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་དཔལ་གྱི་ཁྱད་པར་བཤད་པར་བྱ་སྟེ། འདོད་པ་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད་ལ་འགོད་པའི་བཞེད་པ་གང་ལ་ཡོད་པ་དེ་འདོད་པ་ཆེན་པོ་སྟེ་འདོད་པ་གང་ཡིན་པའོ། །ཡང་ན་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་རང་བཞིན་ཉིད་ཀྱིས་སངས་རྒྱས་གྱུར་པའི་ཕྱིར་འདོད་པ་ཡང་འདི་ཡིན་ལ་ཆེན་པོ་ཡང་འདི་ཡིན་པས་ཞེས་སྦྱར་ཏེ། གཟུགས་ལ་སོགས་པས་འདོད་པ་ཆེན་པོ་ལྔ་གང་ཡིན་པ་དེ་འདོད་པ་ཆེན་པོའོ། །དེའི་བདག་ཉིད་ཀྱིས་ན་བདེ་བ་ཆེན་པོའོ། །ཡང་ན་གང་ལས་སེམས་ཅན་རྣམས་ལས་བདེ་བ་ཆེན་པོ་སྟེ། ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་རབ་ཏུ་འགྲོ་བ་དེ་ལྟ་དེ་ལྟར་ཕྱི་ཕྱིར་རབ་ཏུ་དགའ་བའི་རང་བཞིན་གྱི་ཕྱིར་དགའ་བ་ཆེན་པོའོ། །ཡང་ན་དགའ་བ་ཆེན་པོ་གང་ཡིན་པ་དེ་ཞེས་འབྱེད་པའི་ཚིག་རྣམ་པར་སྦྱར་རོ། །དེ་ཉིད་ཀྱི་ཕྱིར་དགའ་བ་དང་ཡིད་བདེ་བ་ཆེན་པོའི་མཚན་ཉིད་འཛིན་པའི་རང་བཞིན་གྱི་ཕྱིར་མགུ་བ་ཆེན་པོའོ། །ཡང་ན་ཆེན་པོར་གྱུར་པ་གང་ཡིན་པ་དེ་ལ་དེ་ལྟར་བཤད་དོ། །ཡང་ན་འདོད་པ་ཆེན་པོ་ནི་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་གྱིས་ལྷ་མོ་རྣམས་ལ་འདོད་པར་རོལ་པའོ། །འདི་རྣམས་ཉིད་དང་ལྷན་ཅིག་ཨེ་མ་


DTG064_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་གནས་སྐབས་བྱང་ཆུབ་སེམས་ཀྱི་དབང་ནི་བདེ་བ་ཆེན་པོའི་ཚུལ་གྱིས་བདེ་བ་ཆེའོ། །ཨཪྵཱི་ད་དྭཱི་ད་ཙ། རང་ཉིད་དགའ་བ་ཆེན་པོའི་རང་བཞིན་གྱི་ཕྱིར་དེ་རྣམས་ཀྱང་དེའི་བདག་ཉིད་དུ་གྱུར་པས་དགའ་བ་ཆེན་པོའོ། །དགའ་བ་དང་བདེ་བ་ཉིད་རྒྱུན་མི་འཆད་ཅིང་བར་མཚམས་མེད་པས་མགུ་བ་ཆེའོ། །ད་ནི་སྐུ་ལ་སོགས་པའི་སྒོ་ནས་ཁྱད་པར་དུ་བྱ་སྟེ། གཟུགས་ཆེ་ཞེས་པ་ལ་སོགས་པ་ལ་གཟུགས་མེད་ཀྱང་གཟུགས་ཀྱིས་འདུལ་བའི་སེམས་ཅན་གྱི་བསམ་པའི་དོན་དུ་སྤྲུལ་པ་མཛད་པའི་ཕྱིར་ཐམས་ཅད་ལས་ཕུལ་དུ་བྱུང་བའི་གཟུགས་ཀྱི་རྣམ་པ་ཆེན་པོ་ཤིན་ཏུ་མཛེས་པ་ཡིན་པ་དེ་ནི་གཟུགས་ཆེ་བའོ། །མཚན་དང་དཔེ་བྱད་འབར་བའི་སྤྲུལ་པ་ནི་ལྷ་ལ་སོགས་པ་རྣམས་ལས་ཀྱང་ལུས་ཆེ་ཞིང་ཐམས་ཅད་དུ་ཁྱབ་པའི་ཕྱིར་ལུས་ཆེ་བའོ། །ཁ་དོག་མེད་ཀྱང་དཀར་པོ་དང་ནག་པོ་དང་དམར་པོ་ལ་སོགས་པ་སྣ་ཚོགས་པའི་ཁ་དོག་གི་རང་བཞིན་དུ་སྣང་བར་བྱེད་པའི་ཕྱིར་ཁ་དོག་ཆེ་བའོ། །ཐམས་ཅད་ཟིལ་གྱིས་གནོན་ཅིང་རྒྱུ་ལས་མཛེས་པའི་སྐུ་ཆེན་པོ་འཕྲོ་བར་མཛད་པས་ལུས་བོང་ཆེ་བའོ། །འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་རྣམས་སུ་འཇིག་རྟེན་ཐམས་ཅད་དང་རྗེས་སུ་མཐུན་པའི་སྐད་དང་མིང་དང་བརྡ་སྣ་ཚོགས་སྟོན་པར་མཛད་པའི་ཕྱིར་མིང་ཆེ་བའོ། །ཤེས་རབ་ཆེན་པོ་རྒྱ་ཆེ་ཞིང་ཡངས་པའི་ཕྱིར་རྒྱ་ཆེ་བའོ། །དེ་ཉིད་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་ཕྱིར་དཀྱིལ་འཁོར་ཆེན་པོ་ཡངས་པའོ། །ཡང་ན་ཤེས་རབ་ཀྱི་འཁོར་ལོར་སྤྲུལ་པ་སྣ་ཚོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གང་ཡིན་པ་དེ། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པའོ། །མཚོན་ཆ་རྣམས་ཀྱི་ཁྱད་པར་ནི། །ཡང་ཤེས་རབ་མཚོན་ཆེན་ཞེས་པ་ལ་སོགས་པ་སྟེ་ཆོས་ཐམས་ཅད་ངེས་པར་འབྱེད་པའི་ཤེས་རབ་ཆེན་པོ་དེ་ཉིད་མཚོན་ཆ་སྟེ་ཉོན་མོངས་པའི་དགྲ་རྣམས་སེལ་ཞིང་འཇོམས་པར་བྱེད་པས་ན་ཤེས་རབ་མཚོན་ཆེན་འཆང་བ་པོ། །མཆོག་ཅེས་ཀྱང་སྦྱར་རོ། །ཡང་ན་ཤེས་རབ་ཀྱང་ཡིན་ལ་མཚོན་ཆ་ཡང་ཡིན་པས་ཤེས་རབ་མཚོན་ཆ་སྟེ། དེ་ཡང་ཆེན་པོ་ཡིན་པས་དེ་ལྟར་བཤད་དེ། དེ་འཛིན་པས་ཤེས་རབ་མཚོན་ཆེན་འཆང་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང་


DTG064_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་འཛིན་པ་ཞེས་པའི་དོན་ཏོ། །ཉོན་མོངས་ཆེན་པོ་ནི་འདོད་ཆགས་ལ་སོགས་པ་སྟེ། འགྲོ་བ་ཟིལ་གྱིས་གནོན་པའི་ཕྱིར་རོ། །དེ་རྣམས་གླང་པོ་ཆེན་པོ་བཞིན་དུ་འདུལ་བའི་ཆེད་དུ་ལྕགས་ཀྱུ་དང་ཆོས་མཐུན་པའི་ཕྱིར་རོ། །མཆོག་ཅེས་པ་གཙོ་བོའོ། །ཡང་ན་ལྕགས་ཀྱུ་དང་ལྡན་པས་ལྕགས་ཀྱུ་སྟེ་ལྕགས་ཀྱུས་ཉེ་བར་མཚོན་པའི་ཞགས་པ་ཡང་གཟུང་བར་བྱ་སྟེ། དེས་ནི་གླེགས་བམ་དང་རལ་གྲི་དང་ལྕགས་ཀྱུ་དང་ཞགས་པ་བསྣམས་པའི་རྗེ་བཙུན་རྡོ་རྗེ་རྣོན་པོ་ནི་འདོད་པ་ཆེན་པོ་ཞེས་པ་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པར་བལྟ་བར་བྱའོ། །ཁྱད་པར་དེ་ཡང་གང་ཡིན་གསུངས་པ། གྲགས་ཆེན་ཞེས་པ་ལ་སོགས་པ་སྟེ། རང་དང་གཞན་གྱི་སྡེ་རྣམས་ལ་རབ་ཏུ་གྲགས་པའི་ངོ་བོ་ཉིད་གྲངས་ཇི་ལྟ་བ་བཞིན་དུ་གྲགས་ཆེན་དང་སྙན་གྲགས་ཆེན་པོའོ། །ནང་གི་ཡེ་ཤེས་གསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་སྣང་བ་ཆེའོ། །ཕྱི་རོལ་དུ་འབར་བ་དང་གསལ་བ་ལ་སོགས་པའི་ཆོ་འཕྲུལ་རབ་ཏུ་སྟོན་པའི་ཕྱིར་གསལ་བ་ཆེའོ། །སྤྲུལ་བའི་སྒོ་ནས་ཁྱད་པར་དུ་གྱུར་པ་གསུངས་པ། སྒྱུ་འཕྲུལ་ཆེན་པོ་གྱུར་པ་ལ་སོགས་པ་ལ། སྒྱུ་འཕྲུལ་ཆེན་པོ་ནི་གདུལ་བྱའི་སེམས་ཅན་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པའི་གཟུགས་སུ་སྤྲུལ་བ་སྟེ་དེ་འཛིན་པའི་ཕྱིར་དེ་ལྟར་བཤད་དོ། །མཁས་པ་ཞེས་བྱ་བ་ནི་དེ་ལྟ་བུའི་སྒྱུ་འཕྲུལ་དེ་ཡང་རང་བཞིན་མེད་པར་མཁྱེན་པའོ། །དེ་ལྟན་ཡང་སྒྱུ་མའི་རང་བཞིན་གྱི་ཆོས་བསྟན་པས་སེམས་ཅན་དེ་རྣམས་འདྲེན་པར་མཛད་ཅིང་སངས་རྒྱས་ཉིད་ལ་རབ་ཏུ་འགོད་པའི་རང་བཞིན་ནི། སྒྱུ་འཕྲུལ་ཆེན་པོས་དོན་བསྒྲུབ་པ། །ཞེས་བྱ་བ་དེ་ལྟར་བཤད་དོ། །སེམས་ཅན་གྱི་དོན་བྱེད་པ་ནི་སྒྱུ་འཕྲུལ་ཆེན་པོའི་དགའ་བའོ། །དེ་ལ་དགའ་བ་ནི་ཀུན་ནས་ཞེས་པ་སྟེ། སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ་བའོ། །དེ་ཉིད་ཀྱི་ཕྱིར། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་བྱའོ། །ད་ནི་ས་བཅུ་ལ་རབ་ཏུ་བཞུགས་ཤིང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའི་ཡོན་ཏན་གྱི་རང་གི་ངོ་བོས་ཕུལ་དུ་བྱུང་བའི་བདག་ཉིད་ཆེན་པོ་གསུངས་པ། སྦྱིན་བདག་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། རབ་ཏུ་དགའ་བའི་ས་ལ་ནི་སྦྱིན་བདག་ཆེན་པོ་གཙོ་བོ་ཞེས་པ་


DTG064_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མི་ཤེས་ཤིང་གཞལ་དུ་མེད་པའི་ཆོས་དང་ཟང་ཟིང་མི་འཇིགས་པ་རྣམས་སྦྱིན་པས་སྦྱིན་བདག་ཆེན་པོའི་ལས་ཡོངས་སུ་མཐར་སོན་པ་ཞེས་པའི་དོན་ཏོ། །སྦྱིན་པ་ལ་སོགས་པའི་རྗེས་སུ་བསྔགས་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལས་རྒྱ་ཆེར་ཤེས་པར། བྱའོ། །དྲི་མ་མེད་པའི་ས་ལ་ནི། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་སྟེ་མཆོག་ཉིད་ནི་སྡོམ་པ་དང༌། སེམས་ཅན་གྱི་དོན་བྱེད་པ་དང༌། ཆོས་ཡང་དག་པར་སྡུད་པའི་ཚུལ་ཁྲིམས་ཡོངས་སུ་བྱེད་པའོ། །འོད་བྱེད་པ་ལ་ནི་བཟོད་ཆེན་འཆང་བ་སྟེ་ཚད་མེད་པའི་སྡུག་བསྔལ་ཇི་མི་སྙམ་པ་དང༌། ཆོས་ལ་ངེས་པར་སེམས་པ་དང༌། གཞན་གྱི་གནོད་པ་བྱས་པ་བཟོད་པའི་ལས་ཡོངས་སུ་བྱེད་པའོ། །དེ་ཉིད་གཡོ་བ་མེད་པ་ཉིད་ཀྱིས་ན་བརྟན་པའོ། །འོད་འཕྲོ་བ་ལ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཆེད་དུ་ལུས་དང་ངག་དང་སེམས་ཀྱི་བརྩོན་འགྲུས་རྒྱུན་མི་འཆད་པ་ཉིད་ཀྱིས་བརྩོན་འགྲུས་ཆེན་པོས་ཕ་རོལ་གནོན་པས་ན་བརྩོན་འགྲུས་ཆེན་པོ་ཕ་རོལ་གནོན་པའོ། །ཤིན་ཏུ་སྦྱང་དཀའ་བ་ལ་ནི་བསམ་གཏན་ཆེན་པོ་ཏིང་འཛིན་གནས་ཏེ་བསམ་གཏན་ནི་བཞི་པོ་རྣམས་སོ། །བསམ་པའི་རྣམ་པ་ཆེ་བ་ཉིད་ཀྱིས་ཆེ་བ་སྟེ་དེ་རྣམས་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །དེ་ལ་གནས་པའི་ཕྱིར་དེ་ལྟར་བཤད་དོ། །མངོན་དུ་གྱུར་པ་ལ་ནི་ཤེས་རབ་ཆེན་པོའི་ལུས་འཆང་བ་སྟེ་འདི་ཡང་བསམ་པའི་རྣམ་པ་ཆེ་བའི་ཕྱིར་དང༌། ཐོས་པ་དང་བསམས་པ་དང༌། བསྒོམས་པ་ལས་བྱུང་བའི་ངེས་པར་འབྱེད་པའི་ཤེས་རབ་གཉི་ག་ཆེ་བའི་ཕྱིར་ཤེས་རབ་ཆེན་པོའོ། །དེ་ཉིད་ལུས་ཏེ་དེ་འཛིན་པར་བྱེད་པས་དེ་ལྟར་བཤད་དོ། །དེ་སྐད་དུ་ཡང༌། བདེ་གཤེགས་ཤེས་རབ་དྲི་མ་མེད། །རྡོ་རྗེ་རྣོན་པོར་དེ་བཤད་དོ། །ཞེས་སོ། །རིང་དུ་སོང་བ་ལ་ནི་ཐབས་ཆེན་པོ་སྟེ་ཐབས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཡང་དེ་ལ་ཆེས་ལྷག་པར་སྤྱོད་པར་འགྱུར་ཏེ། དེའི་ཕྱིར་ཐབས་ཆེན་པོ་ཞེས་དེ་ལྟར་བཤད་དོ། །མི་གཡོ་བ་ལ་ནི་མཐའ་ཡས་པའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཕྱིར། དེ་ཉིད་བཅོམ་ལྡན་འདས་ཀྱིས་སྨོན་ལམ་ཞེས་གསུངས་སོ། །ལེགས་པའི་བློ་གྲོས་ལ་ནི་སྟོབས་ཀྱི་ཕ་རོལ་


DTG064_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་ལ་ལྷག་པར་བྱེད་པས་ཆེན་པོ་སྟེ། མོས་པ་དང་སོ་སོར་བཤད་པ་དང་བསྒོམ་པ་དང་བཟོད་པ་དང་ཡེ་ཤེས་དང་སྤོང་བ་དང་ཐོས་པ་དང་སྤོབས་པ་དང་བསོད་ནམས་དང་སྒྲུབ་པ་ཞེས་བྱ་བ་སྟོབས་བཅུ་པོ་རྣམས་ནི་སྟོབས་པོ་ཆེའོ། །ཆོས་ཀྱི་སྤྲིན་ལ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་སྤྱོད་པས་ཡེ་ཤེས་རྒྱ་མཚོ་སྟེ། བཅོམ་ལྡན་འདས་ནི་རྒྱ་མཚོ་དང་ཆོས་མཐུན་ཏེ་ཉན་ཐོས་ལ་སོགས་པས་གཏིང་དཔག་དཀའ་བ་ཉིད་དང༌། རོ་གཅིག་པ་ཉིད་དང༌། ལེགས་པར་བཤད་པའི་རིན་པོ་ཆེ་མཐའ་དག་གི་འབྱུང་གནས་ཉིད་དང༌། སེམས་ཅན་མཐའ་ཡས་པའི་རྟེན་དུ་གྱུར་པ་ཉིད་ཀྱིས་སོ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་བཅིངས་པའི་ཀློག་པའི་རིམ་པས་བཤད་པ་དང༌། འདིར་ས་དང་ཕ་རོལ་ཏུ་ཕྱིན་པའི་རིམ་པས་བཤད་པ་ནི་འགལ་བ་མེད་དོ། །ད་ནི་ཚངས་པའི་གནས་བཞིའི་རང་བཞིན་ཉིད་དུ་བསྟན་པའི་ཕྱིར་བྱམས་ཆེན་ཞེས་པ་ལ་སོགས་པ་སྟེ། ཚངས་པ་ནི་མྱ་ངན་ལས་འདས་པའོ། །གནས་པ་ནི་དེའི་ཆེད་དུའོ། །བྱམས་པ་ལ་སོགས་པ་ཡང་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའོ། །དམིགས་པ་མེད་པར་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སྡུག་པའི་མཚན་ཉིད་ཅན་ནི་བྱམས་པའི་རང་བཞིན་ཡིན་པའི་ཕྱིར་བྱམས་ཆེན་རང་བཞིན་ནོ། །དེ་ཉིད་ནམ་མཁའི་མཐར་ཐུག་པའི་ཕྱིར་དཔག་ཏུ་མེད་པའོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་ལས་མི་གཡོ་བའི་ཕྱིར་སྙིང་རྗེ་ཆེན་པོའོ། །འདིར་ཡང་དཔག་ཏུ་མེད་ཅེས་སྦྱར་རོ། །སྙིང་རྗེ་ཆེན་པོའི་རང་བཞིན་ཉིད་བློ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་བློ་མཆོག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཤེས་རབ་དང་ཐབས་རོ་གཅིག་པ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང་ཤེས་རབ་རང་བཞིན་མེད་གནས་དང༌། །བརྩེ་བ་ཆེན་པོ་རང་བཞིན་མེད། །ལྷན་ཅིག་གཅིག་ཏུ་གྱུར་པ་ནི། །ནམ་མཁར་ནམ་མཁའ་ཇི་བཞིན་ནོ། །ཞེས་སོ། །དགའ་བ་ཆེན་པོའི་རང་བཞིན་ཉིད་དུ་གསུངས་པ། ཤེས་རབ་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཡང་


DTG064_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་ཁོང་དུ་ཆུད་པས་སེམས་ཅན་ཐམས་ཅད་བདེ་བ་ལ་ཡང་དག་པར་སྦྱོར་ཞིང་སོ་སོར་རབ་ཏུ་དང་བའི་དགའ་བ་དང་རབ་ཏུ་དགའ་བའི་མཚན་ཉིད་ཅན་གྱི་དགའ་བ་དེ་ནི་ཤེས་རབ་དམན་པ་མ་ཡིན་པ་ཉིད་ཀྱི་ཤེས་རབ་ཆེན་པོ་ཞེས་བྱའོ། །དེའི་རྒྱུ་གསུངས་པ། རབ་ཏུ་དགའ་བ་དེ་ཉིད་ཀྱིས་སེམས་ཅན་གྱི་དོན་བྱེད་པས་བློ་ཆེན་ལྡན་ནོ། །ཤེས་རབ་ཆེན་པོ་ཞེས་པར་པྲཛྙཱ་ཞེས་ཀློག་པ་ནི་འཆད་པར་འགྱུར་བའི་སྔགས་ཀྱི་ཚུལ་གྱི་བཤད་པའི་ཕྱོགས་ནི་མ་རྟོགས་མོད་ཀྱི། །བཀླགས་པ་ན་ཆོས་མང་དུ་མཐོང་བ་ནི་རང་གི་དོན་ཅན་གྱི་དེ་ཕན་གྱི་རྐྱེན་ཅན་ཏེ་ཚིག་གོང་མ་ལ་འགྲེལ་བ་བྱས་པའོ། །བཏང་སྙོམས་ཀྱི་རང་བཞིན་གསུངས་པ། ཐབས་ཆེ་བ་ལ་ཞེས་པ་ལ་སོགས་པ་སྟེ། གོ་རིམས་བཞིན་དུ་བཏང་སྙོམས་ཆེན་པོའི་རང་བཞིན་གྱི་བཅོམ་ལྡན་འདས་ནི་ཐབས་ཆེན་པོར་བཤད་དོ། །བཏང་སྙོམས་ཀྱང་རྣམ་པ་གསུམ་སྟེ། ཉོན་མོངས་པ་བཏང་སྙོམས་དང༌། བདག་དང་གཞན་རྗེས་སུ་སྲུང་བའི་བཏང་སྙོམས་དང༌། དུས་དང་དུས་མ་ཡིན་པའི་བཏང་སྙོམས་ཞེས་པའོ། །བཏང་སྙོམས་རྣམ་པ་གསུམ་གྱི་ངོ་བོས་སེམས་ཅན་སྣ་ཚོགས་པའི་དོན་བྱེད་པ་ནི་ཐབས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཐབས་ཆེ་བའོ། །དེ་ཉིད་སེམས་ཅན་གྱི་དོན་ལ་ཤིན་ཏུ་བརྩོན་ཞིང་རིགས་པ་དང་ལྡན་པས་མཁས་པ་ཆེན་པོའོ། །དེ་ལ་བྱམས་པས་ནི་སེམས་ཅན་རྣམས་ཕན་པ་ལ་ངེས་པར་སྦྱོར་བའོ། །སྙིང་རྗེས་ནི་བདེ་བའོ། །དགའ་བས་ནི་དགའ་བ་ལའོ། །བཏང་སྙོམས་ཀྱིས་ནི་ཆོས་མཉམ་པ་ཉིད་ལ་སྦྱོར་རོ་ཞེས་པ་རིམ་པའོ། །སྔགས་ཀྱི་ཚུལ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒེག་མོ་སྟེ། དེའི་བདག་པོ་ཉིད་ཀྱི་ཕྱིར་སྦྱིན་བདག་ཆེན་པོ་གཙོ་བོའོ། །དེ་བཞིན་དུ་མཐར་ཕྱིན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕྲེང་བ་མ་སྟེ། དེ་དེའི་བདག་ཉིད་དུ་འཛིན་པས་ཚུལ་ཁྲིམས་ཆེན་པོ་འཆང་བ་མཆོག་གོ ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གླུ་མ་སྟེ། དེ་ཉིད་ནི་བཟོད་ཆེན་འཆང་བ་བསྟན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གར་མ་སྟེ། དེ་ནི་ཕྱོགས་སུ་བརྩོན་ཞིང་རྟུལ་ཕོད་པས། བརྩོན་འགྲུས་ཆེན་པོ་ཕ་རོལ་གནོན་པའོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མེ་ཏོག་མ་སྟེ།


DTG064_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སྙོམས་པར་འཇུག་པས་གནས་པ་ཉིད་ཀྱི་ཕྱིར་བསམ་གཏན་ཆེན་པོ་ཏིང་འཛིན་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་བདུག་པ་མ་སྟེ། ཤེས་རབ་ཆེན་པོའི་ལུས་ཆོས་འབྱུང་གི་ངོ་བོ་དེ་ཉིད་ཀུན་དུ་དགའ་བ་སྒྲུབ་པའི་ཕྱིར་འཛིན་པས་ན་དེ་ལྟར་བཤད་དོ། །ཐབས་ཆེན་ནི་རྡོ་རྗེ་མར་མེ་མ་སྟེ་དེའི་བདག་པོ་ཉིད་ཀྱིས་དེ་དང་ལྷན་ཅིག་སྦྱོར་བའི་ཕྱིར་ཐབས་ཆེན་ནོ། །དེ་བཞིན་དུ། ཉོན་མོངས་དྲིང་འཇིགས་པས་ན། །སྨོན་ལམ་རྡོ་རྗེ་དྲི་ཆབ་མ། །དེ་དང་ལྡན་པའི་ཕྱིར་སྨོན་ལམ་ཆེན་པོའོ། །གཟུངས་ཀྱི་དཀྱིལ་འཁོར་གྱིས་གྲགས་པའི། །སྒོ་རྣམས་སྲུང་བར་བྱེད་པ་བཞི། །སོ་སོ་ཡང་དག་རིག་ངོ་བོ། །དེ་རྣམས་སྟོབས་ཆེན་ཕ་རོལ་གནོན། །དེ་རྣམས་དང་ནི་ལྡན་པའི་ཕྱིར། །བཅོམ་ལྡན་འཇམ་དཔལ་སྟོབས་ཆེན་ནོ། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱའི་ཁམས་རྣམས་ཏེ། །མཆོད་པའི་ལྷ་མོ་རྫུ་འཕྲུལ་ཆེ། །དེ་རྣམས་ཡེ་ཤེས་ཆེ་རང་བཞིན། །བསྟན་མཛད་ཡེ་ཤེས་ཆེ་རང་བརྒྱའོ། །ཞི་བའི་ལས་མཆོག་སྒྲུབ་བྱེད་པས། །སངས་རྒྱས་སྤྱན་མ་བྱམས་ཆེན་ནོ། །སྡུག་བསྔལ་སྒྲོལ་བར་རབ་གྲགས་པས། །མཱ་མ་ཀཱི་ནི་སྙིང་རྗེ་ཆེ། །འདི་དག་ལྷན་ཅིག་སྦྱོར་བའི་ཕྱིར། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །འོད་དཔག་མེད་དང་གོས་དཀར་མོ། །ཤེས་རབ་ཆེན་པོ་ཉིད་སྦྱོར་བས། །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །བཏང་སྙོམས་ཆེ་དང་བློ་ཆེན་ལྡན། །ལྷ་མོ་སྒྲོལ་མའོ་དེ་ལྡན་ཕྱིར། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་པ་སྟེ་འདིས་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་མཆོད་པ་བྱེད་པ་ཡང་བཅོམ་ལྡན་འདས་འཇམ་དཔལ་ལོ་ཞེས་གསུངས་སོ། །ད་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་གྱིས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་སྒོ་ནས་ཡང་དག་པར་བརྗོད་པའི་ཕྱིར། རྫུ་འཕྲུལ་ཆེན་པོ་ཞེས་པ་ལ་སོགས་པ་གསུངས་ཏེ་ཐམས་ཅད་དུ་གཟུགས་སྣ་ཚོགས་སྟོན་པ་དང༌། སྒྲ་དང་བརྡ་སྣ་ཚོགས་ཀྱིས་ཆོས་སྟོན་པ་དང༌། གཞན་གྱི་སེམས་ཤེས་པ་སྟེ་སྐུ་དང་གསུང་དང་ཐུགས་ཀྱི་རྫུ་འཕྲུལ་རྣམ་པ་གསུམ་མོ། །སྟོབས་ནི་ནུས་པ་སྟེ་བདུད་ཐམས་ཅད་ཀྱིས་བསྐྱོད་དུ་མེད་པ་ཉིད་དོ། །རྫུ་འཕྲུལ་ཆེན་པོའི་སྟོབས་དེ་དང་


DTG064_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་ཆོས་ཉིད་ལས་གཡོ་བ་མེད་ཀྱང་ཐམས་ཅད་དུ་བདག་གི་སྐུ་སྟོན་པར་མཛད་བའི་ཕྱིར་ཤུགས་ཆེན་པོ་དང་ལྡན་པས་ཤུགས་ཆེན་ནོ། །ཡིད་ལྟར་མགྱོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་ལྡན་པས་མགྱོགས་པ་ཆེན་པོའོ། །དེ་ཉིད་རྫུ་འཕྲུལ་ཆེན་པོའོ། །ཆེན་པོ་ཉིད་ཀྱང་ཡིན་ལ་གཙོ་བོ་ཡང་ཡིན་པས་ཆེ་བར་གྲགས་པ་ཞེས་བཤད་པ་གང་ཡིན་པ་སྟེ་དེ་ལྟར་བཤད་དོ། །ཆེན་པོ་ཡང་འདི་ཡིན་ལ་དབང་དུ་གྱུར་པ་ཡང་ཞེས་སྦྱར་རོ། །སྟོབས་ཆེན་པོས་གཞན་གྱི་དོན་ལ་བརྩོན་པ་ཉིད་ཀྱིས་ན་སྟོབས་ཆེན་ཕ་རོལ་གནོན་པའོ། །ཤིན་ཏུ་གཞིག་པར་དཀའ་བ་ཉིད་ཀྱིས་སྲིད་པའི་རི་བོ་གང་ཡིན་པ་ནི་ཆེན་པོ་སྟེ། འཁོར་བའི་རི་བོ་བག་ཆགས་དང་བཅས་པ་དེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེས་ཡང་དག་པར་འཇོམས་པའི་ཕྱིར། སྲིད་པའི་རི་བོ་ཆེན་པོ་བཅོམ་པ་ཉིད་ཀྱིས་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་དེ་དེའི་བདག་ཉིད་འཛིན་པས་དེ་ལྟར་བཤད་དོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་དེ་ཉིད་ཁོང་སྟོང་དུ་མ་ཡིན་པས་མཁྲེགས་པའོ། །ཤིན་ཏུ་སྲ་ཞིང་ཕྲ་བའི་ཉོན་མོངས་པའི་བག་ཆགས་ཀྱི་དགྲ་རྣམས་རྩད་ནས་འབྱིན་པའི་ཕྱིར་དྲག་པོ་ཆེན་པོ་སྟེ་འཆིང་བ་ཤིན་ཏུ་བརྟན་པོ་མེད་པར་བྱེད་པའོ། །དྲགས་ཤུལ་ཅན་རྣམས་ནི་འཇིགས་བྱེད་ཆེན་པོ་ལ་སོགས་པ་རྣམས་ཏེ། དེ་རྣམས་འདུལ་བའི་དོན་དུ་ཤིན་ཏུ་དྲག་ཤུལ་ཆི་བའི་འཇིགས་པ་ཆེན་པོ་ནི་རྣམ་པ་ལྔར་བཤད་དེ། འཚོ་བ་མེད་པ་དང༌། ཚིགས་སུ་བཅད་པ་མེད་པ་དང༌། འཆི་བ་དང་ངན་འགྲོ་དང་འཁོར་གྱི་བག་ཚ་བ་རྣམས་ཏེ་དེའི་གཉེན་པོའི་ཆོས་ནི་རང་བཞིན་གྱི་ཕྱིར་དེ་རྣམས་ཀྱང་འཇིགས་པར་བྱེད་པའོ། །ཡང་ན་སྒྲ་ནི་འཇིགས་པ་མེད་པ་སྟེ་ཆེན་པོ་ཡང་འདི་ཡིན་ལ། སྲིད་པས་སྐྲག་པ་མེད་པ་ཡང་ཡིན་པས་འཇིགས་པ་ཞེས་པ་སྟེ་འཇིགས་མེད་ཆེན་པོ་འཇིགས་པར་བྱེད་པའོ། །ཡང་སྙིང་རྗེ་དང་ཁྲོ་བ་དག་གཅིག་པ་ཉིད་ཀྱིས་འཇིགས་ཆེན་འཇིགས་པར་བྱེད་པའོ། །རིག་པ་དང་གསང་སྔགས་ཀྱི་རང་བཞིན་ཉིད་དུ་བསྟན་པའི་ཕྱིར། རིག་སྔགས་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གཟུགས་ཅན་སྔགས་ཀྱི་སྐུའོ། །དེ་དང་


DTG064_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་ལྡན་བའི་ཕྱིར་རིག་པ་ཆེན་པོ་སྟེ། ཆེན་པོ་ཡང་ཡིན་ལ་རིག་པ་ཡང་ཡིན་པས་ཞེས་སྦྱར་རོ། །དེ་ཉིད་ཀྱི་ཕྱིར་མཆོག་ཅེས་ཏེ་རིག་པ་ཆེ་མཆོག་གོ །མགོན་པོ་ནི་ཡང་དག་པར་གསུངས་པའི་ལམ་ཉེ་བར་སྟོན་པའི་འགྲོ་བ་རྗེས་སུ་འཁྲིད་པར་བྱེད་པ་སྟེ། འདི་ནི་ཀུན་རྫོབ་ཏུའོ། །དོན་དམ་པར་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་གཉིས་སུ་མེད་པའི་ཡེ་ཤེས་དང་གཅིག་ཏུ་འདྲེས་པར་གྱུར་པ་ནི་རིག་མཆོག་ཆེན་པོས་ཏེ། རིག་པ་ཆེན་པོ་ཡང་ཡིན་ལ་མཆོག་ཀྱང་ཡིན་ཞེས་སྦྱར་རོ། །སེམས་ཅན་ཐམས་ཅད་སྐྱོབ་པའི་དོན་གྱིས་མགོན་པོའོ། །དེ་ཉིད་གསུངས་པ། གསང་སྔགས་ཆེ་བའི་དོན་ཞེས་པ་སྟེ། མ་ན་ཤེས་པ་ལའོ། །ཏྲེཾ་སྐྱོང་བ་ལའོ། མ་ནན་མ་ཡིད་དོ། །ཏྲ་ན་ནམ་སྐྱོབ་པའོ། །དེ་དཱི་བདག་ཉིད་དུ་རིག་པ་གང་ཡིན་པ་དེ་ནི་ཆེན་པོ་ཡང་ཡིན་ལ་གསང་སྔགས་ཀྱང་ཡིན་པས་གསང་སྔགས་ཏེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར་མཆོག་ཅེས་པ་སྟེ་གསང་སྔགས་ཆེ་བའི་མཆོག་གོ །དེ་ལྟ་བུའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་གསང་སྔགས་ཆེན་པོའི་ཚུལ་སྟོན་པའི་ཕྱིར་བཅོམ་ལྡན་འདས་ནི་བླ་མའོ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ནི་གསང་སྔགས་ཀྱི་ཚུལ་ལོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡང་དེ་ལ་གནས་པས་ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཆོས་ཉིད་ཀྱི་ཚུལ་གྱིས་དེའི་རང་བཞིན་ཉིད་དུ་གསུངས་པ་ནི་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། ཇི་སྲིད་ཐེག་པའི་འབྲས་བུའི་བར་དུ་འདི་ཡིས་མངོན་པར་འདོད་པ་ཐོབ་པར་བྱེད་ཅིང་འདྲེན་པར་བྱེད་པས་ཕན་ཚུན་ཏེ་ལམ་མོ། །དེ་གཉི་གའི་ཚུལ་ནི་ཐེག་པའི་ཚུལ་ཏེ་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ཕྱིར་རོ། །ཆེན་པོ་དང་མཆོག་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་རོ། །ཐེག་པ་ཆེན་པོའི་ཚུལ་ཡང་འདི་ཡིན་ལ་མཆོག་ཀྱང་ཡིན་པས་དེ་ལྟར་བཤད་དོ། །ལམ་དང་འབྲས་བུ་དག་དོན་དམ་པར་དབྱེ་བ་མེད་ཀྱང་གདུལ་བྱ་ལ་སོ་སོར་སྣང་བའི་དབང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་འདིར་ཐ་དད་པ་ཉིད་དོ། །དོན་དམ་པར་ནི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་རྗེ་བཙུན་འཇམ་དཔལ་ཉིད་དོ། །སྐུ་དང་གསུང་


DTG064_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུགས་རྣམས་ནི་མི་དགེ་བ་བཅུ་ལས་འདས་ཤིང་ཡང་དག་པར་སྡོམ་པས་ཐུབ་བ་ཆེན་པོ་སྟེ། དེ་དང་ལྡན་པའི་ཕྱིར་ཐུབ་ཆེན་ལྡན་ནོ། །སེམས་ཅན་ཐམས་ཅད་ཀྱིས་གསང་བ་གསུམ་གྱི་དེ་ཁོ་ན་ཉིད་ཤེས་པར་མཛད་བའི་ཕྱིར་ཐུབ་པ་ཆེན་པོ་སྟེ། ཚིག་གཉིས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་གཅིག་པ་ཉིད་དུ་གསུངས་སོ། །སྟོང་པ་ཉིད་སྒོམ་པ་སྔོན་དུ་འགྲོ་བས་ཟླ་བའི་གཟུགས་ཀྱི་སྟེང་དུ་རང་གི་ས་བོན་ཡོངས་སུ་གྱུར་པ་ལས་ལྷའི་གཟུགས་སུ་གྲུབ་པའི་ཕྱིར། གསང་སྔགས་ཚུལ་ཆེན་ལས་བྱུང་བ་སྟེ་ཀུན་རྫོབ་ཏུའོ། །དོན་དམ་པར་ནི་ལྷ་དང་སྔགས་དག་དབྱེར་མེད་པས་ན། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་གསུངས་ཏེ། གསང་སྔགས་ཆེན་པོའི་ཚུལ་གང་ཡིན་པ་དེ་ནི་དེ་ཁོ་ནའི་བདག་ཉིད་ཅན་ནོ་ཞེས་པའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པ་དང་སའི་བདག་པོའི་ངོ་བོ་ཉིད་དུ་གསུངས་པ་ནི། ཕ་རོལ་ཕྱིན་བཅུ་ཞེས་པ་ལ་སོགས་པ་སྟེ། གདུལ་བྱའི་སྐྱེ་བོ་རྗེས་སུ་གཟུང་བའི་དོན་དུ་འཁོར་གསུམ་ཡོངས་སུ་དག་པའི་རིམ་གྱིས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གོམས་པ་སྔོན་དུ་སོང་བས་བྱང་ཆུབ་ཐོབ་པར་སྟོན་པས་ན་ཕ་རོལ་ཕྱིན་བཅུ་ཐོབ་པའོ། །རང་གི་ངོ་བོས་ནི་དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དང་སེམས་ཅན་རྣམས་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པས་ན། དེ་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་པར་དག་པའི་རང་བཞིན་གྱི་ཕྱིར། ཕ་རོལ་ཕྱིན་བཅུ་དག་པ་སྟེ། །བཅོམ་ལྡན་འདས་འཇམ་པའི་སྒྲ་ཉིད་དོ། །ཀུན་རྫོབ་དང་དོན་དམ་པའི་ཚུལ་གཉིས་གས་འདྲེན་ཅིང་སྟོན་པར་བྱེད་པས་ན། དེ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་ཚུལ་ལོ། །ཕ་རོལ་ཏུ་ཕྱིན་པ་བཅུའི་རྣམ་པར་དག་པའི་རང་བཞིན་ཐོབ་པ་དེའི་རྣམ་པར་སྨིན་པར་གྱུར་པ་རབ་ཏུ་དགའ་བ་ལ་སོགས་བའི་ས་བཅུ་པོ་རྣམས་སུ་ཀུན་དུ་རྨོངས་པ་དང་གནས་ངན་ལེན་དང་བྲལ་ཏེ་གཙོ་བོ་ཉིད་ཐོབ་པའི་ཕྱིར་ས་བཅུའི་དབང་ཕྱུག་གོ །དེ་ཉིད་ཀྱི་ཕྱིར་ས་བཅུ་པོ་ཐོབ་པར་འདོད་པའི་སེམས་ཅན་རྣམས་འཁྲིད་པར་བྱེད་པས་ན་མགོན་པོའོ། །ས་དེ་དག་ལ་བྱང་ཆུབ་སེམས་དཔའི་ཚུལ་གྱིས་


DTG064_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པས་ན། ས་བཅུ་ལ་ནི་རབ་ཏུ་གནས་པའོ། །ཤེས་པ་བཅུ་ལ་སོགས་པའི་རང་བཞིན་ཉིད་གསུངས་པ། ཤེས་བཅུ་ཞེས་པ་ལ་སོགས་པ་སྟེ་དེ་ལ་ཤེས་པ་བཅུ་ནི། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་དང༌། ཟད་པ་དང༌། མི་སྐྱེ་བ་དང༌། ཆོས་དང༌། རྗེས་སུ་རྟོགས་པ་དང༌། ཀུན་རྫོབ་དང༌། འདྲིས་པ་ཤེས་པ་རྣམས་སོ། །དེ་རྣམས་དེའི་བདག་ཉིད་དུའམ་རྣམ་པར་དག་པའི་བདག་ཉིད་གང་ཡིན་པ་དེ་དེ་བཞིན་ནོ། །དེ་རྣམས་ནི་ཤེས་བཅུ་རྣམ་དག་གོ །སྒྲ་ཇི་བཞིན་ཤེས་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་སྟེ་དེ་དེ་བཞིན་པས་ན། ཤེས་བཅུ་རྣམ་དག་འཆང་བའོ། །རྣམ་པ་བཅུ་པོ་ཞེས་པ་ནི། བདེན་པ་རྣམ་པ་བཅུ་པོ་གང་ཡིན་པ་དེ་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་དང༌། མཚན་ཉིད་ཀྱི་དང༌། རྣམ་པར་འབྱེད་པའི་དང༌། ཕྱེ་སྟེ་རྟོགས་པར་བྱེད་པའི་དང༌། དངོས་པོའི་དང༌། ནུས་པའི་དང༌། ཟད་པ་དང༌། མི་སྐྱེ་བ་ཤེས་པའི་དང༌། ལམ་ལ་འཇུག་པ་ཤེས་པའི་བདེན་པ་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་རྣམས་སོ། །དེ་རྣམས་ནི་རྣམ་པ་བྱེད་པས་ན་རྣམ་པ་ཞེས་བརྗོད་དོ། །དེ་ལ་ཕྱེ་སྟེ་རྟོགས་པ་ནི་ཤེས་བྱ་ལོངས་པར་རྟོགས་པའོ། །དེ་ཡང་མི་སླུ་བའི་ཕྱིར་བདེན་པ་ཡིན་པས་ཕྱེ་སྟེ་རྟོགས་པའི་བདེན་པའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཀུན་དུ་འབྱུང་བའི་བདེན་པ་ནི་ཆོས་ཀྱི་སྤྲིན་དང་དེ་བཞིན་གཤེགས་པའི་ས་དག་གི་ཆར་གྱུར་པའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་བཅུ་པོ་དེ་རྣམས་དོན་དུ་གཉེར་བར་བྱ་བ་ཡིན་པས་དོན་དང་བསྒྲུབ་པས་བྱ་བའི་ངོ་བོའི་དོན་གྱི་འབྲས་བུ་ཡིན་པས་དོན་བཅུའི་དོན་ཏོ། །ཡང་ན་དོན་བཅུ་པོ་དེ་རྣམས་སེམས་ཅན་གྱི་རྒྱུད་ལ་རྫོགས་པར་བྱེད་པའི་རང་བཞིན་གྱི་དོན་གྱི་རྒྱུད་ཡིན་པས་ན་དོན་བཅུའི་དོན་ཞེས་པ་སྟེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་བཤད་པའོ། །ཉན་ཐོས་ལ་སོགས་པའི་ཐུབ་པ་རྣམས་ཀྱི་དབུས་ན་མཆོག་གི་དབང་ཕྱུག་དང་ལྡན་པའི་དབང་པོར་གྱུར་པས་ཐུབ་དབང་ངོ༌། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པའི་ཕྱིར་སྟོབས་བཅུ་དང༌། སྟོབས་བཅུ་པོ་རྣམས་གང་ཞེ་ན། གནས་


DTG064_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནས་མ་ཡིན་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་དང༌། ཁམས་སྣ་ཚོགས་དང༌། མོས་པ་སྣ་ཚོགས་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་དང༌། བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། འཆི་འཕོ་དང༌། སྐྱེ་བ་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཞེས་བྱ་བ་རྣམས་སོ། །སྔར་བཤད་པའི་སྟོབས་རྣམས་ནི་ས་དགུ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་པར་བཤད་ལ། འདིར་སླར་ཡང་བཤད་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །སྟོབས་བཅུ་དང་ལྡན་པས་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ན་ཁྱབ་བདག་གོ །དེའི་ཕྱིར་ཀུན་གྱི་དོན་ནི་མ་ལུས་བྱེད་པའོ། །དབང་བཅུ་པོ་ཚེ་དང༌། སེམས་དང༌། ཡོ་བྱད་དང༌། ལས་དང༌། སྐྱེ་བ་དང༌། རྫུ་འཕྲུལ་དང༌། མོས་པ་དང༌། སྨོན་ལམ་དང༌། ཡེ་ཤེས་དང༌། ཆོས་རྣམས་ཏེ་རབ་ཏུ་དབྱེ་བ་བཅུ་པོ་དེ་རྣམས་དང་ལྡན་པའི་ཕྱིར་རྣམ་བཅུ་དབང་ལྡན་ནོ། །དབང་བཅུ་པོ་དེ་རྣམས་རང་དབང་དུ་ལྡན་པའི་ཕྱིར་ཆེན་པོའོ། །ཆོས་ཉིད་ཀྱི་ངོ་བོས་ཡང་དག་པར་བརྗོད་པའི་ཕྱིར་ཐོག་མ་ལ་སོགས་པ་ཞེས་པའི་སོགས་པ་གསུངས་ཏེ། སྔར་སྐྱེ་བ་དགག་པའི་སྐབས་སུ་ཐོག་མ་མེད་པ་རབ་ཏུ་བསྒྲུབས་སོ། །དེ་ཉིད་ཀྱི་ཕྱིར་སྤྲོས་མེད་བདག་གོ །དེ་ལ་དག་པའི་བདག་གི་གཏན་ཚིགས་གསུངས་པ། དེ་བཞིན་ཉིད་བདག་ཅེས་པའོ། །ཇི་ལྟར་ཐུགས་སུ་ཆུད་པའི་དོན་གྱི་དེ་ཁོ་ན་ཉིད་སྟོན་པ་པོ་ཉིད་དུ་གསུངས་པ། ཡང་དག་ཅེས་པ་ལ་སོགས་པ་སྟེ་ཡང་དག་པ་ནི་ཆོས་ཀྱི་ཚུལ་ལོ། །དེ་ཁོ་ན་ཉིད་དེ་སྨྲ་བའི་ངང་ཚུལ་དང་ལྡན་པའི་ཕྱིར་ཡང་དག་སྨྲ་བའོ། །འགྲོ་བ་རྣམས་ལ་ཕན་པར་བྱ་བའི་ཕྱིར་འཚང་རྒྱ་བར་བྱའོ་ཞེས་དམ་བཅས་པ་དེ་བཞིན་དུ་རྫོགས་པར་མཛད་པའི་ཕྱིར་ཇི་སྐད་སྨྲ་བ་དེ་བཞིན་བྱེད་པའོ། །ཡང་ན་ཇི་ལྟར་གཞན་རྣམས་ལ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དང་ལྡན་པའི་ཆོས་སྟོན་པ་དེ་བཞིན་དུ་རང་ཉིད་ཀྱང་དེ་ལ་འཇུག་པར་བྱེད་པས་ན། ཇི་སྐད་སྨྲ་བ་དེ་བཞིན་བྱེད་པའོ། །ཇི་ལྟར་གནས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་ཕྱིར་


DTG064_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གཞན་མེད་པའོ། །གཉིས་ནི་གཟུང་བ་དང་འཛིན་པ་དང་ཤེས་པ་དང་ཤེས་བྱ་ལ་སོགས་པ་སྟེ། གང་ལ་གཉིས་ཡོད་པ་མ་ཡིན་པ་དེ་ནི་གཉིས་མེད་དོ། །ཇི་ལྟར་གཉིས་མེད་པ་ཡིན་ཞེ་ན། གཟུང་བ་དང་འཛིན་པ་ལ་སོགས་པ་རྣམས་ཀྱི་གཉིས་ནི་ཕན་ཚུན་ལྟོས་པ་དང་བཅས་པ་ཉིད་ཀྱིས་མ་གྲུབ་པོ། །དེ་སྐད་དུ་ཡང༌། གལ་ཏེ་དངོས་པོ་གང་ལྟོས་གྲུབ། །དེ་ཉིད་ལ་ཡང་ལྟོས་ན་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །དངོས་པོ་ལྟོས་འགྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཇི་སྟེ་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཞེས་སོ། །མ་ལྟོས་པའི་དངོས་པོ་མེད་པས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་སྟོང་པའོ། །ཇི་སྐད་དུ། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་རྣམ་པར་དག་པ་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་རང་བཞིན་བཅོམ་ལྡན་འདས་འཇམ་དཔལ་ནི་གཉིས་སུ་མེད་པར་བཤད་དེ་ཀུན་རྫོབ་ཏུའོ། །དོན་དམ་པར་ནི་གཉིས་སུ་མེད་པར་མེད་ཅིང་གཉིས་ཀྱང་མེད་པའི་ཕྱིར། ཇི་ལྟར་གཉིས་སུ་མེད་པར་གསུང་བ་ཡིན་ཞེ་ན། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དང་བྲལ་བ་དེ་ནི་རྣམ་པར་རྟོག་པ་མེད་པ་དང་གཉིས་སུ་མེད་པའི་རང་བཞིན་ཡིན་པའི་ཚིག་ཏུ་བརྗོད་པ་དང་བྲལ་བའི་ཕྱིར་བདེན་པ་གསུང་བ་ཡིན་གྱི། རྣམ་པར་རྟོག་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་བྱེད་པའི་སྒྲའི་རང་བཞིན་ནི་མ་ཡིན་ནོ། །འོན་ཀྱང་རྒྱུ་ཙམ་དང་རྗེས་སུ་འབྲེལ་བ་སྟེ། རྒྱུ་ཡང་རྒྱུ་ཙམ་དུ་བྱ་བ་བྱེད་དོ། །དེ་བྱ་བ་དང་བྲལ་དུ་ཟིན་ཀྱང་ཡིད་བཞིན་གྱི་ནོར་བུ་བཞིན་དུ་གདུལ་བྱའི་མངོན་པར་འདོད་པའི་དོན་མཛད་པར་སྣང་སྟེ། རྐྱེན་ལས་སྐྱེས་པ་ལ་གཉིས་སུ་མེད་པར་གསུངས་པ་ཞེས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་གཉིས་སུ་མེད་པའི་རང་བཞིན་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཁམས་གསུམ་པ་ཡང་གཉིས་སུ་མེད་པའི་རང་བཞིན་དུ་སྨྲ་བར་བྱེད་ཅེས་པའི་དོན་ཏོ། ཇི་སྐད་དུ། དེ་བཞིན་གཤེགས་པའི་རང་བཞིན་གང༌། །དེ་ནི་འགྲོ་འདིའི་རང་བཞིན་


DTG064_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེས་པ་ལ་སོགས་པ་སྔར་བཤད་དོ། །ཡང་དག་པར་ཞེས་བྱ་བ་ནི་བདེན་པའོ། །དེའི་མཐའ་ནི་མཐར་ཐུག་པ་སྟེ། དེ་ལས་གཞན་པའི་བདེན་པ་མེད་པའོ། །དེ་ལ་དེའི་བདག་ཉིད་ཀྱི་རྣམ་པར་གནས་པས་ན་ཡང་དག་མཐའ་ལ་རྣམ་པར་གནས་པའོ། ཡང་དག་མཐའ་ནི་ཞེས་ཀློག་པ་ལྟར་ན། གང་གི་ཕྱིར་ཡང་དག་པའི་མཐའ་ནི་ཆོས་ཀྱི་དབྱིངས་ཏེ་དེའི་ཕྱིར་དེ་ལ་རྟག་ཏུ་གནས་སོ་ཞེས་བཤད་པར་བྱའོ། །བདག་ཏུ་མངོན་པར་ཞེན་པའི་སེམས་ཅན་གདུལ་བའི་ཕྱིར་བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་དང་བྲལ་བས་བདག་མེད་པ་སྟེ་གང་ཟག་དང་ཆོས་ཀྱི་བདག་མེད་པའོ། །དངོས་པོ་བདག་མེད་པ་ལ་གསལ་བར་བྱེད་ཅིང་སེང་གེ་བཞིན་དུ་གཞན་དག་ཀུན་དུ་སྐྲག་པར་བྱེད་པའི་སྒྲ་འབྱིན་པ་གང་ཡིན་པ་དེ་ནི། བདག་མེད་སེང་གེའི་སྒྲ་དང་ལྡན་ནོ། །དེ་ཉིད་མུ་སྟེགས་རི་དགས་ངན་འཇིགས་བྱེད་དེ། མུ་སྟེགས་ངན་པའི་ལམ་དང་ལྡན་པ་དེ་རྣམས་ནི་རི་དགས་དང་འདྲ་བས་རི་དགས་སོ། །དེ་རྣམས་འཇིགས་པར་བྱེད་པའོ། །མུ་སྟེགས་ངན་པ་དེ་རྣམས་ཀྱང་ཇི་ལྟ་བུ་ཞེ་ན། ཚད་མ་དང་འགལ་བར་བདག་མེད་པ་ཉིད་དུ་ཁས་ལེན་པའོ། །དེ་ཡང་རེ་ཞིག་ཁམས་དྲུག་པའི་སྐྱེས་བུ་ནི་མེད་དེ། ཇི་སྐད་དུ། ས་མིན་ཆུ་མེ་རླུང་མ་ཡིན། །ནམ་མཁའ་རྣམ་ཤེས་སྐྱེས་བུ་མིན། །དེ་རྣམས་ཐམས་ཅད་མ་ཡིན་པའི། །གཞན་པའི་སྐྱེས་བུ་ཅི་ཞིག་ཡོད། །བཤད་ཅེས་པ་ལྷག་མའོ། །སྐྱེས་བུ་ཞེས་པ་བདག་གོ །ཉེ་བར་ལེན་པའི་ཕུང་པོ་ཡང་དེ་དག་མ་ཡིན་ཏེ། ཇི་སྐད་དུ། ཕུང་པོ་བདག་མིན་དེ་ལས་གཞན། །མ་ཡིན་དེ་ལ་ཡོད་པ་ཡིན། །མེ་དང་བུད་ཤིང་ལྟར་འདྲེས་མིན། དེ་ཕྱིར་ཕུང་པོ་ཡོད་པ་ཅི། །ཞེས་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ཡང་གལ་ཏེ་ཕུང་པོ་རྣམས་བདག་ཡིན་ན་སྐྱེ་བ་དང་འཇིག་པའི་ཆ་ཅན་དུ་འགྱུར་ཏེ། ཕུང་པོ་རྣམས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཕུང་པོ་རྣམས་བདག་མ་ཡིན་ཞིང་ཕུང་པོ་རྣམས་ལས་གཞན་པའང་མ་ཡིན་ནོ། །གལ་ཏེ་བདག་ཕུང་པོ་རྣམས་ལས་གཞན་དུ་གྱུར་ན། བདག་དང་ཕུང་པོ་མཚན་ཉིད་མི་མཐུན་པར་འགྱུར་ཏེ། གང་གི་ཕྱིར་ཕུང་པོ་རྣམས་ནི་སྐྱེ་བ་དང་གནས་པ་དང་


DTG064_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་པའི་མཚན་ཉིད་ཀྱི་ཕྱིར་རོ། །བདག་དེ་ལས་གཞན་པའི་མཚན་ཉིད་དུ་གྱུར་ན་ནི་འདུས་མ་བྱས་ཉིད་ཀྱི་ཕྱིར་བོང་བུའི་རྭ་བཞིན་མཚན་ཉིད་མེད་པར་འགྱུར་རོ། །མཚན་ཉིད་མེད་པས་ནམ་ཡང་དངོས་པོ་མེད་དེ། བདག་ནི་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་དོ། །བདག་གི་མཚན་ཉིད་མེད་པས་ང་ཡིར་བྱེད་པའང་མེད་དེ། ང་ནི་སྦོམ་པོའོ་ང་ནི་ཕྲ་མོའོ་ང་ནི་དཀར་པོའོ་ཞེས་པ་ཡང་ཕུང་པོའི་ཡུལ་ལ་སྦྱར་བ་དེ་བཞིན་དུ་ང་ཡིར་བྱེད་པ་སྦོམ་པོ་དང་ཕྲ་མོའི་རང་བཞིན་གྱི་བདག་ཀྱང་མེད་དོ། །བདག་ལ་ཕུང་པོ་རྣམས་མེད་ཅིང་ཕུང་པོ་རྣམས་ལའང་བདག་མེད་དོ། །ཕུང་པོ་རྣམས་བདག་དང་ལྡན་པ་ཡང་མི་རིགས་སོ། །འདི་ཕྱོགས་གསུམ་གྱི་དབྱེ་བས་ཡོད་པར་མི་འཐད་པའི་ཕྱིར་དེ་ཉིད་དང་གཞན་གྱི་ཕྱོགས་ཀྱིས་དངོས་པོ་ལྔ་ཡང་ནང་དུ་འདུས་པ་ཉིད་དེ། དེ་ལྟར་རྣམ་པ་ལྔས་བཙལ་བ་ན་མེད་པའི་ཕྱིར་བདག་མེད་པར་གྲུབ་པས། བདག་མེད་སེང་གེའི་སྒྲ་དང་ལྡན། །ཞེས་བྱའོ། །དོན་དམ་པར་འགྲོ་བ་མེད་ཀྱང་ཐམས་ཅད་ཅིག་ཅར་གདུལ་བྱའི་སྐྱེ་བོ་རྣམས་ལས་སོ། །སྣང་བའི་ཕྱིར་ཀུན་དུ་འགྲོ་བ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ་ནི་ཆོས་འགའ་ཡོད་པ་མ་ཡིན་ནོ་ཞེས་ཁྱབ་པར་བྱེད་པའི་རིགས་པས་ཀུན་དུ་འགྲོ་བའོ། །དོན་ཡོད་སྟོབས་ནི་འབྲས་བུ་ཡོད་པ་སྟེ་གདུལ་བྱ་རྣམས་ལ་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱེད་པ་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པར་བྱེད་པ་གང་ཡིན་པ་དེ་དེ་བཞིན་ནོ། །དེ་བཞིན་གཤེགས་པའི་ཡིད་མགྱོགས་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས་སོ། །རྒྱལ་བ་ནི་ནང་གི་ཉོན་མོངས་པ་ལས་རྒྱལ་བ་སྟེ་བཅོམ་ལྡན་འདས་ཀྱིས། སྡིག་པའི་ཆོས་ལས་ང་རྒྱལ་ཏེ། །དེ་པས་ཉེར་འགྲོ་ང་རྒྱལ་བས། །ཞེས་གསུངས་པའི་ཕྱིར་བདུད་ལས་རྒྱལ་བས་ན་དགྲ་རྒྱལ་ལོ། །དེ་གཉིས་ཀ་ལས་རྣམ་པར་རྒྱལ་བའི་ངང་ཚུལ་དང་ལྡན་པའི་ཕྱིར་རྣམ་པར་རྒྱལ་ལོ། །དེ་ཉིད་ཀྱི་ཕྱིར་ཟིལ་གྱིས་མི་ནོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པས་ན་འཁོར་ལོས་སྒྱུར་བའོ། །ཚོགས་གཉིས་ལས་ངེས་པར་འཁྲུངས་པའི་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ལ་སོགས་པའི་འཁོར་དང་ལྡན་པའོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་


DTG064_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་བཞིན་དུ་སྟོབས་པོ་ཆེའོ། །དེ་ཉིད་ཐམས་ཅད་ཀྱི་བདག་པོ་ཉིད་དུ་གསུངས་པ། ཚོགས་རྗེ་ཞེས་པ་ལ་སོགས་པ་སྟེ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་གཙོ་བོ་ཉིད་ཀྱི་ཕྱིར་ཚོགས་མཆོག་གོ །ཉན་ཐོས་ལ་སོགས་པ་བསླབ་པ་ཉིད་ཀུན་སྤྱོད་འཛིན་དུ་འཇུག་པས་ན་ཚོགས་ཀྱི་སློབ་དཔོན་ནོ། །རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་ལྷ་རྣམས་ཀྱི་ཚོགས་ཀྱི་གཙོ་བོར་གྱུར་པས་ན་ཚོགས་རྗེའོ། །དེ་ལས་གཞན་པའི་གནོད་སྦྱིན་དང་ལྷ་མ་ཡིན་ལ་སོགས་པའི་ཚོགས་རྣམས་ཀྱི་གཙོ་བོར་གྱུར་ཅིང་སྐྱོང་བར་མཛད་པས་ན་ཚོགས་བདག་གོ །དེའི་ཕྱིར་དབང་དང་ལྡན་ཞེས་གསུངས་སོ། །འདི་རྣམས་ཐམས་ཅད་ཀྱི་གཙོ་བོ་ཞེས་པའི་དོན་ཏོ། །ཡང་ན་ཚོགས་ཀྱི་མཆོག་ཅེས་པ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོར་རོ། །དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚོགས་རྣམས་ཀྱི་མཆོག་ཅེས་སྦྱར་རོ། །ཚོགས་ཀྱི་སློབ་དཔོན་ནི་ཁྲོ་བོའི་དཀྱིལ་འཁོར་དུ་དྲག་པོས་གནས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་འཛིན་དུ་འཇུག་པའོ། །ཚོགས་ཀྱི་རྗེ་ནི་ཚུ་རོལ་འཇིག་རྟེན་པའི་དཀྱིལ་འཁོར་དུ་དཀྱིལ་འཁོར་དབུས་སུ་བཞུགས་ནས་ད་ནི་སྟོན་པའོ། །གཙོ་བོའི་དབང་པོའོ་ཞེས་བྱིན་གྱིས་རློབ་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །ཚོགས་བདག་ནི་གཟུངས་ཀྱི་དཀྱིལ་འཁོར་དུ་གཟུངས་མའི་ཚོགས་ཐམས་ཅད་ཀྱི་དགའ་བ་སྐྱེད་པའི་བདག་པོ་ཉིད་ཀྱིས་བཞུགས་པའི་ཕྱིར་རོ། །དེ་ལྟར་ཐམས་ཅད་དུ་ཅིག་ཅར་དབང་ཐོབ་པ་ཉིད་ཀྱི་ཕྱིར་དབང་ལྡན་ནོ། །དེ་ཉིད་ཐམས་ཅད་དུ་ཁྱབ་པ་ཉིད་ཀྱིས་མཐུ་ཆེན་ཏེ་འདི་ལ་མཐུ་ཆེན་པོ་མངའ་བས་དེ་ལྟར་བཤད་དོ། །དེས་སེམས་ཅན་རྣམས་ཀྱི་དོན་མཛད་པའི་མཚན་ཉིད་ཀྱི་དེ་བཞིན་གཤེགས་པའི་ཕྲིན་ལས་ལ་གཅེས་པར་འཛིན་པའི་ཕྱིར་གཅེས་པ་འཛིན་པའོ། །དེ་ཉིད་སྔོན་གྱི་སྨོན་ལམ་གྱི་འཕེན་པའི་ཤུགས་ཀྱིས་རང་གི་ངང་གིས་འཇུག་པའི་ཕྱིར་གཞན་གྱི་དྲིང་མི་འཇོག་པའོ། །ནམ་མཁའ་བཞིན་དུ་སེམས་ཅན་ཐམས་ཅད་ལ་འདིས་གོ་སྐབས་འབྱེད་པའི་ཕྱིར་ཆེན་པོ་ཡང་འདི་ཡིན་ལ། སྔགས་ལ་སོགས་པའི་ཐེག་པ་ཆེན་པོའི་བདག་ཉིད་ཅན་གྱི་ལམ་གྱི་ངོ་བོ་ཉིད་ཀྱི་ཚུལ་ཡང་ཡིན་པས་ན་ཚུལ་ཆེན་ནོ། །ཚིག་ཐམས་ཅད་ཀྱི་དབང་ཕྱུག་ཉིད་དུ་


DTG064_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་བདག་ཉིད་ཆེན་པོ་གསུངས་པ། ཚིག་རྗེ་ཞེས་པ་ལ་སོགས་པ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་ལྷག་པར་རྟོགས་པས་ཐམས་ཅད་སྟོང་པ་ཉིད་དང་མཚན་མ་མེད་པ་དང་མངོན་པར་འདུ་བྱ་བ་མེད་པ་ལ་སོགས་པའི་དོན་ངེས་པར་བསྟན་པ་རྣམས་དང་མི་ཟད་པ་ངེས་པར་བསྟན་པ་རྣམས་ལ་ཚིག་གི་དབང་དུ་གྱུར་པའི་ཚིག་བརྗོད་དོ། །ཆོས་སོ་སོ་ཡང་དག་པར་ལྷག་པར་རྟོགས་པས་སེམས་ཅན་རྣམས་ཀྱི་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་སེམས་ཀྱི་འཇུག་པ་རྣམས་འདིས་མཁྱེན་ནས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་རྣམས་སྐད་ཅིག་ཐ་དད་པ་སྣ་ཚོགས་ཀྱིས་ངེས་པར་སྟོན་པ་ལ་ཚིག་གི་མངའ་བདག་ཏུ་གྱུར་པའི་ཕྱིར་ཚོགས་ཀྱི་བདག་པོའོ། །རིགས་པ་དང་གྲོལ་བར་སྨྲ་བའི་ནུས་པའི་མཚན་ཉིད་ཅན་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལྷག་པར་རྟོགས་པས་འདུལ་བའི་ཐབས་མཐའ་ཡས་པས་སེམས་ཅན་མཐའ་ཡས་པའི་ཡིད་རབ་ཏུ་ཚིམ་པར་མཛད་ཅིང་སྤོབས་པ་མཐའ་ཡས་པས་རྒྱུན་མི་འཆད་པའི་ཚིག་གི་རྒྱུན་འབྱུང་བ་གང་ཡིན་པ་དེ་ནི་ཚིག་མཐའ་ཡས་པའོ། །འདིས་ཀྱང་བཅོམ་ལྡན་འདས་མགོན་པོ་འཇམ་པའི་དཔལ་ནི་ཟད་མི་ཤེས་པའི་ཚིག་གི་མཛོད་ཉིད་དུ་བསྟན་ཏོ། །སེམས་ཅན་རྣམས་ལ་གཅིག་ཏུ་ཕན་ཞིང་མི་སླུ་བ་ཉིད་ཀྱིས་ཚིག་བདེན་པ་གང་ཡིན་པ་དེ་དེ་བཞིན་ནོ། །བདེན་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་གསུངས་པའི་ངང་ཚུལ་ཉིད་ཀྱི་ཕྱིར་བདེན་པར་སྨྲ་བའོ། །ངང་གི་སྒྲ་ནི་ངེས་གཟུང་གི་དོན་ཏོ། །བདེན་པ་བཞི་ནི་སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ཞེས་བཤད་པ་རྣམས་ལ་རིམ་པ་བཞིན་རེ་རེ་ལ་ཡང་རྣམ་པ་བཞི་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་དང༌། ཀུན་འབྱུང་བ་དང༌། རྒྱུ་དང༌། རབ་ཏུ་སྐྱེ་བ་དང༌། རྐྱེན་དང༌། འགོག་པ་དང༌། ཞི་བ་དང༌། གྱ་ནོམ་དང༌། ངེས་འབྱུང་དང༌། ལམ་དང། རིགས་པ་དང༌། སྒྲུབ་པ་དང༌། ངེས་འབྱུང་གི་རྣམ་པ་རྣམས་སོ། །འཕགས་པ་རྣམས་དེ་ཁོ་ན་ལྟར་བདེན་པས་འཕགས་པའི་བདེན་པ་རྣམས་སོ། །དེ་རྣམས་ཇི་ལྟར་གནས་པ་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པས་ན། བདེན་པ་བཞི་ནི་སྟོན་པ་པོ། །དེ་ཡང་སྡུག་


DTG064_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གསུམ་དང་ལྡན་པས་མི་མཐུན་པས་གཟིར་བ་ཉིད་ཀྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བ་སྟེ། དེ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་པར་ཡོངས་སུ་ཤེས་པའོ། །གང་གི་ཕྱིར་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་སྟེ་སྲེད་པ་དང༌། ལས་ངང་ཉོན་མོངས་པའི་མཚན་ཉིད་ཀུན་འབྱུང་བ་སྟེ་སྔ་མ་བཞིན་དུ་ཡོངས་སུ་ཤེས་པ་ཉིད་ཀྱིས་སྤང་བར་བྱའོ། །སྡུག་བསྔལ་དང་བྲལ་ནས་སླར་མི་འབྱུང་བ་ནི་ལོག་པ་སྟེ་དེ་ནི་དེ་བཞིན་ཁོ་ནར་མངོན་དུ་བྱའོ། །སྡུག་བསྔལ་འགོག་པར་འགྲོ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒྲུབ་པའི་མཚན་ཉིད་ནི་ལམ་སྟེ། དེ་ཡང་དེ་བཞིན་ཁོ་ནར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་པར་བྱ་ཞིང་བསྒོམ་པར་བྱའོ། །ཉན་ཐོས་ལ་སོགས་པ་རྣམས་ལ་མི་རྟག་པ་ལ་སོགས་པའི་རྣམ་པས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱས་ཏེ། ངེས་པར་འབྱིན་པས་སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་ནས་ཀུན་འབྱུང་བས་སྲེད་པ་ལ་སོགས་པས་མཚན་ཉིད་སྤངས་ཏེ། ཕུང་པོ་རྣམས་ཐམས་ཅད་དུ་འཆང་བའི་འགོག་པ་མངོན་དུ་བྱས་ཏེ་ལམ་བསྒོམས་ནས་མར་མེ་བཞིན་མྱ་ངན་ལས་འདའ་བའི་ལམ་སྟོན་པས། བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཞེས་པ་ནི་རྟོག་པ་ལས་ཕྱིར་མི་ལྡོག་པས་ཕྱིར་མི་ལྡོག་པ་སྟེ་དེ་ཉིད་ཀྱི་ཕྱིར་མི་ལྡོག་པའོ། །རང་གི་དོན་ལ་དེ་ཕན་གྱི་རྐྱེན་དང་ཚིག་སྔོན་མ་ལ་འཕེལ་བའོ། །ས་བརྒྱད་པ་གནས་པའི་ཤེས་རབ་སེམས་དཔའ་ནི་ཕྱིར་མི་ལྡོག་པར་བཤད་དོ། །ཕྱིར་མི་འོང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའི་འབྲས་བུ་ལ་གནས་པའི་སློབ་མ་ལ་བརྗོད་དེ་འདོད་པའི་འཇིག་རྟེན་དུ་ཕྱིར་མི་འོང་བ་ཉིད་དུ་ཉོན་མོངས་པ་ཟད་པར་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་པའོ། །ཐེག་པ་ཆེན་པོ་ལ་ནི་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ཉིད་ཕྱིར་མི་འོང་བའོ། །བསེ་རུའི་རྭ་ཅན་བཞིན་གཅིག་པུར་སྤྱོད་པ་རང་སངས་རྒྱས་ཏེ་བསེ་རུ་ཞེས་བརྗོད་དེ་ཀུན་རྫོབ་ཏུའོ། །དོན་དམ་པར་ནི་བསེ་རུ་དང་འདྲ་བས་ན་བསེ་རུ་སྟེ་གཉིས་སུ་མེད་པའི་ཕྱིར་རོ། །འདིས་ནི་སངས་རྒྱས་ཀྱིས་གདུལ་བའི་སེམས་ཅན་འདུལ་བའི་དོན་དུ་རང་སངས་རྒྱས་ཀྱི་ཚོགས་ཀྱི་གཟུགས་སུ་བདག་ཉིད་སྟོན་པར་གསུངས་སོ། །འདྲེན་པ་རང་རྒྱལ་ནི་


DTG064_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་འདྲེན་པ་ཞེས་བརྗོད་དེ། སོ་སོ་སོ་སོ་ནི་རེ་རེའི་འདྲེན་པ་སྟེ་འདི་ཡང་ཀུན་རྫོབ་ཏུ་སྦྱོར་རོ། །དོན་དམ་པར་ནི་འཇིག་རྟེན་ཁམས་སོ་སོར་སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་གྱུར་ཏེ་བྱང་ཆུབ་ཀྱི་ཕྱོགས་ཐོབ་པར་བྱ་བའི་ཕྱིར་སོ་སོ་འདྲེན་པ་སྟེ། འདི་ཡང་ཉན་ཐོས་ལ་སོགས་པའི་གཟུགས་ཀྱིས་འདུལ་བའི་སེམས་ཅན་རྣམས་ལ་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་ངེས་འབྱུང་སྣ་ཚོགས་ངེས་འབྱུང་བ་སྟེ་བསམ་པ་ཇི་ལྟ་བར་ལམ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་རབ་ཏུ་འཇུག་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པ། །ཞེས་པ་ལ་འབྱུང་བ་ཆེན་པོ་ནི་ས་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་གཉིས་སུ་མེད་པའི་རྒྱུ་ནི་བྱང་ཆུབ་སེམས་ཏེ། ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱིར་རོ། །ལིངྒ་སྱཱ་ཏནྟྲ་ཏྭཱ་ཏ་པུཾ་སྟྲཾ། ཡང་ན་འབྱུང་བ་ཆེན་པོ་རྣམས་དེ་ལྟ་བུར་རྒྱུ་གཅིག་པ་གཉིས་སུ་མེད་པར་ཤེས་པར་བྱེད་པའི་རྒྱུ་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འབྱུང་བ་ཆེན་པོ་ནི་ཇི་ལྟར་འབྱུང་ཞིང་སྐྱེ་བ་དེ་ལྟར་དེས་སྐྱེད་དོ་ཞེས་པའོ། །མྱ་ངན་ལས་འདས་པའི་ལམ་གྱི་སྒྲ་ནི་ཉོན་མོངས་པ་རྣམས་ཏེ། དེ་རྣམས་འཕགས་པའི་ལམ་གྱིས་བཅོམ་པས་དགྲ་བཅོམ་པ་སྟེ། འདི་ནི་ངེས་པའི་ཚིག་གི་མཚན་ཉིད་ཀྱིས་གྲུབ་པོ། །ནང་གི་བདག་ཉིད་ཀྱི་ཉོན་མོངས་པ་ཟད་པའོ། །དགེ་སློང་ཚུར་ཤོགས་ཅེས་བྱ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་ཕྱིར་དགེ་སློང་ངོ༌། །ཁམས་གསུམ་པའི་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་འདོད་ཆགས་བྲལ་བའོ། །ཡུལ་རྣམས་ལ་འཇུག་པ་འགོག་པས་ན་དབང་པོ་ཐུལ་བ་གང་ཡིན་པ་དེ་དེ་བཞིན་ནོ། །དེ་ལྟར་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཉིད་དེ། དེའི་གཟུགས་དང་དེ་ལྟ་དེ་ལྟར་སྟོན་པར་མཛད་པའོ། །དོན་དམ་པར་ནི་ཁམས་གསུམ་པས་མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པའོ། །ཟག་པ་ཟད་པའི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ་འདི་ཡང་འདུན་བརྒྱ་པ་ལས་གསུངས་པ། བདག་ཉིད་ཀྱི་ཟག་པ་ཟད་པ་ནི་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་རྣམས་ཀྱི་ཟག་པ་ཟད་པས་ཡིན་གྱི། འདོད་ཆགས་དང་བྲལ་བ་བཞིན་ཉོན་མོངས་པའི་ཟག་པ་ཟད་པ་ཙམ་


DTG064_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ཡིན་ནོ་ཞེས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་ཉོན་མོངས་པ་རྣམས་ཤིན་ཏུ་ནུབ་པར་གྱུར་པ་དེ་ལྟ་བུ་དེ་ནི་ཟད་པ་སྟེ། ཇི་སྐད་དུ། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་ཡོད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །ཡོད་པ་སུ་ཞིག་སྤོང་བར་བྱེད། །གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་མད་ན། །ཇ་ལྟ་བུར་ན་སྤོང་བར་འགྱུར། །མེད་པ་སུ་ཞིག་སྤོང་བར་བྱེད། །ཅེས་གསུངས་སོ། །ཡང་ན་ཉོན་མོངས་པ་བཅོམ་པ་ཉིད་ཀྱིས་ན་དགེ་སློང་ངོ༌། །འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཆགས་པའི་ཕྱིར་ཆགས་བྲལ་ལོ། །ཐར་པའི་ཆ་དང་མཐུན་པ་དང་དད་པ་ལ་སོགས་པའི་དབང་པོ་ལྔའི་དབང་དུ་གྱུར་པས་དབང་པོ་ཐུལ་བའོ། །ཉེ་བར་དམིགས་པའི་ཉོན་མོངས་པ་དང་གནས་ངན་ལེན་དང་བྲལ་བའི་ཕྱིར་བདེ་བ་རྙེད་པ་དང་འཇིགས་མེད་ཐོབ་པའོ། །རང་གི་རྒྱུད་ཉོན་མོངས་པ་ཐམས་ཅད་དང་བྲལ་བས་ཉོན་མོངས་ཐམས་ཅད་རྒྱུད་ཆད་པའི་ཕྱིར་བསིལ་བར་བྱེད་པའོ། །བསིལ་བར་བྱེད་པས་བསིལ་བ་སྟེ་བསིལ་བ་མ་ཡིན་པ་བསིལ་བར་གྱུར་ཞེས་སྦྱར་བར་བྱའོ། །ཉན་ཐོས་ལ་སོགས་པས་མར་མེ་ཤི་བ་ལྟ་བུའི་བསིལ་བ་ཐོབ་པར་གྱུར་པ་ནི་མ་ཡིན་ནོ། །གང་གི་ཕྱིར་རྣམ་པར་རྟོག་པའི་རྙོག་པ་དང་བྲལ་བར་གྱུར་པ་དེའི་ཕྱིར་རྙོག་པ་མེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ལས་ཡང་དག་པའི་ལྟ་བ་ནི་རིག་པའོ། །ཡན་ལག་ལྷག་མ་བདུན་པོ་རྣམས་ནི་རྐང་པ་སྟེ་དེ་དག་དང་ལྡན་པའི་ཕྱིར་རིག་པ་དང་རྐང་པར་ལྡན་ནོ། །བདེ་བར་གཤེགས་པ་ནི་མཛེས་པར་གཤེགས་པས་གཟུགས་མཛེས་པའི་བུ་མོ་བཞིན་དང་བུ་མོ་བཞིན་དང་མི་མཐུན་པར་གཤེགས་པས་བུམ་པ་ལེགས་པར་གང་བ་བཞིན་དང༌། ཕྱིར་མི་ལྡོག་པར་གཤེགས་པས་རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །འདི་དག་གིས་ཀྱང་གཤེགས་པ་ནི་མཁྱེན་པའི་དོན་ཏེ་ཕྱིན་ཅི་མ་ལོག་པའི་ལམ་ཐུགས་སུ་ཅུང་པ་དང༌། ཤེས་བྱ་མཐའ་དག་ཐུགས་སུ་ཆུང་པ་དང༌།ཆོས་ཉིད་ཐུགས་སུ་ཆུད་པ་ཡོངས་སུ་མ་ཉམས་པ་རྣམས་དང་གྲངས་ཇི་ལྟ་བ་བཞིན་དུ་སྦྱར་རོ། །འགྲོ་བའི་སྐྱེ་གནས་ཀྱི་རིགས་ཀྱི་དབྱེ་བ་ས་དང་རི་བོ་དང་རྒྱ་མཚོ་དང་གླིང་གི་དབྱེ་བས་ཕྱེ་བ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཏེ།


DTG064_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ལ་སོགས་པའི་སྤྱན་ལྔ་པོས་ཇི་ལྟ་བ་བཞིན་རིག་ཅིང་མཐོང་བས་ན་འཇིག་རྟེན་རིག་གོ །ཡང་ན་ཕུང་པོ་ལྔ་ནི་འཇིག་རྟེན་ཞེས་བཤད་དེ། དེ་ཡང་དོན་དམ་པར་འཇིགས་པ་དང་མི་འཇིགས་པའི་རང་བཞིན་མེད་པ་ཉིད་དུ་ཡོངས་སུ་ཤེས་པའི་ཕྱིར་འཇིག་རྟེན་རིག་གོ །དེ་ཉིད་ཀྱི་ཕྱིར་རང་དང་གཞན་གྱི་སྡེ་རྣམས་ལས་ཕུལ་དུ་བྱུང་བའི་ཕྱིར་མཆོག་གོ །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་བདག་འདིའོ་ཞེས་རྟོག་པ་དང་བྲལ་བ་བདག་གིར་མི་འཛིན་པའོ། །བདག་རྐྱེན་དུ་གཟུང་བའི་བདག་ཉིད་ནི་ཚད་མས་གནོད་པ་ཉིད་ཀྱིས་ཁས་མ་བླངས་པའི་ཕྱིར་བདག་གིར་མི་འཛིན་པའོ། །དོན་དམ་པར་ནི་འདི་ལ་བདག་གིར་མི་འཛིན་པ་དང་ངར་མི་འཛིན་པ་ཡང་མེད་དེ། ཇི་སྐད་དུ། ང་དང་ང་ཡིར་འཛིན་མེད་གང༌། །དེ་ཡང་ཡོད་པ་མ་ཡིན་ཏེ། །ང་དང་ང་ཡིར་མི་འཛིན་པར། །གང་གིས་མཐོང་བ་དེ་མི་མཐོང༌། །ཞེས་སོ། །བཅོམ་ལྡན་འདས་ཀྱིས་ཚུལ་འདི་དག་ཕན་ཚུན་མི་འགལ་ལམ་ཅི་ཞེ་ན། བདེན་པ་ཞེས་པ་ལ་སོགས་པ་གསུངས་ཏེ། བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའི་ངོ་བོའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ཐུགས་སུ་ཆུད་ཅིང་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སོགས་པའི་ཚུལ་གྱིས་བཞུགས་པའོ། །དོན་དམ་པའི་བདེན་པ་ནི་སྤྲོས་པ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་པོ་འཇམ་པའི་མགོན་པོ་སྟེ། དེ་ཉིད་གདུལ་བྱ་རྣམས་ལ་དེ་ལྟ་དེ་ལྟར་སྣང་བར་མཛད་པས་ན་བདེན་པ་གཉིས་ཀྱི་ཚུལ་ལ་མི་གནས་པའི་ཚུལ་གྱིས་གནས་ཏེ་ཁྱད་པར་ནི་དེ་ཡོད་དེ། །དེ་ལྟར་ལང་ཀར་གཤེགས་པར་གསུངས་པ། ང་ཡི་ཚུལ་ནི་རྣམ་གཉིས་ཏེ། །བསྟན་པ་དང་ནི་གྲུབ་མཐའོ། །བྱིས་པ་རྣམས་ལ་སྨྲ་བ་བསྟན། །རྣལ་འབྱོར་ཅན་ལ་གྲུབ་པའི་མཐའ། །ཞེས་སོ། །གནས་ནི་འཆད་པར་འགྱུར་བ་ལ་ཡང་སྦྱར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཆེན་པོ་གསུངས་པ། འཁོར་བའི་ཞེས་པ་ལས་སོགས་པ་སྟེ། ཉོན་མོངས་པ་དང་ལས་ལས་བྱུང་བའི་འགྲོ་བ་ལྔ་པོ་རྒ་ཤིས་རབ་ཏུ་བཅིངས་པའི་ངོ་བོ་ནི་འཁོར་བའོ། །ཕ་རོལ་ཏུ་ཕྱིན་པ་ནི་མྱ་ངན་ལས་འདས་པའོ། །དེ་དག་གི་མཐའ་ནི་རང་བཞིན་མེད་པ་ཉིད་དེ། འཁོར་བ་དང་མྱ་ང་


DTG064_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་དབྱེ་བ་གཉིས་སུ་མེད་དོ་ཞེས་པའི་དོན་ཏོ། །དེ་ལ་གནས་པ་ནི་མི་གནས་པའི་ཚུལ་གྱིས་གནས་པའོ། །དེ་སྐད་དུ་ཡང༌། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཐབས་མ་ཡིན་པས་རིང་བ་དང༌། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །ཅེས་སོ། །དབྱེར་མི་ཕྱེད་པའི་མཐའ་ལ་ཆོས་ཉིད་ཀྱི་གནས་ཉིད་དེ། ཇི་སྐད་དུ། མྱ་ངན་ལས་འདས་པ་རྟག་པར། །འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པའང་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་དེ། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་སོ། །དེ་ལྟ་བུར་བཤད་པ་ཇི་ལྟར་ཡིན་ཞེ་ན་གསུངས་པ། བྱ་བ་བྱས་པ་ཞེས་པ་སྟེ་བྱ་བ་ནི་གང་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་མ་ལུས་པའི་དོན་མཛད་པར་སྤྱོད་པའི་བདག་ཉིད་ཀྱི་དངོས་པོ་སྐྱེད་དོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ས་དང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་མཚན་ཉིད་ཅན་ནོ། །བྱ་བ་དེ་བྱས་པ་གང་ཡིན་པ་དེ་དེ་བཞིན་ནོ། །བྱ་བ་དེ་བྱས་ནས་སྲིད་པ་དང་མྱ་ངན་ལས་འདས་པའི་གཡང་ལས་འདས་ཤིང་ཐམས་ཅད་ལས་འཕགས་པས་སྐྲག་པ་ཐམས་ཅད་དང་བྲལ་བའི་གནས་ལ་གནས་པའི་ཕྱིར་སྐམ་སར་གནས་པའོ། །ཉན་ཐོས་ཀྱི་ཐེག་པ་ལ་ནི་འཁོར་བའི་ཕ་རོལ་ཞེས་པ་ལ་སོགས་པ་མྱ་ངན་ལས་འདས་པ་ཐོབ་པ་ལ་བཤད་དེ། མྱ་ངན་ལས་འདས་པ་རྣམས་དེ་ལྟར་སྣང་བའོ། །ཡེ་ཤེས་འབའ་ཞིག་ནི་གཉིས་སུ་མེད་ཅེས་པའི་དོན་ཏོ། །འབའ་ཞིག་པ་ཉིད་ནི་ཡེ་ཤེས་འབའ་ཞིག་པ་སྟེ་དེས་ངེས་པར་བསལ་ཏེ་ཕྱུང་བས་ན། བཅོམ་ལྡན་འདས་འཇམ་དཔལ་ནི་དེ་བཞིན་གཤེགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ལས་ངེས་པར་འཁྲུངས་པའོ་ཞེས་པའི་དོན་ཏོ། །ཡང་ན་གྲངས་ཅན་པ་དང༌། ཕྱོགས་ཀྱི་གྲངས་ཅན་པས་ཐར་པའི་རྒྱུར་ཡོངས་སུ་བརྟགས་པ་ནི་ཤེས་པ་འགའ་ཞིག་གོ །དེ་ནི་ཤིན་ཏུ་རྣོ་བའི་ཤེས་རབ་ཀྱི་སྣང་བས་ངེས་པར་ཕྱུང་བ་སྟེ་འཇུག་པའི་གནས་ངེས་པར་གསལ་ཞིང་མེད་པར་བྱས་པ་གང་ཡིན་པ་དེ་ལ་དེ་ལ་དེ་ལྟར་བཤད་དེ། ངེས་ཕྱུང་ཤེས་པ་


DTG064_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འབའ་ཞིག་པ། །ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཤེས་རབ་མཚོན་ཆ་ཞེས་པ་སྟེ། ཆོས་རྣམས་ངེས་པར་འབྱེད་པའི་ཡེ་ཤེས་ནི་ཤེས་རབ་སྟེ་དེ་ཉིད་མཚོན་ཆའོ། །གང་གི་ཞེས་དབྱེ་བས་དོན་དམ་པར་ནི་དེ་ཉིད་ཤེས་རབ་ཀྱི་རང་བཞིན་གྱི་མཚོན་ཆའོ། །ལིངྒཾ་ཏྭ་ཏནྟྲ། དེ་ཉིད་ཕཊ་ཀྱི་རྒོལ་བ་རྣམས་ཀྱི་ལོག་པའི་བློ་གྲོས་འཇོམས་པའི་ཕྱིར་རྣམ་འཇོམས་པའོ། །ཡེ་ཤེས་འབའ་ཞིག་ངེས་གསལ་བ་དང་ཤེས་རབ་མཚོན་ཆ་ཞེས་ཀློག་པ་ཡང་གོ་སླ་བ་ཉིད་དོ། །དམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཆོས་ཀྱི་རྩ་བ་དང་སྦྱིན་པ་ལ་སོགས་པའི་རང་བཞིན་བཅོམ་ལྡན་འདས་འཇམ་དཔལ་ནི་དམ་ཆོས་ཏེ་དེ་ལ་གོམས་པས་དེ་ཉིད་དུ་གྲུབ་པ་སྟེ། ཇི་སྐད་དུ། ཡེ་ཤེས་ཞབས་ཀྱིས། སེམས་ཅན་མ་ལུས་པའི་ཕུན་སུམ་ཚོགས་པ་འཛིན་པའི་ཆོས་སྐྱབས་སུ་མཆིའོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྣང་བས་མཛེས་པས་ན་ཆོས་རྒྱལ་ལོ། །དེའི་ཕྱིར་གསལ་བར་ལྡན། འཇིག་རྟེན་སྣང་བར་བྱེད་པའི་ཚོགས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གཏོགས་པའི་མི་ཤེས་པའི་མུན་པ་དང་བྲལ་བར་བྱེད་པའི་འོད་ཟེར་གྱི་ཚོགས་ཉིད་ཀྱིས་གསལ་ལྡན་ནོ། །གཞན་ཡང་གསལ་ལྡན་ནི་འཇིག་རྟེན་སྣང་བས་ཡོངས་སུ་ཁྱབ་པར་བྱེད་པ་སྟེ། གླིང་བཞི་པ་ཙམ་སྣང་བར་བྱེད་ཀྱི་ཕྱིའི་འཇིག་རྟེན་སྣང་བར་མི་བྱེད་པ་ལྟ་བུ་ནི་མ་ཡིན་ནོ། །མཆོག་ནི་ཁྱད་པར་དུ་བྱས་པའོ། །ཆོས་ཀྱིས་རང་དང་གཞན་གྱི་བདེ་བ་སྒྲུབ་པར་བྱེད་པས་མི་ཟད་པའི་མཛོད་ཀྱི་རང་བཞིན་ཉིད་ཀྱི་དབང་ཕྱུག་སྟེ་ཆོས་ཀྱི་དབང་ཕྱུག་གོ །ཡང་ན་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཕྱིར་ཆོས་ཐམས་ཅད་དེ་ལ་རག་ལས་པར་འཇུག་པས་ན་ཆོས་ཀྱི་དབང་ཕྱུག་གོ །དེ་ཉིད་ཀྱི་ཕྱིར་ཆོས་ཀྱིས་སེམས་ཅན་ཐམས་ཅད་འདུལ་བར་བྱེད་པའི་ཕྱིར་ཆོས་ཀྱི་རྒྱལ་ལོ། །དེའི་ཕྱར་ལེགས་པའི་ལམ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་ཉིད་སྟོན་པ་ཉིད་དེ། འབྲས་བུ་ཡོད་པ་མྱ་ངན་སྟོན་པའི་ཕྱིར་རོ། །གྲུབ་པ་ནི་ཡོངས་སུ་གྲུབ་པ་ཡིན་ལ་དོན་ནི་གདུལ་བྱ་རྣམས་ཀྱི་མངོན་བར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དེ་གང་གི་ཕྱིར་འདི་ནི་དོན་གྲུབ་


DTG064_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །ཅི་ལས་ཤེ་ན་གསུངས་པ། བསམ་པ་གྲུབ་ཅེས་པ་ལ་སོགས་པ་སྟེ། བསམ་པ་ནི་སྨོན་ལམ་སྟེ་སྔར་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་སྟེ། ལས་དང་བོ་པའི་གནས་སྐབས་ན་སྨོན་ལམ་མཐའ་ཡས་པ་བཏབ་པ་གང་ཡིན་པ་དེ་རྣམས་གྲུབ་ཅིང་རྣམ་པར་སྨིན་པས་ན་བསམ་པ་གྲུབ་པོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ་ནི་རིམ་གྱིས་ཆོས་ཀྱི་དབྱིངས་ལ་གོམས་པའི་རང་བཞིན་གྱིས་བག་ཆགས་དང་བཅས་པའི་ཀུན་དུ་རྟོག་པ་ཐམས་ཅད་སྤངས་ཤིང་དོར་བས་སྐབས་མི་འབྱེད་པ་སྟེ། ཇི་ལྟར་ཆོས་སྟོན་པར་མཛད་པ་ན་རྣམ་པར་རྟོག་པ་སྣ་ཚོགས་ལ་ལྷག་པར་སྤྱོད་པའི་ཚིག་སྟོན་པར་མཛད་ཀྱང་དེ་ཁོ་ན་ཉིད་དུ་ཀུན་དུ་རྟོག་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་བཅོམ་ལྡན་འདས་མངའ་བརྙེས་པས། བསམ་པ་ཇི་ལྟ་བ་དང་རྗེས་སུ་མཐུན་པའི་ཆོས་སྟོན་པ་ལྟ་བུར་སྣང་བ་ནི་གདུལ་བྱ་རྣམས་ཀྱི་རྐྱེན་ལས་བྱུང་བ་ཡིན་ལ། དེ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་སྒྲའི་ཚོགས་རྣམས་བྱུང་བར་ཤེས་ཤིང་ཆོས་སྟོན་པར་མཛད་དོ་ཞེས་རྣམ་པར་འཇོག་པས་ན་འགལ་བ་མེད་དོ། །དེ་སྐད་དུ་ཡང༌། དེ་ཡི་བྱིན་གྱི་རླབས་ཙམ་གྱིས། །སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར། །རྩིག་པ་ལ་སོགས་རྣམས་ལས་ཀྱང༌། །ཇི་ལྟར་འདོད་བཞིན་སྟོན་པ་འབྱུང༌། །དེ་ཡི་དོན་རྣམས་དཔྱད་ནས་ནི། །མི་རྣམས་ཀྱིས་ནི་ཀུན་ཤེས་ཏེ། །ཕན་པ་རྣམས་ལ་ཅི་རིགས་པར། །མྱུར་བ་ཉིད་དུ་སྦྱོར་བར་འགྱུར། །ཞེས་གསུངས་སོ། །བསྟོད་པ་བཞི་པར་ཡང་གསུངས་པ། མགོན་པོ་སེམས་པ་མི་མངའ་ཞིང༌། །རྣམ་རྟོག་གཡོ་བ་མི་མངའ་ཡང༌། །ལྷུན་གྱིས་གྲུབ་པར་འཇིག་རྟེན་དུ། །སངས་རྒྱས་ཀྱིས་ནི་མཛད་པ་འཇུག །གཙོ་བོ་ཁྱེད་ཀྱིས་འགའ་ཞིག་ཏུ། །ཡི་གེ་གཅིག་ཀྱང་མ་གསུངས་ལ། །གདུལ་བྱའི་སྐྱེ་བོ་མ་ལུས་རྣམས། །ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར། རྣམ་པར་མི་རྟོག་དབྱིངས་མི་ཟད། །དེ་ཡང་གང་ཡིན་ཞེ་ན་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ཞེས་པ་ཆོས་ཐམས་ཅད་འབྱུང་བའི་རིགས་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ལས་མཆོག་ཏུ་ཕུལ་དུ་བྱུང་བས་དམ་པའོ། །དངོས་པོ་གང་


DTG064_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གནས་ཞེས་པ། །འགྲིབ་དང་འཕེལ་བ་མི་རིགས་སོ། །ཞེས་པའི་རིགས་པས་ཟད་མི་ཤེས་པའི། །བསོད་ནམས་ལྡན་པ་ཞེས་པ་ལ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་དང་བསམ་གཏན་ནི་གཉིས་ཀར་གཏོགས་སོ། །དེ་ལ་བསོད་ནམས་ལྡན་པ་ཞེས་བྱ་བ་ནི་རྒྱུའི་གནས་སྐབས་སོ། །བསོད་ནམས་ཚོགས་ཞེས་བྱ་བ་ནི་འབྲས་བུའི་གནས་སྐབས་སོ། །དེ་བཞིན་དུ། ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཞེས་པ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཀྱིས་ཚིག་གཉིས་སུ་སྦྱར་བར་བྱའོ། །ཡེ་ཤེས་འབྱུང་གནས་ཞེས་པ་རྟགས་ཀྱི་རྒྱུད་ཉིད་ཀྱི་ཕྱིར་མ་ནིང་གི་རྟགས་སོ། །ཡེ་ཤེས་འབྱུང་གནས་ཉིད་ཀྱི་ཕྱིར། དེའི་འབྲས་བུར་གྱུར་པའི་ཡེ་ཤེས་ནི་ཡེ་ཤེས་ལྡན་པའོ། །ཡང་ན་ཡེ་ཤེས་ཉིད་འབྱུང་གནས་ཏེ་སྐྱེ་བའི་གནས་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་གོམས་པ་ཉིད་ལས་དེ་སྐྱེས་པས་ན་ཡེ་ཤེས་འབྱུང་གནས་སོ། །ཡོད་མེད་ཤེས་པ་ནི་ཟབ་པ་དང་རྒྱ་ཆེ་བ་ཉིད་ཀྱིས་དངོས་པོ་དང་དངོས་པོ་མེད་པ་རོ་གཅིག་པར་རྟོགས་པ་སྟེ། དེ་དེའི་བདག་ཉིད་དུ་ལྡན་པའི་འཇམ་པའི་དཔལ་ནི་ཡོད་མེད་ཤེས་པའོ། །དེའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡང་དག་པར་བསགས་པའོ།། །།ད་ནི་སྔགས་ཀྱི་ཚུལ་གྱི་ལྷ་རྣམས་ཀྱི་ངོ་བོ་དང༌། ཏིང་ངེ་འཛིན་དང༌། སྔགས་དང༌། ཁྲོ་བོ་ལ་སོགས་པའི་གཟུགས་ཀྱིས་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར་ཀུན་དུ་གནས་སོ་ཞེས་སྟོན་པར་བྱེད་པ་ནི། རྟག་པ་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་དུ་རྒྱུན་མི་འཆད་པར་བྱེད་པའི་ཕྱིར་རྟག་པ་སྟེ་རྣམ་པར་སྣང་མཛད་དོ། །གཟུགས་སྣ་ཚོགས་པས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པས་མཛེས་པའི་ཕྱིར་སྣ་ཚོགས་རྒྱལ་པོ་སྟེ་དོན་ཡོད་གྲུབ་པའོ། །ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་མཚན་ཉིད་ཅན་གྱི་རྣལ་འབྱོར་དང་ལྡན་པའི་ཕྱིར་རྣལ་འབྱོར་ཅན་ཏེ་འདོད་ཆགས་རྡོ་རྗེའོ། །བསམ་གཏན་ཞེས་པ་ནི་བསམ་པ་པོ་དང་བསམ་པར་བྱ་བ་དང་བསམ་གཏན་གྱི་བྱ་བ་དང་བྲལ་བ་རྣམ་


DTG064_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་མེད་པ་ཞེས་བྱ་བ་ཐུགས་རྗེའི་རང་བཞིན་མི་བསྐྱོད་པའོ། །བསམ་བྱ་ནི་སངས་རྒྱས་ཉིད་དོན་དུ་གཉེར་བ་རྣམས་མཐའ་ཡས་པའི་དགའ་བའི་རྒྱུད་ཀྱི་རྒྱུ་ཉིད་ཀྱིས་བསྒོམ་པར་བྱ་བ་སྟེ་འདི་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་བཞིན་དུ་བློ་ལྡན་བདག་ནི་དེ་བཞིན་གཤེགས་པ་ལྔ་པོ་རྣམས་ཀྱི་ཡེ་ཤེས་ཀྱི་བདག་པོ་དྲུག་པ་རྡོ་རྗེ་འཆང་གི་རང་བཞིན་ཏེ་འདི་ཡང་འཇམ་པའི་དཔལ་ཉིད་དོ་ཞེས་མངོན་པར་བརྗོད་པའོ། །དེ་ལྟར་ཡང༌། བདེ་གཤེགས་ཤེས་རབ་དྲི་མ་མེད། །འཇམ་པའི་དབྱངས་སུ་དེ་བཤད་དོ། །དངོས་དང་དངོས་མེད་རྣམས་དཔྱད་ན། །སངས་རྒྱས་ཀུན་ལ་བདག་མེད་ཀྱང༌། །བདག་གི་དབང་དུ་འཇུག་འགྱུར་བ། །ཨེ་མའོ་ཆོས་ཀྱི་ཆོས་ཉིད་ཡིན། །ཞེས་གསུངས་སོ། །དེ་ལྟ་བུའི་ངོ་བོ་ཉིད་ཀྱི་གང་གིས་ཇི་ལྟར་རྟོགས་པར་བྱ་ཞེ་ན། གསུངས་པ། སོ་སོ་རང་རིག་ཅེས་པ་སྟེ་སོ་སོ་རང་རིག་པའི་ངོ་བོ་ཉིད་ལས་མ་གཏོགས་པར་གང་གིས་ཇི་ལྟར་ཡང་རྟོགས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ཧི་ནི་ངེས་པར་གཟུང་བའོ། །དོན་དམ་པར་ནི་ངོ་བོ་གཞན་དུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར་མི་གཡོ་བ་སྟེ། རང་བཞིན་མེད་པའི་རང་བཞིན་གྱི་ཕྱིར་གཡོ་བ་མེད་དོ་ཞེས་པའི་དོན་ཏོ། །རི་བྲགས་ལྟར་གནས་ནས་རྟག་པ་ཉིད་ཀྱི་མི་གཡོ་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མཆོག་གི་དང་པོ་ཞེས་པ་སྟེ་མཆོག་གི་དང་པོ་རྡོ་རྗེ་འཆང་པོ། །དེ་སྐད་དུ་ཡེ་ཤེས་ཞབས་ཀྱིས། མཆོག་གི་དང་པོ་སྙིང་གར་འབྱུང་བ་ཡི། །རླུང་གང་ནོར་བུའི་གཟུགས་ཅན་དེ་རྡོ་རྗེ། །ཞེས་སོ། །ཐམས་ཅད་ལས་ཕུལ་དུ་བྱུང་བས་མཆོག་ཀྱང་འདི་ཡིན་ལ་དང་པོ་ཡང་འདི་ཡིན་པས་དེ་ཉིད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྐྱེད་པའོ། །དེ་ལྟར་དབྱེར་མེད་ཀྱང་དེ་ཆོས་ཀྱི་སྐུའི་མངའ་བདག་ཉིད་ཀྱིས་རིགས་གསུམ་གྱི་བདག་ཉིད་ཅན་ནི་སྐུ་གསུམ་དུ་གདུལ་བྱ་ལ་སྣང་བ་སྐྱེའོ་ཞེས་གསུངས་པ་ནི་སྐུ་གསུམ་འཆང་ཞེས་པ་སྟེ། སྐུ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ཞེས་བྱ་བ་རྣམས་སོ། །སྐུ་གསུམ་པོ་དེ་ཉིད་རིགས་ལྔའི་བདག་ཉིད་ཅན་ངོ་བོ་ཉིད་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་


DTG064_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཆོས་དང༌། ཡེ་ཤེས་ཀྱི་དབྱེ་བས་རྣམ་པ་ལྔར་སྣང་བས་ན། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་པ་རྡོ་རྗེ་འཆང་སྟེ། སངས་རྒྱས་རྡོ་རྗེ་འཆང་དུ་བཤད། །ཅེས་གསུངས་པའོ། །དེ་ལ་ངོ་བོ་ཉིད་ནི་ཆོས་ཉིད་ཀྱི་སྐུའོ། །སྐུ་བཞི་པོའི་རང་བཞིན་གྱི་ཚུལ་ནི་གཞན་གྱི་སྤྱོད་ཡུལ་མ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་མཚན་དང་དཔེ་བྱད་ཤིན་ཏུ་འབར་བ་སྟེ་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་རྣམས་ཀྱི་སྤྱོད་ཡུལ་ལོ། །སྤྲུལ་པ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཆོས་ཀྱི་སྐུ་ནི་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་བསྒོམ་པར་བྱ་བའི་ཆོས་ཀྱི་རང་བཞིན་ནོ། །ཡེ་ཤེས་ཀྱི་སྐུ་ནི་སེམས་ཅན་གྱི་དོན་བྱ་བ་ཐུགས་སུ་ཆུད་པའི་བདག་ཉིད་ཅན་ནོ་ཞེས་པ་ཁྱད་པར་སྟེ། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་སོ་སོར་སྣང་བའི་ཕྱིར་རོ། །དེ་ཉིད་ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ། །དེ་ལ་དྲི་མ་མེད་པའི་ཡེ་ཤེས་མེ་ལོང་ལྟ་བུ་ལ་ཤེས་བྱའི་དཀྱིལ་འཁོར་མཐའ་དག་གཟུགས་བརྙན་གྱི་ཚུལ་དུ་སྣང་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཚུལ་དེ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་ཕྱིར་སོ་སོ་རང་རིག་པར་བྱེད་པས་ན་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཉིད་སེམས་ཅན་མ་ལུས་པའི་དོན་གྱི་བྱ་བ་སྒྲུབ་པར་སྣང་བས་ན་བྱ་བ་སྒྲུབ་པའི་ཡེ་ཤེས་སོ། །དེ་ལྟར་རྣམ་པར་གནས་ཀྱང་རང་བཞིན་གྱིས་དྲི་མ་མེད་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བརྗོད་པ་ནི། བཅོམ་ལྡན་འདས་འཇམ་དཔལ་ཁམས་གསུམ་པའི་དཔལ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཉིད་དོ། །སྔགས་ཀྱི་ཚུལ་ལ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རྣམ་པ་རྒྱུན་མི་འཆད་པ་སྟེ། ཤིན་ཏུ་རྣམ་པར་འབྱུང་བའི་ཆོས་འབྱུང་གི་ཡེ་ཤེས་ཉིད་མཐོང་བའི་དབྱེ་བས་དེ་བཞིན་གཤེགས་པ་ལྔའི་གཟུགས་ཀྱི་ཕྱིར་ཡེ་ཤེས་ལྔའི་བདག་ཉིད་ཅེས་རྣམ་པར་བཤད་པའོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་ཀྱི་གཟུགས་དེ་རྣམས་དེའི་རང་བཞིན་གྱིས་ཁྱབ་པས་ན་ཁྱབ་བདག་གོ །རྒྱུ་ལ་འབྲས་བུས་རྒྱས་གདབ་སྟེ། །འབྲས་བུ་ལ་ཡང་


DTG064_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་རྒྱས་གདབ། །ཅེས་གསུངས་པའི་ཕྱིར། རྒྱུའི་རྡོ་རྗེ་འཆང་ལ་འབྲས་བུ་སངས་རྒྱས་ལྔས་རྒྱས་གདབ་པ་གསུངས་པ། སངས་རྒྱས་ལྔ་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་ལྔའི་བདག་ཉིད་ཀྱི་ཅོད་པན་གྱིས་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་དུ་མངོན་པར་དབང་བསྐུར་བའི་ཕྱིར། སངས་རྒྱས་ལྔ་བདག་ཅོད་པན་ཅན་ནོ། །ཤའི་དང༌། ལྷའི་དང༌། ཆོས་ཀྱི་དང༌། ཤེས་རབ་ཀྱི་དང༌། སང་རྒྱས་ཀྱི་སྤྱན་ཞེས་བྱ་བ་རྣམས་ནི་དངོས་པོ་སོ་སོར་ངེས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང༌། སྐྱེ་བ་དང༌། ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་དང༌། འཕགས་པའི་གང་ཟག་ཐམས་ཅད་རྟོགས་པ་དང༌། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་རྣམས་ཏེ། སྤྱན་ལྔ་པོ་རྣམས་ཆགས་པ་མེད་པ་དང༌། ཐོགས་པ་མེད་པར་འཛིན་པར་བྱེད་པ་ན། སྤྱན་ལྔ་ཆགས་པ་མེད་པ་འཆང་བ་སྟེ། ཆགས་པ་མེད་པའི་སྤྱན་ལྔ་འཆང༌། །ཞེས་པའི་དོན་ཏོ། །ཡང་ན་སྤྱན་ལྔ་ཞེས་ཚིག་ཐ་དད་པ་སྟེ། འདི་ཉིད་བཅོམ་ལྡན་འདས་ལྔ་རྣམས་དང་སྤྱན་རྣམས་ནི་སྤྱན་ལྔ་སྟེ་འཇམ་དཔལ་ཉིད་དོ། །ཀུན་སྡུད་པའི་བསྡུ་བ་སྦྱར་ཏེ་ཐམས་ཅད་དུ་ཆགས་པའི་དངོས་པོ་མེད་པས་ཆགས་པ་མེད་པ་འཛིན་པས་ན་ཆགས་མེད་འཆང་བའོ། །དེ་ལྟར་ཡང༌། བདེ་སྡུག་བདག་དང་བདག་མེད་དང༌། །རྟག་དང་མི་རྟག་ལ་སོགས་པ། །ཐ་དད་རྣམ་པར་རྟོག་པ་རྣམས། །གཙོ་ཁྱོད་བློ་ནི་ཆགས་མ་ལགས། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རང་བཞིན་ཉིད་ཀྱིས་དེ་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེད་པ་པོ་ཡིན་པའི་ཕྱིར་སངས་རྒྱས་ཐམས་ཅད་སྐྱེད་པ་པོའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ངེས་པར་འཁྲུང་བར་འདོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྡོ་རྗེའི་བློའོ་ཞེས་གསུངས་པས་ན། འཇམ་དཔལ་ཉིད་སངས་རྒྱས་ཐམས་ཅད་སྐྱེད་པ་པོ་ཞེས་བཤད་དེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚུལ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས་སེམས་ཅན་


DTG064_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་སངས་ལ་བཞག་ཅེས་པ་ལས་སོ། །དེ་ལྟ་ན་ཡང༌། འདི་ནི་སངས་རྒྱས་སྲས་པོ་སྟེ། །སེམས་ཅན་ཐམས་ཅད་ཀྱི་དོན་སླར་ཡང་བྱང་ཆུབ་སེམས་དཔའི་དོན་གྱིས་རྟག་ཏུ་བཞུགས་པའི་ཕྱིར་རོ། །སངས་རྒྱས་སྲས་པོ་ཡང་ཅི་འདྲ་བ་ཞིག་ཅེ་ན་དམ་པ་ཞེས་བྱ་སྟེ། སེམས་ཅན་གྱི་ཚོགས་མ་ལུས་པའི་དོན་བྱེད་པའི་མཚན་ཉིད་སངས་རྒྱས་ཀྱི་མཛད་པ་བྱེད་པས་ཐུགས་ལས་སྐྱེས་པའི་སངས་རྒྱས་སྲས་པོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མཆོག་ཅེས་པ་སྟེ་ཤེས་རབ་ཀྱིས་ཆོས་ཐམས་ཅད་རང་བཞིན་པ་ཉིད་དུ་ཤེས་པའོ། །དེ་ཉིད་སྲིད་པ་སྐྱེད་པའི་གནས་ཏེ། དེའི་ཕྱིར་མཚན་དང་དཔེ་བྱད་འབར་བའི་སྐུ་འབྱུང་བ་གང་ཡིན་པ་ནི་ཤེས་རབ་སྲིད་འབྱུང་ངོ༌། །དེ་བཞིན་དུ་སྐྱེ་གནས་ཀྱང་སྲིད་པ་དང་ལས་དང་ཉོན་མོངས་པའི་སྐྱེ་གནས་དང་བྲལ་བའོ། །དེའི་ཕྱིར་གསུངས་པ། ཆོས་ཀྱི་སྐྱེ་གནས་ཞེས་པ་སྟེ་ཆོས་འབྱུང་གི་རང་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་སྐྱེ་གནས་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་གནས་སོ། །ཡང་ན་ཆོས་ཀྱི་དབྱིངས་དེ་རང་བཞིན་གྱི་རྒྱུ་མེད་པའི་ཕྱིར་སྐྱེ་གནས་མ་ཡིན་པ་ཉིད་དོ་ཞེས་པ་ལའང་འགལ་བ་མེད་དོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཆོས་སྟོན་པས་སྲིད་པ་མཐར་བྱེད་པའི་ཕྱིར་མཐར་བྱེད་པའོ། །དེ་ཉིད་ཇི་ལྟ་བུ་ཞེ་ན་གསུངས་པ། གཅིག་པུ་སྲ་མཁྲེགས་ཞེས་པ་ལ་སོགས་པ་སྟེ། མཁྲེགས་པ་ནི་ཁོང་སྟོང་མ་ཡིན་པའོ། །ཇི་ལྟར་མཁྲེགས་ན་གཅིག་པུ་སྟེ་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་ཕྱིར་གཉིས་སུ་མེད་པས་ཆ་ཤས་མེད་པའོ། །གཅིག་པུ་ནི་འདི་རྣམས་དེ་བཞིན་ཉིད་དང་གཉིས་སུ་མེད་པར་གསུངས་པའོ། །སྲ་བ་ཡང་ཡིན་ལ་ཐམས་ཅད་ཀྱི་མཆོག་ཀྱང་ཡིན་པས་ན་གཅིག་པུ་སྲ་མཁྲེགས་སོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེའི་བདག་སྟེ་འདིའི་བདག་གི་རང་བཞིན་ནི་རྡོ་རྗེའི་བདག་ཡིན་པས་དེ་ལྟར་བཤད་དོ། །གཟུགས་ཀྱི་སྐུའི་མཆོག་ལ་ནི་ཧཱུཾ་མཛད་རྡོ་རྗེའི་བདག་ཡིན་ཏེ། དེ་ཡང་མཚན་དང་དཔེ་བྱད་འབར་བའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས་རྡོ་རྗེའི་བདག་གོ །རྡོ་རྗེ་མཁྲེགས་པ་ནི་སྲ་བ་སྟེ་མི་ཕྱེད་པ་བྱེད་པའི་ཕྱིར་རོ། །གཅིག་པུ་ནི་


DTG064_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཕུལ་དུ་བྱུང་བའི་ཕྱིར་གཙོ་བོའོ། །སྲ་ཞིང་བརྟན་པའི་ཕྱིར་གཅིག་པུ་སྲ་མཁྲེགས་སོ། །ཡང་ན་ཁོང་སྟོང་ལྟ་བུའི་གཉིས་པ་མེད་པའི་ཕྱིར་གཅིག་པུ་གཉིས་སུ་མེད་པ་ཉིད་མཁྲེགས་པ་སྟེ་དེ་ནི་རང་རིག་པ་མ་རྟོགས་པས་རིག་པར་བྱ་བ་མེད་པས་ན་གཉིས་མེད་ཉིད་དེ། གཉིས་པ་ནི་ཚང་མ་དང་འགལ་བའི་ཕྱིར་སྙིང་པོ་མེད་པ་ཉིད་དེ། དེ་བས་ན་རྡོ་རྗེ་ལྟར་མི་ཕྱེད་པའི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེ་བདག་འཇམ་དཔལ་ཉིད་དེ། རྡོ་རྗེ་འཆང་བ་ཞེས་པའི་དོན་ཏོ། །དེའི་ཕྱིར་རྡོ་རྗེ་ཧཱུཾ་ནི་འཕྲལ་དུ་སྐྱེས་པ་འགྲོ་བའི་བདག་སྟེ་འཁོར་ལོས་སྒྱུར་བའི་བུ་ཐུ་བོ་བཞིན་ནོ་ཞེས་དགོངས་པའོ། །རང་བཞིན་གྱིས་སྐྱེ་བ་མེད་ཀྱང་ཀུན་རྫོབ་ཏུ་ནམ་མཁའོ། །སྟོང་པ་ཉིད་དང་ཡེ་ཤེས་བདག་ཉིད་ནམ་མཁའ་ལྟ་བུའི་རང་བཞིན་རྡོ་རྗེ་གསུམ་གྱི་བདག་ཉིད་ཀྱི་གཟུགས་ཀྱི་སྐུ་ལས་བྱུང་བ་ཉིད་ནམ་མཁའ་ལས་བྱུང་བའོ། །གདུལ་བྱའི་བསམ་བའི་དབང་གིས་དེ་དང་དེའི་གཟུགས་ཀྱི་སྙིང་རྗེ་ཆེན་པོས་རང་བྱུང་བས་ན་རང་བྱུང་ངོ༌། །དེ་ལྟ་ན་འགྲོ་བ་ཐམས་ཅད་དུ་སོང་བས་དེར་གཏོགས་པའི་སྐྱོན་དང་ལྡན་པར་འགྱུར་བར་དོགས་པ་ལ་གསུངས་པ། ཤེས་རབ་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་དང་ཡེ་ཤེས་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་ཁོང་དུ་ཆུད་པ་སྟེ། དེ་ཉིད་ཕུང་པོ་ལ་སོགས་པའི་བུད་ཤིང་སྲེག་པར་བྱེད་པའི་ཕྱིར་མེའོ། །འཇིག་རྟེན་ལས་འདས་ཤིང་ཞི་བ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་ཆེན་པོའོ། །དེ་སྐད་དུ་ཡང། འགྲོ་བའི་ཆོས་རྣམས་ཐམས་ཅད་ནི། །རྣམ་ཤེས་མེ་ཡི་བུད་ཤིང་འདོད། །དེ་དག་ཇི་བཞིན་རྣམ་དཔྱད་པས། །འབར་ཞིང་སྲེག་པས་ཉེ་བར་ཞི། །ཞེས་སོ། །དེ་གཉིས་ཀྱི་ཕྱིར་དེ་ཉིད་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་རྣམ་པ་ཐ་དད་པའི་ཚུལ་གྱིས་གསལ་བར་བྱེད་པས་ན་ལམ་མེ་བ་སྟེ་རྣམ་པར་སྣང་བར་བྱེད་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཉིད་ཀྱིས་སྣང་བར་བྱེད་པས་ན་འོད་ཆེན་པོའོ། །འོད་ཆེན་པོ་ཡང་ཕྱི་རོལ་གྱི་བེམས་པོ་ལྟ་བུ་ནི་ནམ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་


DTG064_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་གསལ་བའི་བདག་ཉིད་རྣམ་པར་སྣང་བས་ན་ཡེ་ཤེས་ཀྱི་སྣང་བ་ལམ་མེ་བའོ། །དེ་ལྟར་རྣམ་པར་སྣང་བར་མཛད་པ་ན་ཉི་མ་ལྟར་འཇིག་རྟེན་གྱི་ཁམས་གཅིག་སྣང་བར་བྱེད་དམ། གལ་ཏེ་ཐམས་ཅད་དུ་ཞེ་ན་དེ་ཉིད་གཅིག་པུས་ཞེས་གསུངས་ཏེ། འགྲོ་བའི་མར་མེ་ཞེས་པ་སྟེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཕྱིར་ཅིག་ཅར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་བྱ་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ཤེས་ཀྱི་སྣང་བ་འཆར་བར་མཛད་པའི་ཕྱིར་འགྲོ་བའི་མར་མེ་སྟེ་ཕྱི་རོལ་གྱི་དོན་མ་ཡིན་ནོ་ཞེས་པའི་དོན་ཏོ། །ནམ་མཁའི་ཁམས་ཐམས་ཅད་སྣང་བར་བྱེད་པའི་ཡེ་ཤེས་ཉིད་དེའི་བདག་ཉིད་དུ་གསལ་བས་ན་ཡེ་ཤེས་སྒྲོན་མེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཀྱིས་སེམས་ཅན་གྱི་ཕུང་པོ་མཐའ་དག་གི་མི་ཤེས་པའི་མུན་པ་མུན་ནག་རྣམ་པར་འཇོམས་པའི་ཕྱིར། གཟི་བརྗིད་ཆེན་པོ་འོད་གསལ་བའོ། །ད་ནི་དྲག་པོས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་གནོད་མཛེས་ལ་སོགས་པའི་འཁོར་ལོས་སྒྱུར་བའི་སྔགས་ཀྱི་ལྷ་རྣམས་ཀྱི་བདག་ཉིད་ཅན་དུ་གྱུར་པའི་བྱེ་བྲག་བསྟན་པའི་ཕྱིར་གསུངས་པ། རིག་པའི་རྒྱལ་པོ་ཞེས་པ་ལ་སོགས་པ་སྟེ། རིག་པའི་རྒྱལ་པོ་ནི་གནོད་མཛེས་སོ། །ཧཱུཾ་ཡིག་བཞི་པའི་རང་བཞིན་ཡིན་པའི་ཕྱིར་སྔགས་བདག་དབང་པོའོ། །དེ་ཉིད་ཁྲོ་བོའི་སྔགས་ཀྱི་མངའ་བདག་ཡིན་པའི་ཕྱིར། གསང་སྔགས་རྒྱལ་པོ་སྟེ་གྷྲཱུཾ་ཡིག་གོ །དེའི་རང་བཞིན་འཇམ་དཔལ་ཏེ་གསང་སྔགས་རྒྱལ་པོའོ། །སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་འབྲེལ་བ་ཉིད་ཀྱིས་ཆེན་པོའོ། །ཀུན་དུ་སྣང་བའི་གཙུག་ཏོར་གྱི་ཚུལ་གྱིས་དེ་དག་གི་དོན་བྱེད་པའི་ཕྱིར་དོན་ཆེན་བྱེད་པའོ། །ཡི་གེ་གཅིག་པོས་འཁོར་ལོས་སྒྱུར་བའི་རང་བཞིན་པའི་ཕྱིར་གཙུག་ཏོར་ཆེན་པོའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉོན་མོངས་པ་སེལ་བའི་ཕྱིར་རྨད་བྱུང་གཙུག་ཏོར་རོ། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ཅེས་མཐའ་དག་བཀླགས་པ་ན། རྨད་བྱུང་གཙུག་ཅེས་བྱ་བ་ནི་ཁྲོ་བོའི་ཁྱད་པར་རོ། །མཐའ་དག་བཀླགས་པ་ནི་སྡེ་ཚན་ཉིད་དུ་ཡང་དག་པར་འདོད་དོ་ཞེས་


DTG064_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོ། །གཟི་བརྗིད་ཕུང་པོའི་ངོ་བོ་ཉིད་དུ་གྱུར་པས་ན་སྣ་ཚོགས་སྟོན་ཏོ། །གཙུག་ཏོར་གྱེན་དུ་འཕགས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་ནམ་མཁའི་བདག་པོའོ། །གསང་སྔགས་ཀྱི་མཛོད་ཀྱི་གཙུག་ཏོར་ཐམས་ཅད་ཀྱི་བདག་པོ་ཉིད་དུ་གྱུར་པས་ན་སངས་རྒྱས་ཀུན་བདག་དངོས་པོ་མཆོག་གོ །ཡང་ན་གཟུངས་ཀྱི་དཀྱིལ་འཁོར་དུ་སྤྱན་མ་ལ་སོགས་པ་རིག་མའི་དབུས་སུ་མཛེས་པས་རིག་པའི་རྒྱལ་པོའོ། །ཁྲོ་བོའི་དཀྱིལ་འཁོར་དུ་དེའི་བདག་པོ་ཉིད་དུ་གྱུར་པའི་ཕྱིར་སྔགས་དྲག་གདབ་པའོ། །ཆོས་ཀྱི་དཀྱིལ་འཁོར་དུ་གསང་སྔགས་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་པའི་ཕྱིར་གསང་སྔགས་རྒྱལ་པོའོ། །དེ་ཉིད་ཀྱི་ཕྱིར་དོན་ཆེན་བྱད་དོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་བཅུ་གཉིས་ཀྱི་གསང་སྔགས་ཀྱི་སྔགས་རྣམས་དང་ཏིང་ངེ་འཛིན་གྱི་ཁྱད་པར་རྨད་དུ་བྱུང་བ་ལ་སོགས་པའི་ཚུལ་གྱིས་བཞུགས་པས་ན་གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག་གོ །འགྲོ་བ་འདུལ་བའི་དཀྱིལ་འཁོར་དུ་སྣ་ཚོགས་སྟོན་པའི་ངང་ཚུལ་ཉིད་ཀྱི་ཕྱིར་སྣ་ཚོགས་སྟོན་ཏོ། །ནམ་མཁའི་སྙིང་པོའི་དཀྱིལ་འཁོར་དེའི་བདག་ཉིད་ཀྱི་ཕྱིར་ནམ་མཁའི་བདག་གོ །རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པས་ན་སངས་རྒྱས་ཀུན་བདག་དངོས་པོ་མཆོག་གོ །དེ་ལྟར་མཉམ་པར་ལྟ་བས་འགྲོ་བ་རྣམས་ཀུན་དུ་དགའ་བར་བྱེད་པའི་མིག་གང་ཡིན་པ་དེ་ནི་དེ་ལྟར་བཤད་དོ། །གདུལ་བྱ་དང་མཐུན་པའི་སྣ་ཚོགས་པའི་གཟུགས་སྤྲུལ་པར་བྱེད་པའི་ཕྱིར་སྣ་ཚོགས་གཟུགས་ཅན་ནོ། །གདུལ་བྱ་སོ་སོ་སྐྱེ་བོ་རྣམས་ལ་འདིས་སྔོན་གྱི་རྒྱལ་བའི་གཟུགས་བརྙན་སྐྱེད་པར་བྱེད་པའི་ཕྱིར་སྐྱེད་པ་པོའོ། །ངང་ནི་སྡུད་པའོ། །དེ་ནི་ཁམས་གསུམ་པའི་བླ་མའི་ཡིན་པའི་ཕྱིར་མཆོད་ཅིང་བརྗེད་པའོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་མཛད་པས་འཇིག་རྟེན་ལས་འདས་པའི་དྲང་སྲོང་ཐམས་ཅད་ཀྱི་དབུས་ན་མཆོག་ཏུ་གྱུར་པའི་ཕྱིར་དྲང་སྲོང་ཆེན་པོའོ། །དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨ་ཞེས་བྱ་བ་རིགས་གསུམ་གྱི་གཟུགས་ཀྱི་བདག་ཉིད་འཛིན་


DTG064_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་རིགས་གསུམ་འཆང་བའོ། །རིགས་གསུམ་གྱི་ནང་དུ་གཏོགས་པའི་རིགས་ཐམས་ཅད་ཀྱི་གསང་སྔགས་འཛིན་པས་གསང་སྔགས་ལྡན་ནོ། །མ་ཧཱས་མ་ཡ་ནི་གྲུབ་པའི་མཐའ་ཐམས་ཅད་ཀྱི་གསང་སྔགས་རབ་ཏུ་སྟོན་པའི་གཙོ་བོར་གྱུར་པ་ཉིད་ཀྱིས་འཆང་བར་མཛད་པས་ན། གྲུབ་མཐའ་ཆེན་པོའི་གསང་སྔགས་འཛིན། །ཞེས་བྱའོ། །ཡང་ན་དམ་ཚིག་ཆེན་པོ་ནི་རྡོ་རྗེའི་ཚུལ་དུ་རབ་ཏུ་སྟོན་པའོ། །དེ་རྣམས་ཀྱི་གསང་སྔགས་ནི་ཐབས་དང་ཤེས་རབ་གཅིག་པའི་ཡེ་ཤེས་ཏེ་དེ་འཆང་བར་མཛད་པས་ན། དམ་ཚིག་ཆེན་པོའི་གསང་སྔགས་འཛིན་ནོ། །དཀོན་མཆོག་གསུམ་གྱི་དོན་རབ་ཏུ་གསལ་བར་མཛད་ཅིང་རབ་ཏུ་སྟོན་པ་ལ་རག་ལས་པ་ཉིད་ཀྱི་ཕྱིར་གཙོ་བོ་དཀོན་མཆོག་གསུམ་འཛིན་པའོ། །ཐེག་པ་གསུམ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་སྟེ། ཐེག་པའི་རྣམ་པར་དབྱེ་བ་དེ་དང་དེ་རྣམས་ལ་དེ་ལྟ་དེ་ལྟར་སྟོན་པར་མཛད་པའི་ཕྱིར་ཐེག་པ་མཆོག་གསུམ་སྟོན་པ་པའོ། །ད་ནི་འཇིག་རྟེན་གསུམ་འཇིགས་པར་བྱེད་པ་བསྟན་པའི་ཕྱིར། འཇིགས་བྱེད་ཆེན་པོའི་གཟུགས་ཀྱིས་བཞེངས་ནས་ལྷ་ཆེན་པོ་ལ་སོགས་པ་ལྷ་ཁྲོ་བ་རྣམས་གདུལ་བའི་ཕྱིར་འཕགས་པ་གཤིན་རྗེ་གཤེད་ཀྱི་གཟུགས་ཅན་གྱི་བཅོམ་ལྡན་འདས་ནི་དོན་ཡོད་ཞགས་པ་ཞེས་བྱ་བ་ལ་སོགས་པ་ནས། སྐྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་མཐར་ཐུག་པས་གསུངས་པའོ། །སེམས་ཅན་ཐམས་ཅད་བཀུག་ནས་ཐེག་པ་ཆེན་པོ་ལས་མི་གཡོ་བར་བྱེད་པས་དོན་སྟོན་ཅིང་འབྲས་བུ་དང་བཅས་པའི་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་ཞགས་པ་གང་ཡིན་པ་དེ་ནི་དོན་ཡོད་ཞགས་པའོ། །དེ་ཉིད་མུ་སྟེགས་དང་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བའི་ངང་ཚུལ་ཉིད་ཀྱིས་རྣམ་པར་རྒྱལ་ལོ། །དེའི་ཕྱིར་བྱམས་པའི་ཞགས་པས་བཀུག་ནས་དབང་དུ་གྱུར་པར་བཀོད་དེ་སེམས་ཅན་ཐམས་ཅད་ཡང་དག་པར་སྡུད་པ་དང༌། དབྱེར་མི་ཕྱིད་པའི་བསྡུ་བའི་དངོས་པོ་བཞིའི་རང་བཞིན་རྡོ་རྗེ་ལྟ་བུའི་ཞགས་པ་གང་ཡིན་པ་དེ་ནི་འཛིན་པ་ཆེན་པོ་རྡོ་རྗེ་ཞགས་སོ། །སྟོབས་ཀྱིས་བསྒྲུབ་པའི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པ་དང༌། སེམས་ཅན་ཐམས་ཅད་དགུག་པ་དང་


DTG064_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མི་ཕྱེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་ཡེ་ཤེས་ནི་ལྕགས་ཀྱུའི་རང་བཞིན་གྱི་ཕྱིར་རྡོ་རྗེ་ལྕགས་ཀྱུའོ། །སྟོབས་ཀྱིས་བཀུག་པའི་སེམས་ཅན་རྣམས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་ངེས་པར་སྦྱོར་བས་ན་ཞགས་པ་ཆེའོ། །རྡོ་རྗེ་འཇིགས་བྱེད་ཀྱི་གཟུགས་ཀྱིས་གདུལ་དཀའ་བའི་སེམས་ཅན་རྣམས་འཇིགས་པར་བྱེད་པས་ན་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་དེ། རྗེ་བཙུན་འཇམ་དཔལ་ཉིད་དང་དབྱེར་མི་ཕྱེད་པའི་གཤིན་རྗེ་མཐར་ཕྱིན་པའོ། །དེ་ཉིད་ཀྱི་ཕྱིར་ཁྲོ་བོའི་རྒྱལ་པོ་སྟེ་ཁྲོ་བོའི་གཙོ་བོའོ། །ཡང་ན་ཁྲོ་བོ་ཉིད་ཀྱིས་མཛེས་ཤིང་གསལ་བས་ན་ཁྲོ་བོའི་རྒྱལ་པོའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་གྱིས་འདིའི་ཞལ་དྲུག་ཡིན་པས་གདོང་དྲུག་ཅེས་བྱ་སྟེ། ཞལ་གྱི་དབྱིབས་ནི་དུ་མ་སྟེ། །དགྲ་ནི་རྒྱ་མཚོ་འཁྲུགས་དང་འདྲ། །ཁ་ཅིག་བཞད་ཅིང་ཁ་ཅིག་ཞི། །ཁ་ཅིག་འཇིགས་པར་བགྲད་པའི་ཞལ། །ཁ་ཅིག་ཞལ་ནི་གདངས་པ་སྟེ། །ལྗགས་ཀྱང་བསྐྱོད་པར་མཛད་པ་དང༌། །ཁ་ཅིག་ཀྱང་ནི་མཆེ་བ་གཙིགས། །ཞེས་པའི་རིགས་པས་སོ། །འཇིགས་པ་ནི་འཇིགས་སུ་རུང་བའོ། །མངོན་པར་ཤེས་པ་དྲུག་གི་རང་བཞིན་དངོས་པོ་མ་ལུས་པ་མཐོང་བའི་བདག་ཉིད་མི་སྡུག་ཅིང་འཇིགས་སུ་རུང་བའི་སྤྱན་དྲུག་དཔྲལ་བའི་ཕྱོགས་ན་ཡོད་པ་གང་ཡིན་པ་དེ་ནི་མིག་དྲུག་གོ །སངས་རྒྱས་དང་ཆོས་དང་དགེ་འདུན་དང་ལྷ་རྣམས་དང་སྐྱབས་ཞེས་བྱ་བ་སྟེ། རྗེས་སུ་དྲན་པ་དྲུག་གི་རང་བཞིན་ཕྱག་དྲུག་གང་ཡིན་པ་དེ་ནི་ལག་དྲུག་གོ །དད་པ་ལ་སོགས་པའི་སྟོབས་ལྔ་དང་ལྡན་པའི་ངེས་པར་འབྱེད་པའི་ཤེས་རབ་རྣོན་པོའི་མཆེ་བ་གཙིགས་པའི་ཚེམས་མཐོན་པོ་མངའ་བས་ན་མཆེ་བ་གཙིགས་པའོ། །མི་མགོ་རློན་དང་སྐམ་པོའོ། །ཡི་དགས་ཕྲེང་བས་རྣམ་བརྒྱན་པ། །དེ་ལྟའི་མགོན་པོ་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར། ཀེང་རུས་ཀྱི་རྒྱན་དང་ལྡན་པས་ཀེང་རུས་སོ། །མཆེ་བ་གཙིགས་པ་ཡང་འདི་ཡིན་ལ་ཀེང་རུས་ཀྱང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །ལྟ་བ་དང༌། མཆེ་བ་དང༌། ཁ་ཆུ་དང༌། རེག་པའི་དུག་དང་ལྡན་ཏེ། མེ་འབར་བ་ལྟར་དུག་འབར་ཞིང་རྣམ་པར་འཕྲོ་བས་གཟེངས་པ། མིག་ཤིན་ཏུ་


DTG064_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ། ལྕེ་ཤིན་ཏུ་བསྐྱོད་ཅིང་གློག་ལྟར་འགྱུ་བ། ཤིན་ཏུ་འཇིགས་སུ་རུང་བ། དབྱིབས་དང་ཁ་དོག་སྣ་ཚོགས་པའི་ནོར་བུའི་གདེངས་ཀ་ཅན་གྱི་གླུ་ཆེན་པོ་རྣམས་ནི་ཧ་ལཱ་ཧ་ལ་ཞེས་བྱ་སྟེ། དེ་རྣམས་ཀྱིས་སྐྲ་བཅིངས་པ་དང༌། དབྲལ་བར་དར་དཔྱང་དང༌། རྣ་རྒྱན་དང༌། མགུལ་རྒྱན་དང༌། མཆོད་ཕྱིར་ཐོགས་དང༌། དཔུང་རྒྱན་དང༌། གདུ་བུ་དང༌། ལུས་ལ་སྐ་རགས་དང༌། ཞབས་གདུབ་དང༌། རྒྱན་རྣམས་སུ་བྱས་པའི་ཕྱིར་ཧ་ལཱ་ཧ་ལ་རྣམས་ཀྱི་གྲངས་བརྒྱ་སྙེད་ཀྱི་གདོང་རྣམས་གང་ལ་ཡོད་པ་ནི། ཧ་ལཱ་ཧ་ལ་གདོང་བརྒྱ་པ་སྟེ་གཤིན་རྗེ་ཁོ་ན་མཐར་བྱེད་པའོ། །དེ་ཡང་མཐར་བྱེད་ཅིང་འཛིན་པར་བྱེད་འདུལ་བར་བྱེད་པས་ན་གཤིན་རྗེ་མཐར་བྱེད་དོ། །ཡང་ན་གཤིན་རྗེའི་སྒྲ་ནི་གཉིས་ལ་བརྗོད་དེ། དེ་མཐར་བྱེད་པ་ནི་གཉིས་སུ་མེད་པའི་ཆོས་བསྟན་པས་འཇོམས་པ་ན་དེ་ལྟར་བཤད་དོ། །སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་གྱི་ཁྱད་པར་འཇོམས་པར་བྱེད་པ་ནི་བགེགས་སོ། །དེའི་གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་བགེགས་ཀྱི་རྒྱལ་པོ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་བགེགས་རྣམས་མེད་པར་བྱེད་པའོ། །གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར་ཐོགས་པ་མེད་པ་ཡིད་ལྟར་མགྱོགས་པའི་ཏིང་ངེ་འཛིན་ལ་མངོན་དུ་ཕྱོགས་པར་བྱེད་པའི་ཕྱིར་རྡོ་རྗེ་མཆོག་གོ །གདུལ་དཀའ་བའི་སེམས་ཅན་འཇིགས་པར་བྱེད་པའི་ཕྱིར་འཇིགས་བྱེད་པའོ། །ཁམས་གསུམ་པ་ཤིན་ཏུ་འཇིགས་པར་བྱེད་པའི་སྒྲ་སྒྲོགས་པས་གྲགས་པ་ཡང་འདི་ཡིན་ལ་མི་ཕྱེད་པ་ཉིད་ཀྱིས་རྡོ་རྗེ་ཡང་འདི་ཡིན་པས་རྡོ་རྗེ་གྲགས་པའོ། །ཡང་ན་སྐྲགས་པ་རྣམ་པ་མང་པོའི་སྒྲ་ནི་གྲགས་པ་ཡིན་ལ། དེ་ཉིད་མི་ཕྱེད་པ་འཇོམས་པའི་ཕྱིར་རྡོ་རྗེ་སྟེ་དེ་ལྟ་བུ་གང་ཡིན་པ་ནི་རྡོ་རྗེ་གྲགས་པའོ། །ཐུགས་རྡོ་རྗེའི་རང་བཞིན་གྱི་ཕྱིར་རྡོ་རྗེ་སྙིང་ངོ༌། །རྡོ་རྗེ་ཁྲོ་བོའི་གཟུགས་ཀྱིས་སྒྱུ་མ་སྤྲུལ་ལོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱེད་པའི་ཕྱིར་སྒྱུ་འཕྲུལ་རྡོ་རྗེའོ། །ཡང་ན་སྒྱུ་འཕྲུལ་གྱི་རང་བཞིན་ཉིད་རྡོ་རྗེ་སྟེ་ཁམས་གསུམ་སྟོང་པ་ཉིད་ཀྱི་ཡེ་ཤེས་གང་ཡིན་པ་དེ་སྒྱུ་འཕྲུལ་རྡོ་རྗེའོ། །གང་གི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ན་རྡོ་རྗེ་ཞེས་སྦྱར་རོ། །གདུག་པ་འདུལ་བའི་ཕྱིར་གསུས་ཁྱིམ་ཆེ་ཞིང་འཇིགས་པས་ན་གསུས་བོ་


DTG064_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའོ། །ཡང་ན་ཆེན་པོ་ནི་དྲི་མ་མེད་ཅིང་མཐའ་ཡས་པའི་ནམ་མཁའ་ཡིན་ལ། གསུས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཁམས་གསུམ་པའི་ཁོང་སྟེ་དེ་གང་ཡིན་པ་དེ་ལ་དེ་ལྟར་བཤད་དོ། །རྡོ་རྗེའི་རིགས་ཀྱི་གཙོ་བོར་གྱུར་པས་ན་རྡོ་རྗེའི་བདག་གོ ། ཡང་ན་རིགས་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་སྟེ་འདོད་པ་འབྱུང་བར་བྱེད་པས་རྡོ་རྗེའི་བདག་གོ །བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་རྡོ་རྗེ་ལས་དེ་བཞིན་གཤེགས་པ་རྣམས་འབྱུང་བའི་ཕྱིར་རྡོ་རྗེ་སྐྱེ་གནས་སོ། །ཡང་ན་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་ནི་སྐྱེ་གནས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་ལས་སེམས་ཅན་རྣམས་འབྱུང་བའོ། །ཡང་ན་སངས་རྒྱས་སྲས་པོ་ཉིད་ཀྱིས་རྡོ་རྗེ་དེ་ནི་དེ་བཞིན་གཤེགས་པའི་སྐྱེ་གནས་གང་ཡིན་པ་སྟེ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཉིད་ཀྱི་ཕྱིར་རྡོ་རྗེ་སྙིང་པོ་ནི་རྡོ་རྗེ་ཉིད་ཁུ་སྟེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཉིང་ཁུ་སྟེ་སྙིང་པོ་ཞེས་པའི་དོན་ཏོ། །དངོས་པོ་ཐམས་ཅད་ལ་གོ་སྐབས་སྦྱིན་པའི་ཕྱིར་དང༌། རང་བཞིན་མེད་པ་ཉིད་ཀྱིས་ཉེས་པ་ཐམས་ཅད་ཀྱིས་མ་གོས་པས་ན་ནམ་མཁའ་འདྲ་བའོ། །ས་ཕྱིས་པས་ནི་ངེས་པའི་ཚིག་གོ །དེ་ཉིད་ཀྱི་ཕྱིར་དེ་ལས་སྐྱེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་མི་གཡོ་བས་ན་མི་གཡོ་བའོ། །ཡང་ན་ནམ་མཁའ་ལྟ་བུ་དེ་ཡང་སྙིང་རྗེ་ཆེན་པོས་རྗེས་སུ་ཆགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་ལས་མི་གཡོ་བའི་ཕྱིར་མི་གཡོ་བའོ། །ཧི་ནི་ངེས་པར་གཟུང་བའོ། །རལ་པ་རྣམས་བསྒྱིངས་པ་ནི་ནམ་མཁར་རྣམ་པར་འཕགས་པའི་རལ་པའི་ཚོགས་ཞེས་པའི་དོན་ཏོ། །གཅིག་ནི་མི་མཉམ་པའི་རལ་པ་བསྒྱིངས་པ་གང་ཡིན་པའོ། །ཡང་ན་ཁྲོ་བོ་རལ་པ་གཅིག་པའི་གཟུགས་ཀྱིས་ཁྱབ་པས་བསྒྱིངས་པ་སྟེ། གདུལ་དཀའ་བ་རྣམས་ཀུན་དུ་འཇོམས་པར་རྩོམ་པ་གང་ཡིན་པ་དེ་ནི་རལ་པ་གཅིག་བསྒྱིངས་པའོ། །ཚོགས་ཀྱི་བདག་པོའི་གླང་པོའི་པགས་པ་རློན་པའི་ན་བཟའ་འཆང་བས་ན་གླང་ཆེན་ཀོ་རློན་གོས་སུ་གྱོན་པ་སྟེ། རློན་བཅས་གླང་པོའི་པགས་པའི་གོས་འཆང་བ། །ཞེས་པའི་དོན་ཏོ། །གདུག་ཅིང་གདུལ་དཀའ་བའི་སེམས་ཅན་འདུལ་བའི་ཕྱིར་འཇིག་རྟེན་གསུམ་ཀུན་


DTG064_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐྱོད་པར་བྱེད་པ་ཧཱ་ཧཱ་དང༌། ཧཱི་ཧཱིའི་རང་བཞིན་གྱི་སྒྲ་ཆེན་པོ་འཇིགས་སུ་རུང་བའི་སྔགས་ཀྱི་དབྱངས་སྐད་གསང་མཐོན་པོས་སྒྲོགས་པས་ན། དྲག་ཆེན་ཧཱ་ཧཱ་ཞེས་སྒྲོགས་པས། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །ཅེས་པ་སྟེ་ཧཱི་ཧཱི་ཞེས་སྒྲོགས་པ་ཡང་འདི་ཡིན་ལ་འཇིགས་པར་བྱེད་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཉིད་ཀྱིས་ཐམས་ཅད་ཀུན་དུ་སྐྲག་པ་སྐྱེད་པའི་ཕྱིར་ཤིན་ཏུ་བའི་དོན་ཏེ། ཆེན་པོ་ཡིན་ལ་གད་མོ་ཡང་ཡིན་པས་གད་མོ་ཆེན་པོ་གད་རྒྱ་ངས་ཅན་ནོ། །དེ་གཉེན་པོའི་ངོ་བོ་ཉིད་ཀྱིས་གཞིག་པར་དཀའ་བ་འཇིག་པར་བྱེད་པའི་གད་མོ་དང་ལྡན་པས་རྡོ་རྗེ་གང་མོའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་གད་མོའི་སྒྲ་དང་ལྡན་པའི་ཕྱིར་ཆེར་སྒྲོགས་པའོ། །རྣམ་པར་དཔྱད་པའི་རྡོ་རྗེས་སོ་སོར་འཇོམས་ཤིང་དབྱེར་མི་ཕྱེད་པའི་སེམས་ཀྱི་རང་བཞིན་གྱི་ཕྱིར་རྡོ་རྗེ་སེམས་དཔའོ། །དེ་ཡང་བརྩེ་བས་མཐའ་གཅིག་ཏུ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རམ། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པའི་ངོ་བོ་ཉིད་ཀྱི་ཕྱིར་སེམས་དཔའ་ཆེན་པོའོ། །རྡོ་རྗེ་དང་འདྲ་བའི་ཕྱིར་མི་ཕྱེད་པའི་གཟུགས་ཀྱིས་མཛེས་པའམ། རྡོ་རྗེ་ལྕགས་ཀྱུའི་གཟུགས་འཛིན་པར་མཛད་པས་ན་རྡོ་རྗེ་རྒྱལ་པོའོ། །མཆོག་ཏུ་ཕུལ་དུ་བྱུང་ཞིང་ལྷུན་གྱིས་གྲུབ་པའི་བདེ་བ་འབྱུང་བའི་ངོ་བོར་གྱུར་པའམ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆགས་པའི་གཟུགས་ཉིད་ཀྱི་ཕྱིར་བདེ་བ་ཆེའོ། །སེམས་ཅན་ཤིན་ཏུ་གཏུམ་པོ་རྣམས་གདུལ་བར་བྱ་བའི་ཕྱིར་དྲག་ཅིང་གཞིག་པར་དཀའ་བའི་གཟུགས་འཛིན་པར་མཛད་པས་ན་རྡོ་རྗེ་གཏུམ་པོའོ། །གདུལ་བྱའི་སེམས་ཅན་རྣམས་དགའ་བ་བསྐྱེད་པར་བྱ་བའི་ཕྱིར་དང༌། རང་ཉིད་ཀྱང་དགའ་བའི་བདག་ཉིད་ཅན་དུ་གྱུར་པས་ན་དགའ་བ་ཆེའོ། །ཁམས་གསུམ་རྣམ་པར་རྒྱལ་བ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱིས་ས་ཐམས་ཅད་དུ་ཁྱབ་བར་ཧཱུཾ་ཞེས་སྒྲོགས་པ་གང་ཡིན་པ་དེ་ཉིད་ནི། རྡོ་རྗེ་ཧཱུཾ་མཛད་ཧཱུཾ་ཞེས་སྒྲོགས་སོ། །ཁམས་གསུམ་ན་གནས་པའི་ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བར་བྱེད་པའི་ཕྱིར་གོ་ཆ་ཆེན་པོ་བགོས་ཏེ། མི་ཕྱེད་པའི་མདའ་དང་གཞུ་འཛིན་པའི་ཕྱིར་མཚོན་དུ་རྡོ་རྗེ་མདའ་ཐོགས་པའོ། །ཉེ་བར་དམིགས་པའི་མི་ཤེས་པ་


DTG064_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ་གཅོད་པའི་ཕྱིར་རྡོ་རྗེ་རལ་གྲིའོ། །དེ་ཉིད་ཀྱི་ཕྱིར་མི་ཤེས་པ་བཅད་ནས་སེམས་ཅན་གྱི་དོན་རྣམས་མ་ལུས་པ་ལ་བྱང་ཆུབ་ཀྱི་ལམ་གྱི་དགྲ་ཉོན་མོངས་པ་མ་ལུས་པ་བཅད་དེ་ཡེ་ཤེས་ཁྱད་པར་དུ་བྱེད་པས་ན་མ་ལུས་གཅོད་ཀྱི་སྒྲ་ལས་ནི་ཞི་བར་གྱུར་པར་རྟག་གོ །རྡོ་རྗེ་ལས་ཀྱི་རང་བཞིན་ཉིད་ཀྱིས་རྡོ་རྗེ་རྩེ་མོ་བཅུ་གསུམ་པ་འཛིན་པར་མཛད་པས་ན་རྡོ་རྗེ་ཀུན་འཆང་ངོ༌། །དེའི་ཕྱིར་རྡོ་རྗེ་ཅན་ཞེས་བྱ་སྟེ། ནི་ཏྱ་ཡོ་གེ་པྲ་སཾ་ཤཱ་ཡཱ་མྦཱ་མ་ཏྭ་ཐཱི་ཡཿ། དེ་ཉིད་རྡོ་རྗེའི་གཙོ་བོ་དང་ལྡན་པའི་ཕྱིར་རྡོ་རྗེ་གཅིག་པུའོ། །དེ་ཉིད་ཀྱི་ཕྱིར་གཡུལ་སེལ་བའོ། །འཐབ་པར་བྱེད་འཁྲུག་པར་བྱེད་པས་ན་གཡུལ་ཏེ་ཉོན་མོངས་པ་སྟེ་རང་བཞིན་གྱི་རྒྱུད་དུ་གཏོགས་པ་དེ་རྣམས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སེལ་བར་བྱེད་འདོར་བར་བྱེད་ཟློག་པར་བྱེད་པས་ན་སེལ་བའོ། །ཁ་སནྟོ་ནི་པཱ་ཏཿ་རྡོ་རྗེ་འབར་བས་ཁ་རྣམ་པར་གྱེས་པ་ཤིན་ཏུ་དྲག་ཅིང་དམར་ལ་སེར་སྐྱ་དང་དམར་སེར་གྱི་སྤྱན་མི་བཟད་པ་གང་ལ་མངའ་བ་དེ་ནི་རྡོ་རྗེ་འབར་བ་མི་བཟད་དོ། །རྡོ་རྗེ་འབར་བ་དང་རྡོ་རྗེ་མེ་དང་རྡོ་རྗེ་ཉི་མ་སྟེ་ཁྲོ་བའི་གཟུགས་འབར་ཞིང་འཕྲོ་བས་གཅིག་ཏུ་དྲག་པོའི་བཀའ་དང་ལྡན་པའི་ཕྱིར་མགོ་སྐྱེས་རྡོ་རྗེ་འབར་བ་སྟེ་ཞེས་པའོ། །རྡོ་རྗེ་རྣམ་པར་དག་པས་ལྷག་པར་སོ་སོར་རྟོག་པ་ཆོས་ཐམས་ཅད་ལ་འབེབས་པས་ན་རྡོ་རྗེ་འབེབས་པའོ། །དེ་ཉིད་ཀྱི་ཕྱིར་འདི་འབེབས་པ་ཆེན་པོ་ཡིན་པས་འབེབས་པ་ཆེན་པོའོ། །ནམ་མཁའ་སྒྲོན་མ་ལ་སོགས་པའི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་སྒོམ་པ་བཞིན་དུ་འཕྲོ་བའི་མིག་གྲངས་བརྒྱ་གང་ཡིན་པ་དེ་ནི་མིག་བརྒྱ་པའོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་རྡོ་རྗེ་མེ་ལྟར་འབར་བའི་སྤྱན་དུ་གྱུར་པ་གང་ཡིན་པ་དེ་ནི་རྡོ་རྗེའི་མིག་གོ །ཡང་ན་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་དེ་འདིའི་ཡིན་པས་དེ་ལྟར་བཤད་དོ། །རྡོ་རྗེ་ལྟར་མི་ཕྱེད་པའི་བ་སྤུ་གང་ཡིན་པ་དེ་རྣམས་ནི་རེངས་ཤིང་རྣོ་བའི་ཕྱིར་མྱུ་གུ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་རྡོ་རྗེ་བ་སྤུའི་མྱུ་གུའོ། །དེ་ལྟར་གྱུར་པའི་ལུས་གང་ཡིན་པ་དེ་ནི་རྡོ་རྗེ་བ་སྤུའི་མྱུ་གུའི་ལུས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་རྡོ་རྗེའི་སྤུ་ནི་ཞེས་པའོ། །དེ་ཡང་གཅིག་པུ་སྟེ་གཉིས་སུ་མེད་པས་འཇིགས་བྱེད་ཆེན་པོ་དང་མིའི་སེང་གེ་ལ་སོགས་པ་ཟིལ་གྱིས་གནོན་པའི་ལུས་ཅན་ཏེ། དེ་


DTG064_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་སྐུ་ཡིན་པས་ན་ལུས་གཅིག་པུའོ། །རྡོ་རྗེ་རྩེ་མོ་ནི་རྡོ་རྗེ་ལྟར་སྲ་བའི་རྩེ་མོ་གང་ཡིན་པའི་སེན་མོ་སྟེ་སེན་མོས་བརྩམས་པ་སྟེ། གདུག་པ་ཅན་རྣམས་ཉེ་བར་རྩོམ་པ་གང་ཡིན་པ་དེ་ནི་རྡོ་རྗེ་རྩེ་མོ་སེན་མོས་བརྩམས་ཞེས་པའོ། །གཞིག་པར་དཀའ་བའི་ཕྱིར་རྡོ་རྗེ་སྙིང་པོའོ། །སྲ་ཞིང་མཁྲེགས་པའི་པགས་པ་སྟེ། པགས་པའི་དབང་པོ་གང་ཡིན་པ་དེ་ནི་རྡོ་རྗེ་སྙིང་པོ་པགས་པ་མཁྲེགས་སོ། །དཔའ་བོའི་དར་དབྱངས་བཞིན་དཔྲལ་བའི་སྟེང་དུ་ཕྲེང་བས་དབང་བསྐུར་བའི་ངོ་བོ་ནི་རྡོ་རྗེ་ཕྲེང་བའོ། །དེ་བཞིན་གཤེགས་པའི་ཕྲེང་བ་འཛིན་པས་ན་རྡོ་རྗེ་ཕྲེང་ཐོགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་ཡང་དག་པར་ལྡན་པའི་ཕྱིར་དཔལ་ལྡན་ནོ། །རྡོ་རྗེ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེའི་རང་བཞིན་གྱི་རྒྱན་རྣམས་ཀྱིས་གནས་ཇི་ལྟ་བར་བརྒྱན་པས་དེ་ལྟར་བཤད་དོ། །གདུག་པའི་རྒྱུད་གནོན་པའི་ཕྱིར་འཇིག་རྟེན་གསུམ་གྱིས་བསྐྱོད་དུ་མེད་པའི་ཧཱ་ཧཱ་ཞེས་བྱ་བ་སྒྲོགས་པའི་རང་བཞིན་དོན་ཤིན་ཏུ་ཐོས་པས་འདུལ་བར་བྱེད་པའི་ཕྱིར་དྲག་ཏུ་བཞད་པ་གང་ཡིན་པ་དེ་ནི་གད་རྒྱངས་ཧཱ་ཧཱའོ། །ཆོས་ཀྱི་དེ་ཉིད་ཕྱིན་ཅི་མ་ལོག་པར་ངེས་པར་སྒྲོགས་པར་བྱེད་པས་ན་ངེས་སྒྲོགས་པའོ། །རྡོ་རྗེ་སྔགས་ཀྱི་ཚུལ་གྱིས་སྒྲ་སྒྲོགས་པས་རྡོ་རྗེའི་སྒྲའོ། །ཨོཾ་ཝཱ་ཀྱེ་དཾ་ན་མཿ། ཨོཾ་ཝཱ་གཱི་ཤྭ་ར་མུཿ། ཨོཾ་བཛྲ་ཏཱིཀྵྞ་དྷྭཾ། ཨོཾ་མཉྫུ་གྷོ་ཥ་མུཿ། ཞེས་པ་སྟེ་ཡི་གེ་དྲུག་པའི་སྔགས་ཀྱི་རང་བཞིན་གྱི་ཕྱིར་དེ་ཉིད་ཡི་གེ་དྲུག་མའོ། །འཇམ་པ་ནི་སྐྲག་པ་ཐམས་ཅད་འཕྲོག་པའི་ཕྱིར་རོ། །ཡིད་དུ་འོང་ཞིང་སྙན་པའི་སྒྲས་ཆོས་སྟོན་པ་གང་ཡིན་པ་དེ་ནི་འཇམ་པའི་དབྱངས་སོ། །དེ་ཉིད་ཀྱི་ཆོས་ཐམས་ཅད་བདག་མེད་པར་གསལ་བར་བྱེད་པས་འགྲོ་བ་ལ་ཁྱབ་པའི་ཆོས་ཀྱི་སྒྲ་སྒྲོགས་པས་སྒྲ་ཆེ་བའོ། །དེའི་ཕྱིར་འཇིག་རྟེན་གསུམ་ན་གཅིག་པ་སྟེ། གཉིས་སུ་མེད་པའི་སྒྲ་ཚངས་པའི་དབྱངས་གང་ཡིན་པ་དེ་ནི་འཇིག་རྟེན་གསུམ་གཅིག་སྒྲའོ། །དེ་ཉིད་ཀྱི་ཕྱིར་སྒྲ་གཅིག་པུ་དེས་སེམས་ཅན་གྱི་ཕུང་པོ་ཆེན་པོ་ལ་ཆོས་སྟོན་པའི་བྱ་བ་བྱེད་པའི་ཕྱིར་ཆེན་པོའོ། །དེ་སྐད་དུ། གསུང་གཅིག་ཉིད་དུ་གསུངས་པ་ཡང༌། །དུ་མ་ཉིད་དུ་མཚོན་པར་བྱེད། །དེ་ལྟར་དམ་པས་བསྟན་པ་ནི། །སྐྱེ་བོ་ཀུན་དུ་


DTG064_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲོ་མིན། །ཞེས་སོ། །ཆེ་བ་ཉིད་ནི་ནམ་མཁའ་མ་ལུས་བ་ཁྱབ་པའི་དབྱངས་ཉིད་ཀྱིས་ནམ་མཁའི་ཁམས་ཀྱི་མཐར་ཐུག་སྒྲའོ། །དེའི་ཕྱིར་སྒྲ་དང་ལྡན་པ་རྣམས་ཏེ་ངག་གི་དབང་པོ་ཉིད་དུ་མངོན་པའི་ང་རྒྱལ་ཅན་གང་ཡིན་པ་རྣམས་ཀྱི་མཆོག་སྟེ་གཙོ་བོའོ། །དེ་ཉིད་ཀྱི་ཕྱིར་འཇམ་དཔལ་དབྱངས་སོ་ཞེས་གསུངས་སོ།། །།ད་ནི་ཆོས་དེ་ཁོ་ན་ཉིད་ལ་སོགས་པའི་ཚུལ་གྱིས་བཅོམ་ལྡན་འདས་ཀྱི་མཚན་རྣམས་ཚིགས་སུ་བཅད་པ་ཙམ་དྲུག་གིས་ཡང་དག་པར་བརྗོད་དེ། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་དེ་བཞིན་ཞེས་པ་ལ། ཚིག་འདི་རྣམས་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་ཉིད་ཀྱི་ཕྱིར་དོན་གཅིག་ཀྱང་ཚིག་སོ་སོ་བའོ། །དོན་གཅིག་ཚིག་གང་གིས་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཐམས་ཅད་ཀྱིས་ཐམས་ཅད་ཀྱི་དོན་རྟོགས་པར་བྱ་སྟེ། དེ་ལྟ་བུ་ནི་དེ་ལྟར་གཞན་དུ་ཡང་ཇི་ལྟར་རིགས་པ་རྟོགས་པར་བྱའོ། །དེ་ཡང་ཐམས་ཅད་ཀྱི་ཚེ་དེ་བཞིན་ཁོ་ན་ཉིད་པས་དེ་བཞིན་ཉིད་དང༌། ཡང་དག་པ་དང༌། དེ་བཞིན་པ་དང༌། བདག་མེད་པ་དང༌། རང་བཞིན་མེད་པ་དང༌། ཡང་དག་པའི་དེ་ཉིད་དང༌། དེའི་མཐའི་མཐར་ཐུག་པ་སྟེ། དེ་ལས་གཞན་པའི་དེ་བཞིན་ཉིད་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཡི་གེ་ཐམས་ཅད་ཀྱིས་བརྗོད་དུ་མེད་པས་ན་ཡི་གེ་མེད་པའོ། །འདི་ནི་ཕྱིན་ཅི་མ་ལོག་པའི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་བྱང་ཆུབ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྨྲ་བའི་ངང་ཚུལ་དང་ལྡན་པས་ན་སྟོང་ཉིད་སྨྲ་བའོ། །དེ་ཉིད་ཀྱི་ཕྱིར་ཁྱུ་མཆོག་སྟེ། རྒོལ་བ་ཐམས་ཅད་ཀྱི་གཙོ་བོ་ཞེས་པའི་དོན་ཏོ། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཞེས་ཐམས་ཅད་ཀླག་པ་ན་ཉི་ཚེ་བ་ཕྱིན་ཅི་ལོག་གི་སྟོང་པ་ཉིད་སྨྲ་བའི་མུ་སྟེགས་པ་རྣམས་ཀྱི་གཙོ་བོ་ཞེས་རྣམ་པར་བཤད་དོ། །དེ་ལྟར་སྟོང་པ་ཉིད་སྨྲ་བའི་ཁྱུ་མཆོག་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཅི་མ་ལོག་པའི་སྟོང་པ་ཉིད་ཀྱི་ཆོས་སྟོན་པ་ནི་ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པའོ། །ཕྱིན་ཅི་ལོག་གི་སྟོང་པ་ཉིད་ཀྱི་ཆོས་བསྟན་པ་ནི། སེམས་ཅན་རྣམས་སླུ་བའི་རྒྱུའོ། །ཇི་སྐད་དུ། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཅུང་རྣམས་ཕུང་


DTG064_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །ཇི་ལྟར་སྤྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །ཞེས་སོ། །ཆོས་མ་ལུས་པའི་སྟོན་པའི་ཆོས་ཀྱི་སྒྲ་རྣམས་རྫོགས་པའི་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་གྱི་རྒྱུར་གྱུར་པས་ན། ཆོས་ཀྱི་དུང་སྟེ་སྒྲ་ཅན་ལྡན། །ཞེས་བྱའོ། །དེ་ལ་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་ནི་འདི་ཡིན་ཏེ། ཆུའི་དཀྱིལ་འཁོར་བདུན་པོ་དཀར་པོའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་ག་སར་དང་བཅས་བའི་ལྟེ་བར་ཆོས་ཐམས་ཅད་ནི་འཆི་བ་དང་བྲལ་བའོ་ཞེས་པ། གསལ་བར་བྱེད་པའི་མཾ་གི་ས་བོན་ལས་བྱུང་བའི་བདག་ཉིད་འཇམ་དཔལ་གྱི་གཟུགས་དཀར་པོ་ཕྱག་གཉིས་པ། རྡོ་རྗེ་སྐྱིལ་ཀྲུང་གི་སྟེང་དུ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཚུལ་དུ་གནས་པ། གཞོན་ནུའི་རྒྱན་ཅན་ཟུར་ཕུད་ལྔ་པ། དངས་ཤིང་དྲི་མ་མེད་པ་ཡེ་ཤེས་ཀྱི་རང་བཞིན་དུ་བསྒོམས་ལ། རང་གི་སྙིང་གའི་ཟླ་བའི་སྟེང་དུ་པདྨ་ལ་ཡི་གེ་ཁཾ་ལས་དུང༌། དེའི་དབུས་སུ་ཨོཾ་བཛྲ་ཛི་ཧྭ་རཾ་ཞེས་པས་རྡོ་རྗེའི་ལྕེ། ལྕེའི་སྟེང་དུ་རིན་པོ་ཆེའི་པདྨ་ལ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སངས་རྒྱས་འོད་དཔག་མེད་དོ། །དེའི་སྟེང་རྐན་ཡི་གེ་བཾ་ལས་བདུད་རྩིའི་ཐིགས་པ་ཐུར་དུ་ཁར་འཛགས་པར་གྱུར་ཏེ་དེ་ལྟ་བུའི་རིམ་པས་ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། ཟླ་བ་དྲུག་གི་བར་དུ་བསམ་པར་བྱའོ། །དངོས་གྲུབ་ཀྱི་མཚན་མ་རྙེད་པ་དང་དཀྱིལ་འཁོར་བྲི་བར་བྱ་སྟེ། ཕྱི་རོལ་དུ་གྲུ་བཞི་སྒོ་བཞི་བ། སྒོ་སྐྱོང་རྣམས་དང་ཡང་དག་པར་ལྡན་པ་ཕྱིའི་དཀྱིལ་འཁོར་དུ་ལྷ་མོ་སྒེ་ག་མོ་དང་ཕྲེང་བ་མ་དང་གླུ་མ་དང་གར་མ་དང་མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་མ་དང་དྲི་ཆབ་མ་རྣམས་དགོད་པར་བྱའོ། །དེའི་ནང་ཟླུམ་པོ་དཀར་པོ་རེ་ཁཱ་གཅིག་གིས་བསྐོར་བ་སྒོ་མེད་པའོ། །དེའི་དབུས་སུ་པདྨ་དཀར་པོ་སྟེ། དེ་ལྟ་བུ་བྲིས་ནས་སྟོན་ཟླ་ཐ་ཆུངས་སམ། དཔྱིད་ཟླ་ར་བའམ། དཔྱིད་ཟླ་ཐ་ཆུངས་ལ་སོགས་པའི་ཟླ་བ་ཉ་བ་ལ་མཆོད་པ་དབུལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་གཏོར་མ་ཕུལ་ཏེ། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ནས་མཉམ་པར་གཞག་སྟེ། བདག་ཉིད་འཇམ་དཔལ་གྱི་གཟུགས་ཡོངས་སུ་གྱུར་པ་ལས་སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་ཆོས་ཀྱི་དབྱིངས་དང་མཉམ་པ་འོད་གསལ་བ་ཉིད་དུ་བསྒོམ་པར་བྱའོ། །


DTG064_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་ཕྱོགས་ཐམས་ཅད་ནས་བྱོན་ཏེ་རང་གི་ལུས་དང་ངག་དང་ཡིད་རྣམས་ལ་རབ་ཏུ་ཞུགས་ཤིང་བརྟན་པོར་གྱུར་ཏོ་ཞེས་བརྟན་པོར་བསམས་ལ། རང་གི་སྙིང་གར་ཟླ་བ་དང་པདྨ་ལ་གནས་པའི་དུང་ལ་གསལ་བར་བལྟ་ཞིང༌། དེ་ཡོངས་སུ་བསྐོར་བར་གནས་པའི་ཡི་གེ་ཐམས་ཅད་ཀྱི་རང་བཞིན་གེ་སར་གྱི་ཐིག་ལེ་རྣམས་ལས་ངག་གི་རྡུལ་ཕྲ་རབ་རྣམས་སུ་གྱུར་ཏེ། ལྐོག་མའི་ཕྱོགས་སུ་ཕྱིན་པ་དང་དབྱངས་ཀྱི་ངོ་བོ་ཉིད་དུ་གྱུར་ལ་དབྱངས་ལས་ནཱ་ད་སྒྲ་ཙམ་ལས་ཡི་གེའི་གཟུགས་སུ་གྱུར་ནས་ལྕེར་ཕྱིན་པ་དང༌། རྡོ་རྗེ་ལྟ་བུའི་དབྱིབས་སུ་གྱུར་ནས་ཕན་ཚུན་གཅིག་ལ་གཅིག་ནམ་མཁའི་ཁམས་མ་ལུས་པར་བྱེད་པ་སྒྲིབ་པ་མེད་པ་རྣམས་ནམ་མཁའ་ཐམས་ཅད་དུ་སྤྲོས་ལ་སྒྲའི་རྣམ་པ་ལ་བསམ་ཞིང་ནམ་མཁའ་དབྱངས་ཀྱིས་གང་བར་བསམས་ཏེ། ཨོཾ་ཝཱ་ཀྱེ་དཾ་ན་མཿ། ཞེས་པའི་སྔགས་བཟླས་པར་བྱ་སྟེ། སྐྱིལ་ཀྲུང་མ་བཤིག་པར་མཚན་མོ་མཐའ་དག་བཟླས་བརྗོད་བྱས་ན་དངོས་གྲུབ་ཀྱི་མཚན་མར་འགྱུར་ཏེ། ལྕེ་ལ་འོད་ཟེར་འཕྲོ་བ་དང༌། གྲུབ་པོ་ཞེས་བྱ་བའི་སྒྲ་ཐོས་པ་དང༌། མཆུ་དང་སོ་དག་ལས་འོད་ཟེར་སྣ་ཚོགས་འབྱུང་བ་རྣམས་སོ། །དེ་ནས་བརྩམས་ཏེ་ཇི་ལྟར་བསམ་པའི་ཚིག་དང༌། ངག་དང་སྡེབ་སྦྱོར་སྣ་ཚོགས་དང༌། ཚིགས་སུ་བཅད་པ་དང༌། གསང་སྔགས་དང༌། རིག་སྔགས་དང༌། སྙིང་པོ་ལ་སོགས་པ་རྣམས་དུང་ལས་འབད་པ་མེད་པར་འབྱུང་བར་འགྱུར་ལ། མ་རྟོགས་པའི་བསྟན་བཅོས་རྣམས་ཀྱང་རྟོགས་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་ཉིད་དུ་ཡང་རིང་པོར་མི་ཐོགས་པར་འགྱུར་བས་ན། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཞེས་བྱའོ། །དེ་ཉིད་ཐམས་ཅད་དུ་སྒྲིབ་པ་མེད་པར་ཆོས་སྟོན་པའི་སྒྲའི་རྒྱུར་གྱུར་པས་ན་ཆོས་ཀྱི་གཎྜཱིའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་སྟོན་པའི་སྒྲའི་སྣང་བ་སྐྱེད་པས་ན་སྒྲ་བོ་ཆེའོ། །ཁ་ཅིག་ཏུ་སྒྲ་གང་ཡིན་པ་དེ་དེ་བཞིན་དུ་ཡོད་པ་མ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་སོགས་པ་གནས་པ་དང་གནས་པར་བྱེད་པ་གང་དང་གང་དུ་མྱ་ངན་ལས་འདས་པ་ཡོད་པ་དེ་ལ་མི་གནས་པ་དེ་ལྟ་བུ་ནི་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་ཡིན་གྱི། དོན་དམ་


DTG064_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་མ་ཡིན་པར་བཤད་དོ། །དོན་དམ་པར་ནི་མྱ་ངན་ལས་འདའ་བ་མེད་པ་ནི་མྱ་ངན་ལས་འདས་པ་སྟེ། གང་རང་བཞིན་གྱིས་དག་པ་རྨི་ལམ་དང་སྒྱུ་མའི་རང་བཞིན་ཅན་དེ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྤྲོས་པ་མེད་པའི་དཔལ་བཅོམ་ལྡན་འདས་འཇམ་དཔལ་ལོ། །དེ་སྐད་དུ། མྱ་ངན་འདས་མེད་མ་འདས་སུ། །འཇིག་རྟེན་མགོན་པོས་བསྟན་པ་སྟེ། །ནམ་མཁས་བྱས་པའི་མདུད་པ་ནི། །ནམ་མཁའ་ཉིད་ཀྱིས་གྲོལ་བ་བཞིན། །འགའ་ལ་འང་གནས་པ་མ་ཡིན་པ། །ཀུན་དུ་སངས་རྒྱས་གནས་པ་ཉིད། །ནམ་མཁའ་ཀུན་དུ་གནས་པ་བཞིན། །དེ་ནི་རབ་ཏུ་མི་གནས་པའོ། །ཞེས་སོ། །བསྟོད་པ་བཞི་པར་ཡང་གསུངས་པ། རྟག་ཅིང་བརྟན་ལ་ཞི་བ་ཡི། །ཆོས་ཀྱི་རང་བཞིན་ཁྱོད་ཀྱི་སྐུ། །རྒྱལ་བ་ཁྱོད་ཀྱིས་སྐྱེ་བོ་རྣམས། །གདུལ་ཕྱིར་མྱ་ངན་འདས་པའང་བསྟན། །གྲངས་མེད་ཇི་སྐད་ཁམས་རྣམས་སུ། །འདས་དང་བལྟམས་དང་མངོན་བྱང་ཆུབ། །འཁོར་ལོ་མྱ་ངན་འདས་གཤེགས་རྣམས། །ཁྱོད་གུས་རྣམས་ཀྱིས་ཡང་ཡང་མཐོང༌། །ཞེས་དང༌། རིང་ཞིང་ཉེ་བ་མ་ལགས་ཤིང༌། །ནམ་མཁའ་མ་ལགས་གནས་མ་ལགས། །འཁོར་མིན་མྱ་ངན་འདས་མ་ལགས། །གནས་མི་མངའ་ལ་ཕྱག་འཚལ་འདུད། །ཞེས་སོ། །བཅོམ་ལྡན་འདས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་འདི་ཡང་གཞན་དུ་རིགས་པ་ཆེས་མང་པོ་དག་གིས་རབ་ཏུ་བསྒྲུབ་མོད་ཀྱི། འདིར་ནི་གསུང་ལྕི་བའི་འཇིགས་པས་རྒྱས་པར་མ་སྤྲོས་སོ། །ལུང་དུ་གསུངས་པ་ཅུང་ཟད་བྲི་བར་བྱའོ། །དེ་ཡང་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་ནི་ཆོས་ཡང་དག་པར་སྡུད་པ་ལས་གསུངས་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཐར་འགྲོ་བའི་དང༌། གང་ཟག་དང་ཆོས་ཀྱི་ཡུལ་ལ་བདག་མེད་པར་ཁོང་དུ་ཆུད་པ་དང་སྐྱེ་བ་དང་ཆོས་ཀྱི་གནས་གྱུར་པ་ཐོབ་པ་དང༌། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པ་ལྷུན་


DTG064_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་ཅིང་རྒྱུན་མི་ཆད་པ་ཐོབ་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དབྱེར་མེད་པ་ཐོབ་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་ལ་གཉིས་སུ་མེད་ཅིང་བསམ་པ་དང་བྲལ་བ་དང༌། ཆོས་ཐམས་ཅད་ཀྱི་རྩ་བ་རྣམ་པར་དག་པ་དང༌། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པ་དེའི་དངོས་པོ་བསྒོམ་པ་དང༌། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་ཐོབ་པ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་དང་མྱ་ངན་ལས་འདས་པའི་རང་བཞིན་མཉམ་པའི་ཡེ་ཤེས་ཐོབ་པ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ། །བཅུ་གང་ཞེ་ན། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ནི་སྨོན་པ་ཡིན་ཏེ། སྨོན་པས་བྱུང་བའོ། །དེ་བཞིན་གཤེགས་པ་ལ་ནི་སྨོན་པ་མེད་དེ། དེ་སྨོན་པ་མེད་པས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །སྨོན་པ་མེད་པས་དེ་བཞིན་གཤེགས་པས་ཆོས་གང་ཡང་མི་ལེན་ཏོ། །མི་ལེན་པས་མི་སྲིད་མི་ལྡོག་གོ །ལེན་པ་མེད་པས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་འཇུག་པ་དང་ལྡོག་པ་ཆད་པ་དེ་ནི་མི་འགག་གོ །སྐྱེ་བ་དང་འགག་པ་དང་བྲལ་བས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་སྐྱེ་བ་མེད་པ་དང་འགག་པ་དེ་ནི་ཅིར་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། བརྗོད་པར་བྱ་བ་མ་ཡིན་པས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བདག་དང་སེམས་ཅན་མེད་དེ། ཆོས་ཙམ་འདི་སྐྱེ་ཞིང་འགག་པས་ཆོས་གནས་པར་གྱུར་པའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ནི་གློ་བུར་བའི་ཆོས་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་འོང་བ་མེད་ཅིང་འགྲོ་བ་མེད་པས་དེ་གློ་བུར་བ་ཡང་མ་ཡིན་གནས་པ་ཡང་མ་ཡིན་


DTG064_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཆོས་ཀྱི་དབྱིངས་ཉིད་མཉམ་པ་ཉིད་དུ་རྟོགས་བའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བདེན་པའི་ངོ་བོ་ཉིད་ནི་དེ་བཞིན་ཉིད་དེ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་དག་པའི་མཐའ་ནི་སྤྲོས་པ་མེད་པ་ཆོས་བཞིན་སྤྲོས་པའི་ངོ་བོ་ཉིད་དེ་ཡང་དག་པའི་མཐའ་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །སྐྱེ་བ་མེད་པ་ནི་བདེན་པ་སྟེ། སྐྱེ་བ་ལ་སོགས་པའི་ཆོས་གཞན་རྣམས་ནི་མི་བདེན་པ་ལོག་པ་བརྫུན་པ་སླུ་བའི་ཆོས་ཅན་ནོ། །དེ་བཞིན་གཤེགས་པ་ནི་བརྫུན་པ་སླུ་བའི་ཆོས་ཅན་མ་ཡིན་ཏེ། བདེན་པའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་དག་པ་མ་ཡིན་པ་ནི་མངོན་པར་འདུ་བྱེད་དེ་ཡང་དག་པ་ནི་མངོན་པར་འདུ་བྱ་བ་མེད་དེ། ཡང་དག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་སྟེ། འདུས་མ་བྱས་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བཅུ་པོ་དེ་དག་གིས་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་ཆོས་བཅུས་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ། །བཅུ་གང་ཞེ་ན། སྦྱིན་པ་དང་སྦྱིན་པའི་འབྲས་བུ་བདག་མེད་ཅིང་བདག་གིར་བྱ་བ་མེད་པ་དང༌། སྦྱིན་པ་དང་སྦྱིན་པའི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་འབྲས་བུ་བདག་མེད་ཅིང་བདག་གི་བ་མེད་པ་དང་ཤེས་རབ་དང་ཤེས་རབ་ཀྱི་འབྲས་བུ་ཡོངས་སུ་ཤེས་པས་རྣམ་པར་རྟོག་པ་གནས་གྱུར་པ་ཕྱིན་ཅི་མ་ལོག་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་སེམས་ཅན་ཡིན་པ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། སེམས་ཅན་དུ་འདུ་ཤེས་པའི་ཕྱིན་ཅི་ལོག་པ་དང་བྲལ་ཞིང༌། ཆོས་སུ་འདུ་ཤེས་པའི་ཕྱིན་ཅི་ལོག་དང་བྲལ་བ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་བདག་ལ་


DTG064_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་པར་འགྱུར་བ་དེ་ནི་ཚོལ་བར་འགྱུར་རོ། །ཚོལ་བ་དེ་ནི་ཉོན་མོངས་སོ། །བདག་ལ་སྡུག་བསྔལ་དང་བྲལ་ཞིང་ཚོལ་བ་ཐམས་ཅད་དང་བྲལ་བའི་ཕྱིར་ཉོན་མི་མོངས་པ་སྟེ། ཉོན་མོངས་བ་མེད་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །འདུས་བྱས་ནི་ཚད་དང་ལྡན་པ་ཡིན་ཏེ། འདུས་མ་བྱས་ནི་ཚད་མེད་པའོ། །འདུས་བྱས་ཀྱི་ཆོས་ལས་རྣམ་པར་གྲོལ་ཞིང་འདུས་མ་བྱས་ཀྱི་ཆོས་ཐོབ་པ་ཚད་མེད་པའི་ཆོས་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་བཞིན་གཤེགས་པས་ནི་གང་སྟོང་པ་ཉིད་མ་གཏོགས་པའི་ཆོས་སམ་སེམས་ཅན་གང་ཡང་མ་ཡིན་ཏེ། སྟོང་པ་ཉིད་ནི་ཆོས་སོ། །ཆོས་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུ་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཁོང་དུ་ཆུད་པར་བྱའོ་ཞེས་དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་བསྟན་པ་ཡིན་ནོ། །འགའ་ཞིག་གིས་ཀྱང་གསུངས་པ། སྒྲིབ་པ་ཀུན་ལས་ངེས་གྲོལ་ཕྱིར། །མཛད་པ་རྣམས་ཀྱང་མ་རྫོགས་ཕྱིར། །སངས་རྒྱས་རྟག་ཏུ་མྱ་ངན་འདས། །མྱ་ངན་འདས་པའང་མིན་པར་འདོད། །ཀུན་ཀྱང་འདྲེས་པའི་ཕྲིན་ལས་ཅན། །རྒྱ་མཚོའི་ཆུ་འདྲ་རྒྱལ་བ་རྣམས། །བྱས་སོ་བྱེད་དོ་བྱའོ་ཞེས། །གཞན་གྱི་དོན་ལ་དགོངས་པ་མེད། །སྣོད་ཆག་པ་ཡི་ཟླ་བ་བཞིན། །རང་གི་ཉེས་པས་མི་སྣང་ངོ༌། །འཇིག་རྟེན་ཀུན་ལ་ཉི་མ་བཞིན། །དེ་དག་ཆོས་འོད་ཁྱབ་པ་མཛད། །ལ་ལར་རྫོགས་པའི་བྱང་ཆུབ་སྟོན། །ལ་ལར་མེ་བཞིན་མྱ་ངན་ལས། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །གང་དུའང་རྣམ་པར་དཔྱོད་མི་མདའ། །གནས་རྣམས་ཀུན་ནས་མཐོང་མོད་ཀྱི། །དབང་པོ་དྲུག་གི་སྤྱོད་ཡུལ་མིན། །ཉོན་མོངས་ཐུལ་ལ་སྤངས་པ་མེད། །སྔགས་ཀྱིས་གསད་པའི་དུག་དང་འདྲ། །སངས་རྒྱས་རྣམས་ནི་ཉོན་མོངས་པས། །ཉོན་མོངས་ཟད་པས་ཀུན་མཁྱེན་ཞེས། །ཐབས་ཆེན་རྣམས་ནི་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་ལྡན། །འཁོར་བཞི་བའི་


DTG064_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དེ། །དེའི་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཁམས་གཅིག་ན་ནི་གཉིས་མེད་ཕྱིར། །དཔག་མེད་ལྷན་ཅིག་ཚོགས་བསགས་ཕྱིར། །རིམ་གྱིས་འབྱུང་བར་མི་རིགས་ཕྱིར། །སངས་རྒྱས་མང་པོར་རབ་ཏུ་གྲགས། །ཞེས་སོ། །མི་གནས་བའི་མྱ་ངན་ལས་འདས་པ་ཉིད་ཀྱི་ཕྱིར་དེ་ལྟ་བུའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྐལ་བ་ཇི་ལྟ་བ་བཞིན་དུ་རྒྱུན་མི་འཆད་པར་ཆོས་སྟོན་པའི་སྒྲའི་རྒྱུར་གྱུར་པའི་ཕྱིར་ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེའོ། །ཆོས་ཀྱི་སྐུ་ཉིད་ཀྱིས་ན་གཟུགས་མེད་དོ། །མཚན་དང་དཔེ་བྱད་འབར་བའི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱི་ཕྱིར་གཟུགས་ལྡན་ནོ། །དམ་པ་ནི་མཆོག་ཅེས་པ་སྟེ། འཇིག་རྟེན་གསུམ་གྱི་གཙོ་བོ་བཞིན་ཤིན་ཏུ་མཛེས་པ་འཇམ་དཔལ་གྱི་སྐུ་ཞེས་པའི་དོན་ཏོ། །གདུལ་བྱའི་སྐྱེ་བོ་སྣ་ཚོགས་དང་རྗེས་སུ་མཐུན་པའི་གཟུགས་ཀྱི་སྐུར་སྤྲུལ་པའི་ཕྱིར་སྣ་ཚོགས་གཟུགས་ཅན་ནོ། །དེ་ལྟར་རྣམ་པ་གསུམ་དབྱེར་མེད་ཀྱང་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་ཡིད་ལ་སྐྱེས་སོ། །སེམས་ཙམ་དུ་གྲགས་སོ་ཞེས་པའི་དོན་ཏོ། །ཡིད་ཀྱི་རང་བཞིན་ཡིན་ཀྱང་གཟུགས་སྣ་ཚོགས་པ་ཉིད་ཀྱི་ཕྱིར་གཟུགས་ཐམས་ཅད་ཀུན་དུ་སྣང་བར་བྱེད་པའི་དཔལ་འཕྲོ་བར་བྱེད་ཅིང་ཕུན་སུམ་ཚོགས་པར་བྱེད་པ་གང་ཡིན་པ་དེ་ནི་གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ལོ། །ཡང་ན་གཟུགས་རྣམས་ཏེ་ཁམས་སུ་གཏོགས་པ་ཐམས་ཅད་ཀུན་དུ་སྣང་བར་བྱེད་ཅིང་སོ་སོར་གསལ་བར་བྱེད་པ་གང་ཡིན་པ་དེ་ལྟ་བུ་ནི་དཔལ་ཏེ། མེ་ལོང་གི་ངོས་བཞིན་དངས་ཤིང་དྲི་མ་མེད་པ་ཟབ་ཅིང་རྒྱ་ཆེ་བའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་གང་ཡིན་པ་དེ་དེ་བཞིན་ནོ། །དེའི་ཕྱིར་གསུངས་པ། གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ་སྟེ་གཞན་དུ་མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་བསམ་པ་དྲི་མ་མེད་པའི་ཆུ་ལ་དེ་ལྟ་དེ་ལྟར་གཟུགས་བརྙན་འཆར་བའི་སྣང་བ་སྐྱེད་པར་བྱེད་པའི་ཕྱིར། གཟུགས་བརྙན་མ་ལུས་འཆང་བ་བོ། །ཞེས་རྣམ་པར་བཤད་དོ། །ཐམས་ཅད་དུ་ཐོགས་པ་མེད་པའི་ནུས་པ་ཐམས་ཅད་དང་ལྡན་པའི་ཕྱིར་ཚུགས་པ་མེད་པའོ། །དེའི་རྒྱུ་གསུངས་པ་ཆེ་བར་གྲགས། །ཞེས་པ་སྟེ། འདོད་པ་འབྱུང་བར་འགྱུར་བས་ན། དེ་ནི་གཞན་དབང་ཕྱུག་གི་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་


DTG064_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་དབང་ཆེ་བ་ཉིད་ཀྱིས་ན་དབང་ཆེ་བ་སྟེ་དབང་ཆེ་བ་ཉིད་ཀྱིས་དེ་ལྟར་གྲགས་ཤིང་གྲགས་པ་ལྟར་གྲུབ་པ་གང་ཡིན་པ་དེ་ནི་ཆེ་བར་གྲགས་པའོ། །དེ་ཉིད་ནི་ཐམས་ཅད་རྗེས་སུ་འཛིན་པ་དང་ཚར་གཅོད་པའི་རྒྱུར་གྱུར་པ་ཉིད་ཀྱིས་ན་ཁམས་གསུམ་དབང་ཕྱུག་ཆེན་པོའོ། །འཕགས་ལམ་ནི་འདིར་འཕགས་པའི་ལམ་ཡན་ལག་བརྒྱད་དེ་དེ་ཡང་ཡང་དག་པའི་རྟོགས་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་མཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་གྱི་རང་བཞིན་རྣམས་སོ། །ཤིན་ཏུ་མཐོ་ལ་གནས་པའི་སྟེ་ཤིན་ཏུ་མཐོ་བ་དེ་ཡང་སློབ་དཔོན་གྱི་ལམ་སྟེ་དེ་ལ་གནས་པའོ། །དེ་ཡང་ཅི་ཞེ་ན་ཆོས་ཀྱི་ཏོག་ཅེས་བྱ་སྟེ། ཐེག་པ་ཆེན་པོའི་ཆོས་ཀྱི་རྒྱལ་མཚན་མཐའ་ཡས་པའི་དཔལ་ཏེ་མཐོ་བཙུན་འཇམ་དཔལ་ལོ། །དེ་ཉིད་ཆེར་འབྱུང་བ་ནི། ཁམས་གསུམ་ལས་འདས་པ་ཉིད་ཀྱིས་ཆེན་པོར་འབྱུང་བ་གང་གིས་ཡིན་པ་ཞེས་སྦྱར་ཏེ། ཆེན་པོ་འདི་ལས་སེམས་ཅན་ཐམས་ཅད་འབྱུང་བས་ན་ཆེར་འབྱུང་བའོ། །འཇིག་རྟེན་གསུམ་ན་གཅིག་བུ་སྟེ་གཉིས་པ་མེད་པར་ཤིན་ཏུ་ཡིད་འཕྲོག་བ་ཉིད་ཀྱི་གཞོན་ནུའི་གཟུགས་ཀྱི་ལུས་གང་ཡིན་པ་དེ་ནི་འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་གོ །དེ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་རིམ་གྱིས་དེ་བཞིན་གཤེགས་པ་མཐའ་ཡས་པའི་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་སློབ་དཔོན་དུ་རིང་མོ་ནས་གྱུར་པའི་ཕྱིར་དང༌། དགེ་འདུན་གྱི་གནས་བརྟན་མཆོག་དང། མཆོད་པར་འོས་པ་ཉིད་ཀྱི་ཕྱིར་གནས་བརྟན་པ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་ལས་ཡེ་ཤེས་ཀྱིས་བགྲེས་པའི་ཕྱིར་རྒན་པོའོ། །བསོད་ནམས་ཀྱི་ལམ་ཉེ་བར་སྟོན་པས་དམྱལ་བ་ལ་སོགས་པའི་འགྲོ་བ་གསུམ་པོ་རྣམས་ལ་ཚངས་པ་ལ་སོགས་པའི་གཟུགས་ཀྱིས་ཡང་དག་པའི་དོན་གྱི་ཆོས་བསྟན་པས་འགྲོ་བ་དྲུག་པོ་རྣམས་སྐྱོབ་པར་བྱེད་པ་དང་སྐྱེ་དགུའི་བདག་སྟེ་དོན་དམ་པར་ནི་བཅོམ་ལྡན་འདས་ཉིད་དོ། །ཕྱག་ཞབས་འཁོར་ལོས་མཚན་དང་རུས་སྦལ་ཞབས། །ཞེས་པ་ལ་སོགས་པ་སྟེ། མགོན་པོ་བྱམས་པས་གསུངས་


DTG064_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཏེ། བླ་ན་མེད་པའི་བསོད་ནམས་ཀྱི་ཚོགས་ལས་ངེས་པར་འཁྲུངས་པའི་མཚན་སུམ་ཅུ་རྩ་གཉིས་རྣམས་འཆང་བས་ན་མཚན་འཆང་བའོ། །དེ་བཞིན་དུ། ཐུབ་པའི་སེན་མོ་ཟངས་མདོག་དང༌། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཞེས་པ་ལ་སོགས་པ་དཔེ་བྱད་བརྒྱད་ཅུར་བཤད་པ་རྣམས་ཀྱིས་ཡན་ལག་ཐམས་ཅད་བརྒྱན་པའི་རྒྱ་ན་འཇིག་རྟེན་གསུམ་ན་མཛེས་པའོ། །དེ་ཉིད་ཐམས་ཅད་ཀྱི་ཐམས་ཅད་དུ་སྐྱེ་བོ་རྣམས་ཀྱི་ཡིད་དུ་འོང་བའི་ཕྱིར་སྡུ་གུའོ། །འཇིག་རྟེན་ནི་སེམས་ཅན་དང་སྣོད་ཀྱི་རང་བཞིན་ནོ། །ཤེས་པ་ནི་དངོས་པོ་ཐམས་ཅད་དེ་འགྲོ་བའི་སྐྱེ་གནས་དང་མདོག་དང་དབྱིབས་དང་ཚད་ལ་སོགས་པའི་རང་བཞིན་ཡོངས་སུ་ཤེས་པའོ། །ཡོངས་སུ་ཤེས་པས་འདི་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ནི་ལེགས་པའོ། །དེ་ལ་སློབ་དཔོན་ནི་ཡང་དག་པར་སྟོན་པར་བྱེད་པ་པོ་སྟེ། དེའི་ཕྱིར་འཇིག་རྟེན་སློབ་དཔོན་ཏེ་འཇིག་རྟེན་གསུམ་གྱི་བླ་མ་ཡིན་པས། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་པ་སྟེ། ཚད་མ་དང་འཐད་པས་གྲུབ་པའི་ཆོས་ཐམས་ཅད་སྟོན་པས་ན་འཇིགས་པ་མེད་ཅིང་སེམས་གཡོ་བ་མེད་ལ་ཤིན་ཏུ་སྤུངས་ཆེ་བ་ཞེས་པའི་དོན་ཏོ། །དེའི་ཕྱིར་མགོན་པོ་སྟེ། འགྲོ་བ་རྣམས་ཀྱི་ཞེས་པ་ལྷག་མའོ་སྐྱབས་པ་ཡང་ངོ༌། །འདི་ཇི་ལྟ་བུ་ཞེ་ན་གསུངས་པ། འཇིག་རྟེན་གསུམ་ཡིད་གཅུགས་ཞེས་པ་སྟེ། དི་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་སྟོན་པ་ཉིད་ཀྱིས་ཡིད་གཅུགས་པར་བཟུང་སྟེ་སླུ་བ་མེད་པའོ། །གཞན་རྣམས་ནི་ལོག་པའི་བདག་ཉིད་ལ་མངོན་པར་ཞེན་པའི་ཕྱིར་རོ། །དོན་གྱི་གཙོ་བོ་སངས་རྒྱས་ཉིད་དུ་འགྱུར་བའི་ལས་ཉེ་བར་སྟོན་པས་མི་སླུ་བ་ཉིད་ཀྱིས་ན་ཡིད་གཅུགས་པར་འཐད་དོ་ཞེས་བཅོམ་ལྡན་འདས་ཀྱི་དགོངས་པའོ། །དེ་ཉིད་ཉོན་མོངས་པའི་དགྲ་བོས་འཇིགས་པ་རྣམས་ཀྱི་སྐྱབས་སོ། །འདི་ཇི་ལྟ་བུ་ཞེ་ན་གསུངས་པ། སྐྱོབ་པ་ཞེས་པ་སྟེ་སྐྱོབ་པ་ནི་རང་གིས་གཟིགས་པའི་ལམ་ཉེ་བར་སྟོན་པ་དེ་འདི་ལ་ཡོད་པས་ན་སྐྱོབ་པའོ། །དེ་སྐད་དུ། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ་ཞེས་པ་སྟེ། ཉིད་ཀྱིས་གཟིགས་པའི་ལམ་ཉེ་བར་སྟོན་པ་པོ་ཉིད་ཀྱི་ཕྱིར་དེ་ལྟ་བུ་ནི་བླ་ན་མེད་པའོ། །གཞན་ལས་ནི་རྒྱུན་རྟག་པ་ཉིད་ཀྱིས་རྒྱུན་


DTG064_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཆད་པར་མགོན་མེད་པའི་སེམས་ཅན་གྱི་ཁམས་རྣམས་སྐྱོབ་པར་བྱེད་པའོ་ཞེས་རྣམ་པར་བཤད་དེ། །དེ་ལྟར་དུ་ཡང༌། ཏཱ་ཡིར་རྒྱུན་དང་སྐྱོང་བདག་ལའོ། །ཞེས་བྱིངས་ཀློག་པར་བྱེད་དོ། །ནམ་མཁའ་བཞིན་ཁྱབ་པས་ཡོངས་སུ་གང་ཞིང་ཡངས་པ་ཉིད་གང་ཡིན་པ་དེ་ནི་ནམ་མཁའ་ཁྱབ་པ་སྟེ་མཐའ་མེད་པ་ཞེས་པའི་དོན་ཏོ། །དེ་ལྟ་བུར་མཐའ་ཡས་པའི་ཆོས་དང་ཟང་ཟིང་དང་མི་འཇིགས་པའི་རང་བཞིན་ཅན་གྱི་ལོངས་སྤྱོད་རྣམས་སེམས་ཅན་རྣམས་ལ་སྦྱིན་བ་གང་ཡིན་པ་དེ་ནི་ནམ་མཁའ་ཁྱབ་པའི་ལོངས་སྤྱོད་པའོ། །ཐམས་ཅད་མཁྱེན་པ་ཞེས་པ་ལ་སོགས་པ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ནི་རྒྱ་མཚོ་ཉིད་དེ། དེ་ཁོ་ནས་འདི་ཐམས་ཅད་བསྐྱེད་པའོ་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་བོང་བུ་ལྟ་བུའི་བདག་ཏུ་རྨོངས་པ་ལ་སོགས་པའི་མ་རིག་པའི་སྒོ་ངའི་སྦུབས་འབྱེད་པའོ། །དེའི་ཕྱིར་ཤེས་རབ་ཀྱི་རལ་གྲིས་སྲིད་པའི་དྲ་བ་འཇོམས་པའོ། །དེས་ན་ལས་དང་སྐྱེ་བ་དང་ཉོན་མོངས་པ་ཞེས་བྱ་བ་ཀུན་ནས་ཉོན་མོངས་པ་མ་ལུས་པ་ཞི་བར་བྱེད་པ་དེ་དེ་བཞིན་ནོ། །མ་རིག་པ་ཞེས་པ་ལ་སོགས་པ་ཐམས་ཅད་ལ་རང་ཉིད་དང་སེམས་ཅན་ཐམས་ཅད་ཀྱི་ཞེས་པ་ཉེ་བར་སྦྱར་བར་བྱ་སྟེ། དེ་ལྟ་བུ་ཇི་ལྟར་ནུས་ཤེ་ན་གསུངས་པ། འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །ཞེས་པ་སྟེ་རང་ཉིད་གྲུབ་པས་གཞན་རྣམས་ལ་སྒྲུབ་པར་འགྱུར་རོ་ཞེས་དགོངས་པའོ། །ཡེ་ཤེས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ནོ། །དེ་ཡིས་དབང་བསྐུར་བ་ནི་དྲི་མ་མེད་པར་བྱས་པ་སྟེ། དེ་ཡང་དག་པར་མཚོན་པར་བྱེད་པ་ཡེ་ཤེས་ལྔའི་རང་བཞིན་གྱི་སངས་རྒྱས་ལྔའི་བདག་ཉིད་ཀྱི་ཅོད་པན་གང་ཡིན་པ་དེ། ཡེ་ཤེས་དང་དབང་བསྐུར་ཅོད་པན་ཅན། །ཞེས་སོ། །དེའི་ཕྱིར་གསུངས་པ། ཡང་དག་རྫོགས་པའི་སངས་རྒྱས་རྒྱན། །ཞེས་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཅོད་པན་གྱི་ཚུལ་གྱིས་བརྒྱན་པར་བྱེད་པ་གང་ཡིན་པ་ཞེས་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཟུགས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བརྒྱན་པར་བྱེད་ཅིང་རྒྱན་དུ་བྱེད་པས་ཇི་སྐད་བཤད་པ་བཞིན་ནོ། །སྡུག་བསྔལ་གསུམ་གྱི་


DTG064_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལ་སོགས་པ་སྡུག་བསྔལ་འཁོར་ཅན་ཕུང་པོ་དེ་ཡང་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོའི་འགྲོ་བར་སོང་བ་རྣམས་ཀྱིའོ། །མངོན་དུ་བྱས་པ་སྡུག་བསྔལ་དང་བྲལ་བར་འགྱུར་བ་ཉིད་ཀྱི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་སྟེ། དེ་ཡང་ཕལ་ཆེར་མིའི་འགྲོ་བར་གཏོགས་པ་རྣམས་ཀྱིའོ། །རྒྱུ་གཞན་ལ་རག་ལས་པས་སྡུག་བསྔལ་གྱི་རང་བཞིན་གྱི་ཕྱིར་འགྱུར་བའི་སྡུག་བསྔལ་ཏེ་ལྷའི་འགྲོ་བར་གཏོགས་པ་རྣམས་ཀྱི་སྟེ། ལྷའི་བདེ་བ་ཡང་མཐར་སྡུག་བསྔལ་གྱི་རྒྱུ་ཅན་ཉིད་ཀྱི་ཕྱིར་རོ། །འདི་དག་ནི་སྡུག་བསྔལ་གསུམ་གྱི་བདག་ཉིད་ཅན་གྱི་སྡུག་བསྔལ་ཏེ། ཤེས་རབ་དང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་ཞི་བར་བྱེད་པ་ནི་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི་བའོ། །དེའི་ཕྱིར་གསུངས་པ། གསུམ་སེལ་ཞེས་པ་སྟེ་སྡུག་བསྔལ་གསུམ་པོ་འདི་རྣམས་མཐར་བྱེད་པས་ན་གསུམ་མཐར་བྱེད་དོ། །ཡང་ན་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གསུམ་དང་འདོད་པ་ལ་སོགས་པའི་ཁམས་གསུམ་དང༌། ལུས་ལ་སོགས་པ་གསུམ་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གསུམ་སྟེ། དེ་རྣམས་ཡང་དག་པར་ཡོངས་སུ་ཤེས་པས་མཐར་བྱེད་པས་ན་གསུམ་སེལ་ལོ། །མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཀྱི་ཕྱིར་རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་མེད་པས་ན། ཉན་ཐོས་ལ་སོགས་པའི་གྲོལ་བ་དང་ལྷོག་པར་གྲོལ་བས་གདུལ་བྱའི་སྐྱེ་བོ་རྗེས་སུ་གཟུང་བའི་ཕྱིར་གྲོལ་གསུམ་སོན་པ་སྟེ། དེའི་སྣང་བ་སྐྱེད་པའི་ཕྱིར་རྣམ་པར་བསྒོམ་པའི་བྱེད་པས་ན་གྲོལ་གསུམ་སོན་པའོ། །ཉོན་མོངས་པ་དང་ཤེས་བྱ་དང་ལས་ཀྱི་སྒྲིབ་པ་རྣམས་དང་བྲལ་བའི་ཕྱིར་སྒྲིབ་པ་ཀུན་ལས་ངེས་པར་གྲོལ་བའོ། །དེ་ཉིད་ཀྱི་ཕྱིར་མཁའ་ལྟར་མཉམ་པ་ཉིད་ལ་གནས་པའོ། །དེའི་ཕྱིར་བདག་ཆགས་དང་བཅས་པའི་ཉོན་མོངས་པའི་དྲི་མ་ཐམས་ཅད་ལས་འདས་པ་སྟེ། ཤིན་ཏུ་མནན་པས་ན་ཉོན་མོངས་དྲི་མ་ཀུན་ལས་འདས་པ་སྟེ། དུས་མེད་པ་དང་དུས་ནི་འདས་པ་ལ་སོགས་པའི་དབྱེ་བས་གསུམ་སྟེ་དེ་རྣམས་དུས་མེད་པ་ཡང་ངོ༌། །དེ་རྣམས་ཀྱང་རྟག་པ་ཙམ་གྱི་ལུས་ཉིད་ཀྱིས་དོན་དམ་པར་ཡོང་བ་མ་ཡིན་པའི་ཕྱིར་དུས་མེད་པའོ། །དེ་རྣམས་མ་རྟོགས་པ་ཉིད་


DTG064_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་སྟེ། །བདེ་གཤེགས་གཤེགས་པ་སྤངས་པའོ། །ཞེས་གསུངས་པའི་ཕྱིར་ཏེ། དེ་རྣམས་རྟོགས་པར་གྱུར་པ་ནི། །དུས་གསུམ་དུས་མེད་རྟོགས་པར་གནས། །ཞེས་པ་སྟེ་ཆོས་ཉིད་ཀྱིས་སྐུ་གསུམ་ལ་ཁྱབ་པའི་ཞེས་པའི་དོན་ཏོ། །གདུལ་དཀའ་བ་འདུལ་བ་ཉིད་ཀྱིས་སེམས་ཅན་གྱི་རྒྱུད་དུ་རྟོག་པའི་ཉོན་མོངས་པའི་གཡུལ་ལས་རྣམ་པར་རྒྱལ་བའི་ཕྱིར་མཉམ་པར་གཞག་པས་ན་གླང་པོ་ཆེན་པོ་སྟེ་གླང་པོ་མྱོས་པ་ཤིན་ཏུ་དུལ་བཞིན་ནོ། །ཡང་ན་སེམས་ཅན་ཀུན་གྱི་ཉོན་མོངས་པའི་གདུང་བ་འཕྲོག་པའི་ཆོས་ཀྱི་བདུད་རྩིའི་ཆར་གྱིས་ཚིམ་པར་བྱེད་པའི་རྒྱུར་གྱུར་པས་ན་མཐའ་ཡས་ལ་སོགས་པའི་ཀླུ་རིགས་བརྒྱད་པོ་རྣམས་ལས་ཆེས་མཆོག་ཏུ་གྱུར་པས་ཀླུ་ཆེན་པོ་ལྟ་བུ་སྟེ། སེམས་ཅན་ཀུན་གྱི་ཀླུ་ཆེན་པོ་ཞེས་པ་སྟེ། ཡོན་ཏན་གྱི་འཇིག་རྟེན་ལས་འདས་པ་སྟེ་དེ་རྣམས་ཀྱི་ཐོད་ནི་རྒྱན་ནོ། །དེ་གང་དག་གི་ཡོན་ཏན་གྱི་ཐོད་ཡིན་ཞེ་ན། ཉན་ཐོས་ལ་སོགས་རྣམས་ཀྱི་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཉིད་ཀྱིས་དེ་བཞིན་རྣམས་ཀྱང་ཐོད་དུ་བྱེད་པས། ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཅེས་ཏེ་བཅོམ་ལྡན་འདས་ནམ་མཁའ་དང་མཉམ་པའི་དཔལ་འཇམ་དཔལ་ལོ། །ལྷག་མ་ཀུན་ནི་འགྲོ་བ་དྲུག་ཏུ་གཏོགས་པའི་ཉེ་བར་ལེན་པ་རྣམས་སོ། །དེ་རྣམས་ལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ངེས་པར་གྲོལ་བས་ན་ལྷག་མ་ཀུན་ལས་རྣམ་གྲོལ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ནམ་མཁའ་ཞེས་པ་ལ་སོགས་པ་སྟེ་གང་གི་ལམ་ན་ནམ་མཁའི་ལམ་ལ་གནས་པ་དེ་ནི་ནམ་མཁའི་ལམ་སྟེ་མི་གནས་པ་ཞེས་པའི་དོན་ཏོ། །དེ་ལ་ལེགས་པར་གནས་པ་ནི་དམིགས་པ་མེད་པ་ཞེས་པའི་དོན་ཏོ། །གལ་ཏེ་དེ་དེ་ལྟར་གྱུར་ན་ནམ་མཁའ་བཞིན་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་འདི་ཇི་ལྟར་སེམས་ཅན་གྱི་དོན་བྱེད་ཅེ་ན་གསུངས་པ། ཡིད་བཞིན་ནོར་བུ་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱིན་པ་ལ་སོགས་པའི་ནུས་པ་ནི་ཕྱི་རོལ་མེད་པར་གྱུར་པའི་ཡིད་བཞིན་གྱི་ནོར་བུའི་མཚན་ཉིད་དང་བྲལ་བས་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་འགྲོ་བ་མཐའ་དག་གི་དོན་ཕུན་སུམ་ཚོགས་པའི་གཞིར་གྱུར་པས་ན། ཡིད་བཞིན་ནོར་བུ་ཆེན་པོ་སྟེ་བྱང་ཆུབ་ཀྱི་སེམས་སོ། །


DTG064_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེའི་བདག་ཉིད་དུ་འཆང་བས་ན་ཡིད་བཞིན་གྱི་ནོར་བུ་ཆེན་པོ་འཆང་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །ཅེས་པ་སྟེ། རིན་ཆེན་ཀུན་གྱི་མཆོག་ནི་ཡིད་བཞིན་གྱི་ནོར་བུའོ། །འདིས་ནི་ཁྱབ་བདག་ཅེས་པ་ལ་སོགས་པའི་ཁྱད་པར་དང་བཅས་པའི་གཟུགས་ཅན་གྱི་རྒྱན་གསུམ་གྱིས་བྱང་ཆུབ་ཀྱི་སེམས་དེ་ཐམས་ཅད་ལས་ཕུལ་དུ་བྱུང་བར་བསྟན་ཏོ། །དེ་ཡང་ཡིད་བཞིན་གྱི་ནོར་བུ་ནི་རང་གི་ས་ཕྱོགས་ནས་བརྩམས་ནས་དཔག་ཚད་སྟོང་གི་བར་དུ་གནས་པ་རྣམས་ཀྱི་མངོན་པར་འདོད་པའི་དོན་རྫོགས་པར་བྱ་བར་ནུས་ལ། དཔག་བསམ་གྱི་ཤིང་གིས་ཀྱང་རང་གི་གྲིབ་མའི་ནང་དུ་ཆུད་པ་རྣམས་ཀྱིའོ། །བུམ་པ་བཟང་པོ་ཡང་དེར་ལག་པ་ཆུད་པ་རྣམས་ཀྱིའོ། །བྱང་ཆུབ་ཀྱི་སེམས་ཀྱི་རྒྱལ་པོ་ནི་ཁམས་གསུམ་གྱི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་དང་སངས་རྒྱས་ཉིད་ཀྱི་མཐར་ཐུག་པའི་སེམས་ཅན་གྱི་དོན་བྱེད་པ་དང་བྱས་པ་དང་བྱེད་པར་འགྱུར་བ་ན། སེམས་ཅན་ཀུན་དོན་བྱེད་པ་འདིས་དུས་ཐམས་ཅད་དུ་བྱེད་པ་པོ་ཉིད་དུ་གསུང་ངོ༌། །དུས་གསུམ་དུ་ཡང་མྱུར་དུ་རྐྱེན་གྱིས་བསྒྲུབ་པའི་ཕྱིར་བྱེད་པ་པོ་ཞེས་པ་འདིས་ཀྱང་དེའི་ངང་ཚུལ་ནི་བྱེད་བ་པོ་སྟེ། ཚིག་མཐའ་མས་རྟག་པའི་བྱེད་པ་པོ་ཉིད་དུ་གསུངས་སོ་ཞེས་པ་ཁྱད་པར་རོ། །སྔར་བཤད་པ་དང་མ་བཤད་པ་ཐམས་ཅད་དུ་ཚིག་གི་དོན་ཅི་ལྟར་རྟོགས་པར་བྱ་སྟེ། དེ་ལ་ཁྱབ་བདག་ནི་ཁྱད་པར་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཕན་འདོད་སེམས་ཅན་མཉེས་གཤིན་པ། །ཞེས་པ་ཚིག་གཉིས་པོ་འདི་དག་རྒྱུ་དང་འབྲས་བུའི་ངོ་བོར་སྦྱར་ཏེ། ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་རྣམས་ནི་དེ་ལྟ་མ་ཡིན་ནོ། །རང་བཞིན་ཞེས་པ་ངོ་བོའོ། །སེམས་ཅན་ཀུན་གྱི་དོན་བྱེད་པའི་བྱེད་པ་པོ་ཉིད་ལ་སོགས་པའི་རྒྱུ་གསུངས་པ། དགེ་དང་ཞེས་པ་ལ་སོགས་པ་སྟེ། མ་ཆགས་པ་ལ་སོགས་པ་གསུམ་དང་དེས་བསྐྱེད་པའི་ལས་ནི་དགེ་བའོ། །དེ་ལས་བཟློག་པ་ནི་མི་དགེ་བ་སྟེ། དེ་གཉིས་དུས་གསུམ་པ་ཅན་ནི་བདེ་འགྲོ་དང་ངན་འགྲོར་བདེ་བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པའོ། །དེ་རྣམས་ཐམས་


DTG064_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཤེས་པར་མཛད་པས་ན་དགེ་དང་མི་དགེ་ཤེས་པའོ། །གདུལ་བྱའི་སྐྱེ་བོའི་སེམས་ཇི་ལྟ་བ་བཞིན་མཁྱེན་པས་བསྟན་པ་དང༌། བཏང་སྙོམས་དང་ཡོངས་སུ་རྒྱལ་བ་མངོན་སུམ་དུ་བྱ་བའི་དུས་ཀྱི་རྣམ་པར་དབྱེ་བ་ཡོངས་སུ་མཁྱེན་པས་ན་དུས་ཤེས་པའོ། །དམ་ཚིག་ནི་བརྡ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྐད་དང་སྒྲ་དང་གསང་སྟེ་བཤད་པ་དང་གླུ་ལ་སོགས་པའི་མཚན་ཉིད་ཅན་ནོ། །དེ་ཆོས་སྟོན་པའི་དོན་དུ་མཁྱེན་པར་མཛད་པས་ན་དམ་ཚིག་ཤེས་པའོ། །གྲུབ་མཐའ་ཐམས་ཅད་ཀྱིས་གྲུབ་པའི་དམ་ཚིག་དང་ལྡན་པས་ན་དམ་ཚིག་ལྡན་པའོ། །དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་དབང་འབྱོར་པའི་ཕྱིར་ཁྱབ་བདག་གོ །སེམས་ཅན་རྣམས་ཀྱི་དད་པ་ལ་སོགས་པའི་དབང་པོ་རྣམས་ནི་རྟུལ་པོ་ལ་སོགས་པའི་དབྱེ་བས་སོ་སོར་རྣམ་པ་དགུའོ། །དེ་རྣམས་མཁྱེན་པས་ནི་སེམས་ཅན་དབང་པོ་ཤེས་པའོ། །སེམས་ཅན་ཡོངས་སུ་ཤེས་པའི་དུས་ལས་མ་ཡོལ་བར་འདུལ་བར་མཛད་པའི་ཕྱིར་དུས་ཤེས་པའོ། །ཐུང་དུར་ཡོད་པ་ནི་གཙུག་ལག་ཡིན་པའི་ཕྱིར། ཉན་ཐོས་ལ་སོགས་པའི་རྣམ་པར་གྲོལ་བ་གསུམ་ལ་ཉོན་མོངས་པ་དང་བྲལ་བ་ལ་སོགས་པའི་མཚན་ཉིད་རྣམ་པ་ཐམས་ཅད་དུ་ཡོངས་སུ་མཁྱེན་ཅིང་མཁས་པས་ན་རྣམ་གྲོལ་གསུམ་ལ་མཁས་པའོ། །ཡོན་ཏན་ནི་སྟོབས་བཅུ་ལ་སོགས་པ་རྣམས་སོ། །དྲི་མ་མེད་པར་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་འདི་ལ་མངའ་བས་ན་ཡོན་ཏན་ནོ། །ཡོན་ཏན་དེ་རྣམས་ཀྱི་རང་བཞིན་དང་ལྡན་པ་ལ་སོགས་པ་ཡོངས་སུ་སྨིན་པའི་ཕྱིར་ཡོན་ཏན་ཤེས་སོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་སོགས་པ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་སོགས་པའི་ཚུལ་གྱིས་མཁྱེན་པས་ན་ཆོས་ཤེས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་སྐུ་རྣམས་ཉིད་ཀྱི་ཕྱིར་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱི་ཡིད་དུ་འོང་ཞིང་རབ་ཏུ་བསྟོད་པ་ཉིད་ཀྱིས་རབ་ཞི་བའོ། །མི་མཐུན་པའི་ཕྱོགས་འཇོམས་ཤིང་ཕུན་སུམ་ཚོགས་པ་འགུགས་པའི་རྒྱུ་ནི་བཀྲ་ཤིས་སོ། །འདི་ལས་དེ་འདྲ་བ་དང་བརྗོད་པ་ལ་སོགས་པ་འབྱུང་བས་ན་བཀྲ་ཤིས་


DTG064_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ༌། །རང་ཉིད་བཀྲ་ཤིས་ཐམས་ཅད་ཀྱི་བཀྲ་ཤིས་ཉིད་ཀྱི་ཕྱིར་བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ་སྟེ། རང་གི་དོན་ལ་དེ་ཕན་གྱི་རྐྱེན་བྱིན་པ་སྟེ། སྐྱེ་བོའི་ཚོགས་གཞན་རྣམས་ལ་བསོད་ནམས་སྐྱེ་བའི་རྒྱུར་གྱུར་བའི་ཡང་དག་པར་བརྗོད་པའི་ངོ་བོ་དེ་ཉིད་ནི་གྲགས་པའོ། །གཞན་རྣམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པ་དང༌། རང་ཉིད་ཕུན་སུམ་ཚོགས་པའི་རང་བཞིན་ཡིན་པའི་ཕྱིར་དཔལ་མོའོ། །དེ་བཞིན་དུ་རང་དང་གཞན་གྱི་སྡེ་རྣམས་ལ་བསོད་ནམས་རབ་ཏུ་སྐྱེ་ཞིང་ལེགས་པ་འབྱུང་བའི་རང་བཞིན་ཡིན་པའི་ཕྱིར་བཅོམ་ལྡན་འདས་དེ་ཉིད་སྙན་གྲགས་སོ། །སྔར། གྲགས་ཆེན་སྙན་གྲགས་ཆན་པོ་སྟེ། །ཞེས་པ་ནི་རྒྱུའི་ཚུལ་གྱི་ས་ཡིན་ལ། འདི་ནི་འབྲས་བུའི་ཚུལ་གྱིས་སྟེ་མཚན་ཡང་དག་པར་བརྗོད་པའི་ཚུལ་གྱི་ཁྱད་པར་རོ། །དེའི་ཕྱིར་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱིས་གསལ་བས་སྲིད་པ་གསུམ་གྱི་ཁོངས་སུ་མཛེས་པས་སམ། ཡང་ན་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྒྱུར་གྱུར་པས་ན་དགེ་བའོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཆོས་སྟོན་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་དགའ་སྟོན་ཆེན་པོའི་དགའ་བ་འདི་ལས་འཕེལ་བའི་ཕྱིར་དང༌། རང་ཉིད་ཀྱང་ཁམས་གསུམ་པའི་དགའ་སྟོན་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་དགའ་སྟོན་ཆེན་པོའོ། །སྐྲག་པ་ཐམས་ཅད་དང་བྲལ་བ་ཉིད་ནི་དབུགས་འབྱིན་ཐོབ་པ་ཞེས་བྱ་སྟེ། གང་གི་ཕྱིར་སེམས་ཅན་ཐམས་ཅད་ལ་དབུགས་འབྱིན་ཆེན་པོ་མཛད་ཅིང་རང་ཉིད་ཀྱང་དེའི་རང་བཞིན་དུ་གྱུར་པའི་ཕྱིར་དབུགས་འབྱིན་ཆེན་པོའོ། །དེ་ལྟ་བུ་ནི་དགའ་བ་ཆེན་པོ་དང་འདོད་ཆགས་ཆེན་པོའི་རང་བཞིན་གྱི་ཕྱིར་རོལ་མོ་ཆེན་པོའོ། །བཀུར་སྟི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དམ་པར་བྱེད་ཅིང་མཆོད་པར་བྱེད་པ་སྟེ། རང་ཉིད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཀུར་སྟི་མཛད་པའི་རང་བཞིན་ཡིན་པའི་ཕྱིར་རིམ་གྲོའོ། །སེམས་ཅན་ཐམས་ཅད་འབྱོར་བ་ཐམས་ཅད་ཀྱི་རྒྱུའི་ཕྱིར་དང་རང་ཉིད་ཀྱང་བསོད་ནམས་ཀྱི་ཚོགས་ཀྱི་བདག་ཉིད་ཅན་གྱི་ཕྱིར་ཕུན་སུམ་ཚོགས་པའོ། །ཕུལ་དུ་བྱུང་བའི་དགའ་བ་དང་མགུ་བ་རབ་ཏུ་དགའ་བ་དང་དེའི་རྒྱུའི་ཕྱིར་དང༌། རང་ཉིད་ཀྱང་དེའི་རང་


DTG064_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡིན་པའི་ཕྱིར་རབ་ཏུ་དགའ་བའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཀྱི་ཕྱིར་དང་དེའི་རྒྱུར་གྱུར་པའི་ཕྱིར་དཔལ་ལོ། །སེམས་ཅན་རྣམས་ལ་བདག་ཉིད་ཀྱི་དཔལ་ལོ། །ཞིང་སྤེལ་བའི་ཕྱིར་གྲགས་པའི་བདག་པོའོ། །རྣམ་པ་ཐམས་ཅད་རྣམས་དག་པའི་ཡོན་ཏན་གྱི་ལུས་ཅན་ཉིད་ཀྱི་ཕྱིར་མཆོག་ནི་སངས་རྒྱས་དེ་ཉིད་ལྡན་པས་མཆོག་ལྡན་ནོ། །མཆོག་མངོན་པར་འདོད་ཅིང་དོན་དུ་གཉེར་བའི་སེམས་ཅན་རྣམས་ལ་སྦྱིན་པར་བྱེད་པས་ན་མཆོག་སྦྱིན་ནོ། །མཆོག་སྦྱིན་པ་པོ་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་གཙོ་བོའོ། །འཁོར་བས་འཇིགས་པའི་སེམས་ཅན་ཐམས་ཅད་འཇིགས་པ་ལས་སྲུང་བས་ན་སྐྱབས་འོས་སོ། །མཆོག་ཅེས་པ་འདིར་ཡང་སྦྱར་རོ། །འཇིགས་པ་ཐམས་ཅད་ལས་འདས་པ་མི་གནས་པའི་མྱ་ངན་ལས་འདས་པ་ལ་སེམས་ཅན་ཐམས་ཅད་རབ་ཏུ་འཇོག་པ་ནས་སྐྱབས་ཀྱི་དམ་པའོ། །དེ་ཉིད་ཀྱི་ཕྱིར། འཇིག་ཆེན་དགྲ་སྟེ་རབ་ཀྱི་མཆོག །ཅེས་པ་ལ་བདུད་བཞི་རྣམས་ནི་འཇིགས་པའོ། །འཇིགས་པ་ཆེན་པོ་དེ་རྣམས་ཀྱི་དགྲ་ནི་ཉན་ཐོས་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་རབ་མཆོག་སྟེ་བག་ཆགས་ཀྱི་འཇུག་པ་ཐམས་ཅད་ཀུན་དུ་བཅོམ་པས་སོ། །དེའི་ཕྱིར། འཇིགས་པ་མ་ལུས་སེལ་བ་པོ། །ཞེས་པའོ།། །།ད་ནི་མུ་སྟེགས་པས་ཡོངས་སུ་བརྟགས་པའི་ཆ་བྱད་ཀྱིས་འདུལ་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། དེའི་བརྟུལ་ཞུགས་ཀྱི་མིང་དོན་གྱི་སྒོ་ནས་ཡང་དག་པར་བརྗོད་པས་གསུངས་པ། གཙུག་ཕུད་ཅེས་པ་ལ་སོགས་པ་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས་གཙུག་ཕུད་ཙམ་གྱི་རྟགས་འཛིན་པའི་ཕྱིར་གཙུག་ཕུང་ཅན་ཏེ། ཀུན་དུ་རྒྱུ་གཙུག་ཕུད་གསུམ་པའི་གཟུགས་འཛིན་པ་ཞེས་པའི་དོན་ཏོ། །མངལ་ལས་སྐྱེས་མ་ཐག་པ་བཞིན་དཔྲལ་བ་དང་མགོ་བོའི་དབུས་དང་རྒྱབ་ཀྱི་ཆ་རྣམས་སུ་ཕུད་བུ་གསུམ་འཛིན་པས་ན་ཕུད་བུ་ཅན་ནོ། །རལ་པ་དང་ཤིང་ཤུན་འཆང་ཞིང་དབང་ཕྱུག་ཆེན་པོ་ལ་དད་པའི་དྲང་སྲོང་གི་གཟུགས་འཛིན་པར་མཛད་པས་ན་ལྕང་ལོ་ཅན་ནོ། །སྐྲ་མཐའ་དག་རྩ་ནས་བརྩམས་ཏེ་བསམས་པའི་རལ་བའི་ཚོགས་དང་ལྡན་པའི་ཕྱིར་རལ་པ་ཅན་ནོ། །མུཉྫ་ནི་འདིའི་བརྟུལ་ཞུགས་མགོ་


DTG064_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་ཡིན་པས་ཏེ། ཀུན་དུ་རྒྱུའི་རྟགས་དེ་འདི་ལ་མངའ་བས་ན་མུཉྫའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྤྱོད་པ་ན་རྩེ་བྲན་འཆང་བའི་ལྷའི་བུའི་བརྟུལ་ཞུགས་འཆང་བའི་ཕྱིར་ཅོད་པན་ཐོགས་པའོ། །གདོང་ལྔ་པ་ནི་བདེ་བྱེད་དོ། །དེའི་གཟུགས་ཀྱི་བརྟུལ་ཞུགས་འཆང་བས་ན་གདོང་ལྔ་སྟེ། ཕྱོགས་བཞི་དང་སྟེང་དུ་རྣམ་པར་གནས་པའི་གདོང་ལྔའི་གྲངས་འདི་ཡིན་པས་ཞེས་སྦྱར་རོ། །དོན་དམ་པར་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུས་མ་བྱས་པ་དང༌། རང་བཞིན་གྱིས་འོད་གསལ་བའི་རང་བཞིན་རྣམས་ནི་གདོང་ལྔ་གང་ཡིན་པ་སྟེ། དེ་ནི་གདོང་ལྔ་གང་ཡིན། ཕྱོགས་བཞི་དང་སྤྱི་བོ་སྟེ་གཙུག་ཕུད་ལྔ། གཞོན་ནུའི་གཟུགས་ཀྱི་རྒྱན་གང་ཡིན་པ་དེ་ནི་གཙུག་ཕུད་ལྔ་པའོ། །རལ་པ་ཟུར་ཕུད་ལྔ་པའི་ཐོད་ཀྱིས་སྤྱི་བོ་བརྒྱན་པ་གང་ཡིན་པ་དེ་ནི་ཟུར་ཕུད་ལྔ་དང་ལྡན་པའི་ཐོད་དོ། །ཞི་བའི་གྲུབ་མཐའ་བཤད་པའི་བརྟུལ་ཞུགས་ཆེན་པོས་འདུལ་བའི་སྐྱེ་བོ་གཞུག་པའི་ཕྱིར་བརྟུལ་ཞུགས་ཆེན་པོ་འཆང་བས་ན་བརྟུལ་ཞུགས་ཆེན་པོ་འཆང་བའོ། །ཡང་ན་རིག་བྱེད་རེ་རེ་ཞིང་ལོ་བཅུ་གཉིས་ཚངས་པར་སྤྱོད་པ་སྤྱད་ནས་ཁྱིམ་ལ་གནས་པར་མི་བྱེད་པ་ཉིད་དུ་སློང་མོ་སྤྱོད་པ་དང༌། ནགས་ན་གནས་པས་གང་ཚེ་ཟད་པར་བྱེད་པ་དེ་ནི་བརྟུལ་ཞུགས་ཆེན་པོ་འཆང་བའོ། །རྩྭ་མུཉྫའི་སྐེ་རགས་འཆང་བའི་བརྟུལ་ཞུགས་ནི་མུཉྫ་སྟེ། དེ་དང་ལྡན་པས་ན་མུཉྫ་ཅན་ནོ། །ཚངས་པར་སྤྱོད་པ་གང་བསྲུངས་པ་སྟེ་བུད་མེད་དང་འགྲོགས་པ་ལས་བཟློག་པའི་ཕྱིར་ཚངས་པར་སྤྱོད་པའོ། །ཡང་ན་ཚངས་པ་ནི་མྱ་ངན་ལས་འདས་པ་སྟེ། དེའི་དོན་དུ་སྤྱོད་པས་ན་དེ་ལྟར་བཤད་དོ། །དེ་ལྟར་བརྟུལ་ཞུགས་དང་ལྡན་པའི་མུ་སྟེགས་ཅན་ཐམས་ཅད་ལས་འདི་ཉིད་བརྟུལ་ཞུགས་མཆོག་ཉིད་ཀྱི་ཕྱིར་བརྟུལ་ཞུགས་མཆོག་སྟེ། རང་བཞིན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བརྟུལ་ཞུགས་ཉིད་ཀྱི་མཆོག་གོ །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །ཅེས་མཐའ་དག་བཀླགས་པ་ནི། བརྟུལ་ཞུགས་ཐམས་ཅད་ཀྱི་རྩ་བ་ནི་ཚངས་པར་སྤྱོད་པ་ཡིན་ལ། དེ་བས་ན་ཐམས་ཅད་དུ་གཞོན་ནུའི་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཤིན་


DTG064_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣམ་པར་དག་པས་ཆོས་ཉིད་དུ་གྱུར་པའི་ཕྱིར། ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག་སྟེ་རྗེ་བཙུན་འཇམ་པའི་དཔལ་ལོ། །རླུང་དང་ཆུ་དང་ལོ་མ་ཟ་དང་མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་ཐུབ་ཤིན་ཏུ་དྲག་པོའི་ཁྱད་པར་སྟོན་པར་མཛད་པས་ན་དཀའ་ཐུབ་ཆེའོ། །དེ་ཉིད་ཀྱི་ཕྱིར་དཀའ་ཐུབ་མཐར་ཕྱིན་ཏེ་རབ་ཀྱི་མཐར་སོན་པ་གང་ཡིན་པ་དེ་དཀའ་ཐུབ་མཐར་ཕྱིན་ནོ། །རིག་བྱེད་རྟོག་པའི་ཕ་རོལ་ཏུ་སོན་པའི་བརྟུལ་ཞུགས་རྫོགས་པར་ཐོབ་པ་དེ་ནི་གཙང་གནས་སུ་བརྗོད་ལ། བརྟུལ་ཞུགས་ཐམས་ཅད་དང་རིག་བྱེད་ཐམས་ཅད་ཀྱི་ཕ་རོལ་དུ་རབ་ཀྱི་མཐར་སོན་པའི་ཕྱིར་བཅོམ་ལྡན་འདས་འཇམ་དཔལ་ཡང་གཙང་གནས་སུ་བརྗོད་དོ། །སྐྱེ་བ་ཡོངས་སུ་གཟུང་བས་རིགས་དང་རུས་རྗེས་སུ་གཟུང་བའི་ཕྱིར་དང༌། རིགས་དེ་རབ་དང་མཆོག་ཏུ་གྱུར་པའི་ཕྱིར་གཽ་ཏ་མའོ། །རིགས་རྒྱུད་དེའི་གཙོ་བོར་གྱུར་པས་ན་དམ་པའོ། །ཡི་གེ་ཨ་ནི་སྙན་ཚིག་གི་རིག་བྱེད་དོ། །ཡི་གེ་ཨུ་ནི་མཆོད་སྦྱིན་གྱི་རིག་བྱེད་དོ། །ཨ་ཡིག་ཕྱེད་ནི་ངེས་བརྗོད་ཀྱི་རིག་བྱེད་དོ། །དེ་བཞིན་དུ། ཡི་གེ་ཨ་ནི་ཁྱབ་འཇུག་སྟེ། །ད་ནི་ཡི་གེ་རྣམས་ལས་ཨ། །ཞེས་པའི་ཚིག་ལས་སོ། །ཨུ་ཡིག་ནི་ཨུ་མའི་བདག་པོའོ། །ཨ་ཡིག་ཕྱེད་ནི་ཚངས་པའོ། །དེ་བཞིན་དུ་ཨ་ཡིག་ནི་སྙིང་སྟོབས་སོ། །ཨུ་ཡིག་ནི་མུན་པའོ། །མ་ཡིག་ནི་རྡུལ་ཏེ་དེ་དག་སྟོན་པར་བྱེད་པའི་ཡི་གེ་ཨོཾ་གྱི་སྒྲ་ནི་ཚངས་པའོ། །དེ་ཇི་ལྟ་བ་བཞིན་དུ་རིགས་པས་ན་ཚངས་པར་ཤེས་པ་སྟེ། དེ་ལྟར་ཡང་ངེས་བརྗོད་ཀྱི་རིག་བྱེད་བསྡུས་པའི་སེམས་ལེའུར་བྱས་པ་ལས། ཨོཾ་ཞེས་བྱ་བ་ཚངས་པ་མཆོག །འབྱུང་པོ་ཀུན་གྱི་སྙིང་ལ་གནས། །ཡིད་ཀྱི་སྒྲོན་མར་གྱུར་པ་ཡིས། །མི་གཡོ་བར་ནི་སྣང་བར་བྱེད། །གློག་དང་ཤེལ་ལྟར་སྣང་བར་བྱེད། །ཉི་མ་འཆར་ཀ་ལྟ་བུ་ནི། །གང་གིས་སྙིང་ལ་གནས་མཐོང་བ། །དེ་ཡིས་ཕྱོགས་ཀྱི་ཚངས་པ་མཐོང༌། །གནས་གསུམ་དང་ནི་ཙམ་གསུམ་དང༌། །ཡོན་ཏན་གསུམ་དང་ལྷ་གསུམ་དུ། །གུག་སྐྱེད་དང་བྲལ་གུག་སྐྱེད་བཅས། །གང་གི་རིགས་དེ་ཚངས་པའི་རིགས། །ཞེས་དེ་ལྟ་བུའི་བདག་ཚངས་པ་ཡིན་པར་བསྟན་པའི་ཕྱིར། མཆོད་སྦྱིན་གྱི་རིག་བྱེད་བསྡུས་པའི་ཚིག་ལེའུར་བྱས་པ་ལས།


DTG064_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གིས་ནི་ལུང་བསྟན་སྲོག །འབྱུང་བ་དབང་པོ་རྣམ་པར་མཛེས། །གང་གི་རང་བཞིན་ཉི་བཞིན་གསལ། །འགྲོ་འདི་ཚངས་པའི་སྒྱུ་མ་ཡིན། །རླབས་དྲུག་མཐར་འགྲོ་ཚངས་པ་སྟེ། །མ་ཡིན་མ་ཡིན་གང་སྨྲ་བ། །དགའ་བ་བརྟགས་པ་ཙམ་ཞིག་སྟེ། །གང་ཞིག་སྨྲ་བ་རྒྱུ་ཡི་མཆོག །དེ་ལས་མཆོད་སྦྱིན་འགྲོ་བའི་མདོ། །སྔར་སྐྱེས་པ་ནི་སྐྱེ་དགུའི་བདག །དབྱིག་གི་སྙིང་པོར་གང་བཤད་པ། །མ་ལུས་འབྱིན་པར་བྱེད་པའི་རྒྱུ། །ས་ནི་རྐང་པ་ལྷ་ཡུལ་མགོ །ཉི་མ་ཟླ་བ་དག་ནི་མིག །ལྟོ་བ་ནམ་མཁའི་ཁོངས་གང་ཡིན། །དེ་ནི་རྣམ་མཛེས་མཆོག ། གནས་སྐྱེས། །ཞེས་སོ། །དེ་བཞིན་དུ་སྙན་ཚིག་གི་རིག་བྱེད་བསྡུས་པའི་ཚིག་ལེའུར་བྱས་པས། གང་ཚེ་ནང་ནི་ཤེས་གྱུར་པ། །ཐུབ་ཆེན་སངས་རྒྱས་གྲུབ་པར་འགྱུར། །དེ་ཚེ་བཞི་པ་རྣམ་ཤེས་པ། །དབང་ཕྱུག་ཏུ་ནི་རབ་ཏུ་བསྒྲགས། །བཞི་པ་ལས་འདས་དམ་པའི་བདག ། སྐྱེ་དང་འཇིག་པ་སྤངས་པ་སྟེ། །བཅིང་དང་གྲོལ་ལས་ངེས་འདས་ཏེ། །གཙོ་བོ་རྟག་པ་ཀུན་དུ་འགྲོ། །སད་དང་རྨི་ལམ་གཉིད་མཐུག་དང༌། །བཞི་པ་རྣམས་ལ་མཉམ་པར་གནས། །གང་དུ་བཞི་པ་ཐིམ་འགྱུར་བ། །དེ་ནི་རྟག་པའི་ཚངས་མཆོག་ཅེས། །སྲིད་སྲུང་གི་རིག་བྱེད་། བསྡུས་པའི་ཚིག་ལེའུར་བྱས་པར་ཡང༌། ནམ་མཁའ་འདི་ནི་མཐའ་ཡས་ཏེ། །དེ་ནི་མི་ཟད་མི་གཡོ་བརྟན། །སྣ་ཚོགས་སྐྱེ་གནས་ཚངས་པ་མཆོག །འབྱུང་པོ་ཀུན་གྱི་དཔུང་གཉེན་ཡིན། །མི་ཟད་པ་ཡི་བདག་མཆོག་ནི། །གང་གིས་བདག་ལ་གནས་མཐོང་བ། །ཡོན་ཏན་མེད་ཀྱང་ཡོན་ཏན་སྤྱོད། །དེ་དག་འཇུག་ངོགས་རྗེས་སུ་འབྲང༌། །དེ་ཡང་གཞན་ལ་བདག་གཞན་ཅེས། །དེ་ལྟར་བློ་ངན་རྣམས་ཀྱིས་མཐོང༌། །དེ་ནི་གང་ཡིན་བདག་ཡིན་པར། །ཤེས་པས་ངེས་པར་གྲོལ་བར་འགྱུར། །བདག་ནི་ཚངས་པ་བདག་ཚངས་པར། །གང་ཞིག་དེ་ཉིད་ཤེས་གྱུར་པ། །སྲིན་པོའམ་བྱིན་ཟ་དག་དང་ནི། །ལས་རྣམས་ཀྱིས་ནི་རེག་པ་མེད། །ཅེས་སོ། །དོན་དམ་པར་ནི། རིག་བྱེད་དུ་མའི་མཐའ་དཔྱད་སྙིང་པོ་ནི། །གཅིག་དང་དུ་མ་ཉིད་དུ་རྣམ་རྟོག་སྤངས། །དེ་ཉིད་བདུད་རྩི་བླ་མའི་ལུང་གིས་ཐོབ། །རྩེ་གཅིག་བསམ་པས་རྣམ་པར་བསྒོམ་པར་བྱ། །


DTG064_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་གཞུང་གཞན་ངེས་པར་བརྟགས་པ་གཞན། །རྒྱུན་མི་འཆད་པར་ཤེས་ཤིང་རྣམ་བརྟག་གཞན། །རྣམ་རྟོག་སྤྱོད་ཡུལ་ཐམས་ཅད་སྤངས་ནས་ནི། །རྒྱུན་མི་འཆད་པར་སེམས་གཞན་བསྒོམ་པར་བྱ། །ཞེས་པའི་མན་ངག་གི་རྒྱུར་གྱུར་པའི་ཚངས་བ་ཤེས་པས་ན་ཚངས་པ་ཤེས་པའོ། །དཀའ་ཐུབ་ཐོས་པ་སྐྱེ་གནས་ཏེ། །འདི་གསུམ་བྲམ་ཟེའི་རྒྱུ་ཡིན་ནོ། །ཞེས་པས་ཡོན་ཏན་གསུམ་དང་ལྡན་པ་ནི་བྲམ་ཟེ་ཡིན་པར་བཤད་པ། །མི་ཟད་པའི་དཔལ་བཅོམ་ལྡན་འདས་འཇམ་དཔལ་ཡང༌། དུས་དཔག་ཏུ་མེད་པའི་རིང་མོ་ནས་དཀའ་ཐུབ་སྤྱོད་པར་མཛད་པ་དང༌། ཐོས་པ་མཐའ་ཡས་པ་དང༌། ཟག་པ་མེད་པའི་སྟོང་པ་ཉིད་ཀྱི་ལམ་གྱི་སྐྱེ་གནས་ལས་འཁྲུངས་པ་ཡིན་ཏེ། ཡོན་ཏན་དེ་གསུམ་དང་ལྡན་པས་དོན་དམ་པའི་བྲས་ཟེ་ཡིན་ནོ། །ཡང་ན་བྲམ་ཟེ་ནི་གང་སྡིག་པའི་ཆོས་ལས་ཕྱི་རོལ་དུ་གྱུར་པའོ་ཞེས་པའི་རིག་པས་སྡིག་པའི་ཆོས་ཐམས་ཅད་དང་བྲལ་བའི་ཕྱིར་བྲམ་ཟེའོ། །ཚངས་པས་འདུལ་བའི་སྐྱེ་བོ་གདུལ་བའི་ཕྱིར་ཚངས་པའི་གཟུགས་སུ་སྤྲུལ་པས་ན་ཚངས་པའོ། །དོན་དམ་པར་ནི། མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱི་ཚངས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཁོ་ན་ཚངས་པའོ། །སྤྲོས་པ་ཐམས་ཅད་ཐིམ་ཞིང་དམ་པའི་བདག་ཉིད་དུ་གནས་པ་ནི་ཚངས་པ་མྱ་ངན་འདས་པའོ། །དེ་ཐོབ་པ་ནི་ལྡན་ནོ། །དོན་དམ་པར་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཁོ་ན་མཆོག་གི་བདག་ཉིད་མཆོག་གི་རང་བཞིན་ཏེ། དེ་ལ་དེའི་བདག་ཉིད་ཀྱིས་གནས་ཤིང་ཐིམ་པ་ནི་ཚངས་པ་མྱ་ངན་ལས་འདས་པའོ། །དེ་ཐོབ་པ་ནི་ལྡན་པ་སྟེ། རྗེ་བཙུན་འཇམ་དཔལ་ལོ། །རང་དང་གཞན་གྱི་ལས་དང་སྐྱེ་བ་དང་ཉོན་མོངས་པ་ལྡོག་པར་བྱེད་པའི་མཚན་ཉིད་ནི་གྲོལ་བའི་རང་བཞིན་གྱི་ཕྱིར་དང༌། དེའི་རྒྱུད་ཀྱི་ཕྱིར་གྲོལ་བའོ། །རང་དང་གཞན་གྱི་རྒྱུད་དུ་གཏོགས་པའི་གཏི་མུག་གི་བདག་ཉིད་ཅན་གྱི་འཁོར་བའི་འཆིང་བ་གྲོལ་བར་བྱེད་པས་ན་ཐར་བའོ། །ཡང་དག་པའི་ལྟ་བ་ནི་རིགས་པ་ཡིན་པས་ལམ་གྱི་རང་བཞིན་རྣམ་པར་ཐར་པའི་ཡན་ལག་ཏུ་གྱུར་པ་ཡིན་ལ། དེ་དེའི་བདག་ཉིད་དུ་ལྡན་པའི་ཕྱིར་དང་དེའི་རྒྱུ་ཉིད་ཀྱི་ཕྱིར་རྣམ་གྲོལ་ལུས་ཞེས་


DTG064_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཚུག་ལག་ཉིད་ཕྱིར་སྐྱེས་པའི་རྟགས་སོ། །ཡང་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རྣམ་པར་ཐར་པ་བརྒྱད་པོ་འདི་ལྟ་སྟེ། གཟུགས་ཅན་གཟུགས་རྣམས་ལ་ཞེས་པ་ལ་སོགས་པ་ནས་རྣམ་པ་དེ་དག་གིས་ཟིལ་གྱིས་མནན་ནས་ཞེས་ཟིལ་གྱིས་མནན་ནས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་དེ་བཞིན་དུ་ཤེས་པ་དང་མཐོང་བར་བྱེད་པ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་ཡང་དག་པར་བསྒྲུབས་ཏེ་གནས་པ་ནི་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནི་བདུན་པའོ། །འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པའོ། །འདི་རྣམས་ནི་རྣམ་པར་ཐར་པ་བརྒྱད་དོ། །དེ་ཉིད་འདིའི་ཡན་ལག་ཡིན་པས་ན་རྣམ་ཐར་ཡན་ལག་སྟེ་ཡེ་ཤེས་ཀྱི་སྐུ་ཅན་བཅོམ་ལྡན་འདས་འཇམ་དཔལ་ལོ། །ཉན་ཐོས་ལ་སོགས་པའི་རྣམ་པར་གྲོལ་བ་རྣམ་པ་ཐ་དད་པའི་རང་བཞིན་གྱི་ཕྱིར་དང༌། དེའི་རྒྱུའི་ཕྱིར་དེ་ཉིད་རྣམ་པར་གྲོལ་བ་སྟེ་བྱ་བའི་རང་བཞིན་གྱི་སེམས་ཉིད་རྣམ་པར་གྲོལ་བའོ། །དོན་དམ་པར་ནི་ལས་སྣ་ཚོགས་པའི་དབྱེ་བ་མེད་དེ། དེ་ལྟར་ཡང་གསུངས་པ། སེམས་ཅན་འཇིག་རྟེན་དེ་བཞིན་སྣོད་ཀྱི་འཇིག་རྟེན་ཏེ། །ཤིན་ཏུ་བཀྲ་བ་སེམས་ཉིད་ཀྱིས་ནི་འོད་པར་བྱེད། །འགྲོ་བ་ལས་ལས་སྐྱེ་བར་ཐུབ་པའི་དབང་པོས་གསུངས། །སེམས་ནི་ཀུན་དུ་སྤངས་ནས་ལས་ནི་ཡོད་མ་ཡིན། །ཞེས་སོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་ཉེ་བར་འཚེ་བ་དང་བྲལ་བ་ཉིད་ནི་ཞི་བ་ཉིད་དོ། །དེའི་རང་བཞིན་གྱི་ཕྱིར་དང༌། དེའི་རྒྱུ་ཉིད་ཀྱི་ཕྱིར་དེ་ཉིད་བཅོམ་ལྡན་འདས་ཏེ་ཞི་བ་ཉིད་དོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་གྱི་ཕྱིར་དང༌། གཞན་དག་གི་དགེ་བའི་རྒྱུར་གྱུར་པའི་ཕྱིར་ཞི་བའོ། །ཉན་ཐོས་པ་མངོན་པར་འདོད་པའི་ས་ཏྭོ་པ་ར་ཏའི་མཚན་ཉིད་མར་མེ་ཤི་བ་ལྟ་བུའི་མྱ་ངན་ལས་འདས་པའི་རང་བཞིན་གྱི་ཕྱིར་རམ། མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱི་ཕྱིར་དང་དེའི་རྒྱུ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པའོ། །ཐམས་ཅད་དུ་བྱ་བ་བྱས་པ་ཉིད་ཀྱིས་མྱ་ངན་ལས་འདས་པའི་རང་


DTG064_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་ཀྱི་ཕྱིར་དང༌། དེའི་རྒྱུ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པའོ། །དེ་བཞིན་དུ་རྣམ་པར་རྟོག་པའི་ཆོས་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་དང༌། དེའི་རྒྱུ་ཉིད་ཀྱི་ཕྱིར་ཞི་བའོ། །ལེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དགེ་བའོ། །དེ་ནི་ངེས་པའོ། །ཐེག་པ་ནི་ཡང་དག་པའི་ལམ་སྟེ་ལེགས་པར་ངེས་པར་འབྱུང་བ་བཅོམ་ལྡན་འདས་འཇམ་དཔལ་ཉིད་དོ། །བདེ་བ་དང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ལས་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས་མཐར་བྱེད་པས་ན་སེལ་བའོ། །དེའི་ཕྱིར་གསུངས་པ། བདེ་སྡུག་སེལ་བ་ཞེས་སོ། །ལུང་དང་རིགས་པ་དང་རྣམ་པར་སྤྱོད་པ་དང་ལྡན་པས་ཆོས་ཐམས་ཅད་མཐར་ཕྱིན་པར་རྟོགས་པས་ཆགས་པ་མེད་པའི་མཚན་ཉིད་ནི་ཆགས་བྲལ་ཏེ། ཆགས་བྲལ་མཐའ་ནི་བཅོམ་ལྡན་འདས་ཉིད་དོ། །ཡང་ཉན་ཐོས་ལ་སོགས་པའི་ཆགས་བྲལ་མཐར་ཕྱིན་པ་མ་ཡིན་ཏེ། དེ་དག་དམིགས་པའི་དུག་གིས་མུན་ཕྱུང་བའི་ཕྱིར་རོ། །ཡང་ན་མཐའ་ཞེས་པ་དང་ཚིག་དབྱེ་སྟེ། མཐར་སོན་པའི་ཕྱིར་མཐའ་སྟེ་རབ་ཀྱི་མཐར་སོན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེའི་རང་བཞིན་ཁོ་ན་འཇམ་དཔལ་ལོ་ཞེས་དགོངས་པའོ། །ལུས་པ་ནི་ཕུང་པོ་རྣམས་ཏེ། དེ་རྣམས་མི་ཟད་པའི་ངོ་བོ་ཉིད་ཀྱིས་ཟད་པས་ན་ལུས་ལས་འདས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་དག་པ་ཟད་པ་དང་མི་སྐྱེ་བ་རྟོག་པའི་ངོ་བོ་བཅོམ་ལྡན་འདས་སོ་ཞེས་པའི་དོན་ཏོ། །དེ་ཉིད་རང་དང་གཞན་གྱི་རྒོལ་བ་རྣམས་ཀྱིས་རྒྱལ་བར་མི་ནུས་པས་ན་ཐུབ་པ་མེད་པའོ། །དེའི་ཕྱིར་དཔེ་འགའ་ཡང་ཡོད་པ་མ་ཡིན་པས་དཔེ་མེད་པའོ། །དཔེ་མེད་པ་ཉིད་བསྟན་པའི་ཕྱིར་མི་མངོན་ཞེས་པ་ལ་སོགས་པ་སྟེ། མངོན་པར་གྱུར་པ་ནི་ས་ལ་སོགས་པ་འབྱུང་བ་རྣམས་སོ། །དེའི་མཚན་ཉིད་མེད་པའི་ཕྱིར་མི་མངོན་པའོ། །གཏན་ཚིགས་གསུངས་པ། མི་སྣང་ཞེས་པ་སྟེ། རྣམ་པ་ཐམས་ཅད་དང་བྲལ་བ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསལ་བྱེད་མིན། ཨ་ཛྱ་ཏེ་ཨ་ཏནྟ་ཡཱ་བྱ་གྷི་ཀྲི་ཡ་ཏེ་ཡེ་ན་ཏ་ད་ཉྫ་ཡ་ནཿ། འདིའི་རྒྱུ་དང་རྐྱེན་དག་ལས་གྲོལ་བས་ན་གསལ་བྱེད་མིན་ནོ། །ཆ་ཤས་མེད་པའི་ཕྱིར་ཆ་མེད་དོ། །རང་བཞིན་མེད་པ་ཉིད་


DTG064_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་ཀུན་འགྲོའོ། །དེ་ཉིད་ཀྱི་ཕྱིར་ཁྱབ་པ་པོ་ཞེས་གསུངས་སོ། །རྡུལ་ཕྲན་བརྒྱ་སྟོང་ལ་སོགས་པའི་ཆ་ཤས་རྣམས་སུ་ཡང་ཐིམ་པ་ཉིད་རྣལ་འབྱོར་པ་ཉིད་རྣམས་ཀྱིས་ཀྱང་མཚོན་པར་དཀའ་བས་ན་ཕྲ་མོའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་ཀྱིས་ན་ས་བོན་ནོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཟག་པ་མེད་པའོ། །ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་ཆོས་དང་ཡེ་ཤེས་ཀྱི་སྐུའི་དབྱེ་བ། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་སྔར་བཤད་ལ། དེ་རྣམས་ཀྱི་ཡོན་ཏན་གསལ་བར་བསྟན་པའི་ཕྱིར་མཚན་རྣམ་པ་ལྔ་རིམ་པ་བཞིན་གསུངས་པ། རྡུལ་མེད་ཅེས་པ་ལ་སོགས་པ་སྟེ། ཕྱི་རོལ་གྱི་དོན་དུ་ཞེན་པའི་རྡུལ་དང་བྲལ་བའི་ཕྱིར་རྡུལ་མེད་དོ། །རྡུལ་གྱི་སྒྲ་ནི་དེ་འདྲ་བའི་དོན་དང༌། རྡུལ་གྱི་སྒྲ་ནི་ཨ་ཡིག་གི་མཐར་ཇི་ལྟ་བར་དེ་ལྟ་བུ་ཡོང༌། རྡུལ་དང་པོ་འདི་ནི་རྡུལ་དང་བཅས་པ་ཞེས་བྱའོ། །སེམས་ལས་བྱུང་བ་རྣམ་པ་སྣ་ཚོགས་པའི་རྣམ་པར་རྟོག་པའི་རྡུལ་དང་བྲལ་བའི་ཕྱིར་རྡུལ་བྲལ་ལོ། །བག་ཆགས་དང་བག་ལ་ཉལ་གྱི་དྲི་མ་སྣ་ཚོགས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ། །ཕྱི་དང་ནང་གི་རྣམ་པར་རྟོག་པའི་གནས་ངན་ལེན་གྱི་བག་ཆགས་ཀྱི་སྐྱོན་སྤངས་པའི་ཕྱིར་ཉེས་པ་སྤངས་པའོ། །ནད་དུ་གྱུར་པའི་བདག་དང་བདག་གིར་མངོན་པར་ཞེན་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་དང་བྲལ་བས་ན་སྐྱོན་མེད་པའོ། །སྔགས་ཀྱི་ཚུལ་ལ་ནི་ཚིག་ལྔ་པོས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་སྟོན་པར་བྱེད་དོ། །དེ་ཡང་ཨོཾ་ཙིཏྟ་པྲ་ཏི་བེདྷཾ་ཀ་རོ་མི། ཞེས་པས་གཟུང་བ་དང་འཛིན་པའི་རྡུལ་དང་བྲལ་བ་མེ་ལོང་ལྟར་དང་བའི་སེམས་མཚམས་སྦྱོར་རྟོགས་པར་བྱེད་པས་ན་རྡུལ་མེད་དོ། །ཧ་ཡིག་སྐྱེས་ཞེས་པར་ཀཱའི་སྒྲ་ངེས་པའི་ཚིག་གི་མཚན་ཉིད་ཀྱིས་ཕྱིས་པའོ། །ཤེས་རབ་ཨཱ་ལི་ཟླ་བའི་གཟུགས། །ཞེས་པའི་དོན་ཏོ། །ཨོཾ་བོ་དྷི་ཙིཏྟ་མུ་ཏ་པཱ་ད་ཡཱ་མི་ཞེས་དྲི་མ་མེད་པའི་འོད་ཟེར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཀྱིས་མཉམ་ཉིད་དྲི་མ་མེད་ཅིང་རྡུལ་དང་བྲལ་བའི་ཕྱིར། རྣམ་པར་སྣང་བར་བྱེད་པ་ལས་སྐྱེས་པ་ཞེས་པར་ངེས་པའི་ཚིག་གི་མཚན་ཉིད་ཀྱི་རྡུལ་དང་བྲལ་བའོ། །ཀཱ་ལི་ཐབས་དང་ཟླ་བའི་གཟུགས་


DTG064_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་དོན་ཏོ། །ཨོཾ་ཏིཥྛ་བཛྲ་བཛྲཱཏྨ་ཀོ྅ཧཾ། ཞེས་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་མོ་ལྔ་པའི་གཟུགས་ཀྱིས་སོར་རྟོག་པ་སྟེ། མུ་སྟེགས་རྣམ་པ་ཐ་དད་པའི་དྲེགས་པའི་དྲི་མ་རྣམས་འཇོམས་པའི་ཕྱིར་དྲི་མ་མེད་པའོ། །ཨོཾ་ས་མནྟ་བྷཱ་ཨ་ཧཾ། ཞེས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཀུན་དུ་བཟང་པོའི་གཟུགས་སྤྲོས་ཏེ་བྱ་བ་སྒྲུབ་པར་བྱེད་པའི་ཕྱིར་རང་བཞིན་གྱི་ཉེས་པ་རྣམ་པ་མང་པོ་དག་སྤངས་པས་ཉེས་པས་སྤངས་པའོ། །ཨོཾ་ཡ་ཐཱ་སརྦྦ་ཏ་ཐཱ་ག་ཏཿ་ཏ་ཐཱ་ཨ་ཧཾ། ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ངོ་བོ་མཉམ་པ་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདག་ཉིད་ཀྱིས་སྲིད་པའི་སྐྱོན་གྱི་ནད་ལས་ཤིན་ཏུ་འདས་པའི་ཕྱིར་སྐྱོན་མེད་པའོ་ཞེས་མཚན་ལྔའི་དོན་ལྔའོ། །དེའི་ཕྱིར་ཆོས་ཐམས་ཅད་དུ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པའི་ཕྱིར་ཤིན་ཏུ་རབ་སད་དོ། །འདོད་ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་རྣམ་པ་ཐ་དད་པའི་རབ་ཏུ་དབྱེ་བ་ཅན་གྱི་སེམས་ཅན་རྣམས་ཀྱི་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ནི་རྣམས་སད་བདག་གོ །ཉན་ཐོས་ལ་སོགས་པའི་ཐེག་པས་བདག་པོ་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་ཀུན་ཤེས་སོ། །བྱང་ཆུབ་སེམས་དཔའི་ཐེག་པས་ལམ་ཐམས་ཅད་ཡོངས་སུ་ཤེས་པའི་ཕྱིར་ཀུན་རིག་གོ །དམ་པ་ནི་བླ་ན་མེད་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རྣམ་པར་ཤེས་པའི་ཆོས་ཉིད་འདས་ཞེས་པ་སྟེ། གཟུང་བ་དང་འཛིན་པ་དང་བྱེད་པ་པོ་དང་ལས་དང་བྱ་བའི་རང་གི་རྣམ་པར་ཤེས་པས་བརྟགས་པའི་ཆོས་ཉིད་དག་ནི་རྣམ་པར་ཤེས་པའི་ཆོས་ཉིད་དོ། །དེ་ལས་འདས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ་རྣམ་པར་རྟོག་པ་ལས་འདས་ཞེས་པའི་དོན་ཏོ། །དེ་ལྟར་ན་བེམས་པོ་ཡོད་པར་འགྱུར་བར་དོགས་པ་ལ་གསུངས་པ། ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་པ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །དེ་ལྟར་རྣམ་པར་རྟོག་པ་མེད་ཀྱང་སྐྱོབ་པ་རྣམས་ཆོས་སྟོན་པ་ནི་དཔྱད་པར་བྱ་སྟེ། སྔོན་གྱི་སྨོན་ལམ་གྱི་འཕེན་པའི་དབང་གིས་ཡིད་བཞིན་གྱི་ནོར་བུ་བཞིན་ནོ་ཞེས་དེ་ལྟར་བཤད་དོ། །དེ་ཉིད་རྣམ་པར་རྟོག་པའི་རྩོལ་བ་


DTG064_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བའི་ཕྱིར་རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ་པའོ། །དེ་ནི་དུས་གསུམ་པའི་སངས་རྒྱས་ཀྱི་ཕྲིན་ལས་སེམས་ཅན་གྱི་དོན་བྱེད་པའི་མཚན་ཉིད་ཀྱི་ཕྱིར་དུས་གསུམ་སངས་རྒྱས་ལས་བྱེད་པའོ། །དེ་གཅིག་པུས་ཅིག་ཅར་དུས་གསུམ་གྱི་སངས་རྒྱས་ཀྱི་ཕྲིན་ལས་ཅི་ལྟར་བྱེད་པར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་སྟེ། ཆོས་གནས་པ་ཉིད་དང༌། ཆོས་མི་འགྱུར་བ་ཉིད་དང༌། ཡང་དག་པའི་མཐའ་དང༌། སྟོང་པ་ཉིད་དོ་ཞེས་གསུངས་པ་དང༌། ཚོགས་དང་ཆོས་ཀྱི་སྐུ་དག་དང། །འགྲོ་བའི་དོན་ནི་སྤྱོད་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །སྐུ་ཚེ་རིགས་དང་ཚད་ཀྱིས་མིན། །ཞེས་གསུངས་པས་ཆོས་ཀྱི་སྐུ་དབྱེར་མེད་པའི་ཕྱིར་དུས་གསུམ་སངས་རྒྱས་ལས་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་རྒྱས་ཐོག་མ་ཞེས་པ་ལ་སོགས་པ་སྟེ། ཐོག་མ་དང༌། ཐ་མར་སྐྱེ་བ་དང་འགག་པ་མེད་པ་གང་ཡིན་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་སྐུའོ། །དེ་ཉིད་ཀྱང་དོན་དམ་སངས་རྒྱས་ཏེ། ཇི་སྐད་དུ། གང་དག་ང་ལ་གཟུགས་སུ་མཐོང༌། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པས་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང༌། །སངས་རྒྱས་ཆོས་ཉིད་བལྟ་བར་བྱ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེས་ནི་རྣམ་པར་ཤེས་མི་ནུས། །ཞེས་པ་ལ་སོགས་པ་སྟེ། ཐོག་མ་ནས་དེ་ལྟ་བུའི་ཆོས་ཉིད་ཀྱི་བདག་ཉིད་ཀྱི་ཕྱིར་དང་པོའི་སངས་རྒྱས་སོ། །དེ་ཉིད་གང་ལས་ཀྱང་སྐྱེ་བ་མེད་པས་ན་རྒྱུ་མེད་པའོ། །ཐམས་ཅད་དུ་འགྲོ་བའི་ཡེ་ཤེས་ཉིད་གཅིག་པུ་གཉིས་སུ་མེད་པའི་མིག་དེའི་བདག་ཉིད་གང་ཡིན་པ་དེ་ནི་ཡེ་ཤེས་མིག་གཅིག་གོ །སྒྲིབ་པ་མེད་པ་ཉིད་ཀྱིས་ཐམས་ཅད་དུ་ཐོགས་པ་མེད་པའི་ཕྱིར་དྲི་མ་མེད་པའོ། །ཆོས་ཐམས་ཅད་དེའི་བདག་ཉིད་དུ་ཐིམ་ཞིང་བརྒྱལ་བར་གྱུར་པ་དེ་ནི་འདིར་ལུས་རྣམ་པ་ཐམས་ཅད་པར་བཤད་པར་བྱ་སྟེ། ཡེ་ཤེས་ཁོ་ན་གང་གི་ལུས་ཡིན་པ་དེ་ཡེ་ཤེས་ལུས་ཅན་ནོ། །དེ་བཞིན་ཉིད་རྟོགས་པས་ན་དེ་བཞིན་གཤེགས་པ་སྟེ། ཆོས་ཉིད་ཀྱི་རང་བཞིན་འཇམ་དཔལ་ཉིད་དུ་གསུངས་སོ། །སྔགས་ཀྱི་ཚུལ་ནི་ཤིན་ཏུ་སད་


DTG064_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་པ་ལ་སོགས་པའི་ཚིག་ཡེ་ཤེས་ལུས་ཅན་གྱི་མཐར་ཐུག་པ་རྣམས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་པས་བཤད་པར་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ནི་ཤིན་ཏུ་སད་པ་ཉིད་ཀྱི་ཕྱིར་རྣམ་པར་གསལ་བ་སྟེ། རྣམ་པར་སྣང་བར་བྱེད་པ་ཉིད་ནི་རྣམ་པར་སྣང་མཛད་དོ། །ཁྱད་པར་དུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་ན་སད་པའི་བདག་ཡིན་པའི་ཕྱིར་མི་བསྐྱོད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་དགའ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱིས་ཤེས་པར་བྱེད་པས་ན་ཀུན་ཞེས་པ་སྟེ་རིན་ཆེན་འབྱུང་ལྡན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་ཆོས་ཐམས་ཅད་རིགས་པས་ན་ཀུན་རིག་སྟེ་འོད་དཔག་ཏུ་མེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱ་བ་སྒྲུབ་པའི་ཚུལ་གྱིས་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་དམ་པ་སྟེ་དོན་ཡོད་གྲུབ་པའོ། །དེ་ལྟར་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡོངས་སུ་རྫོགས་པ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དེ་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའོ། །ཡེ་ཤེས་ཞེས་པ་ཡེ་ཤེས་ཀྱི་རང་བཞིན་ནོ། །ཤེས་རབ་དང་ཐབས་གཉིས་སུ་མེད་པར་སྙོམས་པར་འཇུག་པའི་རང་བཞིན་གྱི་གཉིས་སུ་མེད་པའི་ཚུལ་འཆང་བས་ན་གཉིས་མེད་ཚུལ་འཆང་བའོ། །རྣམ་པར་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པར་སངས་རྒྱས་མ་ལུས་པའི་ཕྲིན་ལས་སྒྲུབ་པར་མཛད་པས་ན། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་སོ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཞེས་པའི་ཚིག་ལས་སངས་རྒྱས་རྡོ་རྗེ་འཆང་ནི་ཐོག་མ་དང་ཐ་མ་མེད་པའི་དང་པོའི་སངས་རྒྱས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཕྱིར་རོ། །དེ་ཉིད་ཐམས་ཅད་ལ་རྗེས་སུ་འགྲོ་བ་མེད་པ་སྟེ། དེ་རྗེ་སུ་འགྲོ་བ་མེད་པས་ན་རིས་མེད་པའོ། །དེ་ཉིད་སྤྱན་ལྔས་ཕྲིན་ལས་ཡང་དག་པར་སྒྲུབ་པར་བྱེད་པའི་ཕྱིར། ཡེ་ཤེས་མིག་གཅིག་དྲི་མ་མེད་པ་དང་ཡེ་ཤེས་ལུས་ཅན་གདུལ་བྱ་ཇི་ལྟ་བ་དེ་ལྟར་གདུལ་བར་མཛད་ཅིང་རྣམ་པ་དེ་ལྟ་བུར་སྨོན་ལམ་གྱི་འཕན་པའི་དབང་གིས་གཤེགས་ཤིང་གསུང་བར་མཛད་པས་ན་དེ་བཞིན་གཤེགས་པ་སྟེ་འཇམ་


DTG064_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཉིད་དོ་ཞེས་སྦྱར་བར་བྱའོ། །དེ་ལྟར་ཆོས་ཀྱི་སྐུའི་རང་བཞིན་བསྟན་ནས་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཡིན་པའི་ཕྱིར་གསུངས་པ། ཚིག་གི་དབང་ཕྱུག་ཅེས་པ་ལ་སོགས་པ་སྟེ། ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་རྣམས་དང་ཐུན་མོང་དུ་གྱུར་པའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོན་པ་ལ་དབང་སྒྱུར་བའི་ཕྱིར་ཚིག་གི་དབང་ཕྱུག་གོ །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་ཆེན་པོ་སྟེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ་དེའི་རང་བཞིན་དུ་སྲུང་ཞིང་ཆོས་སྟོན་པར་མཛད་པས་ན་སྨྲ་བ་ཆེའོ། །ཡང་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་ཅིང་ཐམས་ཅད་ཟིལ་གྱིས་གནོན་པའི་གསུང་སྟེ། ཆེན་པོ་ཡང་འདི་ཡིན་ལ་སྨྲ་བ་ཡང་ཡིན་པས་དེ་དང་ལྡན་པའི་ཕྱིར་སྨྲ་བ་ཆེའོ། །དེ་ཉིད་རྒོལ་བ་ཐམས་ཅད་ཀྱི་དབུས་ན་མཛེས་པའི་ཕྱིར་སྨྲ་བའི་རྒྱལ་པོའོ། །དེའི་ཕྱིར་དྲག་པོ་དང་ཉེ་དབང་དང་ལྷའི་བླ་མ་ལ་སོགས་པ་རྣམས་ཀྱི་གཙོ་བོར་གྱུར་པའི་ཕྱིར་སྨྲ་བའི་སྐྱེས་མཆོག་གོ །དེ་ཉིད་ཕྱིན་ཅི་མ་ལོག་པ་དང་མི་སླུ་བའི་ཚད་མས་འཐད་པའི་དོན་གསལ་བར་སྟོན་པའི་ཕྱིར་སློབ་མ་དང༌། བསེ་རུ་ལ་སོགས་པའི་སློབ་མ་རྣམས་ཀྱི་དབུས་ན་དམ་པའོ། །འདི་ཉིད་གསལ་བར་བྱེད་པའི་ཕྱིར་གསུངས་པ། མཆོག་གི་གནས་ཞེས་པ་སྟེ་ཆོས་མཆོག་ཏུ་གྱུར་པ་ཞེས་པའི་དོན་ཏོ། །རྒྱལ་དཀའ་བ་ལས་རྣམ་པར་རྒྱལ་བའི་ཕྱིར་རྒོལ་བའི་རི་དགས་རྣམས་ལ་སེང་གེ་བཞིན་དུ་གྱུར་པས་ན་སྨྲ་བའི་སེང་གེའོ། །དེ་ཉིད་གསལ་བར་བྱེད་པ་ནི་ཐུབ་པ་མེད་ཅེས་པའོ། །ཐམས་ཅད་མཁྱེན་པ་ཉིད་བསྟན་ནས་གཟིགས་པ་ཉིད་གསུངས་པ། ཀུན་དུ་བལྟ་བ་ཞེས་པ་ལ་སོགས་པ་སྟེ། སྒྲིབ་པ་མེད་པའི་ཡེ་ཤེས་ཀྱིས་དངོས་པོ་ཐམས་ཅད་ཀུན་ནས་མཁྱེན་པས་རྣམ་པ་ཐམས་ཅད་གཟིགས་པའི་ངང་ཚུལ་འདི་ལ་མངའ་བས་ན་ཀུན་དུ་བལྟ་བའོ། །ཆོས་ཀྱི་དབྱིངས་རྟོགས་པས་གཉིས་སུ་མེད་པའི་རྨད་དུ་བྱུང་བའི་རབ་ཏུ་དགའ་བ་དེའི་བདག་ཉིད་དུ་ལྡན་པས་ན་མཆོག་ཏུ་དགའ་བའོ། །སྐུའི་ཆེ་བའི་བདག་ཉིད་གསུངས་པ། གཟི་བརྗིད་ཅེས་པ་ལ་སོགས་པ་སྟེ། གཟི་བརྗིད་ཀྱི་ཕྲེང་བས་འོད་གསལ་བར་བྱེད་པའི་སྐུ་ཅན་ཉིད་ཀྱིས་གཟི་བརྗིད་ཕྲེང་ལྡན་ནོ། །དེ་ཡང་མཛེས་པར་མཐོང་བའི་ཕྱིར་བལྟ་ན་སྡུག་ཅེས་པ་སྟེ། མཐོང་ན་བདེ་བ་ཞེས་པའི་དོན་


DTG064_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དཔལ་བེའུའི་དཔེ་བྱད་ཀྱིས་བརྒྱན་ཏེ་དཔལ་གྱིས་ངེས་པར་མཚན་པའི་ཕྱིར་དཔལ་བེའུའོ། །ཡང་ན་རོ་སྟོད་སེང་གེ་ལྟ་བུའི་སྐུ་མངའ་བའི་ཕྱིར་ཐམས་ཅད་ལས་ཕུལ་དུ་བྱུང་བས་དཔལ་དང༌། མཛེས་པས་བེའུ་ལྟ་བུར་འཁྱིལ་པ་གང་ཡིན་པ་དེ་ནི་དཔལ་གྱི་བེའུའོ། །མཛེས་པའི་འོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་མུན་ནག་རྣམ་པར་འཇོམས་པ་གང་ཡིན་པ་དེ་ནི་འོད་བཟང་ངོ༌། །ནང་གི་ཡེ་ཤེས་ཀྱི་འོད་ཀྱིས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ཀུན་དུ་གསལ་བར་མཛད་པའི་ཕྱིར་འབར་བའོ། །འོད་དེ་རྣམས་ཀྱིས་གསལ་ཞིང་སྣང་བར་བྱེད་པའི་ངང་ཚུལ་དུ་བྱས་པའི་སྐུའི་འོད་ཟེར་རྣམས་ཀྱིས་འབར་ཞིང་གསལ་བ་གང་ཡིན་པ་དེ་ནི་གསལ་ཞིང་འོད་བྱེད་སྣང་བ་པོ་སྟེ། འཁོར་ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བརྗིད་ཅན་ཞེས་པའི་དོན་ཏོ། །དེ་ལྟར་རང་གི་དོན་ཕུན་སུམ་ཚོགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་པ། སྨན་པ་ཆེ་མཆོག་ཅེས་པ་ལ་སོགས་པ་སྟེ། ལུས་དང་ངག་དང་སེམས་སུ་གཏོགས་པའི་གནས་ངན་ལེན་གྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་གང་ཟག་དང་ཆོས་ཀྱི་བདག་མེད་པ་བསྟན་པའི་སྨན་གྱི་སྦྱོར་བས་སེམས་ཅན་ཐམས་ཅད་ཀྱི་ནད་གསོ་བའི་ཕྱིར་སྨན་པ་ཆེན་པོའོ། །གཞི་དང་བཅས་པ་རྩད་ནས་འབྱིན་པའི་ཕྱིར་མཆོག་གོ །དེའི་ཕྱིར་སྐྱེ་བ་ཐོག་མ་མེད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནས་ཟུག་པའི་ཟུག་རྔུར་གྱུར་པ་འདོད་ཆགས་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་ཅན་རྣམས་འབྱིན་པའི་ཕྱིར་གཙོ་བོ་སྟེ་ཟུག་རྡུ་འབྱིན་པ་སྨན་པའི་རྒྱལ་པོའོ། །དེ་ཉིད་ཀྱི་ཕྱིར་བླ་ན་མེད་པའོ། །སྨན་རྣམས་མ་ལུས་པའི་རང་བཞིན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཡན་ལག་གསལ་བར་བྱེད་པས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ལྗོན་ཤིང་ལྟ་བུར་གྱུར་པས་ན་སྨན་རྣམས་མ་ལུས་ལྗོན་པའི་ཤིང་ངོ༌། །དེ་ཉིད་ཉོན་མོངས་པའི་ནད་རྣམས་ལ་དགྲ་བོ་བཞིན་ཏེ་རིགས་རྒྱུད་དང་བཅས་པ་ཟད་པར་བྱེད་པའི་ཕྱིར་དགྲ་ཆེན་པོར་འགྱུར་རོ། །ཉོན་མོངས་པ་ཐམས་ཅད་ཀྱི་དགྲར་གྱུར་དུ་ཟིན་ཀྱང་མི་མཐུན་པའི་གཟུགས་ནི་ནམ་ཡང་མི་མངའོ་ཞེས་བསྟན་པའི་ཕྱིར་གསུངས་པ། སྡུ་གུ་ཞེས་པ་ལ་སོགས་པ་སྟེ། མཚན་དང་དཔེ་བྱད་ཀྱི་དཔལ་འབར་བས་ཡན་


DTG064_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ལག་མཛེས་པ་ལྟེ་དེ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །དེ་ཉིད་ཀྱི་ཕྱིར་སྡུ་གུ་ཞེས་པ་སྐུ་མཆོག་བལྟ་བས་ཆོག་མི་ཤེས་པའི་ཕྱིར་མཛེས་པའོ། །དེའི་ཕྱིར་འཇིག་རྟེན་གསུམ་གྱི་ཐིག་ལེར་བྱེད་ཅིང་རྒྱན་དུ་བྱེད་པས་འཇིག་རྟེན་གསུམ་གྱི་མཆོག་ཅེས་པ་སྟེ་དོན་མཐར་ཆགས་ཀྱི་རྣམ་པར་བཤད་པའོ། །རྒྱུ་སྐར་རྣམས་དང་འདྲ་བས་རྒྱུ་སྐར་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རང་གི་ཚོགས་པ་དང་གཞན་གྱི་འདུས་པ་ཐམས་ཅད་དེ། གདུལ་བྱ་དེ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་འཁོར་ལོར་སྟོན་ཀའི་ཟླ་བའི་གཟུགས་ལྟར་དྲི་མ་མེད་པའི་དཔལ་གང་ཡིན་པ་དེ་ནི། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ཏེ་འཇམ་དཔལ་ཏེ་ཕྱོགས་བཅུ་པོ་རྣམས་ཀྱི་ནམ་མཁའ་རྣམས་ནི་ཕྱོགས་བཅུའི་ནམ་མཁའ་སྟེ། དེའི་མཐའ་ཐུག་པ་ནི་དོན་དམ་པར་མཐའ་མེད་པའོ། །དེ་རྣམས་སུ་གསུང་རབ་ཡན་ལག་དགུའི་ཆོས་རྣམས་ཀྱི་དྲིལ་བུ་གཡེར་ཁའི་བབས་འཁོར་བའི་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བ་གང་གང་ཡིན་པ་དེ་ནི། ཕྱོགས་བཅུའི་ནམ་མཁའི་མཐས་གཏུགས་པར། །ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང༌། །ཞེས་པ་སྟེ་བཅོམ་ལྡན་འདས་འཇམ་པའི་དབྱངས་སོ། །ཉོན་མོངས་པའི་གདུང་བ་ཐམས་ཅད་སྒྲིབ་པར་བྱེད་ཅིང་འགྲོ་བ་ལ་ཁྱབ་པས་འགྲོ་བའི་གདུགས་ཏེ་འགྲོ་བ་ལ་ཁྱབ་པའི་ཕྱིར་རོ། །དེ་ལྟ་བུ་ནི་གཅིག་པུ་ཡང་འདི་ཡིན་ལ་ཡངས་པ་སྟེ་རྒྱ་ཆེ་བ་ཡང་ཡིན་པས་གཅིག་ཏུ་ཡངས་པའོ། །དེས་ན་འགྲོ་བའི་གདུགས་ཀྱང་འདི་ཡིན་ལ་གཅིག་ཏུ་ཡངས་པ་ཡང་ཡིན་པས་ན། འགྲོ་བའི་གདུགས་གཅིག་ཡངས་པ་སྟེ། འགྲོ་བ་ལ་གཅིག་ཏུ་ཡངས་པའི་གདུགས་ཞེས་ཐོབ་པ་ལ། སྡེབ་སྦྱོར་གྱི་དབང་གིས་དེ་ལྟར་བསྡུ་བ་བྱས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་བྱམས་པ་ཞེས་པ་ལ་སོགས་པ་སྟེ། བྱམས་པ་དང་སྙིང་རྗེ་དག་གིས་དཀྱིལ་འཁོར་ལྟ་བུའི་ཚུལ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཀུན་ནས་འཁོར་ཏེ་ཁེབས་པའི་ཕྱིར་བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན་ཏེ། བྱམས་དང་སྙིང་རྗེའི་རང་བཞིན་གྱི་དཀྱིལ་འཁོར་འདི་ཡིན་པས་ན་ཞེས་སྦྱར་རོ། །ཐུང་ངུ་ནི་ངེས་པའི་ཚིག་གོ །འཁོར་བའི་འདམ་གྱི་ཉེས་པས་མ་གོས་པའི་ཕྱིར་པདྨ་དང་འདྲ་བས་པདྨ་སྟེ་དེ་ཡང་འདི་ཉིད་ཡིན་ལ། སྒེག་པ་ལ་


DTG064_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་གར་གྱི་ཉམས་དགུ་དང་ལྡན་པས་གར་གྱིས་འདུལ་བའི་སེམས་ཅན་གྱི་ཕུང་པོ་གདུལ་བར་བྱ་བའི་ཕྱིར་གར་གྱི་དབང་ཕྱུག་སྟེ་གར་མཁན་གྱི་གཙོ་བོ་ཡིན་པས་ན་གར་གྱི་དབང་ཕྱུག་གོ །འགྲོ་བ་ཐམས་ཅད་ཀྱི་ཡིད་དང་མིག་ལ་སྡུག་པར་སྣང་བའི་སྐུ་དོ་ཤལ་གྱིས་མཛེས་པའི་ཕྱིར་དཔལ་ལྡན་ནོ། །འདིས་ནི་འདི་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད་དུ་གསུངས་སོ། །དགའ་བ་རྒྱས་པར་བྱེད་པས་ན་རཏྣ། དཀོན་མཆོག་སྟེ་དཀོན་མཆོག་གསུམ་མོ། །དེ་ལྟ་བུ་ནི་ཆོས་ཀྱི་རྒྱལ་སྲིད་བདག་པོའོ། །མཚན་མར་གྱུར་བའི་ཕྱིར་དང་སེམས་ཅན་ཐམས་ཅད་ཀྱི་ཀུན་དུ་གདུང་བ་ཕྲོག་པར་བྱེད་པའི་ཕྱིར་གདུགས་ཏེ་དེ་གང་གི་ཡིན་པ་ནི་རིན་ཆེན་གདུགས་སོ། །དེ་ཉིད་ཀྱི་ཕྱིར་ཁྱབ་བདག་ཆེན་པོ་ཞེས་པ་རིན་ཆེན་དབང་པོ་ཉིད་དོ། །སངས་རྒྱས་ཀུན་ནི་མི་བསྐྱོད་པ་ལ་སོགས་པ་སྟེ་དེ་རྣམས་ཀྱི་དབུས་ན་ཆེ་ཞེས་གསལ་བར་གྱུར་པས་ན། སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །ཞེས་པ་རྣམས་པར་སྣང་མཛད་ཆེན་པོའོ། །སངས་རྒྱས་ཐམས་ཅད་ཀྱི་གཟུགས་ཀྱིས་འགྲོ་བའི་བྱ་བ་སྒྲུབ་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་དངོས་པོ་སྟེ་སྐུ་ལུས་འཛིན་པས་ན། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །ཞེས་པ་སྟེ་མི་བསྐྱོད་པའོ། །དེ་ལྟར་སངས་རྒྱས་ལྔའི་རང་བཞིན་སྤྲོས་པ་མེད་པའི་དཔལ་རྗེ་བཙུན་འཇམ་དཔལ་དུ་བཤད་དོ། །དབང་ཕྱུག་ཆེན་པོ་ལ་སོགས་པའི་གདུག་པ་ཅན་རྣམས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཁྲོ་བོའི་གཟུགས་ཀྱིས་འདུལ་བར་བྱེད་ཅིང་འདིས་མཆོད་པར་བྱེད་པས་ན་སངས་རྒྱས་ཀུན་གྱི་བསྟན་པ་གཅིག་གོ །ཡང་ན་བྱང་ཆུབ་སེམས་དཔའ་ཞི་བའི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་འདིས་འདུལ་བར་བྱེད་པས་ན་བསྟན་པ་གཅིག་གོ །སངས་རྒྱས་རྣམས་ཐམས་ཅད་ཀྱི་བསྟན་པ་གཅིག་པུ་ཡིན་པས་སངས་རྒྱས་ཀུན་གྱི་བསྟན་པ་གཅིག་སྟེ་རྗེ་བཙུན་ཉིད་དོ། །རྡོ་རྗེ་ནི་དེ་བཞིན་ཉིད་གཤེགས་པ་ཐམས་ཅད་དོ། །དེ་ཉིད་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱི་དབང་བསྐུར་བ་ཉིད་ཀྱིས་ཁམས་གསུམ་པའི་མངའ་བདག་ཏུ་གྱུར་པའི་མཚན་ཉིད་ཅན་གྱི་དཔལ་གང་ཡིན་པ་དེ་ནི་རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་ལོ། །རིན་ཆེན་ཀུན་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་བདག་པོ་ནི་དང་པོའི་སངས་རྒྱས་ཏེ་དེའི་གཟུགས་ཀྱིས་དབང་


DTG064_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བའི་ངང་ཚུལ་གྱི་ཕྱིར་རིན་ཆེན་ཀུན་བདག་དབང་ཕྱུག་གོ །འཇིག་རྟེན་དབང་ཕྱུག་ཀུན་ནི་ཞི་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །དེ་རྣམས་ཀྱི་བདག་པོར་གྱུར་པས་ན་འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་སྟེ། ཐམས་ཅད་གདུལ་བའི་ཕྱིར་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སྤྲོ་བར་ནུས་པའི་ཕྱིར་རོ། །རྡོ་རྗེ་འཆང་བ་ཀུན་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་ཁྲོ་བོའི་གཟུགས་ཅན་རྣམས་ཏེ། དེ་རྣམས་ཀྱི་བདག་པོར་གྱུར་པས་དེ་ལྟར་རོ། །ཡང་ན་རིན་ཆེན་ཀུན་བདག་ནི། རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གང་ཡིན་པ་སྟེ་དེར་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཀྱིས་གཙོ་བོར་གྱུར་པའི་ཕྱིར་རིན་ཆེན་ཀུན་བདག་དབང་ཕྱུག་གོ །འཇིག་རྟེན་དབང་ཕྱུག་ཀུན་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་གང་ཡིན་པ་སྟེ། དེར་འོད་དཔག་མེད་ཀྱི་གཟུགས་ཀྱི་བདག་པོར་གྱུར་པའི་ཕྱིར་འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག་གོ །རྡོ་རྗེ་འཆང་བ་ཀུན་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གང་ཡིན་པ་སྟེ། །དེར་རྗེ་བོ་སྟེ་རྡོ་རྗེ་ཧཱུཾ་མཛད་ཆེན་པོའི་གཟུགས་སུ་གྱུར་པའི་ཕྱིར། རྡོ་རྗེ་འཆང་བ་ཀུན་གྱི་རྗེ་བོ་འཇམ་པའི་རྡོ་རྗེའོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐུགས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་ཐུགས་རྗེའོ། །ཕོའི་རྟགས་ཉིད་ནི་འཇམ་དཔལ་གྱི་མཚན་གྱི་ཚུལ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་ཐུགས་ཆེན་པོ་གང་གི་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱིས་ཐུགས་ལ་ཁྱབ་པས་སངས་རྒྱས་ཀུན་གྱི་ཐུགས་ལ་གནས་སོ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུའི་གཟུགས་སུ་བདག་ཉིད་ཐམས་ཅད་སྟོན་པས་ན་སངས་རྒྱས་ཀུན་གྱིས་ཀུ་ཆེ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་ཆེ་བ་ཉིད་ཅིག་ཅར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་དུ་སྤྲོ་བའི་ཕྱིར་རོ། །དབྱངས་ཀྱི་ཡན་ལག་ཐམས་ཅད་ལ་འཇུག་པའི་རྒྱུའི་རྩ་བ་ཡིན་པའི་ཕྱིར་སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་ནོ། །ཐུང་བ་ཉིད་ནི་མིང་གི་ཚུལ་ཡིན་པའི་པའི་ཕྱིར་རོ། །ཡང་ན་སངས་རྒྱས་ཐམས་ཅད་དང་འབྲེལ་པའི་གསུང་གང་ལ་མངའ་བ་ཞེས་ཚིག་རྣམ་པར་སྦྱོར་རོ། །དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་ཉི་མས་ཕྱི་དང་ནང་གི་མི་ཤེས་པའི་མུན་ནག་རྣམ་


DTG064_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇོམས་ཤིང་སྣང་བའི་རྒྱུར་གྱུར་པའི་ཕྱིར། རྡོ་རྗེ་ཉི་མ་སྣང་བ་ཆེའོ། །མི་ཕྱེད་པའི་ཡེ་ཤེས་ཟླ་བའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཀུན་དུ་གདུང་བ་ཕྲོག་པར་བྱེད་ཅིང་བསིལ་ཞིང་དྲི་མ་མེད་པའི་འོད་ཟེར་གྱིས་གསལ་བར་བྱེད་པའི་ཕྱིར་རྡོ་རྗེ་ཟླ་བ་དྲི་མེད་འོད་དེ། ཟླ་བ་ཡང་འདི་ཡིན་ལ་དྲི་མ་མེད་པའི་འོད་ཀྱང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཆགས་བྲལ་དང་ཆགས་བཅས་ལ་སོགས་པའི་གདུལ་བྱའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། ཆགས་བྲལ་སོགས་པ་ལ་ཤས་ཆེར་ཀུན་དུ་ཞེན་པའི་མཚན་ཉིད་ཀྱི་འདོད་ཆགས་གང་ཡིན་པ་དེ་ནི་ཆགས་བྲལ་ལ་སོགས་ཆགས་པ་ཆེའོ། །སྔགས་ཀྱི་ཚུལ་ལ་ནི་རྣམ་པ་གཞན་དུ་སྟེ་དེ་ཡང་བླ་མ་ལས་ཤེས་པར་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་གཟུགས་སྤྲོ་བའི་ཕྱིར་ཁ་དོག་སྣ་ཚོགས་པ་ཤིན་ཏུ་འབར་བའི་འོད་གང་ཡིན་པ་དེ་ནི་ཁ་དོག་སྣ་ཚོགས་འབར་བའི་འོད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྡོ་རྗེ་སྐྱིལ་ཀྲུང་ནི་དབྱེར་མེད་པ་སྟེ་དེ་བཅིངས་ནས་ཁྱད་པར་དུ་ཟུང་དུ་བཅས་པས་བདུད་ཐམས་ཅད་ལས་རྒྱལ་བའི་བྱ་བ་མཛད་དེ། དེ་སྐད་དུ། རྡོ་རྗེ་སྐྱིལ་ཀྲུང་བཅས་ནས་ནི། །བདུད་རྣམས་ཐམས་ཅད་རབ་ཏུ་འཇོམས། །ཞེས་གསུངས་སོ། །དེ་ཡང་ཐབས་དང་ཤེས་རབ་རྣམ་པར་དག་པའི་རང་བཞིན་གཡོན་དང་གཡས་པའི་རྐང་པ་དག་གཡོན་དང་གཡས་པའི་བྲལ་དག་གི་སྟེང་དུ་བཀོད་པ་ནི་བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་གྱི་རྡོ་རྗེ་སྐྱིལ་ཀྲུང་སྟེ་དེ་ནི་ཀུན་རྫོབ་ཏུའོ། །དོན་དམ་པར་ནི་རྡོ་རྗེ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། སྐྱིལ་ཀྲུང་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཉིད་སྐུ་གསུང་ཐུགས་ལེགས་པར་གནས་པའི་རྒྱུར་གྱུར་པའི་ཕྱིར། གདན་གྱི་ཡུལ་གང་ཡིན་པ་དེ་ནི་རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ཏེ། དེ་ཁོ་ནས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་པའི་ཕྱིར་རོ་ཞེས་དགོངས་པའོ། །སངས་རྒྱས་རྣམས་ཀྱི་འགྲོ་བ་ནི་ཆོས་ཀྱི་འབེལ་བའི་གཏམ་སྟེ། དེའི་ཆོས་སོ་སོར་རྟོགས་པར་བྱེད་ཅིང༌། ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་དེ་འཛིན་པས་ན། སངས་རྒྱས་འགྲོ་བའི་ཆོས་འཛིན་པའོ། །འགྲོ་བ་ལ་གཅིག་ཏུ་བཀྲ་ཤིས་པའི་ཕྱིར་དང༌། གོས་པ་མེད་པའི་ཕྱིར་སངས་རྒྱས་


DTG064_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ནི་པདྨ་ལྟ་བུ་སྟེ། དེའི་ཕྱིར་དེ་ལས་བྱུང་བ་གང་ཡིན་པ་དེ་ནི་སངས་རྒྱས་པདྨར་སྐྱེས་ཏེ་ཚོགས་གཉིས་ཡང་དག་པར་བསགས་པའི་ཕྱིར་དཔལ་ལྡན་ནོ། །དེ་ཉིད་ཐམས་ཅད་མཁྱེན་པ་རྣམས་ཀྱི་ཡེ་ཤེས་ཀྱི་མཛོད་འཛིན་པས་ན། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པའོ། །སྒྱུ་འཕྲུལ་སྣ་ཚོགས་ཨཱ་ལི་ཀ་ཁམས་གསུམ་དུ་ཉེ་བར་སྟོན་པ་ནི་དེའི་བདག་ཉིད་དུ་འཛིན་པས་ན། སྒྱུ་འཕྲུལ་སྣ་ཚོགས་འཆང་བའོ། །དེ་ནི་གཞན་དུ་སོ་སོར་ངེས་པའི་སྤྲུལ་པའི་བྱེད་པ་པོ་དང༌། ཟིལ་གྱིས་མི་ནོན་པར་མཛེས་པའི་ཕྱིར་རྒྱལ་པོ་གཙོ་བོ། །ཇི་ལྟར་རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་བ་ཡིན་ཞེ་ན། གསུངས་པ། ཆེ་བ་སངས་རྒྱས་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་རྣམས་ཀྱི་རིག་སྔགས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་སྟོབས་ཀྱིས་འཇིག་རྟེན་ལས་འདས་པའི་སྤྲུལ་པ་བྱེད་པའི་བདག་ཉིད་ཆེན་པོ་དེ་འཛིན་པར་བྱེད་པས་ན་ཆེ་བ་སངས་རྒྱས་རིག་སྔགས་འཆང་ངོ༌། །སྔར་བཤད་པའི་སྔགས་ཀྱི་དོན་གྱི་རང་བཞིན་གྱི་མཚན་རྣམས་ཡང་དག་པར་རྫོགས་པའི་ཕྱིར་གསུངས་པ། རྡོ་རྗེ་རྣོན་པོ་ཞེས་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་བདག་མེད་པར་ཤིན་ཏུ་ཡང་སོ་སོར་རྟོག་པས་རྡོ་རྗེ་ལྟར་རྣོ་བས་ན་རྡོ་རྗེ་རྣོན་པོའོ། །བདག་ཏུ་རྨོངས་པའི་རྩ་བ་ཅན་འཇིག་ཚོགས་ལ་ལྟ་བའི་ཡལ་ག་དང་ལོ་མ་དང་ལྡན་པས་ཉོན་མོངས་པའི་ཤིང་ཆེན་པོ་གཅོད་པར་བྱེད་པའི་ཕྱིར་རལ་གྲི་ཆེན་པོའོ། །རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱི་དྲི་མ་དང་བྲལ་བས་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པའོ། །འདི་བླ་ན་མེད་པ་ཡིན་པའི་ཕྱིར་མཆོག་གོ །རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་འགྱུར་མེད་དེ་འགྱུར་བ་མེད་པའི་མཆོག་ཆོས་ཀྱི་སྐུའོ། །འདིས་ནི་འདི་ལྟར་བསྟན་ཏེ། ངེས་པར་འབྱེད་པའི་ཤེས་རབ་ཀྱི་སྡུག་བསྔལ་མ་ལུས་པ་བཅད་པས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་སྐུ་ཐུགས་སུ་ཆུད་པས་རྣམ་པར་མི་རྟོག་པ་ཉིད་དུ་གྱུར་པ་ནི་བཛྲ་ཏཱིཀྵྞ་ཞེས་པའི་སྔགས་ཀྱི་དོན་ཡིན་ནོ། །སྔགས་གཉིས་པའི་དོན་གསུངས་པ། སྡུག་བསྔལ་གཅོད་ཅེས་པ་ལ་སོགས་པ་སྟེ། རང་དང་གཞན་གྱི་རྒྱུད་དུ་གཏོགས་པའི་སྡུག་བསྔལ་མཐའ་དག་གཙོད་པར་བྱེད་པས་ན་སྡུག་བསྔལ་གཅོད་པ་སྟེ། དེ་ཡང་ཐེག་པ་ཆེན་པོ་དང༌། རྡོ་རྗེའི་ཆོས་ཉིད་ཀྱི་དོན་སྟོན་པ་གཉིས་སུ་མེད་པའི་རང་བཞིན་ཏེ། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་


DTG064_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའི་ཕྱིར་རོ། །དེ་དེའི་བདག་ཉིད་དུ་འཛིན་པ་གང་ཡིན་པ་དེ་ནི། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །ཞེས་པ་སྟེ་ཐེག་པ་ཆེན་པོ་ཐམས་ཅད་ནི་རྡོ་རྗེའི་ཆོས་ཉིད་ཀྱི་དོན་སྟོན་པ་ཡིན་ཏེ། དུཿ་ཁཙྪེ་ད་ཞེས་པའི་སྔགས་ཀྱི་དོན་ཏོ། །སྔགས་གསུམ་པའི་དོན་གསུངས་པ། ཛིན་ཛིཀ་ཅེས་པ་ལ་སོགས་པ་སྟེ། སངས་རྒྱས་རྣམས་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་སྙིང་པོ་དེ་ཡང་ཛིན་ཛིཀ་སྟེ་དེ་ཡང་རྗེ་བཙུན་འཇམ་དཔལ་ཉིད་དེ། དེ་སྐད་དུ། སངས་རྒྱས་ཤེས་རབ་ཡེ་ཤེས་ཀྱི། །སྙིང་པོ་ཛིན་ཛིཀ་ཏུ་བཤད། །ཅེས་སོ། །དེའི་ཕྱིར་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་བསྒོམས་པས་མི་ཕྱེད་ཅིང་ཟབ་མོར་གྱུར་པའི་བློའི་རང་བཞིན་གྱི་ཕྱིར་རྡོ་རྗེ་ཟབ་མོ་ཡང་འདི་ཡིན་ལ་རྡོ་རྗེ་བློ་ཡང་ཡིན་པས་ན། རྡོ་རྗེ་ཟབ་མོ་དང་རྡོ་རྗེའི་བློའོ། །གཱམྦྷི་རྨ་ནི་ཟབ་མོར་གྲགས་པའི་དོན་ལ་དེ་ཕན་གྱི་ཡཎ་སྦྱར་བའི་མཐའོ། །དེ་ཉིད་ཆོས་ཐམས་ཅད་ཀྱི་དེ་ཉིད་ཇི་ལྟར་གནས་པ་བཞིན་ཡང་དག་པར་ཁོང་དུ་ཆུད་པས་ན་དོན་བཞིན་རིག་པའོ། །དེ་ལྟར་ཆོས་ཐམས་ཅད་སོ་སོར་རིག་པའི་ཤེས་རབ་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་དང༌། ཤེས་བྱ་མ་ལུས་པ་ཐུགས་སུ་ཆུད་པ་འབྱུང་བ་གང་ཡིན་པ་དེ་ནི། པྲཛྙཱ་ཛྙཱ་ན་ཞེས་བྱ་བའི་སྔགས་ཀྱི་དོན་ཏོ། །ཡི་གེ་བཅུ་གཉིས་པའི་སྔགས་ཀྱི་དོན་བསྟན་པའི་ཕྱིར་གསུངས་པ། ཕ་རོལ་ཕྱིན་པ་ཀུན་ཞེས་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཀུན་ནི་རིན་ཆེན་པདྨའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་བ་བཅུ་གཉིས་དང༌། ས་རྣམས་ཀུན་ཀྱང་མོས་པ་སྤྱོད་པ་ལ་སོགས་པ་ནས་ཀུན་དུ་འོད་ཀྱི་མཐར་ཐུག་པ་བཅུ་གཉིས་སོ། །རང་དང་གཞན་དང་འབྲེལ་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ངེས་པར་རྫོགས་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོགས་པའོ། །ས་རྣམས་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པར་བྱེད་པས་ན། ས་རྣམས་ཀུན་གྱི་རྒྱན་དང་ལྡན་པ་སྟེ། དེ་ཉིད་ཀྱིས་བརྒྱན་པ་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྔགས་བཞི་པའི་དོན་གསུངས་པ། རྣམ་པར་དག་པ་ཞེས་པ་ལ་སོགས་པ་སྟེ། རྣམ་པར་དག་པ་དེ་ཡང་བདག་མེད་པའི་ཆོས་ཡིན་པས་ན།


DTG064_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ་བདག་མེད་ཆོས་ཏེ་དེ་ནི་ཡང་དག་པའི་ཡེ་ཤེས་སོ། །དེ་ཉིད་མི་ཤེས་པའི་མུན་ནག་འཇོམས་པར་བྱེད་པའི་ཕྱིར་ཟླའོ། །དེ་ཉིད་སྙིང་གི་འོད་དེ་ནང་གི་འོད་གང་ཡིན་པ་དེ་ནི། རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་སྙིང་འོད། །ཅེས་པ་སྟེ་བདག་དང་བདག་གི་བ་དང་བྲལ་བ་རྣམ་པར་དག་པ་བདག་མེད་པའི་ཆོས་ཁོང་དུ་ཆུད་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་བདག་ཉིད་ཆེས་དྲི་མ་མེད་པའི་ཆོས་དང་ཡེ་ཤེས་ཀྱི་སྐུ་བརྙེས་པས་ན་ཛྙཱ་ན་ཀཱ་ཡ་ཞེས་པའི་སྔགས་ཀྱི་དོན་ཏོ། །སྔགས་ལྔ་པའི་དོན་གསུངས་པ། སྒྱུ་འཕྲུལ་དྲ་བ་ཞེས་པ་ལ་སོགས་པ་སྟེ། སྤྲུལ་པའི་སྒྱུ་འཕྲུལ་ཉིད་འཆང་ཞིང་འགུགས་པའི་རྒྱུར་གྱུར་པའི་ཕྱིར་དྲ་བའོ། །དེ་ལ་ཆེར་བརྩོན་པས་ན་བརྩོན་ཆེན་གང་ཡིན་པ་དེ་ནི་བརྩོན་ཆེན་སྒྱུ་འཕྲུལ་དྲ་བའོ། །སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་དང་ལྷའི་རྣལ་འབྱོར་དང་ལས་རབ་འབྱམས་ལ་སོགས་པ་རྒྱུན་ཆགས་པ་ཉིད་དུ་བྱེ་བྲག་ཏུ་རྟོགས་པར་བྱེད་པས་ན་རྒྱུད་དོ། །རྒྱུད་དེ་རྣམས་ཐམས་ཅད་ཀྱི་བདག་པོའོ། །མཆོག་ནི་གཙོ་བོ་སྟ་བཅོམ་ལྡན་འདས་འཇམ་དཔལ་ཏེ། སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་སྤྲུལ་པ་སྣ་ཚོགས་པའི་ཚུལ་གྱིས་བྱ་བ་དང༌། སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ལ་སོགས་པའི་བདག་པོར་གྱུར་པ་ཉིད་ཀྱིས་ཐམས་ཅད་ཀྱི་འཁོར་ལོར་སྒྱུར་བ་སྟེ། ཝཱ་གཱི་ཤྭ་ར་ཞེས་པའི་སྔགས་ཀྱི་དོན་ཏོ། །སྔགས་དྲུག་པའི་དོན་གསུངས་པ། རྡོ་རྗེ་གདན་ནི་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་མ་ལུས་པ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཏེ། ཕུང་པོ་ལྔའི་བདག་ཉིད་ཨ་ར་པ་ཙ་ནའི་དོན་གྱིས་ཀུན་ནས་ཡོངས་སུ་མཚན་པའི་མཚན་མ་ཅན་བཅོམ་ལྡན་འདས་ཉིད་དེ། ཡི་གེ་ལྔས་མཚན་པ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ་ཞེས་དགོངས་པའོ། །དེ་ཡང་ཨ་ནི་སྐྱེ་བ་མེད་པ་དང་འགོག་པ་མེད་པ་ལ་སོགས་པ་སོ་སོར་རྟོགས་པར་བྱེད་པ་ཉིད་ཀྱི་ཨ་ཡིག་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་སོ། །ར་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བ་དང་ཐུགས་རྗེ་ཆེན་པོའི་ཆགས་པས་ཆགས་པ་ཞེས་པའོ། །པ་ནི་སྐྱེ་བ་མེད་པ་དང་ཐུགས་རྗེ་ཆེན་པོའི་ཆགས་པ་དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཕྱིར་དོན་དམ་པའོ་ཞེས་སོ། །ཙ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་སྔོན་གྱི་སྤྱོད་པ་དེ་དག་


DTG064_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱུ་དང་བྲལ་བའོ་ཞེས་སོ། །ད་ནི་ནམ་མཁའ་དང་འདྲ་བར་ཉེ་བར་དམིགས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུའི་མཐར་ཐུག་པའོ་ཞེས་སྟོན་པའི་ཕྱིར་ཏེ། དེ་ལྟར་ན། རྡོ་རྗེའི་གདན་ནི་མ་ལུས་ལྡན། །ཞེས་པའོ། །སྣ་ཚོགས་གཟུགས་ཅན་འཇམ་དཔལ་ཉིད་དོ། །དེ་ལྟར་ཡི་གེ་ལྔའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཚུལ་གྱི་ཕྱིར་ཡེ་ཤེས་སྐུ་རྣམས་མ་ལུས་འཆང་བ་སྟེ། རྡོ་རྗེ་སེམས་པའི་གཟུགས་ཞེས་པའི་དོན་ཏོ། །རྣམ་པ་ཐམས་ཅད་དུ་ཀུན་ནས་སེམས་ཅན་ཐམས་ཅད་ལ་བཟང་ཞིང་དགེ་བ་དང༌། གང་གི་ཕྱིར་རང་ཉིད་ཀྱང་རྣམ་པ་ཐམས་ཅད་དུ་དགེ་བའི་རང་བཞིན་གྱི་ཕྱིར་ཀུན་དུ་བཟང་པོའོ། །གཞན་ལ་ཕན་པ་སྐྱེད་པའི་བློ་གྲོས་བཟང་པོ་མངའ་བས་ན་བློ་གྲོས་བཟང་པོའོ། །ལྷུན་གྱིས་གྲུབ་པར་སེམས་ཅན་ཐམས་ཅད་ལ་དགེ་བའི་ས་བོན་བྱེད་པས་སའི་སྙིང་པོ་དང་འདྲ་བས་སའི་སྙིང་པོའོ། །སེམས་ཅན་དང་སྣོད་ཀྱི་ངོ་བོའི་འགྲོ་བ་རྣམ་པར་འཛིན་པར་ནུས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཀྱི་ཕྱིར་འགྲོ་བ་འཛིན་ནོ། །ཆེན་པོ་ནི་ཡངས་པ་ཡིན་ལ། སྙིང་པོ་ནི་དབུས་ཏེ་དེ་གང་ཡིན་པ་ནི་སྙིང་པོ་ཆེའོ། །སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ནི་སྐུ་ལུས་རྣམས་ཀྱི་སྙིང་པོ་ཆེན་པོ་ཡིན་པས་ན། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །ཞེས་པ་སྟེ་བཅོམ་ལྡན་འདས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རོ་ཞེས་དགོངས་པའོ། །འདིས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཉིད་ནི་རྗེ་བཙུན་འཇམ་དཔལ་ལོ་ཞེས་བསྟན་ཏོ། །དེ་ལྟར་ཡང་ལུང་ལས་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོའོ་ཞེས་དང། གཞན་ཡང་བཤད་དེ། དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཞེས་སོ། །ཇི་ལྟར་ན་འདི་སངས་རྒྱས་ཀུན་གྱི་སྙིང་པོ་ཡིན་ཞེ་ན་གསུངས་པ། སྣ་ཚོགས་སྤྲུལ་པའི་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས་པའི་སྤྲུལ་པ་གང་ལ་མངའ་བ་དེ་ནི་སྣ་ཚོགས་སྤྲུལ་པའོ། །འཁོར་ལོ་ནི་དཀྱིལ་འཁོར་རོ། །དེ་སྤྲོ་བ་དང་བསྡུ་བའི་གནས་བསྟན་པར་གྱུར་པའི་གཞིའི་རྩ་བ་འཛིན་པར་བྱེད་པས་ན་སྣ་ཚོགས་སྤྲུལ་པའི་འཁོར་ལོ་འཆང་བའོ། །འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་མཚོན་པར་བྱས་པ་ཡིན་ནོ། །དེའི་སྤྲོས་པ་ནི་འཇམ་དཔལ་


DTG064_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ལ་སོགས་པས་གཞན་དུ་རྣམ་པར་ཕྱེས་ཟིན་པ་ཉིད་ཀྱིས་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ་འདིར་ནི་མཚན་ཇི་ལྟ་བ་བཞིན་གོ་བར་བྱ་བའི་ཕྱིར་མངས་པའི་འཇིགས་པས་མ་བྲིས་སོ། །དངོས་པོ་ཀུན་གྱི་རང་བཞིན་ནི་གདོད་མ་ནས་སྐྱེ་བ་མེད་པའི་ངོ་བོའོ། །དེའི་མཆོག་སྟེ་ཐམས་ཅད་ལས་བླ་མར་གྱུར་པའི་གཙོ་བོའོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་ཀུན་གྱི་རང་བཞིན་འཛིན་ནོ། །ཆོས་དང་ཆོས་ཅན་གྱི་ཁྱད་པར་བརྟགས་པའི་ཡང་དག་པར་བརྗོད་པ་གསུངས་སོ། །སྐྱེ་མེད་ཞེས་པ་ལ་སོགས་པ་སྟེ། སྐྱེ་བ་མེད་པ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་ཏེ་དེ་གང་ཡིན་པ་དེ་སྐྱེ་མེད་ཆོས་སོ། །ཆོས་ནི་ཆོས་ཅན་ལ་བསྟན་པ་མེད་ཀྱི་འདིས་བརྟགས་ན་ཆོས་དང་ཆོས་ཅན་གཉིས་ཀྱང་རང་བཞིན་མེད་པའི་ཕྱིར་སྐྱེ་བ་མེད་དོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་དོན་དེ་འདི་ལས་སྣ་ཚོགས་འབྱུང་བས་ཞེས་སྦྱར་ཏེ། དངོས་པོ་དང་ལྡན་པའི་ཆོས་ལས་མོས་པ་སྣ་ཚོགས་པའི་སེམས་ཅན་གྱི་དོན་གྱི་ཁྱད་པར་བྱེད་ནུས་པ་མེད་དོ་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་པ་སྟེ་རང་བཞིན་མེད་པའི་ཆོས་དང་ཆོས་ཅན་གྱི་ངོ་བོ་ཞེས་བཅོམ་ལྡན་འདས་ཀྱི་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྐད་ཅིག་ཅེས་པ་ལ་སོགས་པ་སྟེ། སྐད་ཅིག་མ་གཅིག་ཁོ་ན་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་ཐུགས་སུ་ཆུད་པའི་ལས་རྫོགས་པའི་བློ་ནི་ཤེས་རབ་སྟེ། དེ་གང་ཡིན་པ་ནི་སྐད་ཅིག་གཅིག་ལ་ཤེས་རབ་ཆེའོ། །མ་ཧཱ་པྲཛྙཱ་ཞེས་ཀློག་པ་ན་ཐུང་དུའི་དོན་ནི། རང་གི་དོན་ཅན་གྱི་དེ་ཕན་གྱི་རྐྱེན་ཨ་ཎིའི་མཐའོ། །དེའི་ཕྱིར་ཆོས་ཀུན་ཁོང་དུ་ཆུད་པ་འཆང་བ་སྟེ། ཆོས་ཐམས་ཅད་ཁོང་དུ་ཆུད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེའི་བདག་ཉིད་དུ་འཛིན་པས་ན་དེ་ལྟར་བཤད་དོ། །དེའི་ཕྱིར་གསུངས་པ། ཆོས་ཀུན་མངོན་པར་ཞེན་པ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ཏེ། དེ་རྣམས་མངོན་པར་རྫོགས་པར་རྟོགས་པའི་བྱང་ཆུབ་གང་ཡིན་པ་དེ་ནི་ཆོས་ཀུན་མངོན་པར་རྟོགས་པའོ། །ཡང་དག་པ་ནི་དེ་ཁོ་ན་ཉིད་དོ། །དེའི་མཐའ་ནི་དེའི་མཐར་ཐུག་པ་སྟེ། དེ་མཁྱེན་པས་ན་ཡང་དག་མཐར་ཐུག་པའོ། །དེའི་ཕྱིར་


DTG064_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། མཆོག་ཅེས་པ་ལ་སོགས་པ་སྟེ། མཆོག་ཀྱང་འདི་ཡིན་ལ་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་བློ་ཡང་ཡིན་པས་ན་བློ་མཆོག་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་སོ། །ཡང་ན་མཆོག་དང་བློ་གང་ཡིན་པ་ཞེས་འབྱིན་པའི་ཚིག་རྣམ་པར་སྦྱར་རོ། །གནས་ངན་ལེན་དང་རྣམ་པར་རྟོག་པ་ཐམས་ཅད་རྣམ་པར་སྤངས་པས་ན་བརྟན་ཞིང་མི་འགྱུར་བའི་ཕྱིར་མི་གཡོ་བའོ། །མ་རིག་པ་དང་འདོད་ཆགས་ལ་སོགས་པའི་རྙོག་པ་དང་བྲལ་བས་ཤིན་ཏུ་རབ་ཏུ་དང་བའི་ཡིད་ཀྱི་རང་བཞིན་གྱི་བདག་ཉིད་གང་ཡིན་པ་དེ་ནི་རབ་ཏུ་དང་བའི་བདག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་ཇི་བཞིན་ཤེས་པར་བྱ། །ཞེས་བྱམས་པས་གསལ་བར་གསུངས་པའི་ཕྱིར་འདུས་བྱས་ཐམས་ཅད་ཟད་པའི་ཚུལ་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པས་ན་འདུས་བྱས་ཉིད་འདུས་མ་བྱས་སོ། །དེའི་ཕྱིར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ནི་མི་ཟད་པའོ། །འདིར་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་འགྱུར་ཞེས་སྦྱར་ཏེ། དེ་ཡང་ཟད་པ་ནི་ཟད་པར་མི་འགྱུར་ཏེ་ཟད་པ་དེ་ཡང་འགྲིབ་པ་མེད་དོ། །གལ་ཏེ་ཟད་པ་ཟད་པར་གྱུར་ན་འགོག་པ་ཡང་ཟད་པས་མྱ་ངན་ལས་འདས་པ་མེད་པར་འགྱུར་ཏེ། དེའི་ཕྱིར་ཟད་པ་ནི་ཟད་པར་མི་འགྱུར་རོ། །གང་ཟག་པར་མི་འགྱུར་བ་དེ་ནི་མི་སྐྱེའོ། །གང་མི་སྐྱེ་བ་དེ་ནི་ཟད་པར་མི་འགྱུར་ཏེ། དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་དེ་བཞིན་ཉིད་དེ་དེ་ཐུགས་སུ་ཆུད་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་སྟེ་དེ་ཉིད་ནི་བྱང་ཆུབ་བོ། །དེ་དེའི་བདག་ཉིད་དུ་འཛིན་པས་ན། རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང༌། །ཞེས་བྱའོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་བྱང་ཆུབ་ནི་ཉོན་མོངས་པ་མཐའ་དག་ཟད་པ་དང༌། སླར་མི་སྐྱེ་བར་འགྱུར་བ་ཅིག་ཅར་བ་སྟེ། རྐུན་པོ་ཕྱིར་ཕྱུང་བ་དང་སྒོ་གླེགས་བཅད་པ་དུས་མཉམ་པ་བཞིན་ནོ་ཞེས་འདོད་དོ། །དེ་ནི་སངས་རྒྱས་ཀུན་གྱི་མངོན་སུམ་སྟེ། སངས་རྒྱས་རྣམས་ལ་དེ་ལྟ་བུའི་བདག་ཉིད་ཀྱི་བྱང་ཆུབ་མེད་དེ། དེ་ནི་དེ་རྣམས་ལ་ལྐོག་ཏུ་མ་གྱུར་པའི་ཕྱིར་


DTG064_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེས་སྦྱར་རོ། །སངས་རྒྱས་རྣམས་ནི་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་ཕྱིར་ཤེས་བྱ་ཐམས་ཅད་སྣང་བར་བྱེད་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཁོ་ན་མེ་ལྕེ་དང་འདྲ་བས་མེ་ལྕེ་སྟེ། ཡེ་ཤེས་ཀྱི་མེ་ལྕེ་དེ་ཤིན་ཏུ་འོད་གསལ་བས་ན་ཡེ་ཤེས་མེ་ལྕེ་འོད་རབ་གསལ་བའོ། །དེ་ཉིད་ཀྱི་ཕྱིར། འདོད་པའི་དོན་སྒྲུབ་དམ་པ་སྟེ། །འདོད་པའི་དོན་ནི་རང་དང་གཞན་རྣམས་ཀྱི་སངས་རྒྱས་ཉིད་དེ་དེ་མཆོག་ཏུ་སྒྲུབ་པའོ། །ངན་སོང་ཐམས་ཅད་ནི་དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་སོ། །ཁྱད་པར་དུ་སྦྱོང་བར་བྱེད་པས་ན་ངན་སོང་ཐམས་ཅད་རྣམས་སྦྱོང་བའོ། །དེའི་ཕྱིར་མགོན་པོ་སེམས་ཅན་ཀུན་གྱི་མཆོག་སྟེ་མགོན་དུ་གྱུར་པའི་ཕྱིར་རོ། །ཉོན་མོངས་པའི་འཆིང་བ་གྲོལ་བར་བྱེད་པའི་ཕྱིར། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་དོ། །འདི་ཅི་ལྟ་བུ་ཞེ་ན་གསུངས་པ། ཉོན་མོངས་ཞེས་པ་ལ་སོགས་པས་ཏེ། ཉོན་མོངས་པ་རྣམས་དང་ལྷན་ཅིག་གཡུལ་འགྱེད་པ་ལ་གཅིག་ཏུ་དཔའ་བ་སྟེ། གཉིས་པ་མེད་པའི་དཔའ་བོ་བཟང་པོ་ཡིན་པས་ན་ཉོན་མོངས་གཡུལ་དུ་དཔའ་གཅིག་པའོ། །དཔའ་བོའི་སྒྲ་སྔོན་དུ་བཀོད་པ་ནི་ངེས་པར་ཚིག་གི་གཙུག་ལག་གི་ཕྱིར་རོ། །དཔའ་བ་ཉིད་ཀྱི་རྒྱུ་གསུངས་པ། མི་ཤེས་ཞེས་པ་ལ་སོགས་པ་སྟེ་མི་ཤེས་པའི་དགྲའི་དྲེགས་པ་སྟེ་ཁེངས་པའོ། །དེ་འཇོམས་པར་བྱེད་པ་ནི་ཤེས་རབ་ཀྱི་རང་བཞིན་གྱི་སྐུ་ཅན་འཇམ་དཔལ་ཡིན་པས་དེ་ལྟར་བཤད་དོ། །ཉོན་མོངས་པའི་གཡུལ་དུ་དཔའ་གཅིག་པུ་ཡང་འདི་ཡིན་ལ་མི་ཤེས་པའི་དགྲའི་འདྲེགས་པ་འཇོམས་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །དགོངས་པ་མིན་པའི་བཤད་པ་ནི་ལུང་ལས་རྟོགས་པར་བྱའོ། །མི་ཤེས་པ་ལས་བྱུང་བའི་ཉོན་མོངས་པ་དང་མི་ཤེས་པ་དེ་དག་ཤེས་རབ་ཀྱི་རལ་གྲིས་ངེས་པར་འཇོམས་ཤིང་རྩད་ནས་གཅོད་པའི་ཕྱིར་ཏེ། ཉོན་མོངས་པའི་ཚོགས་གསོད་ཅིང་འཇོམས་པར་བྱེད་པ་ཞེས་པའི་དོན་ཏོ། །བདུད་དང་མུ་སྟེགས་ལ་སོགས་པ་མཐའ་དག་ལས་རྣམ་པར་རྒྱལ་བའི་དགའ་སྟོན་གྱི་གར་གྱིས་འདུལ་བའི་འགྲོ་བ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་སྒེག་པ་ལ་སོགས་པའི་གར་གྱི་ཉམས་དགུའི་ཁྱད་པར་གྱི་ཕུལ་དུ་བྱུང་བ་གསལ་བར་བྱ་བའི་ཕྱིར་གསུངས་པ།


DTG064_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལྡན་སྒེག་འཆང་ཞེས་པ་ལ་སོགས་པ་སྟེ། དེ་ལྟ་བུའི་ངོ་བོ་ལས་ལངས་ཏེ་གར་གྱི་ཁྱད་པར་སྒེག་པ་སྟེ་དེ་ཡང་གཙང་ཞིང་འབར་བའོ། །ཤིན་ཏུ་གཙང་ཞིང་ཕུལ་དུ་བྱུང་བར་གསལ་བས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྗེས་སུ་ཆགས་པར་བྱེད་པ་ནི་བློའོ། །དེ་ནི་སྒེག་པ་དང་འདྲ་བས་བློ་ལྡན་སྒེག་པའོ། །དེ་དེའི་བདག་ཉིད་ཀྱིས་འཆང་བས་ན་བློ་ལྡན་སྒེག་འཆང་ངོ༌། །དྷཱིཿ་ཞེས་རྣམ་པར་ཅད་པ་དང་བཅས་པར་ཀློག་པ་ཡང་སྦྱར་རོ། །དེར་ནི། བདེ་གཤེགས་ཤེས་རབ་དྲི་མ་མེད། །རྡོ་རྗེ་རྣོན་པོར་དེ་བཤད་དོ། །ཞེས་གསུངས་པས་དྲི་མ་མེད་པའི་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཕྱིར་དེ་ཉིད་ནི་བློའོ། །གལ་ཏེ་བློ་ཡིན་ན་དེ་ནི་སོ་སོ་རང་རིག་པའི་བདག་ཉིད་ཅན་གཟུགས་ཅན་མ་ཡིན་པས་དེ་ཇི་ལྟར་ན་གཟུགས་སྣ་ཚོགས་སུ་སྣང་བར་བྱེད་ཅེ་ན་བདེན་ཏེ། ཤིན་ཏུ་རྣམ་པར་དག་པའི་སེམས་ཁོ་ན་སྨོན་ལམ་གྱི་ཕན་པའི་དབང་གིས་དེ་ལྟ་དེ་ལྟར་གདུལ་བྱ་ལ་སོ་སོར་སྣང་བས་ན་སྐྱོན་མེད་དོ། །དེ་སྐད་དུ་ཡང༌། ཨེ་མའོ་སངས་རྒྱས་སྐྱོབ་ཀུན་གྱི། །ཟག་པ་མེད་པའི་ཤེས་རབ་སྟེ། །ཤེས་རབ་དྲི་མེད་བསམ་མི་ཁྱབ། །སེམས་དཔའི་ལུས་སུ་གྱུར་པ་ཡིན། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་གཟུགས་ཀྱིས་དྲེགས་པའི་གདུལ་བྱའི་སྐྱེ་བོ་གཞུག་པའི་དོན་དུ་སྒེག་འཆང་ཞེས་གསུངས་པ་སྟེ། མཚན་དང་དཔེ་བྱད་འབར་ཞིང་གསལ་བའི་སྒེག་པ་དང༌། རྒྱན་གྱིས་མཛེས་པས་འཇིག་རྟེན་གསུམ་གྱི་གནས་སུ་དགའ་སྟོན་མཛད་པའོ་ཞེས་པའི་དོན་ཏོ། །དེའི་ཕྱིར་དཔལ་ལྡན་ཏེ་མཛེས་པ་མ་ལུས་པའི་གཏེར་དུ་གྱུར་པ་འཇམ་དཔལ་གཞོན་ནུའོ་ཞེས་དགོངས་པའོ། །བདུད་གདུག་པ་ཅན་ལས་རྣམ་པར་རྒྱལ་བ་ལ་མཁས་ཤིང་སྤྲོ་བའི་ངོ་བོ་ནི་དཔའ་བའི་ཉམས་ཀྱི་དོན་ཏོ། །སེམས་ཅན་དེ་ལྟ་བུ་གདུལ་བའི་དོན་ཁོ་ནར་འཇིག་རྟེན་ལས་འདས་པས་སྨད་པའི་དངོས་པོ་ལྟ་བུ་མི་སྡུག་པའི་འཇིགས་རུང་གི་ཉམས་སུ་མྱོང་བའི་དོན་ཏོ། །དཔའ་བ་དང་འཇིགས་སུ་རུང་བ་དེ་དག་དང་རྗེས་སུ་མཐུན་པའི་གཟུགས་འཛིན་པར་མཛད་པས་ན་དཔའ་ཞིང་འཇིགས་རུང་གཟུགས་འཛིན་པའོ། །འདིས་ཉེ་བར་མཚོན་ནས་གཞན་གར་གྱི་ཉམས་དགུ་དང་རྗེས་སུ་མཐུན་པའི་གཟུགས་འཛིན་པ་ཞེས་པའི་དོན་ཏོ། །དེ་ཉིད་སྒྱུ་འཕྲུལ་ཆེན་པོ་གར་གྱི་དབང་


DTG064_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཉིད་དུ་རྟོགས་པར་བྱེད་པ་ནི་ལག་པའི་དབྱུག་པ་ཞེས་པ་ལ་སོགས་པ་སྟེ། མཚོན་ཆ་སྣ་ཚོགས་པས་བྲེལ་བའི་ལག་པའི་དབྱུག་པ་བརྒྱ་པོ་རྣམས་ཀུན་ནས་ཕྱོགས་ཐམས་ཅད་དུ་ཁྱབ་པར་སྐྱོད་པར་བྱེད་པ་དང༌། གང་དུ་ཞབས་བརྒྱ་པ་རྣམས་ཀྱང་ས་གཞི་གང་བར་སྐྱོད་པར་བྱེད་པ་དེ་ལྟ་བུའི་གར་བྱེད་པ་གང་ཡིན་པ་དེ་ལྟ་བུ་ནི། ལག་པའི་དབྱུག་པ་བརྒྱ་བསྐྱོད་ཅིང༌། །རྐང་པ་བསྐྱོད་པས་གར་བྱེད་པ། །ཞེས་སོ། །དེ་ཉིད་ཀྱིས་ན་གསུངས་པ། དཔལ་ལྡན་ཞེས་པ་ལ་སོགས་པ་སྟེ། དཔལ་ལྡན་ལག་པ་བརྒྱས་གང་བ་སྟེ་ལག་པའི་དཀྱིལ་འཁོར་གྱི་གྲངས་བརྒྱས་ནམ་མཁའ་ཁྱབ་པ་སྟེ། ནམ་མཁའི་ཁོངས་ཐམས་ཅད་དུ་གར་བྱེད་པ་གང་ཡིན་པ་དེ་ནི། དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པ་གར་བྱེད་པའོ། །ལག་པའི་དབྱུག་པ་བརྒྱ་བསྐྱོད་ཅིང༌། །ཞེས་པ་དང༌། དཔལ་ལྡན་ལག་པ་བརྒྱས་གང་ལ། །ཞེས་པ་ལ་རྣམ་དབྱེ་ཐ་དད་པར་ཀློག་པར་བྱེད་པ་མཐོང་སྟེ། དེ་ཡང་རྗེ་བཙུན་གྱི་ཁྱད་པར་ཉིད་ཀྱིས་རྣམ་པར་བཤད་པར་བྱའོ། །འཇིག་རྟེན་ལས་འདས་པའི་གར་བྱེད་པའི་ཁྱད་པར་སྟོན་པར་བྱེད་པ་ནི། རྐང་པ་གཅིག་གིས་ཞེས་པ་ལ་སོགས་པ་སྟེ། རྐང་པ་གཅིག་གིས་སའི་དཀྱིལ་འཁོར་གྱི་མཐིལ་གནོན་ཅིང་ལྗིད་ཀྱིས་ཕབ་ནས་བཞུགས་པའི་ཕྱིར། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །ཞེས་པ་སྟེ། ལ་ཡིག་ཕྱིས་པ་ནི་ངེས་པའི་ཚིག་གོ །གཞན་དུ་སའི་དཀྱིལ་འཁོར་ནི་སའི་སྙིང་པོ་སྟེ་འོག་ཏུ་གསེར་གྱི་རང་བཞིན་གྱི་ས་གཞི་དང་དེའི་མཐིལ་ཏེ་དེར་གནས་པའོ་ཞེས་སོ། །ཚངས་པའི་སྒོ་ངའི་སྒྲས་ནི་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཐོད་པའི་གཟུགས་སུ་མུ་སྟེགས་པ་རྣམས་ཀྱིས་ཡོངས་སུ་བརྟགས་པ་སྟེ་དེའི་རྩེ་མོ་ནི་སྟེང་གི་ཆའོ། །དེ་གནོན་པ་ཡང་འདི་ཡིན་ལ། གཞན་རྐང་མཐེབ་སེན་མོ་ལ་གནས་པ་ཡང་འདི་ཡིན་ཏེ། འདིས་བཅོམ་ལྡན་འདས་འོག་དང་སྟེང་གི་མཐར་ཐུག་པར་ཁྱབ་སྟེ་བཞུགས་སུ་བསྟན་ཏོ། །རྐང་མཐེབ་སེན་མོ་ལ་གནས་པ། །ཞེས་བདུན་པའི་མཐའ་ཅན་དུ་ཀློག་པ་ནི། ཚངས་པའི་སྒོ་ངའི་རྩེ་མོ་གནོན། །རྐང་མཐེབ་སེན་མོ་ནམ་མཁའི་ཕྱོགས་གང་ན་བ་དེར་གནས་སོ་ཞེས་རྣམ་པར་བཤད་པར་བྱའོ། །


DTG064_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ཀྱང་གར་གྱིས་འདུལ་བའི་སྐྱེ་པོ་རྗེས་སུ་གཟུང་བའི་ཕྱིར་གསུངས་པའོ། །དོན་དམ་པའི་ཚུལ་གང་ཡིན་པ་དེ་གསུངས་པ་དོན་གཅིག་ཅེས་པའོ། །དེ་ཉིད་གསུངས་པ། གཉིས་མེད་ཆོས་ཀྱི་དོན་ཞེས་སོ། །ཏལ་གྱི་རྐྱེན་ཕྱིས་པའི་ཕྱིར་གཉིས་སུ་མེད་པའི་ཆོས་ཉིད་ཅེས་པའི་དོན་ཏོ། །དེ་ཡང་དོན་དམ་པ་སྟེ་དེ་ནི་ནམ་ཡང་གཞན་དུ་མི་འགྱུར་བའི་ཕྱིར་འཇིགས་པ་མེད་པའོ། །དེ་ལྟ་ན་ཡང་ཐུགས་རྗེ་ཆེན་པོ་དང་སྨོན་ལམ་གྱི་ཕན་པའི་དབང་གིས་གདུལ་བྱ་དང་རྗེས་སུ་མཐུན་པར་ཡོངས་སུ་མཁྱེན་པ་སྐྱེད་དེ། རྣམ་རིག་སྣ་ཚོགས་པའི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་དོན་མཛད་པ་གང་ཡིན་པ་དེ་ནི་རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་ནོ། །སེམས་ནི་རྣམ་པར་མི་རྟོག་པའོ། །རྣམ་པར་ཤེས་པ་ནི་རྣམ་པར་རྟོག་པ་དང་བཅས་པའོ། །དེ་དག་གི་རྒྱུད་ནི་རྒྱུན་གྱི་འཇུག་པ་སྟེ། དོན་དམ་པ་དང་ཀུན་རྫོབ་ཀྱི་ཚུལ་གྱིས་གདུལ་བྱ་རྣམས་ལ་དེ་ལྟར་སོ་སོར་སྣང་བར་མཛད་པའི་ཕྱིར་བཅོམ་ལྡན་འདས་ཁོ་ན་སེམས་དང་རྣམ་ཤེས་རྒྱུད་དང་ལྡན་པའོ་ཞེས་གསུངས་པའོ། །དངོས་པོ་མ་ལུས་པ་ནི་དེ་ལྟ་བུའི་ཆར་གྱུར་པའི་གཟུང་བ་དང་འཛིན་པ་སྟེ། རང་དང་སྤྱིའི་མཚན་ཉིད་ཀྱི་དོན་གྱི་མཐའ་ཅན་ནོ་ཞེས་པའི་དོན་ཏོ། །དངོས་པོ་དེ་རྣམས་ལ་མངོན་པར་ཞེན་པའི་སྐྱེ་བོ་གཞུག་པའི་ཕྱིར་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་དགའ་བར་བྱེད་པ་གང་ཡིན་པ་དེ་ནི་དངོས་དོན་མ་ལུས་རྣམས་ལ་དགའ་བའོ། །དོན་དམ་པར་ནི་སྟོང་པ་ཉིད་ལ་དགའ་བའོ། །དེ་སུ་ཞིག་ཅེ་ན། མཆོག་གི་བློ་སྟེ་བློའི་མཆོག་འཇམ་པའི་དཔལ་ལོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སྲིད་པའི་ཞེས་པ་ལ་སོགས་པ་སྟེ། ཁ་ནང་དུ་ཕྱོགས་ནས་འཇུག་པའི་ཕྱིར་བསམ་གཏན་དང་གཟུགས་མེད་བ་རྣམས་ལ་འགའ་ཞིག་མཐའ་པར་འདུ་ཤེས་པ་བཟློག་པའི་ཕྱིར། ཁམས་གཉིས་ལས་སྐྱེས་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སོགས་ཀྱི་སྒྲས་འདུལ་བའི་ཁམས་ལས་བྱུང་བའི་འདོད་ཆགས་ཀྱང་གཟུང་ངོ༌། །སྲིད་པ་དང་འདོད་པའི་འདོད་ཆགས་ཀུན་ནས་ཞེས་པ་ནི་སྲིད་པའི་འདོད་ཆགས་ལ་སོགས་པ་དེ་ལས་འདས་པའོ། །དེ་ཉིད་ཀྱང་སྟེ་ཤེས་རབ་ཀྱི་ཁྱད་པར་དེ་


DTG064_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དྲན་པའི་རང་བཞིན་ལས་ངེས་པར་སྐྱེས་པའི་ཕྱིར་རོ། །རྟགས་ཀྱི་ཁྱད་པར་ཉིད་ཀྱིས་དེ་ཉིད་ཅེས་པའི་དོན་ཏོ། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །ཞེས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང་རང་བཞིན་གྱིས་འོད་གསལ་བའི་དྲན་པའི་རང་བཞིན་ཏིང་ངེ་འཛིན་བརྒྱ་སྟོང་གི་བདག་པོར་གྱུར་པ་ཉིད་ཀྱིས་མཛེས་པས་དེ་ལྟར་བཤད་དོ། །བྱང་ཆུབ་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་འདི་ལྟ་སྟེ། དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང་དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང་བཏང་སྙོམས་ཞེས་བྱ་བ་རྣམས་སོ། །དེ་རྣམས་ནི་ཤིན་ཏུ་དགའ་བར་འོས་པ་ཉིད་ཀྱི་ཕྱིར་མེ་ཏོག་ལྟ་བུ་སྟེ། དེ་རྣམས་ཀྱི་དྲིའི་ཁྱད་པར་འཇིག་རྟེན་གྱི་ཁམས་རབ་འབྱམས་རྣམས་སུ་ཁྱབ་པའི་ཡོན་ཏན་དང༌། ཡེ་ཤེས་ཀྱི་རང་བཞིན་གྱི་དྲིའི་ཁྱད་པར་གང་ཡོད་པ་དེ་ནི་བྱང་ཆུབ་ཡན་ལག་མེ་ཏོག་སྤོས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ནི་གཞན་དང་ཐུན་མོང་མ་ཡིན་པའི་ཕྱིར་མ་འདྲེས་པ་དང་སྟོབས་བཅུ་ལ་སོགས་པ་རྣམས་ཏེ། རིན་པོ་ཆེ་དང་འདྲ་བ་དེ་རྣམས་སྐྱེ་བའི་གནས་དང་འཕེལ་བའི་རྒྱུ་ཉིད་ཀྱི་ཕྱིར་འབྱུང་གནས་སུ་གྱུར་བ་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ཀྱི་ཆུ་གཏེར་དང་འདྲ་བས་མཚོའོ། །དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ཀྱང་གཞན་དུ་རྒྱས་པར་བཤད་དོ། །ལམ་གྱི་ཡན་ལག་བརྒྱད་ནི་འདིའི་ཡན་ལག་རྣམས་ནི་བརྒྱད་ཡིན་པ་སྟེ་སྔར་བཤད་ཟིན་ཏོ།། །།གདུལ་བྱའི་སྐྱེ་བོའི་རྒྱུད་ལ་དམིགས་པ་དེ་འདྲེན་པར་བྱེད་ཅིང་ཐབས་གང་གིས་དེའི་ཚུལ་གང་རིག་པ་དེ་ནི་ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་སོ། །སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་ལ་འཇོག་པའི་ཐུགས་རྗེ་ཆེན་པོས་མཐའ་གཅིག་ཏུ་ཀུན་དུ་ཆགས་པ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་ལ་ཤས་ཆེར་ཆགས་སོ། །དེ་ལྟ་ན་ཡང་ཆོས་ཐམས་ཅད་རང་བཞིན་མེད་པར་ཐུགས་སུ་ཆུད་པའོ། །དྲི་མ་མེད་པའི་ཡེ་ཤེས་རབ་ཏུ་བདག་ཉིད་ཡིན་པའི་ཕྱིར་ཆགས་པ་མེད་བའོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་ལྟ་བུའོ། །སེམས་ཅན་ཐམས་ཅད་ཀྱི་སེམས་


DTG064_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བ་ཉིད་ཐུགས་སུ་ཆུད་པས་ན་སེམས་ཅན་ཀུན་གྱི་ཡིད་ལ་འཇུག་པ་སྟེ་ཐུགས་སུ་ཆུད་པའོ། །འགྲོ་བའི་དོན་ནི་རྟོགས་པའི་དོན་ཅན་གྱི་ཕྱིར་གདུལ་བྱ་འདུལ་བའི་སེམས་ལས་མི་འདའ་བར་སྐལ་བ་ཇི་ལྟ་བ་བཞིན་ཆེས་མྱུར་བར་ཅིག་ཅར་དུ་གདུལ་བྱ་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་བསྟན་པའི་དོན་དུ་ཡིད་ལྟར་མགྱོགས་པའི་ཏིང་ངེ་འཛིན་མངའ་བའི་རང་བཞིན་ཡིན་པའི་ཕྱིར་སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས་ཞེས་བྱའོ། །སེམས་ཅན་རྣམས་ཀྱི་དབང་བོ་རྣམས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྟེ། ཐར་པའི་ཆ་དང་མཐུན་པ་རྣམས་དང༌། དད་པ་དང་བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཅེས་བྱ་བ་རྣམས་སོ་སོར་རྟུལ་པོ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཕྱེ་བ་རྣམས་སོ། །དེའི་དོན་ནི་སངས་རྒྱས་ཉིད་ཀྱི་ཐབས་ཀྱི་རྣམ་པ་སྟེ། དབང་པོ་དེ་རྣམས་དབང་དོན་ཇི་ལྟ་བ་བཞིན་མཁྱེན་པས་ན། སེམས་ཅན་ཀུན་གྱི་དབང་དོན་ཤེས་པའོ། །དུས་ཐམས་ཅད་དུ་སྤྲུལ་པའི་འོད་ཟེར་རྣམས་ཀྱིས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་ཡང་དག་པ་སྒྲུབ་པར་མཛད་ཅིང་ཡིད་འཕྲོག་པས་ན། སེམས་ཅན་ཀུན་གྱི་ཡིད་འཕྲོག་པའོ། །ཕུང་པོ་ལྔ་དོན་དེ་ཉིད་ནི་ཀུན་རྫོབ་ཏུ། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་ཆུ་ཤིང་སྡོང་པོ་འདྲ། །རྣམ་ཤེས་སྒྱུ་མ་ལྟ་བུར་ནི། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །དོན་དམ་བར་ནི་གདོད་མ་ནས་སྐྱེ་བ་མེད་བ་ཉིད་ཕུང་པོ་ལྔའི་དོན་གྱི་དེ་ཉིད་དེ། དེ་མཁྱེན་པས་ན་དེ་ལྟར་བཤད་དོ། །རྣམ་པར་དག་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས་བྱ་བ་སྟེ། ཕུང་པོ་ལྔའི་རང་བཞིན་འཆང་བས་ན། རྣམ་དག་ཕུང་པོ་ལྔ་འཆང་བ་སྟེ་རྣམ་པར་དག་པའི་ཕུང་པོ་ལྔ་འཛིན་པར་མཛད་པ་ཞེས་བྱ་བའི་དོན་ཏོ། །ངེས་པར་འབྱུང་བ་ཀུན་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིའོ། །མཐའ་ནི་མཐར་ཐུག་པ་སྟེ་དེ་ལ་གནས་པས་ན་དེ་ལྟར་དེ་བཤད་དོ། །ངེས་འབྱུང་ཀུན་གྱི་རང་བཞིན་རྣམ་པར་མཁྱེན་པའི་ཕྱིར། ངེས་པར་འབྱུང་བ་ཀུན་ལ་མཁས་པའོ། །དེ་ལྟ་ན་ཡང་བྱང་


DTG064_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལམ་ལ་གཞུག་པའི་ཕྱིར་དུ། ངེས་འབྱུང་ཀུན་གྱི་ལམ་ལ་གནས་པའོ། །དེའི་ཕྱིར་གསུངས་པ། ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་པའོ། །མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་ཞེས་བྱ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་ཅན་ནི་སྲིད་པའི་རྩ་བ་སྟེ། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་པ་སྲིད་པའི་ཡན་ལག་བཅུ་གཉིས་དྲུངས་ནས་ཕྱུང་བ་ཞེས་པའི་དོན་ཏོ། །ཇི་ལྟ་བུ་ཞེ་ན་གསུངས་པ། དག་པ་རྣམ་པ་ཞེས་པ་ལ་སོགས་པ་སྟེ། ཐབས་དང་བཅས་པའི་ཤེས་རབ་རྣམ་པར་བསྒོམས་པའི་སྟོབས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་རང་བཞིན་གྱི་སྲིད་པའི་ཡན་ལག་རྣམས་དེའི་བདག་ཉིད་དུ་འཆང་བས་ན་དག་པ་རྣམ་པ་བཅུ་གཉིས་འཆང་བ་སྟེ། རྣམ་པར་དག་པའི་རྣམ་པ་བཅུ་གཉིས་འཆང་བ་ཞེས་པའི་དོན་ཏོ། །སྡུག་བསྔལ་ལ་སོགས་པ་བདེན་པ་བཞིའི་ཚུལ་ནི་ཕྱིན་ཅི་མ་ལོག་པར་ལམ་དུ་བྱེད་ཅིང་རྣམ་པར་འཇོག་པར་བྱེད་པས་ན། བདེན་བཞིའི་ཚུལ་གྱི་རྣམ་བ་ཅན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་རྟོག་པ་ཤེས་པ་དང༌། དེ་བཞིན་དུ་ཀུན་འབྱུང་བ་དང་འགོག་པ་དང་ལམ་རྣམས་ལ་སོ་སོར་ཤེས་པ་གཉིས་ཏེ། ཤེས་པ་བརྒྱད་པོ་དེ་རྣམས་ནི་ཉན་ཐོས་ལ་སོགས་པའི་ལམ་གསུམ་གྱི་གདུལ་བྱ་དང་རྗེས་སུ་མཐུན་པར་ཐུགས་སུ་ཆུད་པས་རྗེས་སུ་མཐུན་པར་རྟོགས་པ་དེ་འཆང་བར་མཛད་པས་ན། ཤེས་པ་བརྒྱད་པོ་རྟོགས་པ་འཆང་བའོ། །འགའ་ཞིག་ཏུ། །བདེན་བཞིའི་ཚུལ་དང་འདྲ་བ་ཡི། །ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །ཞེས་མཐའ་དག་ཀློག་པ་ནི་དགོངས་མིན་ཏེ། དེ་ལ་བདེན་པ་བཞིའི་ཚུལ་ནི་ཉན་ཐོས་ལ་སོགས་པ་ད་བ་རྗེས་སུ་མཐུན་པའི་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་རྣམ་པ་བཅུ་དྲུག་གོ །དེ་རྣམས་ཇི་ལྟ་བ་བཞིན་བསྒོམས་པས་རིམ་གྱིས་བདེན་པ་སོ་སོ་ལ་ཆོས་ཤེས་པ་དང་རྗེས་སུ་རྟོགས་པའི་ཤེས་བ་འབྱུང་བས་ན། དྲི་མ་མེད་པའི་རྟོགས་པ་འཆང་བའི་ཕྱིར། །


DTG064_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་བཞིའི་ཚུལ་དང་འདྲ་བ་ཡི། །ཤེས་པ་བརྒྱད་པོའི་རྟོགས་པ་འཆང༌། །ཞེས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་རྣམ་པས་བདེན་པ་ལ་འཇུག་པའི་ཡེ་ཤེས་ཀྱིས་སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་ནས་ས་བཅུ་གཉིས་ཀྱི་མཐར་ཐུག་པའི་བདེན་པའི་དགོས་པ་དང་ལྡན་པས་ན། བདེན་དོན་རྣམ་པ་བཅུ་གཉིས་ལྡན་པའོ། །ནང་སྟོང་པ་ཉིད་ལ་སོགས་པ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཀྱི་མཐར་ཐུག་པའི་སྟོང་པ་ཉིད་རྣམ་པ་བཅུ་དྲུག་གི་དེ་ཉིད་རིག་པའི་ཕྱིར་དེ་ཉིད་རྣམ་པ་བཅུ་དྲུག་རིག་པའོ། །དེ་ལ་གཞན་ཡང་དངོས་པོ་དང་དངོས་པོ་མེད་བ་དང་རང་བཞིན་དང༌། གཞན་གྱི་དངོས་པོ་སྟེ་སྟོང་པ་ཉིད་བཞི་དང་ལྷན་ཅིག་པ་ཉིད་ཀྱིས་སྟོང་པ་ཉིད་རྣམ་པ་ཉི་ཤུ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་བ་དེ་དོན་དམ་པར་དབྱེ་བ་མེད་ཀྱང་དེ་ཉིད་རྫོགས་པའི་བྱང་ཆུབ་ཀྱི་ངོ་བོ་ཡིན་པའི་ཕྱིར། རྣམ་པ་ཉི་ཤུ་བྱང་ཆུབ་པ། །ཞེས་གསུངས་སོ། །ཐབས་ལ་མཁས་པས་ཐར་པ་ཇི་ལྟ་བར་ཉན་ཐོས་ལ་སོགས་པའི་ཚུལ་གྱིས་སེམས་ཅན་རྣམས་གདུལ་བའི་ཕྱིར་སྣ་ཚོགས་པའི་སངས་རྒྱས་ཀྱི་གཟུགས་བརྒྱན་སྟོན་པ་ཉིད་ཀྱིས་སངས་རྒྱས་ཀྱི་སྐུའི་བདག་ཉིད་ཀྱི་ངོ་བོ་རྣམ་པ་མང་པོ་རབ་ཏུ་སྟོན་པའི་ཕྱིར་རྣམ་པར་སངས་རྒྱས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཕྱིར་ཀུན་རིག་གོ །དེ་ཉིད་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་མཆོག་གོ །མཐའ་ཡས་པའི་སངས་རྒྱས་ཀྱི་སྤྲུལ་པ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པའམ་མཐའ་ཀླས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར་སྐུ་མཐའ་ཡས་པ་བྱེ་བ་འགྱེད་པར་མཛད་པའི་ཕྱིར། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་བྱའོ། །སྡུག་བསྔལ་ལ་ཆོས་དང་བཟོད་པ་ལ་སོགས་པ་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་མངོན་བར་རྟོགས་བ་སྟེ་ལེགས་པར་ཁོང་དུ་ཆུད་པས་ན། སྐད་ཅིག་ཐམས་ཅད་མངོན་པར་རྟོགས་པའོ། །སེམས་ཀྱི་སྐད་ཅིག་མ་ཐམས་ཅད་ཀྱི་དོན་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་སོགས་པའི་ཚུལ་ལོ། །དེ་ཇི་ལྟ་བ་བཞིན་རིག་པས་ན་སེམས་ཀྱི་སྐད་ཅིག་དོན་ཀུན་རིག་པའོ། །ཐེག་པ་སྣ་


DTG064_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ནི་འཇིག་རྟེན་པ་དང༌། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་འབྲེལ་པ་རྣམས་སོ། །དེ་རྣམས་ཀྱི་ཚུལ་ནི་རྣམ་པར་གྲོལ་བའི་ཁྱད་པར་ཏེ། དེ་ཉིད་ནི་ཐབས་སོ། །དེ་འགྲོ་བའི་དོན་དུ་རྣམ་བར་སྒྲོམ་པར་བྱེད་ཅིང་ཡང་དག་པར་སྒྲུབ་བར་བྱེད་པས་ན་དེ་ལྟར་བཤད་དོ། །ཅི་ལས་ཤེ་ན་གསུངས་པ། ཐེག་པ་གསུམ་གྱི་ངེས་འབྱུང་ཞེས་པ་སྟེ། འདི་ཡང་སེམས་ཅན་གྱི་བསམ་པའི་དབང་ལས་ཡིན་གྱི་དོན་དམ་པར་ནི་ཐེག་པ་གཅིག་ཁོ་ན་སྟེ་འདི་ལྟ་སྟེ་ཐེག་པ་ཆེན་པོའོ། །དེའི་འབྲས་བུ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལ་གནས་པའོ། །དེ་ལྟར་ཡང་ཏིང་འཛིན་རྒྱལ་པོ་ལས། སེམས་ནི་ཞུམ་ཞིང་རྒྱུད་ཀྱང་ཞན་གྱུར་ལ། །ཐོས་པའི་མོད་ལ་སྐྲག་པར་འགྱུར་རྣམས་ལ། །ང་ཡིས་འཇིགས་པ་སྤང་ཕྱིར་ཐེག་གསུམ་བསྟན། །ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །ཞེས་གསུངས་སོ། །དམ་པའི་ཆོས་པདྨ་དཀར་པོར་ཡང་གསུངས་པ། དོན་དམ་པར་ངས་ཡང་དག་པར་གསུངས་པ་ནི་འདི་ཡིན་ཏེ། ཉན་ཐོས་ཚུལ་ཀུན་གྱིས་ནི་མྱ་ངན་འདས། །འདི་དག་བྱང་ཆུབ་མཆོག་གི་སྤྱོད་སྤྱད་དེ། །ཉན་ཐོས་བྱང་ཆུབ་སེམས་ཀུན་སངས་རྒྱས་འགྱུར། །ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །གསུམ་པ་རྣམ་ཡང་ཡོད་པ་མ་ཡིན་ནོ། །སྐྱེས་མཆོག་འཇིག་རྟེན་ཚུལ་ནི་ཚུལ་གཞན་གྱིས། །ཐེག་པ་སྣ་ཚོགས་ཉེ་བར་སྟོན་པར་བྱེད། །ཅེས་གསུངས་སོ། །རྣམ་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའི་ཉོན་མོངས་སོ་ཞེས་པའི་རིག་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་ཉིད་ཉོན་མོངས་ཏེ། དེ་རྣམས་ཀྱི་ཁམས་ནི་རིག་སྟེ། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཚུལ་གྱི་རང་བཞིན་ཉིད་ཀྱིས་རྣམ་པར་དག་པའི་བདག་གང་ཡིན་པ་དེ་ནི་ཉོན་མོངས་ཁམས་རྣམས་རྣམ་དག་བདག་གོ །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ལས་ཀུན་ནས་སློང་བར་བྱེད་པའི་སེམས་ནི་ལས་ཀྱི་ཁམས་ཏེ། དེ་ཡང་བདག་དང་བདག་གིར་མངོན་པར་ཞེན་པས་འཇུག་པ་སྟེ། དེ་སྐྱེ་བ་དང་བྲལ་བའི་ཆོས་སྟོན་པའི་སྒོ་ནས་ཟད་པར་བྱེད་པས་ན། ལས་ཀྱི་ཁམས་རྣམས་ཟད་བྱེད་པའོ། །སེམས་ཅན་རྣམས་ཀྱི་


DTG064_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བ་འཁྱེར་ཞིང་འཕྲོག་པས་ཆུ་བོའི་ཤུགས་དང་འདྲ་ཞིང་ཆོས་མཐུན་པས་ཆུ་བོའོ། །ཆུ་བོ་དེ་ཡང་བཞི་སྟེ་འདོད་པའི་ཆུ་བོ་དང་སྲིད་པའི་ཆུ་བོ་དང་ལྟ་བའི་ཆུ་བོ་དང་མ་རིག་པའི་ཆུ་བོ་རྣམས་སོ། །དེ་ཉིད་རྒལ་དཀའ་བས་རྒྱ་མཚོ་སྟེ། དེ་ཡང་དག་པར་རྒལ་བས་ན། ཆུ་བོ་རྒྱ་མཚོ་ཀུན་ལས་རྒལ་བའོ། །ཆུ་བོ་ཁོ་ན་ཁམས་དང་འགྲོ་བ་དང་སྐྱེ་གནས་རྣམས་སུ་སེམས་ཅན་རྣམས་སྦྱོར་བར་བྱེད་པས་ན་སྦྱོར་བ་སྟེ། དེ་ཉིད་ཤིན་ཏུ་བགྲོད་པར་དཀའ་ཞིང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་དགོན་པའོ། །དེ་རྣམས་ལ་ངེས་པར་ཐོན་པས་ན་སྦྱོར་བའི་དགོན་པ་ལས་བྱུང་བའོ། །ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །ཞེས་པ་ལ་སོགས་པ་ལ་ཉོན་མོངས་པ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་ལ་སོགས་པའོ། །ཉེ་བའི་ཉོན་མོངས་པ་ནི་སྒྱུ་དང་རྒྱགས་བ་དང་རྣམ་པར་འཚེ་བ་ལ་སོགས་པ་རྣམས་སོ། །དེ་ཉིད་ཀྱིས་སམ་བ་ལི་ཏཱཿ་ཡང་དག་པར་ཉོན་མོངས་པར་བྱེད་པས་ན་ཀུན་ནས་ཉོན་མོངས་པའོ། །བག་ཆགས་དང་ལྷན་ཅིག་པས་ན་བག་ཆགས་དང་བཅས་པའོ། །དེ་རང་གི་མཐར་ཕྱིན་པས་ལེགས་པར་སྤངས་པས་ན། ཉོན་མོངས་ཉེ་བའི་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་པའོ། །སྒྲ་འདི་ལྟ་བུར་རྣམ་པར་གནས་པ་ནི་གཙུག་ལག་གི་ཕྱིར་ཏེ། ཤིན་ཏུ་རབ་སྤངས་བག་ཆགས་བཅས། །ཉོན་མོངས་ཉེ་ཉོན་ཀུན་ཉོན་མོངས། །ཞེས་པའི་དོན་ཏོ། །ཤེས་རབ་དང་ཐབས་དང་སྙིང་རྗེ་ཆེན་པོ་ནི་ཤེས་རབ་ཐབས་དང་སྙིང་རྗེ་ཆེའོ། །དེ་རྣམས་ཀྱི་དོན་ཡོད་འབྲས་བུ་མེད་པ་མ་ཡིན་པར་འགྲོ་བའི་དོན་བྱེད་པས་ན་དེ་ལྟར་བཤད་དོ། །འདུ་ཤེས་ནི་མཚན་མར་འཛིན་པའི་མཚན་ཉིད་དེ། དེ་འགྲོ་བ་དང་ཁམས་དང་སྐྱེ་གནས་ཐམས་ཅད་དུ་གཏོགས་པ་ནི་འདུ་ཤེས་ཀུན་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གཏོགས་པ་དེ་རྣམས་ཆོས་ལ་བདག་མེད་པའི་ཡེ་ཤེས་ཀྱིས་སྤོང་བའོ། །དེ་ཉིད་དོན་ཏེ་དགོས་པ་གང་ཡིན་པ་ནི་འདུ་ཤེས་ཀུན་གྱི་དོན་སྤངས་པའོ། །རྣམ་ཤེས་དོན་ནི་གཟུང་བ་དང་འཛིན་པའི་རྣམ་པ་ཁོང་དུ་ཆུད་པའོ། །དེ་འགོག་པར་བྱེད་པ་ནི་ཤེས་པ་དང་ཤེས་བྱའི་དེ་ཁོ་ན་ཉིད་སྐྱེ་བ་མེད་པ་ཉིད་དུ་རྟོགས་པར་བྱེད་པས་ན་རྣམ་ཤེས་དོན་ནི་འགོག་པར་བྱེད་


DTG064_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འགོག་པ་འཆང་ཞེས་ཀློག་པ་ཡང་མཐོང་སྟེ་དེ་ནི་གོ་སླའོ། །སྐལ་བ་དང་ལྡན་པ་དང་མི་ལྡན་པ་ཉིད་ཀྱི་དོན་ཐུགས་སུ་ཆུད་པའི་དོན་གྱིས་དང་དམིགས་པ་མེད་བ་ཉིད་ཀྱིས་ན་སེམས་ཅན་ཀུན་གྱི་ཡིད་ཀྱི་ཡུལ་གང་ཡིན་པ་དེ་དེ་ལྟར་བཤད་དོ། །རྣོན་པོ་དང་འབྲིང་དང་རྟུལ་བོའི་དབྱེ་བས་སེམས་ཀྱི་སྤྱོད་པ་སོ་སོར་རྟོགས་པའི་དོན་གྱིས་ན། སེམས་ཅན་ཀུན་གྱི་ཡིད་རིག་པ་དང་རྟོགས་པ་དང་ཁོང་དུ་ཆུད་པ་ཐོབ་པ་གང་ཡིན་པ་དེ་ནི་སེམས་ཅན་ཀུན་གྱི་ཡིད་རིག་པའོ། །ནང་དུ་སོང་ཞིང་གཉིས་སུ་མེད་པར་ཁོང་དུ་ཆུད་པའི་རྣམ་པས་སེམས་ཅན་ཀུན་གྱི་ཡིད་ཀྱི་ནང་དུ་འཇུག་པའི་ཕྱིར་སེམས་ཅན་ཀུན་གྱི་ཡིད་ནང་གནས་སོ། །སེམས་ཅན་ཐམས་ཅད་ལ་རྐང་གི་ཁོང་ནས་སྙིང་རྗེ་བ་ཉིད་ཀྱིས་བདེ་བ་དང་སྡུག་བསྔལ་མཚུངས་པའི་ཕྱིར། དེ་དག་སེམས་དང་མཉམ་ཉིད་སོན་པ་སྟེ་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་གྱི་ཡིད་ཚིམ་བྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་དགའ་བའི་རྒྱུར་གྱུར་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་དགའ་བའོ། །ཉམས་སུ་མྱོང་བའི་ངོ་བོའི་ཚད་མ་དམ་པས་གྲུབ་བ་ཡང་འདི་ཡིན་ལ། འདི་ལས་གཞན་པའམ་ལྷག་པ་མེད་པས་མཐར་ཐུག་པ་ཡང་ཡིན་པས་གྲུབ་པའི་མཐའ་སྟེ་དོན་དམ་པའི་ཚུལ་གྱིས་གཡོ་བ་མེད་ཅིང་བརྟེན་པ་ཞེས་པ་ཇི་སྲིད་པའོ། །དེའི་ཕྱིར་གསུངས་པ། འཁྲུལ་པ་ལྡན་པ་མིན་ཞེས་བ་སྟེ། འདི་ལ་ཡང་གཏན་ཚིགས་གསུངས་པ། འཁྲུལ་པ་ཐམས་ཅད་རྣམ་པར་སྤངས། །ཞེས་པའོ། །འདི་ཉིད་ཇི་ལྟ་བུ་ཞེན་གསུངས་བ། ཐེ་ཚོམ་མེད་པའི་བློ་ཞེས་བ་སྟེ། ཐེ་ཚོམ་མེད་པ་ཡང་འདི་ཡིན་ལ་བློ་གྲོས་ཀྱང་འདི་ཡིན་བས་ཐེ་ཚོམ་མེད་པའི་བློ་སྟེ། དེ་ཉིད་ནི་ཐེ་ཚོམ་མེད་པའི་བློ་གང་ཡིན་བཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། བུད་མེད་དོན་ཞེས་པ་ལ་བུད་མེད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དོན་ནི་བསྒྲུབ་བྱ་སྟེ་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་ཏེ། འདི་ཉིད་བཅོམ་ལྡན་འདས་འཇམ་དཔལ་ལོ། །ཡང་ན་འཇམ་དཔལ་གང་ཡི་པ་གསུམ་གྱི་སྒྲ་ནི་གསུམ་རྣམས་ཏེ་འདོད་པ་ལ་སོགས་པའི་ཁམས་རྣམས་སོ། །དོན་ནི་རྒྱུའོ། །དེ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་


DTG064_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་རྣམས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལུས་སུ་བསྐྱེད་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཀུན་གྱི་དོན་ནི་ཞེས་པ་སྟེ། འདོད་པའི་ཁམས་ལ་སོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཞེས་པའི་དོན་ཏོ། །ཡང་ན་དོན་རྣམ་པ་གསུམ་སྟེ་སྤང་བར་བྱ་བ་དང༌། བླང་བར་བྱ་བ་དང༌། བཏང་སྙོམས་སུ་བྱ་བའོ། །དེ་ལ་སྤང་བར་བྱ་བ་ནི་ཕྱི་དང་ནང་གི་མི་དགེ་བའི་ཕྱོགས་སོ། །བླང་བར་བྱ་བ་ནི་ཆོས་བདག་མེད་པའི་ཡེ་ཤེས་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །བཏང་སྙོམས་སུ་བྱ་བ་ནི་ལུང་དུ་མ་བསྟན་པའི་ཆོས་རྣམས་ཏེ། འདི་དག་ཐམས་ཅད་ནི་གདུལ་བྱ་དང་རྗེས་སུ་འཚམ་པས་ན་དོན་གང་ཡིན་པ་སྟེ་དེ་ལྟར་བཤད་དོ། །སྙིང་སྟོབས་དང་རྡུལ་དང་མུན་པ་སྟེ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཡོན་ཏན་གསུམ་གྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱིས་འདུལ་བའི་སེམས་ཅན་གདུལ་བའི་ཕྱིར་དེའི་བདག་ཉིད་ཅན་དེ་བཞིན་གཤེགས་པ་རིགས་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར། བཅོམ་ལྡན་འདས་འཇམ་དཔལ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་ནོ། །ཕུང་པོ་ལྔའི་དོན་གྱི་ཚུལ་ནི་དུས་གསུམ་སྟེ། ཕུང་བོ་ལྔ་དོན་དུས་གསུམ་པ། དུས་ཀྱང་ཕུང་པོ་རྣམས་ལས་གཞན་དུ་ཡོད་པ་མ་ཡིན་ཏེ། ཕུང་པོ་རྣམས་ཉིད་ལ་དུས་སུ་བརྟགས་པ་སྟེ། ཇི་སྐད་དུ། ཆོས་མངོན་པ་མཛོད་ལས། དེ་དག་ཉིད་དུས་གཏམ་བཞི་དང༌། །ངེས་པར་འབྱུང་བ་བཅས་གཞི་དང་བཅས། །ཞེས་སོ། །དེ་དེའི་བདག་ཉིད་དུ་ཡོད་པ་གང་ཡིན་པ་དེ་ནི། ཕུང་པོ་ལྔ་དོན་དུས་གསུམ་པ། །ཞེས་སོ། །ཨ་ཤ་སོགས་ཀྱི་ཕྱིར་ཨཏའོ། །གསུམ་གྱི་སྒྲ་ལས་རྣམ་པ་དང་བཅས་པ་བརྗོད་པའི་ལུང་ངོ༌། །ཕུང་པོ་ལྔ་དོན་དུས་གསུམ་པ། །ཞེས་ཀློག་པ་ལ་ནི་ཕུང་པོ་ལྔའི་རང་བཞིན་ཡང་དུས་དང་གསུམ་ཉིད་ཀྱང་དུས་གསུམ་མོ་ཞེས་བཤད་པར་བྱ་སྟེ་སྔ་མ་བཞིན་ཨཏའོ། །སྐད་ཅིག་མ་བཅུ་དྲུག་གི་མཚན་ཉིད་མཐོང་པའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་ཐམས་ཅད་བྱེ་བྲག་ཕྱེད་པ་རིམ་གྱིས་གསལ་བར་བྱེད་པའི་ཕྱིར། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་པའོ། །རང་ཉིད་ལས་ནི་གོམས་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པའི་ཕྱིར་དང་པོ་ལ་སོགས་པའི་རིམ་པ་མེད་


DTG064_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྐད་ཅིག་མ་གཅིག་ཉིད་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་བརྙེས་པའི་ཕྱིར། སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས། །ཞེས་སོ། །ཆོས་ཀྱི་སྐུའི་རང་གི་སྒྲའི་དོན་ནི་དེ་ལྟ་ན་ཡང་ཐུགས་རྗེ་ཆེན་པོས་སྲིད་པར་ཆུད་པའི་སེམས་ཅན་རྣམས་འབྱིན་པར་མཛད་པའི་དོན་ཏེ། སྲིད་གསུམ་དགའ་བ་ཆེན་པོའོ། །ད་ནི་དོན་དམ་པར་ཁ་དོག་དང་བྲལ་ཡང་ཁ་དོག་གིས་འདུལ་བ་རྣམས་གཞུག་པའི་ཕྱིར། ཡིད་དུ་འོང་ཞིང་སྣ་ཚོགས་པའི་ཁ་དོག་གི་ཡང་དག་པར་བརྗོད་པ་གསུངས་པ། དག་པ་སྤྲིན་དཀར་ཏེ་ཤིན་ཏུ་དྲི་མ་མེད་པའི་སྟོན་ཀའི་སྤྲིན་ལྟར་དེ་དཀར་བས་སྟོན་ཀའི་ཟླ་བའི་འོད་ལྟར་རབ་ཏུ་སིམ་པར་བྱེད་ཅིང་མཛེས་པའི་འོད་གང་ཡིན་པ་དེ་ནི་དེ་ལྟར་བཤད་དེ། འདིས་ཤེས་རབ་ཀྱི་རང་བཞིན་ཉིད་གསུངས་སོ། །ཐུགས་རྗེ་ཆེན་པོའི་ཆགས་པས་དམར་བའི་ཕྱིར་ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས་སོ། །སེན་མོ་ཟངས་མདོག་ལྟ་བུའི་དཔེ་བྱད་ཀྱིས་མཛེས་པའི་ཕྱིར་སེན་མོའི་འོད་ནི་ཤས་ཆེར་དམར་བའོ། །ནོར་བུ་མཐོན་ཀ་རྣམས་ཀྱི་ནང་ན་གཙོ་བོར་གྱུར་པས་རྩེ་མོ་སྟེ། མཐོན་ཀའི་རྩེའོ། །དེ་ལྟ་བུར་བཟང་ཞིང་མཛེས་པའི་རལ་པའི་ཟུར་ཕུང་གང་ཡིན་པ་དེ་ནི་ཟུར་ཕུད་བཟང་པོ་མཐོན་ཀའི་རྩེའོ། །མཐོན་ཀ་ཆེན་པོའི་སྐུ་མཆོག་འཆང་བས་ན། སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་བ་སྟེ་སྐྲ་རྣམས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་སྐྲ་མཆོག་སྟེ། དེ་ལྟ་བུའི་ཁ་དོག་དང་ལྡན་པར་གྱུར་པ་སྟེ་མཛེས་པའི་དོན་ལ་ཡང་མཆོག་གི་སྐྲ་ཉེ་བར་ལེན་ནོ། །ཡང་ན་དེས་ཤིང་མཁས་པའི་ཡོན་ཏན་རྣམས་ཀྱིས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པར་བྱེད་པའི་ཕྱིར་གཙོ་བོར་གྱུར་པའི་སྐྲ་རྣམས་ནི་སྐུ་མཆོག་ཡིན་ལ། མཐོན་ཀ་ཆེན་པོ་ལྟ་བུ་ཡང་ཡིན་ལ། སྐྲ་མཆོག་ཀྱང་ཡིན་པ་དེ་འཛིན་པས་དེ་ལྟར་བཤད་དོ། །ནོར་བུ་ཆེན་པོ་ནི་ཡིད་བཞིན་གྱི་རིན་པོ་ཆེ་ཆེན་པོ་སྟེ། དེ་ཡང་དོན་དམ་པར་ནི་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་དེ། ཀུན་ནས་སེམས་ཅན་གྱི་དོན་ལ་སོ་སོར་འཕྲོ་བའི་ཕྱིར་རོ། །འོད་ཆགས་དཔལ་ཏེ་འོད་ཟེར་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་ནོར་བུ་ཆེན་པོ་འོད་ཆགས་དཔལ་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་འོད་ཟེར་གྱིས་ཁྱབ་ཅེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ།


DTG064_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་བ་ལ་སངས་རྒྱས་ཀྱི་སྤྲུལ་བ་ཁོ་ན་གང་གི་རྒྱན་ཡིན་པ་སྟེ། སངས་རྒྱས་ཀྱི་སྤྲུལ་པས་འཇིག་རྟེན་རྣམས་རྒྱན་པར་བྱེད་པས་ན་དེ་ལྟར་བཤད་དོ། །རྫུ་འཕྲུལ་གྱི་བདག་ཉིད་ཆེན་པོ་གསུངས་པ། འཇིག་རྟེན་ཞེས་པ་ལ་སོགས་པ་སྟེ། རྫུ་འཕྲུལ་བསྟན་ནས་ཆོས་བསྟན་པའི་དོན་དང༌། སེམས་ཅན་རྣམས་གཞུག་པའི་ཕྱིར་འཇིག་རྟེན་གྱི་ཁམས་བརྒྱ་རྣམས་ཀུན་དུ་སྐྱོད་པར་བྱེད་པས་ན་དེ་ལྟར་བཤད་དོ། །དེ་ཉིད་རབ་ཏུ་སྟོན་པར་བྱེད་པ་ནི། རྫུ་འཕྲུལ་རྐང་པ་ཞེས་པ་ལ་སོགས་བ་སྟེ་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རབ་ཏུ་གནས་པའི་གནས་རྣམས་སོ། །དེ་ཉིད་ཀྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྒྲུབ་པར་བྱེད་དེ། དེ་ཡང་འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་བ་ཞེས་བྱ་བ་རྣམས་སོ། །རྫུ་འཕྲུལ་གྱི་རྐང་པ་དེ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་བགྲོད་པའི་ཕྱིར། རྫུ་འཕྲུལ་རྐང་པ་སྟོབས་ཆེན་ལྡན། །ཞེས་པའོ། །དྲན་པ་ཆེན་པོ་རྣམས་ནི་བཅུ་སྟེ་ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དང༌། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། ལྷ་རྗེས་སུ་དྲན་པ་རྣམས་སོ། །དྲན་པ་དེ་རྣམས་ཀྱི་ངོ་བོར་དྲན་པ་ཉེ་བར་འཇོག་པར་བྱེད་ཅིང་དེ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ཡོངས་སུ་མི་སྤོང་བའི་སྦྱོར་བས་འཛིན་པར་བྱེད་པས་ན་དྲན་པ་ཆེན་པོ་འཆང་བའོ། །དེ་ཁོ་ན་བཞིན་གྱི་དབྱེ་བ་མེད་པའི་ཕྱིར། སངས་རྒྱས་ཀུན་གྱི་རང་བཞིན་འཆང་བའོ། །གཟུགས་དང༌། ཁ་དོག་དང༌། གཟི་མདངས་དང༌། མཛེས་པ་ལ་སོགས་པས་གདུལ་བྱའི་སེམས་ཅན་རྣམས་ཀྱི་དྲེགས་པ་བསལ་བའི་ཕྱིར། གཟུགས་ཐམས་ཅད་ལས་ལྷག་པའི་སྤྲུལ་པའི་སྐུའི་འོད་ཟེར་རྣམས་ཀྱིས་མིག་ཏུ་མཛེས་པ་སྟོན་པར་བྱེད་པ་ནི། ལུས་མེད་ཞེས་པ་ལ་སོགས་པ་སྟེ། ལུས་མེད་ནི་ཡིད་སྲུབ་པོ། །དེའི་ལུས་ལས་ཀྱང་གཙོ་བོར་གྱུར་པས་ན་ལུས་ཀྱི་མཆོག་སྟེ། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག་གོ །སྤྲུལ་པ་མཐའ་ཡས་པའི་ཕྱིར་སྐུ་ནི་བྱེ་བ་རྣམ་པར་འགྱེད་པའོ། །ཡང་ན་འདི་ཆོས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་ལུས་མེད་ལུས་ཏེ་ཆ་ཤས་མེད་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་རང་


DTG064_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡིན་པའི་ཕྱིར་སྐུ་ཡི་མཆོག་གོ །སྤྲུལ་པ་མཐའ་ཡས་པའི་འོད་ཟེར་འགྱེད་པའི་ཕྱིར་སྐུ་ནི་བྱེ་བ་རྣམ་པར་འགྱེད་པའོ། །དེའི་ཕྱིར་གསུངས་པ། གཟུགས་རྣམས་མ་ལུས་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་སྣ་ཚོགས་པའི་གཟུགས་རྣམ་པ་ཐམས་ཅད་པ་ནི་གཟུགས་རྣམས་མ་ལུས་པའོ། །དེ་ཀུན་དུ་སྟོན་པའི་ངང་ཚུལ་གང་ཡིན་པ་དེ་ནི། གཟུགས་རྣམས་མ་ལུས་ཀུན་དུ་སྟོན་པའོ། །དཀོན་མཆོག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བ་རྣམས་སོ། །ཏོག་ནི་མཚན་མ་སྟེ་དཀོན་མཆོག་གི་ཏོག་ཉིད་རིན་ཆེན་ཏོག་སྟེ་འཇམ་དཔལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལས་བྱུང་བའི་ཕྱིར་དཀོན་མཆོག་གསུམ་སྟེ། དེ་ལྟར་ཡང་རྒྱལ་བའི་ཡུམ་ལས་གསུངས་པ། བྱང་ཆུབ་སེམས་དཔའི་ལམ་ལས་སངས་རྒྱས་དཀོན་མཆོག་བྱུང་ངོ་འབྱུང་བར་འགྱུར་རོ། །ཆོས་དཀོན་མཆོག་བྱུང་ངོ་འབྱུང་བར་འགྱུར་རོ། །དགེ་འདུན་དཀོན་མཆོག་བྱུང་ངོ་འབྱུང་བར་འགྱུར་རོ་ཞེས་རྒྱ་ཆེར་གསུངས་སོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་བའི་ཕྱིར་ནོར་བུ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དགའ་བ་ཆེན་པོའི་རྒྱུར་གྱུར་པའི་ཕྱིར་རིན་པོ་ཆེ་ཆེན་པོ་དཔལ་རྡོ་རྗེ་འཆང་བའོ། །དེ་ཉིད་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གཟུགས་ཀྱི་སྐུའི་བདག་ཉིད་དུ་རྟོགས་པར་བྱ་བ་ཡིན་པའི་ཕྱིར། སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །ཞེས་བའོ། །དེན་ཡིད་ཆོས་ཀྱི་སྐུའི་བདག་ཉིད་ཀྱིས་སངས་རྒྱས་བྱང་ཆུབ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བླ་ན་མེད་པ་སྟེ། འདི་ལས་མཆོག་གཞན་ཡོད་པ་མ་ཡིན་པའི་ཕྱིར་ཞེས་སྦྱར་རོ། །དེ་ཉིད་ཇི་ལྟ་བུ་ཞེ་ན་གསུངས་པ། ཡི་གེ་མེད་ཅེས་པ་སྟེ། ཡི་གེ་ཡོད་པ་མ་ཡིན་པས་ན་ཡི་གེ་མེད་པ་སྟེ། དེ་བཞིན་ཉིད་ཀྱི་བདག་ཉིད་དོ། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །སངས་རྒྱས་གནས་ནི་དེ་བཞིན་ཉིད། །ཅེས་གསུངས་པའི་ཕྱིར་ཡི་གེ་དང་བྲལ་ཞིང་ཡི་གེ་མེད་པ་ནི་དེ་བཞིན་ཉིད་དོ་ཞེས་པའི་དོན་ཏོ། །དེ་ཡང་དེ་བཞིན་ཉིད་ལ་དངོས་པོའི་རང་བཞིན་དུ་མངོན་པར་ཞེན་པ་བཟློག་


DTG064_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རྒྱལ་བའི་ཡུམ་ལས་གསུངས་སོ། །དེ་ཡང་དེ་བཞིན་ཉིད་དང་དེ་བཞིན་ཉིད་མ་ཡིན་པ་ཞེས་པ་འདི་དག་གིས་ཟབ་པ་དང་རྒྱ་ཆེ་བའི་གཟུགས་ཅན་སྟོང་པ་དང་མི་སྟོང་པ་མ་ཡིན་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བཅོམ་ལྡན་འདས་རྗེ་བཙུན་འཇམ་དཔལ་བཤད་པའོ། །དེ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་གསང་སྔགས་སྐྱེ་གནས་ཏེ། གསང་སྔགས་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་བསྐྱེད་པའི་ཕྱིར་རོ། །ཐམས་ཅད་དུ་འགྲོ་བའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་རྒྱུ་ཆེན་པོ་ཉིད་དེ། སྙིང་རྗེ་ཆེན་པོས་སེམས་ཅན་མ་ལུས་པ་ལ་སངས་རྒྱས་ཀྱི་རྒྱུ་བསྐྱེད་པའི་ཕྱིར་ཆེན་པོ་ཡང་ཡིན་ལ་གསང་སྔགས་ཀྱང་ཡིན་ཏེ། དེ་རྣམས་ནི་རྣམ་པར་སྣང་མཛད་དང་འོད་དཔག་མེད་དང་མི་བསྐྱོད་པའི་རང་བཞིན་དེ་བཞིན་གཤེགས་པ་དང་པདྨ་དང་རྡོ་རྗེའི་རིགས་རྣམས་སོ། །གསང་སྔགས་ཐམས་ཅད་ཀྱི་རིགས་ཡང་དག་པར་བསྡུས་པར་གྱུར་པ་ནི་གསང་སྔགས་ཆེན་པོའི་རིགས་ཏེ་དེ་རྣམ་པ་གསུམ་སྟེ། གང་གི་ཕྱིར་གསང་སྔགས་ཀྱི་རིགས་གསུམ་ཡིན་པའོ། །མན་ན་ཡིད། ཏྲཱ་ཎ་ན་སྐྱོབ་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་སངས་རྒྱས་ཉིད་ཁོ་ན་གསང་སྔགས་དོན་ཀུན་ནོ། །དེ་རང་དང་གཞན་གྱི་རྒྱུད་ལ་སྐྱེད་བར་བྱེད་པའི་ཕྱིར། གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ནི་ཐམས་ཅད་འགྲོ་ཞིང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཐམས་ཅད་སྟོང་བ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཆོས་ཀྱི་སྐུའི་ངོ་བོ་ཉིད་དེ། ཡེ་ཤེས་ཆེན་པོ་ཞེས་བའི་དོན་ཏོ། །ཡི་གེ་དང་བརྡ་ཐམས་ཅད་དང་བྲལ་བའི་ཕྱིར་ཡི་གེ་མེད་པའོ། །དེ་བཞིན་དུ་ཨ་ར་པ་ཙ་ན་ཞེས་པའི་ཡི་གེ་ལྔའི་སྔགས་ཀྱི་དོན་གྱི་རང་བཞིན་ཡིན་བའི་ཕྱིར་ཡི་གེ་ལྔ་སྟེ། ཡི་གེ་ལྔ་བོ་རྣམས་ཀྱི་དོན་ཀྱང་དེའི་བདག་ཉིད་ཀྱིས་འདི་ལ་ཡོད་པས་ཞེས་སྦྱར་རོ། །ཡི་གེ་ལྔའི་སྔགས་ཀྱི་དོན་ཉིད་གསུངས་བ། སྟོང་བ་ཆེན་བོ་ཞེས་བ་སྟེ། དེ་ཡང་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཞེས་པ་ཨ་ཡིག་གི་དོན་ཏོ། །དེ་ཉིད་འདོད་ཆགས་ལ་སོགས་པའི་རྡུལ་དང་བྲལ་བའི་ཕྱིར་ཞེས་པ་རེ་ཕའི་དོན་ཏོ། །འདི་ཉིད་དོན་དམ་པའོ་ཞེས་པ་བ་ཡིག་གི་དོན་ཏོ། །


DTG064_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་སོག་པ་དང་མི་སོག་པ་དང་བྲལ་བའི་ཕྱིར་ཞེས་པ་ཙ་ཡིག་གི་དོན་ཏོ། །དེའི་ཕྱིར་རང་བཞིན་མེད་པ་ཞེས་བ་ན་ཡིག་གི་དོན་ཏོ། །དེའི་ཕྱིར་རྡུལ་ཕྲན་བརྒྱ་སྟོང་གི་ཆ་ཤས་ཆུང་ངུ་དེ་ཡང་བརྟགས་ན་ཆ་ཤས་ཀྱིས་སྟོད་པའི་ཕྱིར་ཐིག་ལེ་སྟོང་པའོ། །གང་གི་ཕྱིར་འདིའི་ཁམས་ཆ་ཤས་དང་བྲལ་བ་སྟེ། ཆ་ཤས་ཕྲ་མོའི་ཐིག་ལེ་ཞེས་པ་ངེས་པའི་ཚིག་གོ །ཕྱག་རྒྱ་ཆེན་པོ་རྟེན་པར་བྱེད་ཅིང་དམ་ཚིག་ལས་བསླང་བ་དང༌། བདག་སྲུང་བ་ལ་སོགས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱེད་པ་དང༌། དམ་ཚིག་ཉམས་པ་ལ་སོགས་པའི་བུ་ག་སེལ་བ་ན་ཡི་གེ་བརྒྱ་པའི་སྔགས་ཀྱི་གཟུངས་ཉིད་ཀྱི་ཕྱིར་ཡི་གེ་བརྒྱ་པ་ནི་བཅོམ་ལྡན་འདས་སོ། །ཡི་གེ་བརྒྱ་པའི་སྔགས་ཀྱང༌། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་པོ་ཥྲྱོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦྦ་སིདྡྷི་མྨེ་པྲ་ཡཙྪ། སརྦྦ་ཀརྨེ་ཥུ་ཙ་མེ་ཙི་ཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ་བྷ་ག་བཱན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ་ཞེས་པའོ། །ཡེ་ཤེས་ཀྱི་དངོས་པོའི་རྣམ་པ་ནི་ཨ་ཡིག་གོ །སྙིང་རྗེ་ཆེན་པོས་སྣ་ཚོགས་པའི་སྤྲུལ་པའི་འཁོར་ལོ་སྤྲོ་བའི་བདག་ཉིད་ཀྱིས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱིར་རྣམ་པ་ཀུན་ལྡན་ནོ། །སྣ་ཚོགས་པའི་གཟུགས་ཅན་ཉིད་ཀྱི་ཕྱིར་གང་ལ་རྣམ་པ་ཐམས་ཅད་ལྡན་པ་དེ་ཞེས་སྦྱར་རོ། །དོན་དམ་པར་ནི་རྣམ་པ་ཐམས་ཅད་ཀྱི་བདག་ཆགས་དམིགས་པ་ཙམ་གྱིས་དགོས་པ་དང་བྲལ་བ་རྣམ་པར་རྟོག་པ་མེད་ཅིང་སོ་སོ་རང་རིག་པའི་ཆོས་ཀྱི་སྐུ་ཤིན་ཏུ་སེམས་པ་མེད་པའི་ཕྱིར་རྣམ་པ་མེད་པ་སྟེ། རྣམ་པ་ཀུན་ལྡན་ཡང་འདི་ཡིན་ལ་རྣམ་པ་མེད་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ་ཀུན་རྫོབ་ཏུའོ་།དོན་དམ་པར་ནི་རྟོག་པ་མཐའ་དག་གི་གནས་ཀྱི་བདག་ཉིད་མེད་དོ། །ཅིའི་ཕྱིར་རྣམ་པ་དང་བཅས་བ་དང་རྣམ་པ་མེད་པ་མི་འགལ་ཞན། སྔགས་ཀྱི་སྐུ་ཉིད་ཀྱིས་ཀྱང་ཡང་དག་པར་བརྗོད་པ་གསུངས་པ། བཅུ་དྲུག་ཅེས་བ་ལ་སོགས་པ་སྟེ། བཅུ་དྲུག་ཕྱེད་པའི་ཆ་ཤས་གང་ཡིན་པ་དེ་ནི་བཅུ་དྲུག་ཕྱེད་པ་སྟེ། ཆ་བཅུ་དྲུག་པའི་ཟླ་བ་ཞེས་པའི་དོན་ཏོ། །དེའི་ཕྱེད་ཀྱི་ཕྱེད་ཀྱི་ཟླ་བ་དེ་ལ་གནས་པའི་ཐིག་ལེ་


DTG064_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ད་དང་ལྷན་ཅིག་པའི་ཡེ་ཤེས་ཀྱི་ཐིག་ལེ་དེ་འཛིན་པར་མཛད་པས་ན་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བའོ། །སྔགས་ཀྱི་ཚུལ་ལ་ནི་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ནི་ཡེ་ཤེས་ཀྱི་ཐིག་ལེ་བཞི་རྣམས་སོ། །དེ་དེའི་བདག་ཉིད་དུ་འཛིན་པར་བྱེད་པས་དེ་ལྟར་རྣམ་པར་བཤད་དོ། །མཆོག་ལས་ཀྱང་མཆོག་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་ཚུལ་གྱི་ཆའོ། །དོན་དམ་པར་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཆ་མེད་པ་སྟེ་ཆ་མེད་པ་མ་ཡིན་པའོ། །དེ་ཉིད་ངག་དང་ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཆ་ཤས་སུ་བརྩི་བར་མི་ནུས་པའི་ཕྱིར་ཆ་ལས་འདས་པའོ། །འདི་ཉིད་ཇི་ལྟ་བུ་ཞེ་ན་གསུངས་པ། བསམ་གཏན་བཞི་པའི་ཞེས་པ་ལ་སོགས་པ་སྟེ། བསམ་གཏན་བཞི་པའི་རྩེ་མོ་ནི་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བ་རབ་ཀྱི་མཐར་ཐུག་པ་སྟེ། དེ་ལ་གནས་པ་ཉིད་ཀྱིས་དེའི་རང་བཞིན་འཛིན་པར་མཛད་པའི་ཕྱིར་བསམ་གཏན་བཞི་པའི་རྩེ་མོ་འཆང་ངོ༌། །དེ་ལྟ་ན་ཡང་ཡིད་བཞིན་གྱི་ནོར་བུ་བཞིན་དུ་རྣམ་པར་རྟོག་པ་མེད་པར་རང་གི་ངང་གིས་འཇུག་བས་སེམས་ཅན་ཐམས་ཅད་ཀྱི་དོན་འབྱུང་བ་རྒྱུན་མི་འཆད་པ་ཉིད་ཀྱིས་བསམ་གཏན་གྱི་ཡན་ལག་རྣམས་དང་རྣམ་པར་དབྱེ་བ་མན་ངག་བཞིན་སྟོན་པར་བྱེད་པ་ནི་བསམ་གཏན་ཡན་ལག་ཅེས་པ་ལ་སོགས་པ་སྟེ། བསམ་གཏན་བཞིའི་ཡན་ལག་རྣམས་སོ། །དེ་རྣམས་ཀྱང་རྟོག་པ་དང་དཔྱོད་པ་ལ་སོགས་པ་རྣམ་པ་བཅོ་བརྒྱད་དེ། ཇི་སྐད་དུ་ཆོས་མངོན་པ་མཛོད་ལས། དང་པོ་ལ་ལྔ་རྟོག་དཔྱོད་དང༌། དགའ་དང་བདེ་དང་ཏིང་ངེ་འཛིན། །གཉིས་པ་ལ་ལྔ་ཡན་ལག་བཞི། །རབ་དད་དང་ནི་དགའ་ལ་སོགས། །གསུམ་པ་ལ་ལྔ་བཏང་སྙོམས་དང༌། །དྲན་དང་ཤེས་བཞིན་བདེ་དང་གནས། །མཐའ་ནི་བཞི་དྲན་བཏང་སྙོམས་དང༌། །བདེ་མིན་སྡུག་མིན་ཏིང་འཛིན་རྣམས། །ཞེས་སོ། །དེ་སྟོན་ཅིང་མངོན་པར་ཤེས་པས་ན་བསམ་གཏན་ཡན་ལག་ཀུན་ཤེས་པའོ། །དེ་འབའ་ཞིག་ཏུ་ཟད་དམ་ཞེ་ན་གསུངས་པ། ཏིང་འཛིན་རིགས་དང་ཞེས་པ་ལ་སོགས་པ་སྟེ། ཏིང་ངེ་འཛིན་རྣམས་ནི་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་རིགས་ནི་རྩ་བའོ། །ཏིང་ངེ་འཛིན་གྱི་རྒྱུད་ནི་རྒྱུའོ། །ཏིང་ངེ་འཛིན་རྣམས་ཕན་ཚུན་


DTG064_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བའི་ངོ་བོ་ནི་ཏིང་ངེ་འཛིན་རྣམས་ཀྱི་རིགས་དང་རྒྱུད་དེ། དེ་རིག་པས་ན་ཏིང་འཛིན་རིགས་དང་རྒྱུད་རིག་པའོ། །ཡང་ན་ཏིང་ངེ་འཛིན་གྱི་རིགས་ནི་ཏིང་ངེ་འཛིན་ཀ་དམ་པ་ཀའོ། །དེ་ལས་བྱུང་ཞིང་གནས་པས་རྒྱུད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་ཡེ་ཤེས་སོ། །དེ་རིག་པས་ན་དེ་ལྟར་བཤད་དོ། །དེ་ཡང་དེ་ཉིད་ཏིང་ངེ་འཛིན་གྱི་ངོ་བོ་ཞེས་གསུངས་པ། ཏིང་ངེ་འཛིན་ཞེས་པ་ལ་སོགས་པ་སྟེ། ཏིང་ངེ་འཛིན་ཉིད་ཡིད་ཀྱི་རང་བཞིན་གྱི་སྐུ་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་གྱི་སྐུའོ། །སྐུ་དེ་ཉིད་ཐོགས་པ་མེད་པར་འགྲོ་བའི་དོན་ནུས་པས་མཆོག་སྟེ་གཙོ་བོར་གྱུར་པས་ན། སྐུ་ཡི་མཆོག་སྟེ་ཏིང་ངེ་འཛིན་གྱི་སྐུ་ཡང་འདི་ཡིན་ལ་མཆོག་ཀྱང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་ན་ཏིང་ངེ་འཛིན་གྱི་སྐུ་ནི་ཏིང་ངེ་འཛིན་གྱི་ཚོགས་ཏེ་དཀྱིལ་འཁོར་བ་ཐམས་ཅད་ཀྱི་རང་བཞིན་ནོ། །ཏིང་ངེ་འཛིན་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཉིད་ཏིང་ངེ་འཛིན་གྱི་སྐུར་བརྗོད་དོ། །དེ་ཡང་འདི་ཡིན་ལ་སྐུའི་མཆོག་ཀྱང་ཡིན་པས་ཞེས་སྔ་མ་བཞིན་བསྡུ་བ་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ཉིད་གསུངས་པ། ལོངས་སྤྱོད་རྫོགས་སྐུ་ཞེས་པ་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་འབར་བ་དེ་ས་མཛེས་པར་གྱུར་པས་ན་ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་ལོ། །སྤྲུལ་པའི་སྐུ་ཉིད་ཀྱང་གསུངས་པ། སྤྲུལ་པའི་ཞེས་པ་ལ་སོགས་པ་སྟེ། འདིར་ཡང་སྒྲ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་རྒྱས་ཞེས་པ་ལ་སོགས་པ་སྟེ། སངས་རྒྱས་རྣམས་ནི་རྡོ་རྗེ་འཆང་ལ་སོགས་པ་རྣམས་སོ། །སྤྲུལ་པའི་རྒྱུད་ནི་སྤྲུལ་པ་ཕན་ཚུན་ཏེ་དེ་འཛིན་པར་མཛད་བས་ན་སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བའོ། །ཅིག་ཅར་འཇིག་རྟེན་གྱི་མཐའ་ཀླས་པར་མཐའ་ཡས་པའི་སྤྲུལ་པས་འགྲོ་བའི་དོན་སྒྲུབ་པའི་བདག་ཉིད་ཆེན་པོ་གསུངས་པ། ཕྱོགས་བཅུ་ཞེས་པ་ལ་སོགས་པ་སྟེ། ཕྱོགས་བཅུར་རྣམས་སུ་སྣ་ཚོགས་ཤིང་རྣ་པ་ཐ་དད་པའི་སྤྲུལ་པ་གང་ཡི་པ་དེ་ནི་ཕྱོགས་བཅུར་སྣ་ཚོགས་འགྱེད་པའོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཇི་བཞིན་འགྲོ་བའི་དོན་བྱེད་པའོ། །འདི་ཉིད་སྟོན་པར་བྱེད་པ་ནི། ལྷ་དང་ཞེས་


DTG064_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་སྟེ། ལ་ལར་ནི་ལྷ་རྣམས་སུའོ། །ལ་ལར་ནི་ལྷའི་ལྷའོ། །ལ་ལར་ནི་ལྷའི་དབང་པོ་བརྒྱ་བྱིན་ནོ། །གཞན་དག་ཏུ་ནི་ལྷའི་དབང་པོ་དགའ་ལྡན་གྱི་བདག་པོའོ། །ལྷ་མིན་བདག་ནི་ཐགས་བཟངས་རིས་ལ་སོགས་པའོ། །འཆི་མེད་དབང་པོ་ནི་འདིར་ལྷའི་རྒྱལ་པོ་རབ་མཐའ་བྲལ་ལོ། །ལྷའི་བླ་མ་ནི་ཕུར་བུའོ། །རབ་འཇོམས་ནི་དྲག་པོའི་ཚོགས་རྣམས་སོ། །རབ་འཇོམས་དབང་ཕྱུག་ནི་དྲག་བའོ། །དེ་དག་ལ་སོགས་པ་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་སྟེ། དེ་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ལས་རྒྱ་ཆེར་གསུངས་སོ། །དེ་ལྟར་ཐམས་ཅད་ཀྱི་དོན་མཛད་པས་བྲེལ་ཡང་འཁོར་བའི་གནས་ཀྱི་ཉེས་པ་མི་མངའ་བའི་ཕྱིར་སྲིད་པའི་དགོན་པ་ལས་བརྒལ་བའོ། །སྟོན་པ་གཅིག་པུ་ལ་སོགས་པ་གོ་སླའོ། །ཤེས་རབ་ཁོ་ན་རལ་གྲི་དང་མདའ་གཞུ་གང་གི་ཡིན་པ་དེ་དེ་ལྟར་བཤད་དོ། །དེའི་འབྲས་བུ་གསུངས་པ། ཉོན་མོངས་བ་ཞེས་པ་ལ་སོགས་པ་སྟེ། ཉོན་མོངས་པའི་དཔུང་གི་ཚོགས་གནོད་པ་དུ་མ་དག་གིས་ཡོངས་སུ་བསྐོར་བའི་མི་ཤེས་པའི་རྒྱལ་པོ་ནི་གཡུལ་པོ་སྟེ། དེ་བཅོམ་ཞིང་རྣམ་པ་ཐམས་ཅད་དུ་སྣང་བར་མཛད་པས་ན། ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་གཞན་ཕྱི་རོལ་གྱི་བདུད་རྣམས་དགྲར་གྱུར་པས་སམ་བདུད་ཀྱི་དགྲ་ཡིན་པས་ན་བདུད་དགྲ་སྟེ། རྣམ་པ་ཐམས་ཅད་དུ་རྒྱལ་བར་གྱུར་པ་གསུངས་པ། བདུད་དགྲ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །དེའི་ཕྱིར་བདུད་ཀྱི་སྡེ་ལས་རྣམ་པར་རྒྱལ་ཏེ་བླ་ན་མེད་པའི་སངས་རྒྱས་བརྙེས་པས་ན་རྫོགས་པའི་སངས་རྒྱས་སོ། །དེ་ཉིད་འཇིག་རྟེན་གྱི་འདྲེན་པ་ཡིན་པས་འདྲེན་པ་ཉིད་དེ། དེ་ནི་མི་དང་ལྷའི་འགྲོ་བ་རྣམས་ཀྱི་ཕྱག་བྱར་འོས་པ་སྟེ། ཤིན་ཏུ་ཕུལ་དུ་བྱུང་བའི་བཅོམ་ལྡན་འདས་ཏེ་གོ་སླའོ། །དེ་ལྟར་རྫོགས་པའི་སངས་རྒྱས་འགྲོ་བའི་བླ་མ་སེམས་ཅན་གྱི་དོན་གྱི་ཕྱིར་ཐོག་མ་མེད་པར་གཤེགས་པ་ཉིད་སྟོན་པར་བྱེད་པ་ནི། འཇིག་རྟེན་གསུམ་པོ་ཞེས་པ་ལ་སོགས་པ་སྟེ། སྐད་ཅིག་མ་གཅིག་ཁོ་ནའི་གོམ་པས་བགྲོད་པ་གང་ཡིན་པ་ནི་གོམ་གཅིག་བགྲོད་དེ། འཇིག་རྟེན་གསུམ་གོམ་


DTG064_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཅིག་གིས་བགྲོད་པ་གང་ཡིན་པ་དེ་དེ་བཞིན་ནོ། །དེའི་ཕྱིར་ནམ་མཁའ་ལྟར་མཐར་ཐུག་པ་མེད་བར་རྣམ་པར་གནོན་པ་གང་ཡིན་བ་དེ་ནི་མཁའ་ལྟར་མཐའ་མེད་རྣམ་བར་གནོན་བའོ། །གསུམ་རིག་ཅེས་བ་ནི་ལྷའི་མིག་གི་ཡེ་ཤེས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་ཡེ་ཤེས་དང། ཟག་པ་ཟད་པའི་ཡེ་ཤེས་ཞེས་པ་རྣམས་སོ། །གསུམ་རིག་པ་གང་ཡིན་པ་དེ་ནི་གསུམ་རིགས་ཏེ། གསུམ་རིག་པ་ཁོ་ན་གསུམ་རིག་པ་ཡིན་པས་རང་གི་དོན་ལ་དེ་ཕན་གྱི་རྐྱེན་སྦྱར་བའོ། །གཞན་དག་ནི་ལྷག་པའི་སེམས་དང༌། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་ཤེས་རབ་སྟེ་གསུམ་རིག་པ་དེ་དང་ལྡན་པའི་ཕྱིར་གསུམ་རིག་པའོ་ཞེས་ཟེར་རོ། །ངེས་བརྗོད་དང་མཆོད་སྦྱིན་དང་སྙན་ཚིག་གི་རིག་བྱེད་གསུམ་རིག་ཅིང་ཡོངས་སུ་ཤེས་པས་ན་འཇིག་རྟེན་པའི་གསུམ་རིག་པ་ཡང་བཅོམ་ལྡན་འདས་ཉིད་དོ། །ཐོས་པ་དང་དྲན་པ་དང་རྣམ་པར་མི་འཚེ་བ་སྟེ་གཙང་མའི་སྤྱོད་པ་དང་ལྡན་པའི་ཕྱིར་འཇིག་རྟེན་པའི་གཙང་མའོ། །དེ་ཉིད་བདག་དང་བདག་གི་མངོན་པར་ཞེན་པའི་བག་ཆགས་མ་ལུས་བ་སྟེ། ཆོས་ཐམས་ཅད་བདག་མེད་པའི་ཆུའི་ཚོགས་ཀྱིས་བཀྲུས་པ་ན་འཇིག་རྟེན་འདས་པའི་ཡང་གཙང་གནས་འདི་ཉིད་ཁོ་ནའོ། །དེའི་ཕྱིར་དག་པ་སྟེ་སྐྱོན་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ལྷའི་མིག་དང༌། ལྷའི་རྣ་བ་དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་བའི་ཤེས་པ་དང༌། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང༌། ཟག་པ་ཟད་བ་ཤེས་བ་ཞེས་བྱ་བ་རྣམས་ཏེ་མངོན་པར་ཤེས་པ་དྲུག་གང་ལ་ཡོད་པ་དེ་ནི་མངོན་ཤེས་དྲུག་ལྡན་ནོ། །སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། ལྷའི་ཡུལ་རྣམས་ཏེ་རྗེས་སུ་དྲན་པ་དྲུག་གང་ཡིན་པ་དེ་ནི་རྗེས་དྲན་དྲུག་གོ །བྱང་ཆུབ་ཏུ་བདག་ཉིད་སེམས་པས་ན་བྱང་ཆུབ་སེམས་པའོ། །ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བས་ཐུགས་སུ་ཆུད་ནས་མངོན་པར་རྫོགས་པར་བྱང་ཆུབ་སྟེ་སེམས་ཅན་གྱི་ཕུང་པོ་ཆེན་པོའི་དོན་མཛད་པའི་ཕྱིར་སེམས་དཔའ་ཆེན་བོའོ། །དེ་ཉིད་འཇིག་རྟེན་ལས་འདས་བ་སྟེ། འཇིག་རྟེན་ལས་བླ་མར་གྱུར་བའི་ཡེ་ཤེས་ལས་བྱུང་བའི་ཕྱིར་རོ། །དེ་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་གྱི་ཡུལ་


DTG064_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བརྙེས་པའི་ཕྱིར་རྫུ་འཕྲུལ་ཆེན་པོའོ། །ཐོས་བ་དང་བསམ་པ་དང་བསྒོམ་བའི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པ་བརྙེས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའོ། །དེ་ཉིད་ཀྱི་ཕྱིར་གསུངས་པའོ། ཤེས་རབ་ཅེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་དེ་ཁོ་ན་ཉིད་ནི་ཤིན་ཏུ་དྲི་མ་མེད་པའི་དེ་བཞིན་ཉིད་དོ། །དེ་ཉིད་ཀྱི་རང་བཞིན་ཡང་དེ་ཁོ་ན་ཉིད་དེ་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ་དེ་བརྙེས་པའི་ཕྱིར། ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །ཅེས་སོ། །སྤྱི་ལས་སྤྱི་ཁས་བླངས་པའི་ཕྱིར་དངོས་པོའི་རྐྱེན་ལས་ཀྱང་དངོས་པོའི་རྐྱེན་ལ་འགལ་བ་མེད་དོ། །རང་གི་རྒྱུད་དང་ཐ་མི་དད་པའི་སོ་སོ་རང་རིག་པའི་ཆོས་ཉིད་ཡོངས་སུ་ཤེས་པའི་ཕྱིར་བདག་རིག་གོ །སྒྱུ་མ་ལྟ་བུའི་རང་གི་སེམས་དང་ཐ་མི་དད་པ་ཉིད་ཀྱིས་གཞན་རྣམས་ལ་གོ་བར་བྱེད་པས་ན་གཞན་རིག་གོ །དེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སྣ་ཚོགས་གཟུགས་ཅན་ཉིད་ཀྱིས་དེ་ལྟ་དེ་ལྟར་སྣང་བའི་ཕྱིར། དེ་ཉིད་ཐམས་ཅད་པ་སྟེ་སྣ་ཚོགས་གཟུགས་ཅན་ཡིན་པའི་ཕྱིར་རྡོ་རྗེ་འཆང་བ་ཞེས་པའི་དོན་ཏོ། །སརྦྦ་ཞེས་ཀློག་པ་ནི་རང་གི་དོན་ཅན་གྱི་ཨཎ་རྐྱེན་དུ་བྱིན་པའོ། །སེམས་ཅན་ཐམས་ཅད་ལ་མཐའ་གཅིག་ཏུ་ཕན་པའི་ཕྱིར་ཀུན་ལ་ཕན་པའོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་གཙོ་བོའི་སྐྱེས་བུ་ཉིད་ཀྱི་ཕྱིར་གང་ཟག་མཆོག་གོ །དེ་བཞི་ཉིད་ཀྱི་བདག་ཉིད་ཕྱིར་གྱིས་དེ་དང་འདྲ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་དཔེར་བྱ་ཀུན་ལས་འདས་པའོ། །དེ་ནི་ལེགས་པ་འདོད་པ་རྣམས་ཀྱིས་ཤེས་པར་བྱ་སྟེ། གཞན་མངོན་དུ་བྱ་བ་མ་ཡིན་ཞེས་པའི་དོན་ཏོ། །དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་འབྱུང་བའི་རྒྱུར་གྱུར་པས་ན་ཡེ་ཤེས་ཀྱི་བདག་པོའོ། །ཕུལ་དུ་བྱུང་བའི་ཕྱིར་མཆོག་སྟེ་རྗེ་བཙུན་འཇམ་དཔལ་ལོ། །ཆོས་ཀྱི་སྦྱིན་པ་ནི་སྦྱིན་པ་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཕྱིར་ཆོས་ཀྱི་སྦྱིན་བདག་གཙོ་བོའོ།། ཕྱག་རྒྱ་བཞི་ཞེས་པ་ལ་སོགས་པ་ལ་ཕྱག་རྒྱ་བཞི་ནི། ཕྱག་རྒྱ་ཆེན་པོ་དང༌། དམ་ཚིག་གི་ཕྱག་རྒྱ་དང༌། ཆོས་ཀྱི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་རྣམས་སོ། །


DTG064_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཕྱག་རྒྱ་ཆེན་པོ་ནི་མཚན་དང་དཔེ་བྱད་འབར་བ་ཞལ་དང་ཕྱག་དང་མཚན་མ་ལ་སོགས་པ་དང་ལྡན་པའི་ལྷའི་གཟུགས་ཏེ་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་གི་ཕྱག་རྒྱ་ནི། སེམས་ཀྱི་རང་བཞིན་སོ་སོ་རང་རིག་པའི་ཆོས་ཀྱི་སྐུ་སྟེ་ཡང་དག་པར་རྟོགས་པའི་ཕྱིར་དམ་ཚིག་ཅེས་སྦྱར་རོ། །ཆོས་ཀྱི་ཕྱག་རྒྱ་ནི། ཆོས་དང་ལོངས་སྤྱོད་ཀྱི་སྐུའི་བྱིན་རླབས་ལས་ཆོས་ཀྱི་དེ་ཁོ་ན་ཉིད་གསལ་བར་སྟོན་པའི་སྔགས་རྣམ་པ་སྣ་ཚོགས་པའི་གསུང་གི་བདག་ཉིད་ཅན་ནོ། །ལས་ཀྱི་ཕྱག་རྒྱ་ནི། བྱ་བ་སྒྲུབ་པའི་ངོ་བོ་ཉིད་དུ་གྱུར་པས་སྤྲུལ་པའི་མཛད་པ་སྣ་ཚོགས་རྫོགས་བར་བྱེད་པ་སྤྲུལ་པའི་སྐུ་སྟེ་ཕྱག་རྒྱ་བཞི་པོ་དེ་རྣམས་ཀྱི་དོན་སྟོན་པས་ན་དེ་ལྟར་བཤད་དོ། །གང་གི་ཕྱིར་བཅོམ་ལྡན་འདས་ནི་རང་དང་གཞན་གྱི་ཡོན་ཏན་ཟབ་མོ་ཕུན་སུམ་ཚོགས་པར་བྱེད་བ་མ་ལུས་བ་འཛིན་པར་མཛད་པ་དེའི་ཕྱིར། ཉན་ཐོས་དང་རང་སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངེས་པར་འབྱུང་བའི་བགྲོད་པ་གསུམ་མོ། །དེ་ཉིད་འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག་གོ །འདིར་ཡང་དེ་ལྟ་བུའི་རྒྱུ་གསུངས་པ། དོན་དམ་བ་ཞེས་པ་ལ་སོགས་པ་སྟེ། དོན་དམ་པ་རྣམ་པར་དག་པའི་དཔལ་ནི་མི་གནས་བའི་མྱ་ངན་ལས་འདས་པ་ཉིད་དེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཕུན་སུམ་ཚོགས་བ་ཐམས་ཅད་གང་ཡིན་པ་དེ་དེ་ལྟར་བཤད་དོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་གསུམ་གྱི་སྐལ་བཟང་ཆེའོ། །འདི་དེ་ལྟར་གྱུར་པ་ཅི་ཞེ་ན། ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་པས་ན་འབྱོར་བ་ཀུན་བྱེད་པའོ། །དཔལ་དང་ལྡན་པ་གང་ཡིན་པ་དེ་ཡང་མཆོག་སྟེ་གཙོ་བོའོ། །དཔལ་ལྡན་ནི་རབ་ཏུ་བསྔགས་པའི་དོན་ལ་མ་ཏུབ་ཀྱི་རྐྱེན་སྦྱར་བའོ། །དེ་ཉིད་སུ་ཞིག་ཅེ་ན་གསུངས་པ། འཇམ་དཔལ་ཞེས་པ་སྟེ་འཇམ་པ་ནི་སྐྱེ་བོ་རྣམས་ཀྱི་ཡིད་དུ་འོངས་བའོ། །དཔལ་ནི་སེམས་ཅན་ཐམས་ཅད་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ཕུན་སུམ་ཚོགས་པ་འདི་ཡིན་པས་ན་དེ་ལྟར་བཤད་དེ། བཅོམ་ལྡན་འདས་ནི་དཔལ་བསམ་གྱིས་མི་ཁྱབ་པའོ།། །།ད་ནི་ཤཱཀྱ་ཐུབ་པས་དེ་ལྟར་བསྟོད་པ་མཛད་པའི་ཡོན་ཏན་གྱི་ཚོགས་ཐོས་ནས་ཡིད་རབ་ཏུ་དགའ་བར་གྱུར་པས་


DTG064_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཐམས་ཅད་ཀྱིས་མཚན་གྱི་དོན་ཐམས་ཅད་ཉེ་བར་བསྡུས་ཏེ། ཐམས་ཅད་དུ་མཆོད་པར་འོས་པའི་བཅོམ་ལྡན་འདས་ཀྱི་མཚན་གྱི་དོན་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྣམ་པ་ལྔས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་མཆོད་བར་བྱེད་པ་ནི། མཆོག་སྦྱིན་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། འཇིག་རྟེན་གསུམ་གྱི་གཙོ་བོ་ཡིན་པའི་ཕྱིར་མཆོག་གོ །སངས་རྒྱས་ཉིད་སྦྱིན་པར་བྱེད་པས་ན་མཆོག་སྦྱིན་ནོ། །མི་ཕྱེད་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རྡོ་རྗེའོ། །དེ་ཉིད་ཀྱི་ཕྱིར་མཆོག་སྟེ་གཙོ་བོའོ། །ཡང་དག་པ་ནི་དེ་ཁོ་ན་ཉིད་དོ། །དེའི་མཐའ་ནི་མཐར་ཐུག་པ་སྟེ། དེ་ལས་གཞན་པའི་དེ་ཁོ་ན་ཉིད་ཡོད་པ་མ་ཡིན་ཞེས་པའི་དོན་ཏོ། །ཡང་དག་མཐའ་ཞེས་པར་བོད་པའི་དོན་ལ་ཡང་ཨི་ཉིད་དོ། །བྷུ་ཏེ་མེད་པ་ནི་སྡེབ་སྦྱོར་གྱི་དབང་གིས་སོ། །དེ་ལྟ་བུ་གཞན་དུ་ཡང་ངོ༌། །སྟོང་པ་ཉིད་ལས་བྱུང་བའི་ཕྱིར་སྟོང་པ་ཉིད་སྙིང་པོའོ། །སྟོང་པ་ཉིད་ཁོ་ན་ལས་སྟོད་པའི་ཆོས་རྣམས་འབྱུང་ངོ་ཞེས་དགོངས་པའོ། །སངས་རྒྱས་བྱང་ཆུབ་ནི་དེ་ཉིད་དེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་ཕྱིར་སངས་རྒྱས་བྱང་ཆུབ་བོ། །སངས་རྒྱས་དང་བྱང་ཆུབ་ནི་དབྱེ་བ་མེད་ཀྱང་དབྱེ་བ་ཉེ་བར་བརྟགས་པས་སངས་རྒྱས་བྱང་ཆུབ་སྟེ་སངས་རྒྱས་ཀྱང་ཡིན་ལ་ཡང་དག་པའི་དོན་ཀྱང་ངོ༌། །བྱང་ཆུབ་ལ་ཆགས་པའི་སྙིང་རྗེ་ཆེན་པོས་ཆགས་པ་དང་ལྡན་པའི་ཕྱིར་སངས་རྒྱས་ཆགས་པའོ། །སངས་རྒྱས་རྣམས་ཀྱི་འདོད་པ་ནི་འགྲོ་བ་མངོན་པར་འབྱིན་པར་བཞེད་པ་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་སངས་རྒྱས་འདོད་པའོ། །ཡང་ན་སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་འདོད་པ་ཡིན་པས་ན་སངས་རྒྱས་འདོད་པའོ། །དེ་ཉིད་སངས་རྒྱས་རྣམས་ཀྱི་ཡིད་བདེ་བའི་རྒྱུར་གྱུར་པའི་ཕྱིར་སངས་རྒྱས་དགྱེས་པའོ། །སངས་རྒྱས་རྣམས་རོལ་པར་བྱེད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་སྟེ་རབ་ཏུ་རོལ་བར་མཛད་པ་ན་སངས་རྒྱས་རོལ་པའོ། །སངས་རྒྱས་རྣམས་ཀྱི་འཛུམ་པ་ནི་བཞད་པའི་རྒྱུ་ཅན་ཏེ་སེམས་ཅན་གྱི་དོན་གྱི་རྐྱེན་གྱིས་སོ། །དེ་ལྟར་བཅོམ་ལྡན་


DTG064_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱང་དེའི་རང་བཞིན་གྱི་ཕྱིར་སངས་རྒྱས་འཛུམ་པ་དང་སངས་རྒྱས་བཞད་པའོ། །དེ་ལ་འཛུམ་པ་ནི་ཆུང་ཟད་བཞད་པ་ཡིན་ལ། བཞད་པ་ནི་ཆེར་བཞད་པ་སྟེ་དེ་ནི་ཁྱད་པར་རོ། །སངས་རྒྱས་རྣམས་ཀྱི་ཆོས་སྟོན་པའི་གསུང་དེ་ལྟ་བུ་ནི་སེམས་ཅན་གྱི་དོན་གྱི་ཕྱིར་ཏེ། སངས་རྒྱས་ཀྱི་གསུང་ཉིད་བཅོམ་ལྡན་འདས་སོ། །དེ་ལྟ་བུའི་སངས་རྒྱས་རྣམས་ཀྱི་ཐུགས་ནི་སྙིང་པོ་སྟེ་སངས་རྒྱས་ཐུགས་སོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་ཉེ་བར་བརྟགས་པའི་དབྱེ་བས། སངས་རྒྱས་བྱང་ཆུབ་ལ་སོགས་པའི་སྒྲས་གསུངས་སོ། །དངོས་མེད་ནི་ཆོས་ཀྱི་དབྱིངས་སོ། །དེ་ལས་བྱུང་བའི་རང་བཞིན་ནི་དེ་ལྟ་བུ་ལས་བྱུང་བ་གང་ཡིན་པ་སྟེ་དེ་ནི་དངོས་མེད་ལས་བྱུང་པའོ། །སངས་རྒྱས་རྣམས་ཀྱི་འབྱུང་བ་ནི་སྐྱེ་བའི་གནས་ཏེ། སངས་རྒྱས་འབྱུང་བ་འདི་ནི་མཐའ་ཡས་པའི་སངས་རྒྱས་རྣམས་སྐྱེ་བའི་རྒྱུར་གྱུར་པའི་ཕྱིར་རོ། །ནམ་མཁའ་ལྟ་བུའི་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ལས་ངེས་པར་བྱུང་བས་ན་ནམ་མཁའ་ལས་བྱུང་བའོ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ལས་ཡེ་ཤེས་ཀྱི་སྐུ་འདི་ཐམས་ཅད་བྱུང་བས་ན་ཡེ་ཤེས་བྱུང་ངོ༌། །དེའི་ཕྱིར་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམས་ལས་བྱུང་བ་ཞེས་དགོངས་པའོ། །གདུལ་བྱའི་སྐྱེ་བོ་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་སྒྱུ་འཕྲུལ་དྲ་བ་ལྟ་བུའི་གཟུགས་སྣ་ཚོགས་པའི་བདག་ཉིད་ཀྱི་དངོས་པོ་ཀུན་དུ་སྟོན་པའི་ཕྱིར་སྐུ་འཕྲུལ་བ་དང་འདྲ་བ་སྒྱུར་འཕྲུལ་དྲ་བའོ། །དེའི་ཕྱིར་སྣ་ཚོགས་པའི་གཟུགས་ཅན་གྱི་སྤྲུལ་བ་ཆ་ལུགས་དང་རྒྱན་དང་གོས་དང་ཉམས་ཀྱི་རྣམ་པར་བཀོད་པ་རྣམས་པར་བཀྲ་བའི་སྐལ་བ་བཟང་པོ་རྣམས་ཀྱིས་སྤྲོས་པ་ཉེ་བར་སྟོན་པར་བྱེད་དེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང༌། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང༌། སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བ་ཡང་དག་པར་བསྟན་ནས། ཉན་ཐོས་ལ་སོགས་པའི་འཁོར་བའི་ནང་དུ་སངས་རྒྱས་ཀྱི་ཟློས་གར་བྱེད་དེ། དེ་ལྟར་གདུལ་བྱ་རྣམས་ལ་སྟོན་པར་བྱེད་པས་སངས་རྒྱས་རོལ་སྟོན་ནོ། །དེ་ཉིད་ཡང་དག་པར་ན་རྗེ་བཙུན་ཏེ། རྫོགས་པའི་བྱང་ཆུབ་ཁྱོད་ཕྱག་འཚལ། །


DTG064_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྤྲེལ་པར་བྱའོ། །ཉེ་བར་བསྡུ་བའི་སྒོ་ནས་གསུངས་པ། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཅེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་གྱི་དམ་ཚིག་སྤྲུལ་པའི་འོད་ཟེར་འཕྲོ་བར་བྱེད་པའི་རང་བཞིན་ཅན་གང་དུ་ཐམས་ཅད་དེ་སྣ་ཚོགས་པའི་སྤྲུལ་པའི་འཁོར་ལོར་གནས་པའི་དཀྱིལ་འཁོར་བ་རྣམས་དང༌། གང་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པ་དེ་ལ་ནི་ཐམས་ཅད་ཐམས་ཅད་ཅེས་བརྗོད་པར་བྱའོ། །ཐམས་ཅད་ཀྱང་ཐམས་ཅད་ཅེས་སྦྱར་ཏེ། དེ་རྣམས་ལ་ཡང་ཕྱག་འཚལ་ཞེས་པའི་དོན་ཡང་བསམ་པར་བྱའོ། །ཐམས་ཅད་ཀྱང་འདི་ཡིན་ཏེ། ཁམས་གསུམ་པ་ལས་ཐ་དད་དུ་དབྱེར་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུའི་ནུས་པས་དེ་ལྟ་དེ་ལྟར་གདུལ་བྱ་ལ་སོ་སོར་སྣང་བ་ཞེས་སོ། །དེ་ཡང་སོ་སོར་འདུད་པའི་རྣམ་པ་གསུངས་པ། ཡེ་ཤེས་སྐུ་ཁྱོད་ལ་འདུད་དོ། །ཞེས་སོ། །འདིར་ཨི་ཏིའི་སྒྲ་ནི་རྫོགས་པའི་ལ་སྟེ་གང་ཡང་ཁམས་གསུམ་པའི་ཡེ་ཤེས་ཀྱ་སྐུ་སྤྲོས་པ་མེད་པའི་རང་བཞིན་རྗེ་བཙུན་ངག་གི་དབང་ཕྱུག་གི་དམ་པར་གྱུར་པའི་ཡོན་ཏན་གྱི་མཚན་རྣམས་མཐའ་ཡས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་ཁོ་ནར་གསུངས་པའི་མཚན་རྣམས་ཤཱཀྱ་ཐུབ་པས་ཡང་དག་པར་བསྡུས་ཏེ། ཡང་དག་པར་བརྗོད་པས་ན་མཚན་ཡང་དག་པར་བརྗོད་པ་སྟེ་མཚན་ཡང་དག་པར་བརྗོད་པ་རྫོགས་སོ་ཞེས་པའི་དོན་དོ།། །།ད་ནི་འཇིག་རྟེན་ཡིད་ཆེས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་རྗེ་བཙུན་འདིའི་རྗེས་སུ་བསྔགས་པ་རྣམས་གསུངས་པ། འདི་ནི་ཞེས་པ་ལ་སོགས་པའོ། །དེ་ལ་རྐང་པ་རྣམས་ཀྱི་དོན་གང་ཡིན་པ་རྣམ་པར་དབྱེ་བར་བྱ་སྟེ། རྡོ་རྗེ་འཆང་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་འཆང་པའོ། །འདི་ནི་འདི་དག་ཅེས་པ་སྟེ། གང་དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་དང་གསུང་བར་འགྱུར་བ་གང་ཡིན་པ་དེ་ད་ལྟར་ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པས་བཤད་པ་སྟེ་མཚན་ཡང་དག་པར་བརྗོད་པ་བསྟན་ཏོ་ཞེས་པའི་དོན་ཏོ། །འདི་སུའི་མཚན་ཡང་དག་པར་བརྗོད་པ་ཡིན་ཞེ་ན།


DTG064_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ། བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་ནི་རྣམ་པར་དག་པའི་ཡེ་ཤེས་ཏེ་འདི་ནི་གཟུགས་ཀྱི་སྐུའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་ཆོས་ཀྱི་སྐུའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞེས་པ་ནི་དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་ཡེ་ཤེས་སེམས་དཔའ་མ་ལུས་པའི་རང་བཞིན་ནོ། །ཅིའི་དོན་དུ་བསྟན་པ་ཞེ་ན་གསུངས་པ། ཁྱོད་ཀྱི་ཞེས་པ་ལ་སོགས་པ་སྟེ། མ་འདྲེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཐུན་མོང་མ་ཡིན་པའོ། །དེ་ཡང་འདིས་དོན་གསལ་བར་བྱེད་དེ་ཡོངས་སུ་དག་པའི་ཕྱིར་རོ། །ཡོངས་སུ་དག་པ་དེ་ཡང་མ་འདྲེས་པའི་ཡོངས་སུ་དག་པའོ། །དགའ་བ་ནི་ཡིད་བདེ་བའོ། །དེ་ལ་ཐ་མལ་བ་ཙམ་ནི་དགའ་བའོ། །རབ་ཀྱི་མཐར་སོན་པ་ནི་དང་པའོ། །དེ་ཉིད་ཤིན་ཏུ་རྒྱས་པ་ཉིད་ཀྱིས་ལུས་ལ་སོགས་པའི་རྣམ་འགྱུར་གྱི་རྒྱུག་གྱུར་པ་ནི་མགུ་བ་ཆེན་པོའོ། ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱི་མཚན་ཉིད་དང་བྲལ་བ་ཅིག་ཅར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཉེ་བར་བགྲོད་པར་བྱེད་པ་བསམ་གྱིས་མི་ཁྱབ་པའི་གཟུགས་ནི་སྐུའི་གསང་བའོ། །ཉན་ཐོས་ལ་སོགས་པ་དང་ཐུན་མང་མ་ཡིན་པའི་ཆོས་སྟོན་པའི་གསུང་ནི་གསུང་གི་གསང་བའོ། །ཡིད་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་རབ་ཏུ་འཇུག་པ་སྔོན་དུ་འགྲོ་བས་ཆོས་ཀྱི་ལོངས་སྤྱོད་ཉམས་སུ་མྱོང་བར་བྱེད་པ་ནི་ཐུགས་ཀྱི་གསང་བའོ། །དེ་ཡོངས་སུ་དག་པ་ནི་དྲི་མ་མེད་པ་ཉིད་དོ། །རབ་ཏུ་གསལ་བར་ཞེས་པ་ནི་ཐམས་ཅད་དུ་འབྲེལ་ལོ། །བླ་ན་མེད་པའི་དོན་ནི་བླ་ན་མེད་པའི་དོན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ། །མ་ཐོབ་པ་ཞེས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །ཇི་སྲིད་ཅེས་པ་འདིས་འབྲས་བུའི་མཐར་ཐུག་པ་ཉིད་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་འདྲེན་ཅིང་ཐོབ་པར་བྱེད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཚུལ་གྱི་ཚུལ་ཏེ། དེ་ཡང་བསྟན་པའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ། །དེ་ཡང་དག་པར་གཟུང་པའི་ཕྱིར་དུའོ། །བཤད་པ་ནི་གཞུང་


DTG064_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་བསྟན་པའོ། །ཡང་དག་པར་རབ་ཏུ་གསལ་བར་བྱས་པ་ནི་གཞུང་གི་དོན་བཤད་པའོ། །བཀྲོལ་བ་ནི་རྣམ་གྲངས་གཞན་གྱིས་བརྡ་སྤྲད་པའོ། །རྣམ་པར་ཕྱེ་བ་ནི་རྣམ་གྲངས་ཀྱི་དོན་གྱི་དང་ཡུལ་གྱི་རྣམ་པར་དབྱེ་བ་ཉེ་བར་བསྟན་པའོ། །གསལ་བར་བྱས་པ་ནི་ཤིན་ཏུ་གསལ་བར་བྱས་པའོ། །གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་ཐོགས་པ་མེད་པའི་ནུས་པས་དེ་བྱིན་གྱིས་རླབས་ཀྱིས་བྱིན་གྱིས་བརླབས་སོ་ཞེས་འབྲེལ་ལོ།། །།མཚན་ཡང་དག་པར་བརྗོད་པའི་ཡོན་ཏན་གྱི་ཁྱད་པར་གཞན་ཅི་ལྟ་བུ་ཞེ་ན་གསུངས་པ། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གཞན་ཡང་ཞེས་པ་ནི་དཔག་ཏུ་མེད་པ་ཞེས་པའི་དོན་ཏོ། །ཤིན་ཏུ་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་མེད་དེ་ཤིན་ཏུ་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བ་ཉིད་དོ། །དེ་ལྟར་གྱུར་པ་གང་ཡིན་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ་དེ་ཉིད་སྐུ་ལ་སོགས་པའི་གསང་བའོ། །དེ་དག་ཀྱང་མཚན་ཡང་དག་པར་བརྗོད་པའི་རང་བཞིན་ལས་བྱུང་བའོ། །ཉན་ཐོས་ལ་སོགས་པ་དང་སངས་རྒྱས་རྣམས་ཐམས་ཅད་ཀྱི་བྱང་ཆུབ་ཡིན་པས་ན་སངས་རྒྱས་ཀྱི་བྱང་ཆུབ་པོ། །དེའི་རྒྱུ་ལ་སོགས་པ་མཚན་ཡང་དག་པར་བརྗོད་པ་འདི་ཉིད་ཡིན་པས་སངས་རྒྱས་ཀྱི་བྱང་ཆུབ་པོ། །འདི་དག་ཐོབ་པས་གང་གི་ཕྱིར་སངས་རྒྱས་ཉིད་ཀྱང་ཐོབ་པས་ནི་ཡང་མཚན་ཡང་དག་པར་བརྗོད་པའི་རང་བཞིན་གྱི་བྱང་ཆུབ་པོ། །ཅི་ལྟར་འབྲེལ་ཞེ་ན་གསུངས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཞེས་པ་སྟེ་མངོན་པར་རྟོགས་པ་ནི་ཕྱིན་ཅི་མ་ལོག་པའི་ལམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་མངོན་པར་ཉེ་བ་འདིས་མངོན་པར་འཚང་རྒྱ་བས་ན་ཞེས་སྦྱར་ཏེ། ཆོས་ཀྱི་དབྱིངས་རྟོགས་པ་ནི་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པའོ། །འདིས་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པས་ན་ཞེས་སྦྱར་ཏེ། བླ་ན་མེད་པ་ཡང་འདི་ཡིན་ལ་ཆོས་ཀྱི་དབྱིངས་རྟོགས་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ཆོས་ཀྱི་དབྱིངས་རྟོགས་པ་ཇི་ལྟ་བུ་ཞེ་ན་གསུངས་པ། བདེ་བར་གཤེགས་པ་རྣམས་ཀྱི་ཞེས་པའོ། །སྟོབས་བཅུ་རྣམས་ཀྱི་སྟོབས་དང་ལྡན་པ་ཉིད་ནི་སྟོབས་དང་ལྡན་པ་


DTG064_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ། བདུད་དང་མུ་སྟེགས་ལ་སོགས་པ་རྣམས་ཀྱིས་བརྫི་བར་མི་ནུས་པ་ཉིད་དོ། །གང་རྣམས་ཀྱི་ཞེ་ན་གསུངས་པ། སྟོབས་བཅུ་པ་ཐམས་ཅད་ཀྱི་ཞེས་པའོ། །ལུང་ནི་ལྷག་པར་རྟོགས་པའི་རང་བཞིན་གྱི་ཕྱིར་ལུང་ངོ༌། །ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་ནི་ཡང་དག་པར་སྐྱེད་པ་སྟེ། སངས་རྒྱས་ཐམས་ཅད་ཡང་དག་པར་སྒྲུབ་པའི་རྒྱུར་གྱུར་བའི་ཕྱིར་ཏེ། ཉེ་བར་དམིགས་པ་མེད་པའི་ཕྱིར་དྲི་མ་དང་བྲལ་བའོ། །རྣམ་པར་རྟོག་པའི་བག་ཆགས་དང་བྲལ་བའི་ཕྱིར་ལེགས་པ་ཤིན་ཏུ་ཡོངས་སུ་དག་པའོ། །དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའོ། །གང་རྣམས་ཀྱི་ཞེ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིའོ། །འབྱུང་བ་ནི་སྐྱེ་བའི་གནས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་པ་ནི་སྔགས་ཀྱི་སྤྱོད་པ་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དག་གོ་ཞེས་པའི་དོན་ཏོ། །མཐའ་ནི་རབ་ཀྱི་མཐར་ཕྱིན་པའོ། །བརྟག་པ་ནི་བརྟག་པར་བྱ་བའི་གནས་སོ། །འདི་སུའི་རྣམ་པར་གྲོལ་བ་ཞེ་ན། ཉན་ཐོས་ལ་སོགས་པ་རྣམས་ཀྱི་སྟེ་ངེས་པར་འབྱུང་བས་ངེས་པར་འབྱུང་བའི་ལམ་སྟེ་ལྟ་བ་ཐམས་ཅད་ལས་ངེས་པར་འབྱིན་པའི་ལམ་མོ། །རིགས་ནི་རྒྱུད་དོ། །རུས་ནི་རབ་ཏུ་གནས་པ་དང་སྣོད་དོ་ཞེས་པའི་དོན་ཏོ། །རིགས་དང་རུས་ནི་རིགས་རུས་ཏེ། དེའི་འཕེལ་བ་ཡང་མཚན་ཡང་དག་པར་བརྗོད་པ་ཉིད་དོ། །སྟོབས་ཀྱི་དཔུང་དང་སྡེ་ཞེས་པ་ལ་སྟོབས་དང་བཅས་པ་ནི་སྟོབས་དང་ལྡན་ཞེས་པའི་དོན་ཏོ། །དཔུང་ནི་དམག་ཆེན་པོའི་ཚོགས་སོ། །སྟོབས་ཀྱང་འདི་ཡིན་ལ་དཔུང་ཡང་ཡིན་པས་ན་སྟོབས་ཀྱི་དཔུང་སྟེ་དེ་དང་བཅས་པའི་སྡེ་ནི་སྟོབས་ཀྱི་དཔུང་དང༌། སྡེ་སྟེ་ཐམས་ཅད་བསྡུས་པའི་སྡེ་ཆེན་པོ་ཞེས་པའི་དོན་ཏོ། །དེ་དང་དེ་ལྟར་ལྡན་པའོ། །ཡང་དག་པར་སྡུད་པ་ནི་བསྡུ་བའི་དངོས་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་ངེས་པར་འབྱུང་བ་ཐམས་ཅད་ཉན་ཐོས་ལ་སོགས་པའི་ངེས་པར་འབྱུང་བ་རྣམས་སོ། །དེས་བགྲོད་པའི་དང་ཚུལ་ནི་ངེས་པར་འབྱུང་བས་བགྲོད་པ་རྣམས་སོ། །དེ་རྣམས་ཀྱི་འཕགས་པའི་ལམ་ཡོངས་སུ་སྨིན་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒྲུབ་པ་སྟེ་མཚན་ཡང་དག་པར་བརྗོད་པ་འདི་ཉིད་དེའི་རྒྱུར་གྱུར་


DTG064_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྒྱུར་གྱུར་པའི་ཕྱིར། ཚངས་པའི་གནས་བཞི་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་ནོ། །དེ་ཉིད་བསམ་གཏན་བཞིའི་རྒྱུར་གྱུར་པའི་ཕྱིར་བསམ་གཏན་ནོ། །རྣལ་འབྱོར་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ་མོ། །གང་ལུས་དང་དག་དང་ཡིད་མངོན་པར་བརྩོན་པ་རྣམས་ཀྱིས་ཏེ་ལུས་དང་ངག་དང་ཡིད་ཡང་དག་པ་ལ་ཞུགས་པ་རྣམས་ཀྱི་རྣལ་འབྱོར་རྫོགས་པར་བྱེད་པའོ། །ཀུན་དུ་སྦྱོར་བ་རྣམས་ཀྱི་འབྲལ་བའོ། །ཞེས་བྱ་བ་ནི་སྲིད་པ་དང་ལྷན་ཅིག་སྐྱེས་བུ་ཀུན་དུ་སྦྱོར་བར་བྱེད་པས་ན་ཀུན་དུ་སྦྱོར་བ་སྟེ་འཆིང་བ་རྣམས་ཀྱང་དེ་རྣམས་སོ། །དེ་ལྟ་བུ་དེ་རྣམས་ཀྱི་གྲངས་ནི་དགུ་སྟེ། རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་དང་ང་རྒྱལ་དང༌། མ་རིག་པ་དང༌། ལྟ་བ་དང༌། མཆོག་ཏུ་འཇིག་པ་དང༌། ཐེ་ཚོམ་དང༌། ཕྲག་དོག་དང༌། སེར་སྣ་ཞེས་བྱ་བ་རྣམས་སོ། །དེ་རྣམས་ཀྱི་གཉེན་པོར་གྱུར་པས་ན་མཚན་ཡང་དག་པར་བརྗོད་པ་འདི་ཉིད་ནི་བྲལ་བའོ། །སྒྲིབ་པ་ཐམས་ཅད་ནི་ཉོན་མོངས་པ་དང༌། ལས་དང༌། ཤེས་བྱའི་སྒྲིབ་པ་རྣམས་སོ། །ལྷག་མ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །སེམས་གཡེང་བ་ནི་འདོད་ཆགས་ལ་སོགས་པ་རྣམ་པར་རྟོག་པ་རྣམས་སོ། །དམྱལ་བ་ལ་སོགས་པ་འགྲོ་བ་གསུམ་པོ་རྣམས་སུ་འཇུག་པར་འགྱུར་བའི་ལས་ནི་ངན་སོང་གི་སྒོ་རྣམས་ཏེ་གཅོད་པ་ནི་འགེམས་པར་བྱེད་པའོ། །ཁམས་གསུམ་དུ་ཀུན་ནས་རྣམ་པར་རྒྱལ་བའི་རྒྱལ་པོའི་དགའ་སྟོན་བཞིན་དུ། ཁམས་གསུམ་པའི་འཁོར་ལོས་སྒྱུར་བ་དེ་བཞིན་གཤེགས་པས་བསྟན་པའི་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ་ཡང་འདི་ཉིད་དོ། །གནས་ནི་བྱིན་གྱི་རླབས་ཏེ། མ་ཧཱ་པཏྟ་ན་བཞིན་ནོ། །རྫུ་འཕྲུལ་ཆེན་པོའི་གནས་ཏེ་འདི་ཉིད་ཀྱང་མཚན་ཡང་དག་པར་བརྗོད་པའི་འདིའོ། །དམན་པ་དང་འབྲིང་དང་མཆོག་གི་ཐེག་པ་སྟོན་ཅིང་འཛིན་པར་གྱུར་བའི་ཕྱིར་བྱིན་གྱི་རླབས་དང་ཆོས་མཐུན་ནོ། །སྔགས་ཀྱི་སྒོའི་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །སྒོམ་པ་ལྷག་པར་རྟོགས་པ་ནི། བསྒོམས་པས་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །སྟོང་པ་ཉིད་སོ་སོར་རྟོགས་པ་ནི།


DTG064_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་བདག་མེད་པ་ཉམས་སུ་མྱོང་བའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ཚོགས་ཞེས་པ་ནི། རིན་ཆེན་པདྨའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་པ་བཅུ་གཉིས་པོ་རྣམས་ཀྱང་ཚོགས་རྫོགས་པའི་རྒྱུར་གྱུར་པས་ན་རྫོགས་པའོ། །ཡོངས་སུ་དག་པའི་རྒྱུར་གྱུར་པའི་ཕྱིར་ཡོངས་སུ་དག་པ་སྟེ་མཚན་ཡང་སུ་དག་བར་བརྗོད་པ་འདི་ཉིད་དོ། །ས་ཐམས་ཅད་ཡོངས་སུ་རྫོགས་པ་ནི་ཡོངས་སུ་གང་བའི་ཕྱིར་རོ། །སོ་སོར་རྟོག་པ་ནི་སོ་སོར་རྟོག་པ་སྟེ། ཡང་དག་པའི་འཕགས་པའི་བདེན་པ་བཞི་པོ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས་ཞེས་པའི་དོན་ཏོ། །ཉན་ཐོས་ལ་སོགས་པ་བཞིན་དུ་ཕྱིན་ཅི་ལོག་པ་ནི་མ་ཡིན་ཏེ། ཇི་ལྟར་སྡུག་བསྔལ་ལ་སོགས་པ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་དང༌། སྤང་བ་དང༌། སྒོམ་པ་དང༌། མངོན་དུ་བྱ་བ་ཞེས་བྱ་སྟེ་ཅི་ལས་ཤེ་ན། བྱང་ཆུབ་སེམས་དཔའི་དབང་དུ་བྱས་ལས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཆོས་ཐམས་ཅད་སེམས་གཅིག་སོ་སོར་རྟོག་པའོ་ཞེས་པ་ལ། དྲན་པ་ཉེ་བར་གཞག་པ་བཞི་པོ་རྣམས་ནི་ལུས་ལ་སོགས་པ་རྣམས་ཏེ། ལུས་ལ་སོགས་པའི་དྲན་པ་ཉེ་བར་གཞག་པ་བཞི་པོ་རྣམས་ཀྱིས་ཆོས་ཐམས་ཅད་སེམས་ཀྱི་སྐད་ཅིག་གཅིག་ལ་སོ་སོར་རྟོག་པས་དེ་ཡང་ངེས་པར་མཚན་ཡང་དག་པར་བརྗོད་པ་འདི་ཉིད་དེ། ཡོངས་སུ་སྨིན་པའི་གནས་སྐབས་ན་གོམས་པས་ན་རིམ་གྱིས་ནི་མ་ཡིན་པར་ཤེས་པར་བྱའོ། །མང་པོ་བརྗོད་པ་ནི་བྱ་ཞེ་ན་གསུངས་པ། ཇི་སྲིད་ཅེས་པ་ལ་སོགས་པ་སྟེ། ཇི་སྲིད་ཀྱི་སྒྲ་ནི་ཡོན་ཏན་གྱི་ཚོགས་ཐམས་ཅད་ཕྱིན་པའི་དོན་དུ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་མཚན་ཡང་དག་པར་བརྗོད་པའི་དེའོ་ཞེས་སོ། །དེ་ལྟར་ངོ་བོ་ཉིད་གསུངས་ནས་ད་ནི་འདིའི་བྱེད་པའི་སྒོ་ནས་རྗེས་སུ་སྔགས་པ་གསུངས་པ། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ལུས་དང་ངག་དང་ཡིད་ཀྱིས་ཀུན་དུ་སྤྱད་པ་ནི་ཀུན་དུ་འབྱུང་བའི་སྡིག་པ་གང་ཡིན་པ་སྟེ། དེ་རབ་ཏུ་ཞི་བར་བྱེད་པ་ཞེས་པ་ནི་རྣམ་པར་སེལ་བ་ལ་སོགས་པའི་རིམ་གྱིས་གཞི་དང་བཅས་པ་རྩ་བ་ནས་འབྱིན་པའོ། །ངན་


DTG064_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཐམས་ཅད་རྣམ་པར་སྦྱོང་བའོ་ཞེས་པ་ནི། དམྱལ་བའི་འགྲོ་བ་ལ་སོགས་པའི་ངན་སོང་གི་ལས་རྣམ་པར་སྤྱོད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་བའོ་ཞེས་པ་ནས་སེམས་ཅན་ཐམས་ཅད་ཀྱི་ཞེས་པའི་བར་འབྲེལ་ལོ། །དན་འགྲོ་ཐམས་ཅད་ཟློག་པ་ནི་ངན་འགྲོའི་རྒྱུར་གྱུར་པའི་ལས་ཟློག་པའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའོ་ཞེས་པ་ནི་ལས་ཀྱི་སྒྲིབ་པ་རྣམས་མི་དམིགས་པར་སྟོན་པའི་ཕྱིར་རོ། །མི་ཁོམ་པ་བརྒྱད་པོ་ཐམས་ཅད་ཞེས་པ་ལ་སོགས་པ་སྟེ། ངན་འགྲོ་གསུམ་དང༌། ཡུལ་མཐའ་ཁོབ་ཀྱི་སྐྱེ་བོ་དང༌། སངས་རྒྱས་མེད་པའི་སངས་རྒྱས་ཀྱི་ཞིང་དང༌། ལྷ་ཚེ་རིང་པོར་སྐྱེ་བ་དང༌། དབང་པོ་མ་ཚང་བ་དང༌། མེད་པར་ལྟ་བ་ཁས་ལེན་པའི་མཚན་ཉིད་ཅན་རྣམས་ནི་མི་ཁོམ་པ་བརྒྱད་དོ། །དེ་རྣམས་ཀྱི་རྒྱུར་གྱུར་པའི་མིག་དགེ་བ་བཅུའི་ལས་ཀྱི་ལམ་སྤོང་བ་སྟོན་པའི་ཕྱིར་མི་སྐྱེ་བར་བྱེད་པའོ། །འཕྲོག་བྱེད་དང་ལག་ལྡན་ལ་སོགས་པ་བརྒྱད་ནི་འཇིགས་པ་ཆེན་པོ་རྣམས་ཏེ། དེ་དག་གི་བཏབ་པ་རྣམས་འདི་དྲན་པ་ཙམ་གྱིས་ཉེ་བར་ཞི་བར་བྱེད་པ་ལ་སོགས་པ་ཕལ་ཆེར་ནི་རྟོགས་པར་སླའོ། །དེ་ལྟར་ན་ཡང་ཅུང་ཟད་རྣམ་པར་དབྱེ་བར་བྱ་སྟེ། མིག་གཡོན་འགུལ་བ་ལ་སོགས་པ་ནི་མཚན་མ་ངན་པའོ། །སྡུག་བསྔལ་མཚོན་པར་བྱེད་པའི་ཅེ་སྤྱང་སྒྲ་སོགས་པ་ལ་སོགས་པ་ནི་ལྷགས་ངན་པ་དང༌། དེ་ཉིད་བགེགས་ཏེ་དེ་ཉེ་བར་ཞི་བ་བྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་མངོན་དུ་བྱས་ནས་བཀླགས་པས་བདུད་དང་དགྲའི་ལས་ཐམས་ཅད་རིང་དུ་སྤོང་བར་བྱེད་པའོ། །རང་གི་སེམས་ངེས་བར་སྦྱོང་པའི་རྒྱུར་གྱུར་པའི་ཕྱིར་མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་ནི་དགེ་བའི་རྩ་བ་རྣམས་ཏེ་དེ་རྣམས་ནི་བསོད་ནམས་ཉིད་དོ། །དེ་ཉེ་བར་སོགས་པ་ནི་ཀློག་པ་དང༌། ཁ་ཏོན་ལ་སོགས་པ་དང་རྒྱས་པར་བྱེད་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་བདག་དང་བདག་གི་བ་ལ་སོགས་པར་མངོན་པར་ཞེན་པ་སྔོན་དུ་འགྲོ་བའི་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པ་སྟེ་དེ་མི་སྐྱེ་བར་བྱེད་པ་ནི། ཆོས་ཐམས་ཅད་བདག་མེད་བ་ལ་སེམས་རྩེ་གཅིག་ཏུ་གསལ་བ་ཉིད་ཀྱིས་བཀླགས་པའོ། །རིགས་དང་ནོར་དང་རིག་པ་ལ་སོགས་པ་


DTG064_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སེམས་མཐོ་བར་གྱུར་པ་ནི་རྒྱགས་པའོ། །ན་ཏི་སཱ་དབྱེ་པོ་དངོས་པོ་ལ་སེམས་མཐོ་བ་ནི་ང་རྒྱལ་ལོ། །མ་སེ་མོ་གཞན་མ་ཡིན་ཞེས་སོ། །ཁེངས་པ་ནི་དྲེགས་པའོ། །དེ་ལྟ་བུ་ལ་སོགས་པ་རྣམས་སྐྱོན་རྣམས་ཀྱི་རྩ་བ་ནི་བདག་ཏུ་འཛིན་པའོ། །འདི་རྣམས་ཐམས་ཅད་སེལ་བར་བྱེད་པ་ནི་རང་བཞིན་མེད་པར་ཁོང་དུ་ཆུད་པས་སོ། །སྡུག་བསྔལ་ནི་ལུས་ཀྱིའོ། །ཡིད་མི་བདེ་བ་ནི་སེམས་ཀྱིའོ། །སྡུག་བསྔལ་དེ་དག་མི་སྐྱེ་བར་བྱེད་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་དགའ་བའི་དགའ་སྟོན་གྱི་ཟིལ་གྱིས་གནོན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི་སྟོང་པ་ཉིད་ཡི་ཡེ་ཤེས་སོ། །དེར་གྱུར་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོའི་དོན་གྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བར་གྱུར་བ་ནི་སྐལ་བ་དང་མི་ལྡན་པའི་སེམས་ཅན་རྣམས་ལ་སྦས་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་དུ་གྱུར་པ་ནི། དེ་རྣམས་ཀྱང་མཚན་ཡང་དག་པར་བརྗོད་པའི་དོན་སྒོམ་པར་བྱེད་པའི་ཕྱིར། དེ་ལྟ་བུའི་རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་རྫོགས་པར་བྱེད་པའོ། །ཕྱག་རྒྱ་ཐམས་ཅད་ནི་སྔར་བཤད་ཟིན་ཏོ། །སྔགས་ཐམས་ཅད་ནི་སྙིང་པོ་དང་ཉེ་བའི་སྙིང་པོ་དང་ཕྲེང་བའི་སྔགས་ལ་སོགས་པ་རྣམས་སོ། །དེར་གྱུར་པ་ནི་དེའི་རང་བཞིན་ཏེ་མཚན་ཡང་དག་པར་བརྗོད་པའོ། །ཕྱག་རྒྱ་དང་སྔགས་ཐམས་ཅད་ཀྱི་དོན་མཐར་ཕྱིན་བ་རྟོགས་པའི་རྒྱུར་གྱུར་བའི་ཕྱིར། འདི་ཉིད་ཕྱག་རྒྱ་དང་སྔགས་ཐམས་ཅད་དུ་གྱུར་པའོ། །ཆོས་ཐམས་ཅད་བརྗོད་དུ་མེད་པར་སྨྲ་བར་བྱེད་པས་ན་དེ་སྨྲ་བ་རྣམས་སོ། །དེ་རྣམས་ཀྱི་དྲན་པ་ནི་ཆོས་ཉིད་ལ་དམིགས་པའི་ཤེས་རབ་རྩོལ་བ་དང་བཅས་པའོ། །དྲན་པས་གཞག་པའི་དོན་རྣམས་བསྟན་པར་བྱ་བའི་ཕྱིར་སོ་སོར་རྟོག་པར་བྱེད་པ་ནི་ཤེས་བཞིན་ཏེ་དེ་དག་ཡང་དག་པར་སྐྱེད་པའོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་ཅན་གྱི་ངེས་པར་རྟོགས་པའོ། །ཡིད་གཞུངས་པ་ནི་གཟུངས་དང་ལྡན་པའི་བློའོ། །དེ་དག་བླ་ན་མེད་པ་སྒྲུབ་པར་བྱེད་པས་ན་བླ་ན་མེད་པའི་ཤེས་རབ་དང་ཡིད་གཞུངས་པར་བྱེད་པའོ། །ལུས་དང་ངག་དང་སེམས་ལ་གནོད་པ་སེལ་བར་བྱེད་པའི་ནུས་པ་ཕུལ་


DTG064_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱུང་བ་སྐྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ནད་མེད་པ་དང་སྟོབས་སོ། །དབང་ཕྱུག་ནི་ཕྲ་བ་དང༌། ཡང་བ་དང༌། མཆོད་པར་བྱ་བ་དང༌། བདག་པོར་གྱུར་པ་དང༌། འདོད་དགུར་ལྡན་པ་དང༌། དབང་ཕྱུག་ཏུ་གྱུར་པ་དང༌། གར་ཡང་ཕྱིན་པ་དང༌། དགའ་མགུར་གནས་པ་ཞེས་པ་སྟེ་རྣམ་པ་བརྒྱད་དོ། །ཡང་ན་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མངའ་བདག་ཉིད་ནི་དབང་ཕྱུག་གོ །དེ་དག་ཕུན་སུམ་ཚོགས་པར་བྱེད་པ་ནི་རྫོགས་པར་བྱེད་པའོ། །དཔལ་དང་དགེ་བ་ཞེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་གོ ། ཞི་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལྡོག་པའོ། །ལེགས་པ་ནི་སངས་རྒྱས་ཉིད་དེ་དག་རབ་ཏུ་འཕེལ་བར་བྱེད་པའོ། །ཡེ་ཤེས་དང་སྦྱིན་པ་དག་ཕུལ་དུ་བྱུང་བས་རིམ་བ་བཞིན་དུ་སྙན་པ་དང་གྲགས་པའོ། །ཡོན་ཏན་ཐམས་ཅད་ཕུལ་དུ་ཕྱིན་པས་ཚིགས་སུ་བཅད་པའོ། །རྣམ་པ་ཐམས་ཅད་དུ་དམ་པར་གྱུར་པའི་ཡོན་ཏན་རབ་ཏུ་གསལ་བ་ནི་བསྟོད་པའོ། །ཤིན་ཏུ་དག་པ་ནི་རང་ཉིད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤིན་ཏུ་གཙང་གནས་ནི་གཞན་ཏེ་གཙང་བར་བྱེད་པ་བ་ཞེས་སྦྱར་ཏེ་གཙང་ལྡན་ནོ། །སྐྱབས་ནི་ངན་སོང་གསུམ་ལས་ཡང་དག་པར་སྲུང་བའོ། །ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་གནས་ནི་འདིར་གནས་ཏེ། དེ་ཡང་མྱ་ངན་ལས་འདས་པའོ། །གང་རྣམས་ཀྱི་ཞེ་ན་གནས་འདོད་པ་རྣམས་ཀྱིའོ། །སྐྱོབ་པ་ནི་གློ་བུར་དུ་ཐོག་འབབ་པ་ལ་སོགས་པ་ཟློག་པར་བྱེད་པ་སྟེ། རྟག་པར་ཀློག་པ་དང་ཁ་ཏོན་བྱས་པ་ལས་སོ། །དཔུང་གཉེན་ནི་མ་ཞེན་པའི་གནས་ཏེ། མྱ་ངན་ལས་འདས་པའི་ལམ་ཡིན་པའི་ཕྱིར་རོ། །དཔུང་གཉེན་མེད་པ་རྣམས་ནི་ཐར་པའི་ལམ་མ་ཐོབ་པ་རྣམས་སོ། །གླིང་དུ་གྱུར་པ་ནི་འཁོར་བའི་རྒྱུ་མཚོར་ལྷུང་བ་རྣམས་ཀྱི་ངལ་སོ་བའི་གནས་ཡིན་པའི་ཕྱིར་རོ། །གནས་མེད་པ་རྣམས་ནི་ལམ་དང་ལམ་མ་ཡིན་པ་ཡོངས་སུ་ཤེས་པ་ལ་རྨོངས་པ་རྣམས་སོ། །ལམ་ཡང་དག་པ་སྒྲུབ་པའི་རྒྱུར་གྱུར་པའི་ཕྱིར་གནས་བླ་ན་མེད་པར་གྱུར་པའོ། །ཡཱ་ན་པཱ་ཏྲཾ་བ་ཧི་ཏྲཾ། སྨན་པའི་རྒྱལ་པོ་ཆེན་པར་གྱུར་བ་ནི། ཆོས་ཐམས་ཅད་བདག་མེད་པ་རབ་ཏུ་


DTG064_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བས་ལུས་དང་ངག་དང་ཡིད་ཀྱི་དྲི་མའི་ནད་མ་ལུས་བ་སེལ་བར་བྱེད་པའི་ཕྱིར་རོ། །མུན་པ་མུན་ནག་ཆེས་མཐུག་པ་ནི་མུན་པ་ལྟ་བུར་བྱེད་པས་ན་ཞེས་སྦྱར་ཏེ། དེའི་ངོ་བོ་ནི་བདག་དང་བདག་གི་བ་ལ་སོགས་པའི་ལྟ་བ་རྣམས་ཏེ། དེ་རྣམས་ཐམས་ཅད་ནི་ལྟ་བའི་མུན་པ་མུན་ནག་རྣམས་སོ། །བསམ་པ་ཇི་ལྟ་བ་ནི་བསམ་པ་དང་རྗེས་སུ་མཐུན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གྱུར་པ་ཞེས་པ་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་འཇམ་དཔལ་གྱི་ངོ་བོ་སྟེ། ཡེ་ཤེས་ཀྱི་སྐུ་སོ་སོར་དམིགས་པར་འགྱུར་བས་ན་ཞེས་དགོངས་པའོ། །དེ་ལྟར་ཡོངས་སུ་དག་པའི་ཡེ་ཤེས་མཐོང་བས་སྤྱན་ལྔ་ཐོབ་པར་འགྱུར་རོ་ཞེས་གསུངས་པ། ཡོངས་སུ་དག་པ་ཞེས་པ་ལ་སོགས་པའོ། །ཟང་ཟིང་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་འཇིགས་པ་སྦྱིན་པ་ནི་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཀྱི་སྦྱིན་པ་ནི་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་དུ་འགྲོ་བ་སྟེ་རྒྱུར་གྱུར་པའི་ཕྱིར་སོ་སོར་མ་གསུངས་སོ། །དེ་ལྟར་ན་ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་གྱུར་པའོ། །སྦྱིན་པ་ལ་སོགས་པ་གསུམ་ནི་བསོད་ནམས་ཀྱི་ཚོགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལྔ་ནི་ཡེ་ཤེས་ཀྱི་ཚོགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་རྒྱུར་གྱུར་པའི་ཕྱིར་ཏིང་ངེ་འཛིན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་དུ་འགྲོ་བས་ན་མ་གསུངས་སོ། །འདི་རྣམས་ཡོངས་སུ་རྫོགས་པའི་ཕྱིར་ས་བཅུ་ཐོབ་པར་འགྱུར་བའོ། །དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། མཚན་ཡང་དག་པར་བརྗོད་པ་གང་ཡིན་པའོ། །ཅི་ལས་ཤེ་ན་གཞན་མ་ཡིན་པའི་ཆོས་ཉིད་ཀྱིས་ཏེ། གཞན་མ་ཡིན་པའི་དེ་བཞིན་ཉིད་ཀྱིས་སོ། །ཆོས་དང་ཆོས་ཅན་དུ་ལྷག་པར་སྒྲོ་བཏགས་པ་དང་བྲལ་བའི་དངོས་པོ་རྣམས་ཀྱི་སྟོང་པ་ཉིད་ནི་གཞན་དུ་མ་ཡིན་པ་སྟེ་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །ལྟ་བ་ངན་པའི་བགྲོད་པ་ནི་ལྟ་བ་དན་པའི་ལམ་སྟེ་དེ་ཉིད་ཚད་ཚིང་ངོ༌། །ཆོས་ཐམས་ཅད་


DTG064_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དུ་མེད་པར་གྱུར་པ་གང་ཡིན་པ་ནི་འཇིག་རྟེན་ལས་འདས་པ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ནི་ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟེ། དེའི་རང་བཞིན་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་དོན་གང་ཡིན་པ་འདིའོ། །མཚན་དེ་རྣམས་དེ་བཞིན་དུ་ཀུན་ནས་འཛིན་ཅིང་རབ་ཏུ་སྟོན་པའི་རྒྱུར་གྱུར་པའི་ཕྱིར་འདི་ཉིད་ཀུན་ནས་འཛིན་ཅིང་རབ་ཏུ་སྟོན་པ་ཞེས་གསུངས་སོ། །དེ་ལྟར་དུར་གྱུར་པས་ན་ཀུན་དུ་འཛིན་ཅིང་རབ་ཏུ་གསལ་བར་བྱེད་པ་ཉིད་དོ་ཞེས་སོ།། །།ད་ནི་ཐ་མ་ལ་བར་གཟུང་བ་ལ་སོགས་པའི་ཕན་ཡོན་རྒྱ་ཆེར་གསུངས་ཏེ། གཞན་ཡང་ཞེས་པ་ལ་སོགས་པ་ནས་ཚེ་འཕེལ་བར་བྱེད་དོ་ཞེས་པའི་བར་ཉེ་བར་སྡུད་པའི་མཐར་ཐུག་པས་གསུངས་ཏེ། དེ་རྣམས་ཅུང་ཟད་དབྱེ་བར་བྱའོ། །སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་ནི་འཛིན་པའོ། །གསང་སྔགས་སྨྲ་བ་ལས་གཞན་དུ་མྱུར་དུ་གྲུབ་པ་མེད་པར་བསྟན་པའི་ཕྱིར་གཉིས་སུ་མེད་པ་ཉིད་དེ་དོན་དམ་པ་གང་ཡིན་པ་དེ་རྣམས་སོ། །གཞན་ནི་མཚན་ཐམས་ཅད་ཀྱི་དབུས་ན་དོན་དམ་པ་མངོན་པར་གསལ་བར་མངོན་པར་བྱེད་པ་ཆེས་གཙོ་བོ་ཡིན་པའི་ཕྱིར་མཚན་གྱི་གཙུག་གི་ནོར་བུའོ། །མཐའ་དག་ཡོངས་སུ་རྫོགས་པ་ནི་དོན་ཐམས་ཅད་ཕུན་སུམ་ཚོགས་པའོ། །གཞུང་དང་དོན་ལས་ནི་གོ་རིམས་བཞིན་དུ་མ་ཚང་བ་མེད་པ་དང་དུམ་བུ་མ་ཡིན་པའོ། །ཉི་མ་སོ་སོར་དུས་གསུམ་དུ། །ཞེས་པ་ནི་ཉི་མ་སོ་སོར་ཐུན་གསུམ་དུ་ཞེས་པའི་དོན་ཏོ། །གསུམ་གྱི་སྒྲ་ལས་རང་གི་དོན་ལ་ཥ་ཡིག་ཨཱ་ག་མའོ། །ཉི་མ་སོ་སོ་ནི་ཉིན་པར་སོ་སོའི་དུས་ཞེས་པ་སྟེ། དུས་ཀྱི་ཁྱད་པར་ཏེ་ཐུན་གྱི་དུས་ཞེས་པའི་དོན་ཏོ། །གསུམ་ཞེས་པའི་ཐུན་རེ་རེ་ལ་ཡང་ལན་གསུམ་གསུམ་ཞེས་པའི་དོན་ཏོ། །འདིས་ནི་ཉི་མ་སོ་སོ་ལ་ལན་དགུ་ཞེས་བསྟན་ཏོ། །གཞུང་འཛིན་པའི་ཕྱིར་འཛིན་པར་བྱེད་པའོ། །མཎྜལ་བྱས་ལ་ཉེ་བར་སྤྱོད་པ་ལྔའི་མཆོད་པ་སྔོན་དུ་འགྲོ་བས་ཀློག་པས་ན་ཀློག་པར་བྱེད་པའོ། །གཞུང་དང་དོན་འཛིན་པས་ན་ཁོང་དུ་ཆུད་པར་བྱེད་པའོ། །ཚུལ་བཞིན་དུ་ཡིད་ལ་བྱས་ནས་གསུང་བའི་དོན་གྱི་དེ་ཁོ་ན་ཉིད་སྒོམ་པར་བྱེད་པས་ན་ཚུལ་བཞིན་ཡིན་ལ་བྱེད་པའོ། །ཚུལ་བཞིན་ནི་དེ་ཁོ་ན་ཉིད་ལ་བརྗོད་དོ། །


DTG064_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཞེས་པ་དབྱེ་བས་ཕྱེ་བའོ། །མཚན་གྱི་དོན་གང་ཡང་རུང་བ་ནི་མཚན་གྱི་དོན་གཞན་དང་གཞན་ནོ། །དེ་ཡང་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་གཉིས་སུ་མེད་པའི་དེ་བཞིན་ཉིད་ཀྱི་རང་བཞིན་ནོ། །དེ་ལ་དམིགས་ཏེ་ཡིད་རྩེ་གཅིག་པ་རྣམས་པར་གཡེང་བ་མེད་པའི་སེམས་ཀྱིས་དེ་སྒོམ་པར་བར་བྱེད་པའོ། །ལྷག་པར་མོས་པ་ཡིད་ལ་བྱེད་པ་ནི་ལས་དང་པོ་པའི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་སྟེ་ལྟ་བའི་དེ་ཁོ་ན་ཉིད་དོ། །ཀུན་ནས་སྒོའི་ཞེས་པ་ལ་ཀུན་ནས་སྒོ་ནི་ཐམས་ཅད་དུ་ཁྱབ་པའོ། །དེ་ཡང་འདི་ཡིན་ལ་གནས་པ་ཡང་ཡིན་པས་ན་ཀུན་ནས་སྒོའི་གནས་པའོ། །དེས་གནས་པར་བྱེད་པས་ན་དེ་ལྟར་བཤད་དེ། རྣམ་པར་རྟོག་པ་མེད་པའི་གནས་པའི་ཞེས་པའི་དོན་ཏོ། །ཤེས་རབ་ཀྱིས་རྗེས་སུ་འབིགས་པའི་ཕྱིར་ཆོས་ཐམས་ཅད་སོ་སོར་རྟོགས་པའོ། །དམིགས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རྙོག་པ་མེད་པའོ། །དེ་ཉིད་ཀྱི་ཕྱིར་དམ་པའོ། །དེ་ལྟར་གྱུར་པ་ཀུན་དུ་ཡིད་ཆེས་ཤིང་དགའ་བའི་མཚན་ཉིད་ཅན་གྱི་དད་པ་དང་ལྡན་པས་དེ་དག་འཛིན་པ་ལ་སོགས་པ་བྱེད་པ་དེ་ལ་ནི་དུས་གསུམ་དུས་མེད་པར་རྟོགས་པ་སྟེ། དུས་གསུམ་པོ་ཉིད་དོན་དམ་པར་མི་དམིགས་ཏེ། དེ་རྟོགས་པ་དེ་དག་ཡང་དག་པར་གཤེགས་པ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འདུས་ཏེ་ཕན་ཚུན་ཡང་དག་པར་འདུ་བ་མཛད་དེ། །གཤེགས་ནས་ཏེ་ལེགས་པར་བྱོན་ནས། མཆོད་ཀྱི་སྒོ་ཐམས་ཅད་དེ་ཐབས་ཀྱི་ཁྱད་པར་རྣམས་ཉེ་བར་སྟོན་པར་མཛད་དོ། །དེ་ལ་ཐབས་སྣ་ཚོགས་ཀྱིས་ཆོས་ཉིད་དེ་ཁོ་ན་ཉིད་ཁོང་དུ་ཆུད་བར་བྱ་བའི་ཕྱིར་བདག་ཉིད་ཀྱི་སྐུ་ཡང་ཉེ་བར་སྟོན་པར་མཛད་དོ། །བསོད་ནམས་ཀྱི་ཚོགས་རྫོགས་པའི་ཕྱིར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱི་རླབས་ཀྱིས་དེའི་རྒྱུད་ལ་སྟེ་ལུས་དང་ངག་དང་ཡིད་རྣམས་ལ་ཡང་དག་པར་བྱིན་གྱིས་རློབ་པར་མཛོད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་འཛིན་པས་རྗེས་སུ་འཛིན་པར་མཛད་དོ། །ཆོས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཡང་ཞེས་པ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་ཉིད་ཐོས་པས་མི་སྐྲག་ཅིང༌། གཟེངས་སུ་ཕྲག་ལྦྷྱཱཾ་མཐོ་བ་ཉིད་དོ། །ཆོས་ཐམས་ཅད་


DTG064_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་བ་མེད་པ་སྟོང་པ་ཉིད་རབ་ཏུ་གསལ་བ་ནི་ཆོས་ཐམས་ཅད་ལ་སྤོབས་པའོ། །འཕགས་པའི་ཆོས་ནི་ཉན་ཐོས་ལ་སོགས་པའི་ཆོས་སོ། །དེ་ལ་སྡུག་པར་འཛིན་པའི་བསམ་པ་ནི་ལྷག་པའི་བསམ་པ་སྟེ་རང་གི་དོན་ཅན་དེའོ། །འདི་ལྟར་ཤཱ་ཀྱ་ཐུབ་པ་བདག་ཅག་རྣམས་ཀྱི་སྟོན་པར་གྱུར་པ་དེ་བཞིན་དུ་འདི་ཡང་བདག་ཉིད་ཀྱི་སྐུ་སྟོན་པར་མཛད་དོ། །གཟི་བརྗིད་ཕུན་སུམ་ཚོགས་པའི་རྒྱུ་ནི་ལུས་ཀྱི་ཁམས་ཀྱི་ཁྱད་པར་རོ། །དེ་ལྟར་ཡང༌། གང་ཞིག་དག་པ་སྙིང་ལ་གནས། །དམར་ཞིང་ཅུང་ཟད་སེར་བ་ཅན། །ལུས་ཀྱི་མདངས་ཞེས་རྣམས་པར་བཤད། །ཏྣྣཱ་སཱ་ནྣཱ་ཤ་མ་རྩྪ་ཏི་ཞེས་སོ། གཞན་གྱིས་བརྫི་བར་མི་ནུས་པ་ཉིད་ནི་སྟོབས་ཏེ། གཟི་བརྗིད་དང་འོད་ཕུལ་དུ་བྱུང་བའོ། །མི་ཚུགས་པ་ཉིད་ནི་བདུད་ལ་སོགས་པ་རྣམས་ཀྱིས་བསྒུལ་བར་མི་ནུས་པ་ཉིད་དོ། །གསང་སྔགས་དང་ཕྱག་རྒྱ་དང་མངོན་པར་རྟོགས་པ་དང་བཅས་པའི་དཀྱིལ་འཁོར་ཐམས་ཅད་ནི། གསང་སྔགས་དང་ཕྱག་རྒྱ་དང་མངོན་པར་རྟོགས་པ་དང་དཀྱིལ་འཁོར་རྣམས་སོ། །དེ་རྣམས་ཀྱང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་སོམ་ཉི་མེད་པའི་པར་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་གསང་སྔགས་ཀྱི་ཚུལ་ལ་ཆོས་ཀྱི་འཁོར་ལོས་སྒྱུར་པ་སྟེ། འདི་ཡང་འདིས་ཉེ་བར་སྒྲུབ་པར་བྱེད་པའོ། །གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་མོ་ནི་འཇིག་རྟེན་ལས་འདས་པ་སྤྱན་མ་ལ་སོགས་པ་རྣམས་སོ། །བགེགས་ཐམས་ཅད་ནི་རྣམ་པ་སྣ་ཚོགས་པས་བགེགས་བྱེད་པའོ། །ལོག་འདྲེན་ནི་གཙུག་འཕྱང་ལ་སོགས་པ་རྣམས་སོ། །བདུད་རྣམས་ཁོ་ན་དགྲ་རྣམས་ཏེ་དེ་རྣམས་ཕྱིར་ཟློག་པ་ནི་གཉེན་པོ་སྟེ། གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་སོགས་པ་རྣམས་སོ། །ཐམས་ཅད་ཀྱིས་སྒྱེལ་བར་དཀའ་པའི་ཕྱིར་གཞན་གྱིས་མི་ཐུབ་པ་ཆེན་པོ་སྟེ། འབྱུང་པོ་འདུལ་བྱེད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་སྤྱོད་ལམ་ཐམས་ཅད་དུ་སྟེ་འཆག་པ་ལ་སོགས་པའི་གནས་ཐམས་ཅད་དུ་སྲུང་བ་དང་བསྐྱབ་པ་དང་སྦ་བ་བྱེད་པར་འགྱུར་རོ། །གང་ཡང་འཇིག་རྟེན་བརྫུ་འཕྲུལ་ཆེན་པོ་རྣམས་ནི་ཚངས་པ་ལ་སོགས་པ་རྣམས་སོ། །གཞན་ཡང་གང་ལྷ་དང་ཀླུ་ལ་སོགས་པ་དང་གཟའ་དང་རྒྱུ་སྐར་ལ་སོགས་པ་


DTG064_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཏེ། དེ་རྣམས་ཐམས་ཅད་ཀྱང་རྟག་པར་རྒྱུན་དུ་སྟེ་སྤྱོད་ལམ་ཐམས་ཅད་དུ་ཉིན་མོ་དང་མཚན་མོ་བཅས་པར་ཇི་ལྟ་བུར་འདུག་པ་དང་ཉལ་བ་དང་ཉིད་ལོག་པ་དང༌། གཉིད་མ་ལོག་པ་རྣམས་སུ་ཡང་འདི་ནི་སེམས་ཅན་ཐམས་ཅད་ལ་ཟོལ་མེད་པར་ཕན་པ་དང་བདེ་བ་སྒྲུབ་པར་བྱེད་པའི་གཉེན་པོ་གཅིག་བུའོ་ཞེས་སོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་དེའི་ལུས་དང་ངག་དང་སེམས་རྣམས་ལ་རིམ་པ་བཞིན་དུ་སྲུང་བ་དང་བསྐྱབ་པ་དང་སྤེད་པ་མཛད་པའོ། །སྲུང་བ་དང་བསྐྱབ་པ་དང་ལྷན་ཅིག་པའི་སྦ་བ་ཞེས་ཚིག་རྣམ་པར་སྦྱར་རོ། །ཇི་སྲིད་ནད་མེད་པ་དང་སྟོབས་དང་ཚེ་འཕེལ་བ་ཡང་སྒྲུབ་པར་བྱེད་དོ་ཞེས་འཆད་པར་འགྱུར་བ་དང་ལས་ཀྱི་ཚིག་གིས་འབྲེལ་ལོ། །དེ་ལ་ཉེ་དབང་ནི་ནོར་ལྷའོ། །དྲག་པོ་ནི་བདེ་བྱེད་དེ་གཟུགས་ཀྱི་དབྱེ་བས་བཅུ་གཅིག་གོ །སྲེད་མེད་ཀྱི་བུ་ནི་སྟོབས་ཆེན་པོས་རྣམ་པར་གནོན་པ་ནོར་ལྷའི་བུ་སྟེ་གཟུགས་ཀྱི་དབྱེ་བའོ། །གཞན་ནི་གོ་སླའོ། །ཚོད་ཁང་ནི་ཟོང་འཇོག་པའི་གནས་སོ། །ཡུལ་འཁོར་ནི་ཡུལ་ལོ། །རྒྱལ་པོའི་ཕོ་བྲང་ནི་རྒྱལ་པོ་གནས་པའི་གྲོང་ཁྱེར་རོ། །དབང་པོའི་ཕུར་བུ་ནི་དབང་པོའི་རྒྱལ་མཚན་གྱི་རྣམ་པ་འཇིགས་སུ་རུང་བའི་ཀ་བའི་སྟོང་བའོ། །ཁྲིམས་ལམ་ནི་རྒྱལ་པོའི་ལམ་མོ། །ཡང་ན་དབང་པོའི་རྒྱན་དང་འབྲེལ་པའི་ཕུར་བུ་ནི་དབང་པོའི་ཕུར་བུའོ། །དེ་དང་བཅས་པའི་ཁྲིམས་ལམ་ནི། དབང་པོའི་ཕུར་བུ་དང་ཁྲིམས་ལམ་མོ། །དེ་ནི་ཀུན་སྤྱོད་དཀའ་བའི་ཕྱིར་སྡུག་བསྔལ་གྱི་རྒྱུའོ། །པྲ་ཏོ་ལི་བི་ཤི་ཀཱ་བགྲོད་དཀའ་བ་སྟེ། གྲོང་དང་རྟ་བབས་ནི་ཡུལ་གྱི་ཁྱད་པར་རོ། །ཚོང་པ་ལ་སོགས་པའི་ཁང་པ་ནི་ཁང་སྟོང་ངོ༌། །བཞི་མདོ་དང༌། ཐང་དང༌། སུམ་མདོ་དང༌། ལམ་བཞི་པ་དང༌། གྲོང་ཁྱེར་གྱི་དབུས་ཀྱི་ཚོང་པ་ཟོང་དགྲམ་པའི་གནས་ནི་གྲོང་བར་ཏེ། དེ་རྣམས་ཐམས་ཅད་ནི་ཕལ་ཆེར་སྐྱེ་བོ་དང་བྲལ་བ་ན་འཇིགས་པའི་གནས་སོ། །དེ་རྣམས་སུ་སྲུང་བ་དང་བསྐྱབ་པ་དང་སྦ་བ་ཉེ་བར་སྦྱོར་ཏེ། རྟག་ཏུ་ཐམས་ཅད་དུ་ཞེས་པ་སུས་ཐམས་ཅད་དུ་རྒྱུན་མ་ཆད་པར་ཞེས་པའི་དོན་ཏོ། །ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཞེས་པ་ཐམས་ཅད་དུ་འགྲོ་བས་ཐམས་ཅད་དུ་ཉེ་བར་


DTG064_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ་ཞེས་པའི་དོན་ཏོ། །མ་མོ་རྣམས་ནི་གཏུམ་བྱེད་མའི་དབྱེ་བ་སྟེ། ནག་མོ་དང་གཙིགས་མ་ལ་སོགས་པའོ། །མ་མོ་བདུན་པོ་རྣམས་ནི་ཚངས་པ་དང་གཞོན་ནུ་མ་ལ་སོགས་པ་རྣམས་སོ། །ཉེ་བར་སྒྲུབ་པར་བྱེད་པ་ནི་ཉེ་བར་གཞོལ་བར་བྱེད་པའོ། །ཇི་ལྟར་ཉེ་བར་སྒྲུབ་པར་བྱེད་ཅེ་ན་གསུངས་པ། གཉིས་སུ་མེད་པའི་ཞེས་པ་ལ་སོགས་པ་སྟེ། གཉིས་སུ་མེད་པའི་ཆོས་ཉིད་དེ་བཞིན་ཉིད་དེའི་རབ་ཏུ་གསལ་བ་ནི་རབ་ཏུ་སྟོན་པ་ཉིད་ཀྱིས་ཐམས་ཅད་དུ་ཡང་འདི་ནི་དགེ་ཞིང་གཉིས་སུ་མེད་པའི་ཆོས་ཉིད་ལྷག་པར་རྟོགས་པ་ཉིད་ཐོབ་པོ་ཞེས་དགོངས་པའོ།། །།ད་ནི་མཉམས་པར་ཡི་དམ་དུ་བླངས་པའི་ཕན་ཡོན་གྱི་ཁྱད་པར་ཉིད་དེ། གཞན་ཡང་ལག་ན་རྡོ་རྗེ་རྡོ་རྗེ་འཆང༌། །འདི་ནི་ཞེས་པ་ལ་སོགས་པས་གསུངས་པ་ལ། དུམ་བུ་མ་ཡིན་པ་ནི་མ་ཆད་པར་ཡིད་དུ་བླངས་པའོ། །ཡང་དག་པའོ། །སེམས་རྩེ་གཅིག་པས་ཀློག་པའི་ལས་སྒྲུབ་པ་སྟེ། མགྲིན་པར་གནས་པར་བྱས་ནས་སོ། །གསུམ་ཞེས་པ་ལན་གསུམ་དུ་བརྗོད་པའོ། །ཀློག་པར་བྱེད་པ་ཞེས་པ་ནི་དེའི་ངང་ཚུལ་ཉིད་ཀྱིས་ཀྱང་དོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོའོ། །དེའི་གཟུགས་ལ་དམིགས་པ་ཞེས་པ་ལ། གཟུགས་ནི་རང་བཞིན་ཏེ་ཆོས་ཉིད་ཀྱི་སྐུའོ། །གཟུགས་དང་མཐུན་པར་སེམས་པ་ནི། རང་གི་གཟུགས་མཚན་གྱི་འོད་འབར་ཞིང་མཛེས་པ། རྣམ་པ་ཐམས་ཅད་པའི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་གཟུགས་ཞེས་པ་སྣ་ཚོགས་པའི་སྦྲུལ་པའི་སྐུའོ། །མཐུན་པར་བསམ་གཏན་དུ་བྱེད་པ་ནི་དེ་ཉིད་འཇམ་དཔལ་ཏེ། ལས་དང་པོ་པ་ཡིན་པའི་ཕྱིར་སྦྲུལ་པའི་གཟུགས་ཀྱི་སྐུ་མཐོང་བར་འགྱུར་རོ། །གང་གི་ཚེ་དགེ་བའི་རྩ་བ་སྨིན་པར་གྱུར་བའི་དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་མཐོང་བར་འགྱུར་རོ་ཞེས་པའི་དོན་གྱི་ཐོབ་བོ། །འདི་ཡང་གདུལ་བྱའི་དབང་སྟེ་འདུལ་བའི་དབང་ཉེ་བར་བཟུང་ནས་ཏེ་སྐལ་བ་དང་ལྡན་པའི་དབང་དུ་བྱས་ཞེས་པའི་དོན་ཏོ། །འཇམ་དཔལ་འབའ་ཞིག་མཐོང་བར་མ་ཟད་པ་ཉིད་གསུངས་པ། ནམ་མཁའ་མཐིལ་དུ་ཞེས་པ་ལ་


DTG064_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྟེ། སྤྲུལ་པའི་སྐུ་རྣམ་པ་སྣ་ཚོགས་པ་གང་ཡིན་པ་དེ་དང་ལྷན་ཅིག་པའོ། །ནམས་ཀྱང་ཇི་ལྟར་གྱུར་ཀྱང་ཞེས་པ་རྣམ་པ་གང་གིས་ཀྱང་ངན་འགྲོ་དང་དབུལ་པོར་མི་སྐྱེ་བའོ། །ངན་སོང་ནི་དམྱལ་བ་ལ་སོགས་པའི་འགྲོ་བའོ། །རིགས་དམན་པ་ནི་གདོལ་བ་དང་གཡུང་པོ་ལ་སོགས་པའི་རིགས་རྣམས་སོ། །དམྱལ་བ་ལ་སོགས་པའི་འགྲོ་བ་གསུམ་དང༌། ཡུལ་མཐའ་འཁོབ་ཏུ་སྐྱེ་བ་ལ་སོགས་པ་དང༌། ལྷ་ཚེ་རིང་པོར་སྐྱེ་བའི་བར་མི་ཁོམ་པ་བརྒྱད་དུ་སྐྱེ་བ་སེལ་བར་བྱེད་པ་སྟེ་མི་ཁོམ་པ་བརྒྱད་ནི་སྔར་བཤད་ཟིན་ཏོ།། །།དེ་ལ་སངས་རྒྱས་བཞུགས་ན་ཡང་དེས་བསྟན་པའི་ཆོས་སྤོང་བ་དང་ལྐོག་ཏུ་གྱུར་བར་མི་འགྱུར་རོ་ཞེས་པ་ནི། ཡང་དག་པར་ཕྱོགས་པ་ཉིད་ཀྱིས་མངོན་སུམ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །མུ་གེ་དང་ནད་དང་མཚོན་ཆའི་བར་གྱི་བསྐལ་བ་རྣམས་ལ་མི་སྐྱེ་བར་བྱེད་པ་དེའི་རྒྱུ་ཉམས་པར་བྱེད་པའོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་དྲུག་ཅུ་རྩ་གཉིས་ནི་ལྷའི་བ་སྙིང་མའོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྷག་པར་ཆེ་བ་ནི་ཉོན་མོངས་པའི་སྙིགས་མའོ་།བསོད་ནམས་དང་བང་ཚོད་ལ་སོགས་པ་མ་ཚང་བ་ནི་སེམས་ཅན་གྱི་སྙིགས་མའོ། །དུས་རིང་པོར་སྡུག་བསྔལ་མྱོང་བ་ནི་བསྐལ་པའི་སྙིགས་མའོ། །སེམས་ཅན་རྣམས་ཀྱི་ཚེ་ཐུང་དུར་གྱུར་པ་ནི་ཚེའི་སྙིགས་མ་སྟེ་དེ་ལྟར་སྙིགས་མ་ལྔ་པོ་རྣམས་སོ། །དེ་རྣམས་ཀྱང་དགོས་ལ་ཚོན་གྱི་སྙིགས་མ་དམ་དུ་ཞེན་པ་དང་འདྲ་བར་བསྒྱུར་དཀའ་བའི་ཕྱིར་སྙེགས་མའོ། །བྱང་ཆུབ་སེམས་དཔའ་ནི་ཡང་དག་པའི་ལྟ་བ་དང་ལྡན་པའི་ཕྱིར་དེའི་རིགས་རྣམས་སུ་སྐྱེ་བར་མི་འགྱུར་རོ། །ཐམས་ཅད་མཚང་བ་ནི་ཡོ་བྱང་ཐམས་ཅད་མེད་པའོ། །དེའི་ཕྱིར་དབུལ་པོ་སྟེ། དེའི་འཇིགས་པས་དེ་ཉིད་འཇིགས་པ་མེད་པའོ། །ཚིགས་སུ་བཅད་པ་ངན་པ་ནི་སྔར་བཤད་ཟིན་ཏེ། གླེང་གཞི་སྨྲ་བ་སྔོན་དུ་འགྲོ་བའི་དན་སྨྲས་སོ། །རིགས་དང་རྒྱུད་ནི་བཤད་ཟིན་ཏོ། །སེམས་རབ་ཏུ་དང་བར་འགྱུར་བ་ནི་གང་གཟུགས་དང་ཁ་དོག་ལ་སོགས་པས་དེ་རབ་ཏུ་དང་བའོ། །སྡུག་བ་ནི་ཡིད་འཛིན་པའོ། །མཛེས་པ་དང་སྐལ་བ་བཟང་


DTG064_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ལྡན་པ་དང་ཚིག་གཟུང་བར་འོས་པ་གང་ཡིན་པ་དེ་ནི་མཛེས་པ་དང་སྐལ་བ་བཟང་པོ་དང་ཚིག་བཙན་པ་རྣམས་ཏེ་བསྡུ་བའི་དངོས་པོ་བཞི་ལ་ངེས་པར་རྟོན་པའི་ཕྱིར་རོ། །སྐྱེ་བ་དྲན་པར་འགྱུར་བ་ནི། ཆོས་ཀྱི་སྦྱིན་པ་ལ་བསླབས་པའི་ཕྱིར་དང་ཤེས་རབ་གོམས་པའི་ཕྱིར་རོ། །ལོངས་སྤྱོད་ཆེ་བ་ལ་སོགས་པར་འགྱུར་བ་ནི་བདག་གི་ཐམས་ཅད་ཡོངས་སུ་གཏོང་བ་ལ་གོམས་པའི་ཕྱིར་རོ། །མཆོག་ལ་སོགས་པར་འགྱུར་བ་ནི་དྲི་མ་མེད་པའི་ཤེས་རབ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ཡང་དག་པར་ལྡན་པར་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་རབ་ཏུ་མ་བརྗེད་པའི་ཕྱིར་རོ། །ཤེས་བཞིན་ནི་ཡང་དག་པའི་ཤེས་རབ་སྟེ། ཡང་དག་པའི་སོ་སོར་རྟོགས་པ་ཞེས་པའི་དོན་ཏོ། །ཐབས་ཞེས་པ་ལ་སོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་མཚོན་པར་བྱེད་དེ། དེ་ཡང་ཐབས་ཀྱི་སྦྱིན་པ་ལ་སོགས་པ་གསུམ་ཉེ་བར་མཚོན་ནོ། །སྟོབས་དང་སྨོན་ལམ་དང་ཡེ་ཤེས་རྣམས་ནི་བརྩོན་འགྲུས་ལ་སོགས་པ་གསུམ་ཉེ་བར་མཚོན་པར་བྱེད་དོ། །དེ་རྣམས་ཀྱི་ཡོན་ཏན་དང་ལྡན་པར་འགྱུར་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པའི་ལམ་ཐོབ་པའི་ཕྱིར་རོ། །བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པར་འགྱུར་བ་ནི། དྲི་མ་མེད་པའི་ཡེ་ཤེས་རབ་དང་ལྡན་པའི་ཕྱིར་རོ། །མཁས་པ་ལ་སོགས་པར་འགྱུར་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྟོགས་པས་བརྩོན་འགྲུས་ཐོབ་པའི་ཕྱིར་རོ། །མཆོག་ཏུ་ཡིད་བརྟན་པ་ལ་སོགས་པར་འགྱུར་བ་ནི། ཡིད་བརྟན་པའི་གནས་ཀྱི་དོན་དང་ལམ་སོ་སོར་རྟོགས་པའི་ཆོས་ཉིད་ཐོབ་པའི་ཕྱིར་རོ། །ལེགས་པར་བསྙེན་པར་རྫོགས་པ་ནི་ཡོན་ཏན་རྣམས་ཀྱིས་ཤིན་ཏུ་འདུས་བྱས་པས་ངེས་པར་འགྲོ་བར་འགྱུར་བ་སྟེ། མཐོང་བའི་ལམ་མངོན་དུ་བྱས་པའི་ཕྱིར་རོ། །བྱིན་གྱི་རླབས་རྒྱུན་མ་ཆད་པ་ཉིད་ཀྱིས་ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ་གང་ཡིན་པ་དེ་ལྟ་བུའི་ཆོས་ཀྱི་རྒྱལ་པོ་ཞེས་པ་སྟེ། ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་མངའ་བདག་ཏུ་འགྱུར་རོ་ཞེས་འབྲེལ་ལོ། །ཨོཾ་སརྦྦ་དྷ་རྨྨཱ་བྷཱ་བ་སྭཱ་བྷཱ་བ་བི་ཤུ་དྡྷ་བཛྲ་ཨ་ཨཱ་ཨཾ་ཨཱཿ་པྲ་ཀྲྀ་ཏི་པ་རི་སུདྡྷཿ་


DTG064_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སརྦྦ་དྷ་རྨྨཱ་ཡ་དུ་ཏ། སརྦྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ཀཱ་ཡ་མ་ཉྫུ་ཤྲཱི་པ་རི་ཤུ་དྡྷི་ཏཱ་མུ་པཱ་ཏཱ་ཡ་ཏེ། ཨ་ཨཱཿ་སརྦྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཧ་ར་ཧ་ར་ཨོཾ་ཧཱུཾ་ཧྲཱིཿ་བྷ་ག་བཱ་ན་ཛྙ་ན་མཱུ་རྟི་ཝཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ་སརྦྦ་རྨྨ་ག་ག་ནཱ་མ་ལ་སུ་པ་རི་ཤུ་དྡྷ་དྷ་རྨྨ་དྷཱ་ཏུ་ཛྙ་ན་གྲྦྷ་ཨཱཿ་འདི་ནི་ཐོག་མ་དང་དབུས་དང་མཐར་བྱིན་གྱིས་རློབ་པའི་སྔགས་ཀྱི་རྒྱལ་པོའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ནི་ཨ་ཡིག་གོ །ས་དང་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཨཱཿ་ཡིག་གོ །སངས་རྒྱས་ཉིད་མཚོན་པ་ནི་ཨཾ་ཡིག་གོ །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་ནི་ཨཿ་ཡིག་གོ །ཡེ་ཤེས་ཀྱི་སྐུ་བྱིན་གྱིས་རློབ་པར་བྱེད་པ་ནི་ཨཱཿ་ཡིག་གོ །སྐུ་དང་ཐུགས་གསུང་བྱིན་གྱིས་རློབ་པ་ནི་རིམ་པ་བཞིན་ཨོཾ་ཧཱུཾ་ཧྲཱིཿ་ཞེས་བྱ་བའོ། །ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་བདག་ཉིད་ཅན་བརྟན་པ་དང་གཡོ་བའི་རང་བཞིན་གྱི་དངོས་པོ་ཐམས་ཅད་ལ་ཆོས་ཀྱི་སྐུས་རྒྱས་གདབ་པའི་དོན་དུ་ཨཱཿ་ཞེས་བྱ་བ་མཐར་སྦྱར་བའོ།། །།ཇི་སྐད་གསུངས་པའི་ཕན་ཡོན་གྱི་ཆོ་ག་རྒྱས་པ་རྣམས་ཀྱང་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་ཀློག་པ་རྣམས་ལ་བལྟ་བར་བྱའི། ཀློག་པ་ཙམ་ལ་ནི་མ་ཡིན་ནོ་ཞེས་སོ། །དེ་ནས་ཞེས་པ་ནི་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་བདུད་ལ་སོགས་པས་མི་ཕྱེད་པར་བྱིན་གྱིས་བརླབས་ཤིང་རྒྱས་བཏབ་པའི་རྗེས་ཐོགས་སུའོ། །བདག་གི་དོན་རྫོགས་པས་ན་དགའ་བའོ། །གཞན་གྱི་དོན་རྫོགས་པས་ན་མགུ་བའོ། །རྡོ་རྗེ་འཛིན་པ་ཆེན་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་རྣམས་དང་བཅས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ཚིག་འདི་གསོལ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ཞེ་ན། ལེགས་པའི་ཞེས་པ་ལ་སོགས་པ་སྟེ། དེའི་ཕྱིར། ངེས་པ་ཁོ་ནར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཉིད་དོ། །དོན་འདི་ལ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཚད་མར་གྱུར་པ་ཉིད་ཀྱིས། སངས་རྒྱས་རྣམས་ཀྱིས་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཅེས་བྱའོ། །མཚན་ཡང་དག་པར་བརྗོད་པའི་རྒྱས་འགྲེལ་སློབ་དཔོན་དབུ་མ་ལ་དགའ་བས་མཛད་པ་འདི་ཡོངས་སུ་རྫོགས་སོ།། །།འདིའི་རྒྱང་པེ་དཔལ་སྣེ་གདོང་རྩེའི་


DTG064_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་ན་བཞུགས་པ་སྤར་ས་མོ་གླང་གི་ལོ་ལ་མཁན་ཆེན་གཞོན་ནུ་དཔལ་བ་ལ་སྒྱུར་གསུང་བའི་བཀའ་གནང་ནའང་མ་གྲུབ། ལྕགས་མོ་ཡོས་ལོ་ལ་ཡར་རྒྱབ་ཏུ་ཆོས་རྗེ་བྱམས་པ་གླིང་པ་ལ་སྒྱུར་གསུང་བའི་བཀའ་གནང་ནའང་མ་གྲུབ་པ་ལས། སླད་ཀྱི་ཀུན་ལྡན་ཞེས་བྱ་བ་ལྕགས་ཕོ་བྱི་བའི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ། དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་རིན་པོ་ཆེ་ཀུན་དགའ་ལེགས་པའི་འབྱུང་གནས་རིན་ཆེན་རྒྱལ་མཆན་དཔལ་བཟང་པོའི་བཀའ་ལུང་བཞིན། ཞ་ལུ་བ་དགེ་སློང་ཆོས་སྐྱོང་བཟང་པོ་སྐད་གཉིས་སྨྲ་བས་རྒྱ་དཔེ། ལས་ཚིག་དོན་ཁོང་དུ་ཆུད་པར་བྱས་ཏེ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།


previousའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀའ་འགྲེལ། དབུ་མ་ལ་དགའ་བ།next