Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ།  བྱང་ཆུབ་མཆོག།
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ། བྱང་ཆུབ་མཆོག།next

འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ།
བྱང་ཆུབ་མཆོག།


DTG065_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་མཉྫུ་ཤྲཱི་མཎྜ་ལ་གུ་ཎ་སཾ་བྷ་བ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །རིགས་ཀུན་བདག་པོ་ཡེ་ཤེས་སྐུ། །འཇམ་པའི་རྡོ་རྗེ་མགོན་དཔལ་དང༌། །བླ་མའི་ཞབས་ལ་རབ་བཏུད་ནས། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ནི། །བསྡུས་དང་བྱེ་བའི་བྱེ་བྲག་གིས། །ཐུན་མོང་མ་ཡིན་ཁྱད་འཕགས་པའི། །ཆོ་གའི་རིམ་པ་བཤད་པར་བྱ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ། །མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང༌། །རྗེས་སུ་གནང་བ་ཐོབ་པའི་སློབ་དཔོན་ལ་སློབ་མ་དམ་ཚིག་དང་ལྡན་པས་གསོལ་བ་ལན་གཉིས་གསུམ་གདབ་པར་བྱའོ། །སློབ་དཔོན་གྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་དགོད་པར་བྱའོ་ཞེས་བསམ་པ་བཟང་པོ་དང་ལྡན་པར་བྱའོ། །དེ་ནས་སློབ་མ་དེ་ལ་བུ་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོ་འདོད་དམ་ཞེས་དྲི་བར་བྱའོ། །བདག་ཅག་འཚལ་ལོ་ཞེས་ཟེར་ན་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཡིད་ཀྱིས་སློབ་མ་དེ་ལ་ཁྱོད་ཀྱི་འདོད་པའི་དོན་དེ་ཡོངས་སུ་སྦྱིན་པར་བྱའོ་ཞེས་གནང་བ་སྦྱིན་པར་བྱའོ། །འདི་ནི་སློབ་མ་ཡོངས་སུ་གཟུང་བའི་ཆོ་གའོ། །དེ་ནས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྤོས་ཆུ་ལ་སོགས་པས་ལེགས་པར་བྱུགས་ལ་མེ་ཏོག་སིལ་མ་གཏོར་ལ་བདུག་སྤོས་དྲི་ཞིམ་ངོས་བདུག་པ་དང༌། ཡོངས་སུ་འབྱོར་པའི་མཆོད་པ་ལྔ་དང༌། །མཆོད་པའི་ཡན་ལག་དང་ལྡན་པ་དག་དང༌། །གདན་ནང་ཚངས་ཅན་བཟང་པོ་ལ་འདུག་ལ། །གཞན་གྱི་དོན་དུ་བསྙེན་པ་དང༌། །སྒྲུབ་པའི་ལས་བརྩམ་པར་བྱའོ། །བསྙེན་པ་ལ་གསུམ་སྟེ། །མཚན་མ་དང་གྲངས་དང༌། །དུས་ཀྱི་བསྙེན་པའོ། །སྒྲུབ་པ་ལ་ནི་གསུམ་སྟེ། །དབང་བསྐུར་བའི་ཆོ་ག་དང༌། རབ་ཏུ་གནས་པ་དང༌། ཤི་བ་ལ་ཕན་གདགས་པའོ། །དེ་ལ་དང་པོ་བསྙེན་པ་ནི་བདག་ཉིད་ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷཿ། སརྦ་དྷརྨྨཱཿ་པྲ་ཀྲྀ་ཏི་པ་རི་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་དག་པ་གསུམ་གྱི་ཁྲུས་བྱའོ། །དེའི་རྗེས་ལ་སྐད་ཅིག་མའི་རྣམ་པ་ལས་ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ཞེས་བརྗོད་པས།


DTG065_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་གཤིན་རྗེ་གཤེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་བསྣམས་པ། གཡོན་སྡིགས་མཛུབ་ཀྱིས་བགེགས་ཐམས་ཅད་འཇོམས་པ་ཧཱུཾ་གི་སྒྲ་སྒྲོགས་པ་མིག་གཉིས་སུ་མ་དང་ཊ་ལས་ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཤིན་ཏུ་འབར་བའི་འོད་ཟེར་གྱིས་བགེགས་ཐམས་ཅད་བསྐྲད་ལ། ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་བཀའ་བསྒོ་བར་བྱའོ། །སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྤྲིན་སྒྲ་ང་རོ་ཡེ་ཤེས་ལྔའི་བདག་ཉིད་ཅན་ལས་འོད་ཟེར་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང༌། །བླ་བྲེའི་རང་བཞིན་དུ་བསམ་མོ། །རྡོ་རྗེ་ར་བའི་ཕྱི་རོལ་དུ་ཕྱོགས་མཚམས་བཅུར་ཡི་གེ་རཾ་བཅུ་ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཞེས་པའི་སྔགས་འདིས་བྱིན་གྱིས་བརླབ་བོ། །འདི་ནི་སྲུང་བའི་འཁོར་ལོའི་རིམ་པའོ།། །།དེ་ནས་ཨོཾ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་ཧཱུཾ་ཞེས་བརྗོད་པས་འཇམ་དཔལ་ཞི་བ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་གཞོན་ནུ་རྒྱན་གྱིས་བརྒྱན་པར་བསམ་མོ། །དེའི་ལུས་དག་ཡིད་གསུམ་བྱིན་གྱིས་བརླབས་པར་བྱ་སྟེ། །ལྐོག་མའི་གནས་སུ་ཧྲཱིཿ་ལས་པདྨ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ། དེ་ཡོངས་སུ་གྱུར་པ་ལས་ལྕེ་རྡོ་རྗེར་བསམ། སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། །ཨོཾ་མཉྫུ་ཤྲཱི་བི་མ་ལ་ཛི་ཧྭ་གྷ་སཾ་ཤོ་དྷ་ན་བཛྲ་ཛི་ཧྭ་ཧཱུཾ། དེ་ནས་ལག་པ་བྱིན་གྱིས་བརླབ་པ་ནི། །ལག་པའི་མཐིལ་དུ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་ལག་པ་རྡོ་རྗེར་བསམ། སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། །ཨོཾ་མཉྫུ་ཤྲཱི་པདྨ་ཧ་སྟ་པུ་རྞ་ག་རེ་དྷི་རི་བི་མ་ལེ་བཛྲ་ཧ་སྟ་ཧཱུཾ། ཡིད་བྱིན་གྱིས་བརླབ་པ་ནི་བདག་གི་སྙིང་གར་པཾ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དྷཱིཿ་དཀར་སེར་བསམ་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། ཨོཾ་མཉྫུ་ཤྲཱི་བི་མ་ལེ་བཛྲ་ཙཏྟི་ཧཱུཾ། དེ་ནས་དཀྱིལ་འཁོར་སྤྲུལ་པར་བྱ་སྟེ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅས་ལ། །ཨོཾ་མཉྫུ་ཤྲཱི་མཎྜ་ལ་བཛྲ་ཙཀྲ་ཧཱུཾ་ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་དེའི་སྤྱན་སྔར་སྐྱབས་སུ་འགྲོ་སྟེ། ཕྱོགས་བཅུའི་ཞིང་ཁམས་མ་ལུས་ན། །རྒྱལ་བ་སྲས་བཅས་བཞུགས་པ་རྣམས། །བདག་ལ་དགོངས་པར་བྱ་བའི་ཕྱིར། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །བརྩོན་


DTG065_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་སྟོབས་ཀྱིས་དགེ་བསགས་པ། །ནམ་མཁའི་ཁམས་ཀྱིས་མཐའ་གཏུགས་པ། །མཆོད་སྤྲིན་ཚོགས་ཀྱིས་གང་གྱུར་ཏེ། །སྲས་དང་བཅས་ལ་མཆོད་པར་བགྱི། །ཚེ་རབས་ཐོག་མ་མེད་པ་ནས། །ཉོན་མོངས་དབང་གིས་སྡིག་བསགས་ཤིང༌། །ལུས་ངག་ཡིད་ཀྱིས་སྤྱད་པ་རྣམས། །མགོན་ལ་ལན་གསུམ་བཤགས་པར་བགྱི། །སེམས་བསྐྱེད་མངོན་པར་སངས་རྒྱས་ནས། །རྒྱལ་སྲས་འགྲོ་བའི་དོན་བཞུགས་ལ། །ཉན་ཐོས་རང་རྒྱལ་སྐྱེ་བོ་ཡི། །བསོད་ནམས་བྱེད་ལ་ཡི་རང་ངོ༌། །འགྲོ་ཀུན་ལྡོངས་པར་མི་འགྱུར་ཏེ། །བདུད་བཞི་ཟིལ་གྱིས་མནན་པ་དང༌། །བྱང་ཆུབ་རྣམ་གསུམ་ཐོབ་བྱའི་ཕྱིར། །འཁོར་ལོ་བླ་མེད་བསྐོར་བར་བསྐུལ། །འཇིག་རྟེན་བདེ་ལ་དགོད་པར་བྱ། །སྲོག་ཆགས་བྱང་ཆུབ་རྒྱུ་ཡིན་ཕྱིར། །རྒྱལ་སྲས་མྱ་ངན་འདའ་བཞེད་ལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །རྒྱལ་སྲས་རྣམས་ལ་བདག་དབུལ་གྱིས། །བདག་ནི་དུས་གསུམ་ཐམས་ཅད་དུ། །སོ་སོར་ཁྱེད་ཀྱིས་བཞེས་སུ་གསོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཇི་ཙམ་དུས་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །ནམ་ཞིག་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་ཀྱི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་བསྐྱེད་པར་བགྱིའོ། །ཐུགས་རྗེ་ཆེ་དང་ལྡན་པ་ཡི། །བླ་ན་མེད་པའི་དཀོན་མཆོག་གསུམ། །འགྲོ་བའི་དོན་ཀུན་མཛད་པ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཇི་ལྟར་འཇིག་རྟེན་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱིའོ། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡིས། །


DTG065_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞིན་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་དགོང༌། །དེ་ནས་ངག་གི་དྲི་མ་དག་པར་བྱ་བའི་ཕྱིར་ལྷ་ལ་བསྟོད་དེ། བདེ་བ་ལས་འཁྲུངས་རྡོ་རྗེ་འཆང་བ་ཡི། །དངོས་དང་དངོས་མེད་འབྱུང་གནས་ཆེན་པོར་མཁྱེན། །དང་པོ་གང་དུ་རྣམ་པར་སྣང་མཛད་ཆེ། །དག་ཅིང་དྲི་མེད་བློས་ནི་ཨོཾ་དུ་སྤྲུལ། །གཟུགས་མང་ཕྲེང་བའི་ཚུལ་དུ་བསྐོར་བ་ཡི། །སྒྱུ་འཕྲུལ་དྲ་བའི་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ནས་ལྷ་རྣམས་དགྱེས་ནས་ལྷ་དེ་དག་གིས་བདག་ལ་བསྟོད་པར་བསམ་མོ། །དེ་ནས་དྲིན་ལན་གྱི་ཚུལ་དུ་མཚན་བརྒྱ་རྩ་བརྒྱད་པས་ཕར་ལ་བསྟོད་པར་བྱའོ། །འདི་ནི་བསོད་ནམས་ཀྱི་ཚོགས་བསགས་པའི་ཡན་ལག་གོ །དེ་ནས་ཁྱད་བར་གྱི་ཚོགས་བསགས་པར་བྱ་བའི་ཕྱིར་ཕྱག་ལྡས་རིགས་ལྔའི་སངས་རྒྱས་མཉེས་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙི་ཏྟ་པྲ་ཎ་མ་མེ་བཛྲ་བནྡཱ་ནཾ་ཀཱ་རོ་མི། ཞེས་བྱ་བས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་པཱུ་ཛོ་པསྠཱ་ན་ཡ་ཨཱཏྨ་ནཾ་ནཪྻཱི་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་བྱ་བ་མི་བསྐྱོད་པ་ལ་ཕྱག་བྱའོ། །ཨོཾ་སརྦ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཨཱཏྨ་ནཾ་ནིཪྻཱ་ཏ་ཡཱ་མི། སརྦ་ཐ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བྱ་བ་འདི་སྲིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་ཕྱག་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ནི། ཨཱཏྨ་ནཾ་ནིཪྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཞེས་བྱ་བ་འདོས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལ་ཕྱག་བྱའོ། །ཨོཾ་སརྦ་ཐ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ན་ཡ་ཨཱཏྨ་ནཾ་ནི་ཪྻཱ་ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྟརྨྨ་པྲ་བཏྟ་ཡཱ་མཱཾ། ཞེས་བྱ་བ་འདིས་རྣམ་པ་མཐའ་ཡས་ཀྱི་དཀྱིལ་འཁོར་ལ་ཕྱག་བྱའོ། །བྱང་ཆུབ་མཆོག་


DTG065_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སེམས་བསྐྱེད་པ་དང༌། སྡོམ་པ་གཟུང་བ་དང༌། མངོན་པར་བྱང་ཆུབ་པའང་བསྒོམ་པ་དང༌། རྟེན་གྱི་དཀྱིལ་འཁོར་བསྒོམ་པ་དང༌། །གངས་ཅན་མཚོ་བསྒོམ་པ་དང༌། དང་པོའི་སངས་རྒྱས་བསྒོམ་པ་དང༌། ཤེས་རབ་འཁོར་ལོ་དང༌། སྦྱོར་བ་དང་པོ་དང༌། རིགས་སོ་སོར་ཕྱེ་བ་དང༌། ལྷ་བསྒོམ་ཞིང་དབྱུང་བ་དང༌། །དཀྱིལ་འཁོར་རྒྱལ་མཆོག་དང༌། །ལས་རྒྱལ་མཆོག་རྣམས་བསྒོམ་པའོ། །ལྷ་རྣམས་གདན་གྱི་སྟེང་དུ་མཚན་གྱི་སྔགས་དང་ཡིག་འབྲུ་ལས་ལྷའི་སྐུར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པར་བྱ་སྟེ། །བདག་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འཕྲིན་ལས་ཀྱི་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། དང་པོའི་སངས་རྒྱས་ཀྱི་ངོ་བོ་དེ་ཤར་ཕྱོགས་ཀྱི་སྒོར་འདུག་ལ་མཆོད་པ་བྱིན་གྱིས་བརླབ་པར་བྱ་སྟེ། །ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་པས་མཆོད་པ་ལ་གནོད་པའི་བར་གཅོད་ཀྱི་བགེགས་རྣམས་བསྐྲད་དོ། །ཨོཾ་ཤི་ཁ་རེ་རུ་ཊ་མ་ཊ་ཧཱུཾ། ཞེས་བྱ་བས་བསང་བར་བྱའོ། །མཆོད་ཡོན་དང་ཞལ་བསིལ་ལ་ནི་ཨོཾ་ཨཱཿ་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབ་པའོ། །མཆོད་པ་ལྔའི་རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབ་པའོ། །ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ནཻ་ཝི་ཧྱེ་ཧཱུཾ། དེ་ནས་ཨོཾ་བཛྲ་པྲ་བེ་ཤ་ཡ་ཕགས། ཅེས་སྒོ་དབྱེ་བར་བྱའོ། །རང་གི་ལྷ་ཡི་སྦྱོར་བ་ཡི། །ལག་པ་གཉིས་ནི་སྦྱོར་བར་བཅིངས། །སེ་གོས་བརྡབ་ཅིང་བརྗོད་དོ། །ཨོཾ་བཛྲ་ས་མ་ཡ་ཛཿ་ཧཱུཾ་བཾ་ཧོཿ་སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །སྤོས་སྣོད་ལག་ཏུ་ཐོགས་ལ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །འཕགས་པ་འཇམ་དབྱངས་བཅོམ་ལྡན་འདས། །སངས་རྒྱས་ཐམས་ཅད་བཞུགས་སུ་གསོལ། །བདག་མིང་འདི་ཞེས་བཞི་བ་ནི། །སངས་རྒྱས་ཐམས་ཅད་སྦྱར་འདྲེན་པས། །དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་བཛྲ་ཨཾ་ཀུ་ཤ་ཛཿ་ཧཱུཾ་བཾ་ཧོ། :SA་མ་ཡ་སྟཾ། དེ་ནས་མཆོད་ཡོན་དབུལ་ཏེ། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ནི་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ཨ་རྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎས་མ་ཡེ་ཧཱུཾ།


DTG065_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞལ་བསིལ་དབུལ་ཏེ། །ཇི་ལྟར་བཅོམ་ལྡན་འཇམ་དབྱངས་ཀྱིས། །རང་བཞིན་དག་པའི་ཡེ་ཤེས་ལ། །གཟུང་འཛིན་དྲི་མ་མི་མངའ་ཡང༌། །འགྲོ་བའི་དོན་དུ་སྐུ་ཁྲུས་གསོལ། ཨོཾ་སརྦ་ཏཐཱ་ག་ཏ་པྲ་བ་ར་སཏྐཱ་ར་པྲ་ཏཱིཙྪ་ཧོཿ། དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་བཛྲ་ཏཥྛི་ཧཱུཾ། ཞེས་མེད་ཏོག་དབུལ་ལོ། །དེ་ནས་བསྟོད་པ་བྱ་བ་ནི། །མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་ཆོས་ཅན། །ཐུགས་རྗེས་རང་བཞིན་འགྲོ་བའི་སྡུག་བསྔལ་སེལ། །ཡོན་ཏན་ཀུན་མཉམ་མཐའ་ཡས་དངོས་གྲུབ་སྩོལ། །དྲི་མེད་མི་གཡོ་མཉམ་ཉིད་མཆོག་ཆོས་ཅན། །སེམས་ཅན་ཁམས་ལ་དམ་ཆོས་དངོས་གྲུབ་སྩོལ། །དངོས་གྲུབ་མཉམ་དང་མཐའ་མེད་མཐའ་བྲལ་བ། །མི་མཉམ་མཉམ་པའི་དཔེ་ནི་མཁའ་ལ་བདེ། །ཡོན་ཏན་ཕྲ་བའི་ཆ་ཤས་མཚུངས་པ་མེད། །རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་ཅིང་མི་འགག་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་ལྷུར་མཛད་མཐའ་ཡས་པ། །ཐུགས་རྗེའི་བདག་ཉིད་དྲུག་ཏུ་རྣམ་པར་སྣང༌། །དཔག་མེད་མི་རྫོགས་གནས་ཉིད་ལེགས་རྫོགས་ཏེ། །བདེ་གནས་གཤེགས་དང་ཐུགས་རྗེ་སྤྱོད་མི་གཡོ། །འཇིག་རྟེན་མཆོག་གི་དངོས་གྲུབ་སྩོལ་མཛད་པ། །བདག་ཉིད་མི་འགྱུར་ཀྱེ་མ་ཆོས་ཉིད་བཟང༌། །མཆོག་སྩོལ་མཆོག་ཉིད་ནང་ནས་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་དངོས་གྲུབ་སྩོལ་མཛད་པ། །མགོན་པོ་དུས་གསུམ་དྲི་མེད་རབ་མཁྱེན་པ། །ཀུན་གྱི་དངོས་གྲུབ་མཆོག་གསུམ་བདག་ལ་སྩོལ། །ཞེས་བརྗོད་དོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ་ཞེས་པས་ནང་དུ་གཞུག །ཡ་མཱནྟ་ཀ་ཧཱུཾ་ཕགས། ཅེས་པས་བགེགས་བསྐྲད། བཛྲ་བནྡྷ་ཧཱུཾ། ཞེས་པས་སྒོ་བཅད། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ་བྷ་ག་བཱན་ཛྙཱ་རྣ་མཱུ་རྟི་ཝཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ་སརྦ་དྷརྨྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ་དྲྀ་ཤྱ་ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་བལྟ་བར་བྱའོ། །ཡང་དེ་བཞིན་དུ་དྲྀ་ཤཡ་ཛཿ་ཧཱུཾ་བཾ་ཧོཿ་ས་མ་ཡ་སྟྭཾ་ཨཱཿ་ཧཱཾ། ཞེས་གཉིས་སུ་མེད་པར་བསམ་མོ། །ཡང་རྩ་བའི་སྔགས་དེ་ཉིད་ཀྱི་རྗེས་ལ། །ཨོཾ་བཛྲ་ཀ་ར།


DTG065_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཨ་ལས་འོད་འཕྲོས་ནས་ཡོན་ཏན་དང་འཕྲིན་ལས་ཀྱི་ངོ་བོར་བསྡུས་ནས། སྣ་ཚོགས་རྡོ་རྗེར་གྱུར་པ་ལས་ཨས་མཚན་པའོ། །ཡང་དེ་བཞིན་དུ་ཨོཾ་བཛྲ་དྷརྨྨ་ཧྲཱིཿ་ཨོཾ་བཛྲ་ཙཀྲ་ཨོཾ། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་པས་པདྨ་དང༌། འཁོར་ལོ་དང༌། རྡོ་རྗེ་དང་ལྡན་པ་མགྲིན་པ་དང༌། སྤྱི་གཙུག་དང་ཐུགས་ཀར་མཚན་པའོ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བ་ཞི་པོའི་དོན་སྟོན་པ། ཞེས་པ་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ངོ་བོ་ཡང་མཚན་པ་ཡིན་ནོ། །དེ་ནས་དབང་བསྐུར་བར་བྱ་ཏེ། ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷ་སརྦ་དྷརྨྨ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲི་པ་རི་ཤུདྡྷི་ཏ་མུ་པ་དཱ་ཡེ་ཏི་ཨ་ཨ། ཨོཾ་སརྦ་ཏ་ཐཱ་ག་ཏ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ། ཞེས་པས་རང་རང་གི་བདག་པོས་དབུ་ལ་མཚན་པའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ནི་རིགས་ལྔས་དབུ་བརྒྱན་པའོ། །དེ་བཞིན་གཤེགས་པ་ལྔ་དང༌། བྱང་ཆུབ་སེམས་དཔའ་བཅུ་དྲུག་རིན་པོ་ཆེའི་ཅོད་པན་ཅན་ནོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་དེ་དག་ལ་མཆོད་པར་བྱ་སྟེ། ཐང་དང་ཆུ་ལས་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ནགས་ཚལ་བཅུད་ནི་ཡིད་འོང་བ། །ལྷ་རྫས་དམ་པའི་ཡིད་འོང་འདི། །ཐུབ་དབང་སྲས་དང་བཅས་ལ་འབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷཱ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྣང་བའི་ཁྱད་པར་གང་ཡོད་པ། །ཐུབ་དབང་སྲས་དང་བཅས་ལ་དབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨརྒྷ་ལ་སོགས་ཙནྡན་ཆུ། །ལྷ་རྫས་དམ་པའི་དྲི་ཆབ་འདི། །ཐུབ་དབང་སྲས་དང་བཅས་ལ་དབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །


DTG065_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་བཛྲ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རོ་མཆོག་བརྒྱ་དང་ལྡན་པ་ཡི། །ལྷ་རྫས་དམ་པའི་ཞལ་ཟས་འདི། །ཐུབ་དབང་སྲས་དང་བཅས་ལ་དབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་བཛྲ་ནཻ་བི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། །ཚང་བའི་གསུངས་ནི་སྙན་པ་ཡི། །ལྷ་རྫས་དམ་པའི་སེལ་སྙན་འདི། །ཐུབ་དབང་སྲས་དང་བཅས་ལ་དབུལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ན་མཿ་སརྦ་ཏ་ཐཱ་ག་ཏ་བཛྲ་གའི་ཏི་ར་ག་ཤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་མཆོད་པོའི་ལྷ་མོ་བརྒྱད་ཀྱིས་ཀྱང་མཆོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་རྣམས་རྣམ་རོལ་ཅིང༌། །རྡོ་རྗེ་སྙེམས་པའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བས་མཆོད་པར་བགྱི། །ཨོཾ་བཛྲ་ལཱ་སྱེ་ཧཱུཾ། །སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ཅད་མཆོད་པར་བགྱི། །དེ་ནས་བཅོམ་ལྡན་འབྲལ་མི་བྱ། །ཕྲེང་བ་འདི་ནི་རྒྱན་ཡིན་ནོ། །ཨོཾ་བཛྲ་མཱ་ལེ་ཧྲཱཾ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་གྱིས། །དེ་ཡི་བདེ་གཤེགས་དངོས་གྲུབ་ནོ། །མྱུར་དུ་བདེ་བ་མྱོང་བར་འགྱུར། །ཨོཾ་བཛྲ་གའི་ཏི་ཧྲཱིཿ་དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་འཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྲུབ་པར་གྱིས། །ཨོཾ་བཛྲ་ནཱྀ་ཏི་ཨཿ། རྫོགས་སངས་རྒྱས་ལ་སྦོས་ཕུལ་བས། །བརྟུལ་ཞུགས་བཟང་པོ་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་རྫོགས་པའི། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་བགྱི། །ཨོཾ་བཛྲ་པུ་ཥྤེ་ཧཱུཾ། ཆོས་ཀྱི་མེ་ནི་ལེགས་སྤར་ནས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེ་སྤར་དུ་གསོལ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་ཐོབ་པ་ཡི། །


DTG065_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལུས་ཅན་རྣམས་ཀྱི་བསྒོས། །ཨོཾ་བཛྲ་གྷནྡྷེ་ཨཿ། དེ་ནས་འདོད་པའི་ཡོན་ཏན་ལྡས་མཆོད་དེ། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་དང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །ཀུན་ཀྱང་མོས་བློས་མཆོད་གནས་རྣམས་ལ་དབུལ། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་སྒྲ་སྙན་ཁྱད་པར་གང་ཡོད་པའི། །ཀུན་ཀྱང་མོས་བློས་མཆོད་གནས་རྣམས་ལ་དབུལ། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགས་དུས་ཀུན་ནས་ཙནྡན་སྤྲུལ་སྙིང་དང༌། །ཨ་ཀར་ལ་སོགས་དྲི་མཆོག་མཆིས་པ་རྣམས། །ཀུན་ཀྱང་མོས་བློས་མཆོད་གནས་རྣམས་ལ་དབུལ། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། །ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲོལ་ཆགས་པའི། །ལུས་སེམས་རྟས་བྱེད་རེག་བྱའི་ཁྱད་པར་རྣམས། །ཀུན་ཀྱང་མོས་བློས་མཆོད་གནས་རྣམས་ལ་དབུལ། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྤཪྴེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྱོགས་དུས་ཀུན་ནས་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཐམས་ཅད་ཀྱང༌། །ཀུན་ཀྱང་མོས་བློས་མཆོད་གནས་རྣམས་ལ་དབུལ། །བཞེས་ནས་བླ་མེད་གྲུབ་མཆོག་སྩལ་དུ་གསལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱ་ས་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་རྡོ་རྗེ་དང་དྲིལ་བུར་ལྡན་པས་བསྟོད་པར་བྱ་སྟེ། མཆོག་སྤྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་


DTG065_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །དེ་ནས་ཕྱག་བཞི་བྱས་ཏེ། ཨོཾ་སྠི་ཏོ་ཧྲྀ་དི་ཛྙ་ན་མཱུ་རྟི་ར་ཧཾ་བུདྡྷཱ་ནཱཾ། ཞེས་བྱ་བའི་སྔགས་ཀྱིས་བཅོམ་ལྡན་འདས་གངས་ཅན་མཚོ་ལ་ཕྱག་བྱའོ། །ཡང་དེ་ཉིད་ཀྱིས་དང་པོའི་སངས་རྒྱས་ལ་ཕྱག་བྱའོ། །ཡང་དེ་ཉིད་ཀྱིས་ཤེས་རབ་འཁོར་ལོ་ལ་ཕྱག་བྱའོ། །ཡང་དེ་ཉིད་ཀྱིས་ཡེ་ཤེས་སེམས་དཔའ་ལ་ཕྱག་བྱའོ། །འདི་ནི་ཟག་པ་མེད་པའི་ཡེ་ཤེས་སྐྱེད་པར་བྱེད་པ་ཡིན་པས་འདིར་བདག་ཉིད་ཐུགས་ཀར་ཐིམ་པའི་རིམ་པའོ། །དེ་ནས་ཟབ་པ་དང༌། བཟང་བ་དང་རྒྱ་ཆེ་བ་ཡངས་པ་དང༌། རྒྱ་ཆེ་བའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །སྐྱོ་བར་གྱུར་ན་བཟླས་པའི་རྣམ་འབྱོར་བྱའོ། །དེ་ནས་རིམ་པོའི་རིང་ངེ་འཛིན་ལ་གནས་པར་བྱའོ། །དེ་ལྟར་ཐུན་བཞིའི་རྣལ་འབྱོར་གྱིས་སྔོན་དུ་བསྙེན་པ་བྱ་སྟེ། དབང་བསྐུར་བ་ལ་མཚན་མའི་བསྙེན་པ་བྱའོ། །རབ་ཏུ་གནས་པ་ལ་གྲངས་ཀྱི་བསྙེན་པ་བྱའོ། །ཤི་བ་ལ་ཕན་གདགས་པ་ལ་ནི་དུས་ཀྱི་བསྙེན་པ་བྱའོ། །ཡང་ན་གང་ཟག་དབང་པོ་རབ་ཀྱིས་མཚན་མའི་བསྙེན་པ་བྱའོ། །འབྲིང་གིས་གྲངས་ཀྱི་བསྙེན་པ་བྱའོ། །ཐ་མས་དུས་ཀྱི་བསྙེན་པ་བྱའོ། །འདི་ནི་སྔོན་གྱི་བསྙེན་པའི་ཆོ་གའོ།། །།དེ་ལྟར་བསྙེན་པ་བྱས་ནས་ནི། །གཞན་གྱི་དོན་ལ་བརྩོན་པར་བྱ། །མཚན་མ་བཟང་པོ་ཐོབ་པའམ། །ཏིང་འཛིན་རྩེ་གཅིག་གནས་པ་ཡིས། །དཀྱིལ་འཁོར་ལ་སོགས་ལས་རྣམས་བྱ།། གྲོད་ལ་སོགས་པའི་ཕྱོགས་མཐུན་ནི། །རྣལ་འབྱོར་པས་ནི་སྤང་བར་བྱ། །ཡོན་ཏན་ཀུན་དང་ཡོངས་ལྡན་པའི། །བྱན་ཤར་མཚམས་ནི་ཡོངས་སུ་བཟུང༌། །སེམས་ལ་གུས་པ་དང་ལྡན་ན། །གང་དུ་ཡི་དང་མཐུན་པར་བྱ། །ཞེས་གསུངས་པས་ན། །ཤར་དང་ལྷོར་གཟོལ་བའི་སར་གཤིན་རྗེ་གཤེད་ཀྱི་སྔགས་བཟླས་པའི་ཆུས་བསང་གཏོར་བྱའོ། །དེ་ནས་སའི་ལྷ་མོ་ལ་ས་བསླང་བ་ནི་སའི་ལྷ་མོ་མདོག་སེར་མོ་ཞི་བའི་རང་བཞིན་ཅན་ཕྱག་གཉིས་གསེར་གྱི་བུམ་པ་བསྣམས་པ། །རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ལ་མཆོད་པ་ལྔ་བྱ་སྟེ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །


DTG065_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱ་ཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདག་གིས་བདུང་བཅོམ་པས། །བདག་ནི་དཀྱིལ་འཁོར་བྲི་བར་བྱེད། །ཅེས་བརྗོད་པས་སའི་ལྷ་མོ་བློས་ནམ་མཁའི་ཕྱོགས་སུ་བཏེག་ནས་སེམས་ཅན་གྱི་དོན་དུ་དཀྱིལ་འཁོར་བྱེད་པས། བདག་ལ་ས་བྱིན་ཅིག་ཅེས་བརྗོད་པས་ཁྱོད་ཀྱིས་དཀྱིལ་འཁོར་གྱི་བདག་པོ་གྱིས་ཤིག་ཅེས་བརྗོད་པར་བསམ་མོ། །ས་བསླང་བའི་རིམ་པའོ།། །།དེ་ནས་དྲག་པོའི་སྦྱིན་སྲེག་གིས་བགེགས་བཟློག །དེ་ཉིད་བདག་དང་སློབ་མ་ཞི་བར་བྱ་བའི་སྦྱིན་སྲེག་བྱས་ལ། །སྡེ་ནས་ས་སྦྱང་བར་བྱ་སྟེ། །པུས་མོ་ནུབ་ཙམ་བརྐོས་ལ་གྱོ་མོ་ལ་སོགས་པའི་རོ་ལྔ་བསལ་ཏེ་ས་དེ་ཉིད་ཀྱིས་དང་ངོ༌། །འདི་ནི་ཁུང་བུ་དང་བའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་གཉིས་འགྱུར་ལ་སྤོས་ཆུས་ཆག་ཆག་བཏབ་སྟེ། །རྗེ་བཙུན་གྱི་ཡི་གེ་བརྒྱ་པ་ལན་གསུམ་བཀླག་པར་བྱ་སྟེ། །འདི་ནི་ས་བཟུང་བའི་རིམ་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། སྟོང་པ་ཉིད་སྔོན་དུ་འགྲོ་བས་ལྷའི་ང་རྒྱལ་བྱས་ལས་ས་བཞི་ཐམས་ཅད་སྟོང་བའི་རང་བཞིན་ལས་ཧཱུཾ་ལས་རྡོ་རྗེའི་རང་བཞིན་དུ་བསྒོམས་ནས། །དེ་ནས་སྤྲོ་བ་བསྐྱེད་པར་བྱ་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གིས་གསོན་པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་མཉམ་པ་རུ། །གྱུར་པས་བདག་ཉིད་སོམ་ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པར། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་དམ་པ་སྟེ། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །དེ་ནས་སྤོས་ལག་ཏུ་ཐོགས་ལ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་འབྲི། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་འདིར་སངས་རྒྱས་ཀུན་གཤེགས་ལ། །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། །ཞེས་བརྗོད་པས། བདག་ཉིད་ལྷག་པའི་ལྷའི་ང་རྒྱལ་དུ་གནས་པར་བྱ། །གསང་སྔགས་ཡིད་ཀྱིས་བཟླས་པར་བྱའོ། །སྒྲུབ་པའི་


DTG065_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་མཆོག་ལྷའི་ང་རྒྱལ་དང་ལྡན་པས་དཀྱིལ་འཁོར་བྲི་བའི་གསོལ་བ་གདབ་པར་བྱས་ཏེ། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་ཆེ། །སྤྲུལ་བའི་འཁོར་ལོ་སྣ་ཚོགས་འཆང༌། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །དཀྱིལ་འཁོར་ཆེན་པོ་བཤད་དུ་གསོལ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །སྒྱུ་འཕྲུལ་དྲ་བ་ལས་བྱུང་བའི། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་བ། །འཇམ་པའི་རྡོ་རྗེ་གསུང་གི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གང་སྔགས་འཆང༌། །དཔག་མེད་རྣམས་ཀྱི་དགའ་བཞིན་དུ། །དཀྱིལ་འཁོར་གཙོ་བོ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་ལ། །དེ་ནས་ལངས་ནས་ལྷ་ལ་ཕྱག་བྱས་ལ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དུ་བྱས་ལ་མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་འབར་བ་བསམ་པ་དང༌། རྐང་བའི་མཐིལ་དུ་ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་འོད་འབར་བ་བསམས་ལ་ལངས་ཏེ། ཁྲོ་བོའི་ལྟ་བས་དཀྱིལ་འཁོར་གྱི་ས་ཐམས་ཅད་དུ་བལྟས་ལ་དབང་ལྡན་གྱི་མཚམས་ནས་བརྩམས་ལ་གཡས་བརྐྱང་བ་དང༌། གཡོན་བརྐྱང་བ་ལ་སོགས་པའི་རྡོ་རྗེའི་འགྲོས་ཀྱིས་གར་གྱི་ཚུལ་དུ་ས་ཀུན་དུ་བཅགས་ལ། ང་ཉིད་རང་ཉིད་རྡོ་རྗེ་ཅན། །འཇམ་པའི་རྡོ་རྗེ་ང་རང་ཉིད། །ང་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་སངས་རྒྱས་ཀུན་བདག་ཉིད། །བདག་པོ་ཆེན་པོ་རྡོ་རྗེ་བདག །བྱིན་གྱིས་བརླབ་པ་མི་འདོར་རོ། །ཧཱུཾ་དཀྱིལ་འཁོར་ཆེན་པོ་ས་གཞི་ལ་གནས་པའི། །ལྷ་ལ་ཚོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །གནས་འདིར་འཇམ་དཔལ་ཕོ་བྲང་དཀྱིལ་འཁོར་འདྲི། །བགེགས་ཀྱི་རིགས་ཚོགས་གང་ཡིན་བྱེར་བར་གྱིས། །དེས་ས་ཕྱོགས་ནམ་མཁའ་ལྟར་དྲི་མེད་པ་འདིར་རྣལ་འབྱོར་གྱི་དབང་ཕྱུག་ཆེ་གེ་མོ་ཞེས་བྱ་བས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ་བའི་ཕྱིར། འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བྲི་ཡིས་ལྷ་དང་ཀླུ་དང་དྲི་ཟ་དང་གནོད་སྦྱིན་དང་འབྱུང་པོ་དང་ཤ་ཟ་ལ་སོགས་པ་ཐམས་ཅད་སོང་ཅིག་ཅེས་བརྗོད་དོ། །འོད་ཟེར་མེ་ལྟ་བུའི་ཕྲེང་བས་


DTG065_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཅན་ཐམས་ཅད་བསྲེག་པར་བསམ་མོ། །དེ་ནས་ཤར་ཕྱོགས་སུ་གཡས་བརྐྱང་བའི་སྟང་སྟབས་ཀྱིས་བགེགས་བསྐྲད་དོ། །ལྷོ་ཕྱོགས་སུ་གཡོན་བརྐྱང་བའི་སྟང་སྟབས་ཀྱིས་བགེགས་བསྐྲད་དོ། །ནུབ་ཕྱོགས་སུ་ཟླུམ་པོའི་སྟང་སྟབས་ཀྱིས་བགེགས་བསྐྲད་དོ། །བྱང་ཕྱོགས་སུ་ས་གའི་སྟང་སྟབས་ཀྱིས་བགེགས་བསྐྲད་དོ། །དཀྱིལ་འཁོར་དབུས་སུ་ཧཱུཾ་གི་སྒྲ་འབྲུག་དང་འདྲ་བར་བརྗོད་པར་བྱའོ། །དེ་ནས་སེང་ལྡེང་ངམ་ལྕགས་ལས་བྱས་པའི་ཕུར་པ་སྟོར་ཁྲོ་བོ་ལ་སྨད་ལྕགས་ཀྱི་རྡོ་རྗེ་རྩེ་གཅིག་པར་འདུག་པ་ལྔ་ཧཱུཾ་ལས་བསྐྱེད་ལ། གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་གཡས་པས་རྡོ་རྗེ་ཐོགས་ལ་དབུས་དང་གྲྭ་བཞིར་གདབ་པོ། །ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུ་ཥྚཱཾ་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་བཱ་ཀྫིཏཏ་བཛྲ་ཀཱི་ལ་ཡ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་ཕུར་བུ་བཏབ་ལ། པུར་བུའི་ཕྱི་རོལ་དུ་རྡོ་རྗེའི་ར་བ་དྲ་བ་དང་བཅས་པ་བསམ། །ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་སའི་ལྷ་མོ་ནམ་མཁའ་ལ་ཕབ་ལ་དེ་ལ་གཏོར་མ་བྱིན་ལ་ས་ལ་ཐིམ་པར་བྱའོ། །འདི་ནི་ས་བསླང་བའི་རིམ་པའོ།། །།དེ་ནས་དཀྱིལ་འཁོར་གྱི་ས་ཙནྡན་ལ་སོགས་པའི་དྲིའི་ཆུས་བྱུགས་ལ་ལྷའི་གྲངས་དང་མཉམ་པའི་དྲིའི་ཐིག་ལེ་ཟླུམ་པོ་བྱས་ལ་དེ་ལ་མེ་ཏོག་གི་ཚོམ་བུ་བཀོད་ལ་སྐད་ཅིག་མས་དཀྱིལ་འཁོར་གྱི་འཁོར་ལོ་སྐྱེད་ལ། དེ་ལ་མཆོད་པ་དང་བསྟོད་པ་བྱས་ལ། །མཁྱེན་པར་གསོལ་བ་ནི་པུས་མོ་གཡས་པའི་ལྷ་ད་ས་ལ་བཙུགས་ཏེ་འདི་སྐད་ཅེས་བརྗོད་དོ། །འཇམ་དཔལ་དཔའ་བོ་རྡོ་རྗེ་ཆེ། །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ཉིད་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། ཁྱོད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ལ་བཀའ་དྲིན་མཛད་པར་འོས། །འགྲོ་བའི་འཁོར་ལོ་དོན་མཛད་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སངས་


DTG065_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྟན་ལ་དགའ་བ་རྣམས། །འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་འདི། །འགྲོ་བ་དག་ཕྱིར་བདག་བྲི་བས། །བདག་དན་སློབ་མར་བཅས་པ་ལ། །དཀྱིལ་འཁོར་བྱིན་བརླབས་དངོས་གྲུབ་སྩོལ། །ཞེས་ལན་གསུམ་བརྗོད་དེ། །འདི་ནི་ལྷ་ལྷག་པར་གནས་པའི་རིམ་པའོ། །དེ་ནས་དངུལ་ལམ་གསེར་གྱི་བུམ་པ་ཁ་དོག་དཀར་པོར་འགྱུར་ལ་ལྷའི་གྲངས་དང་མཉམ་བའམ། །ཡང་ན་རྣམ་པར་རྒྱལ་བའི་བུམ་པ་དང་ལས་ཐམས་ཅད་པའི་བུམ་པའོ། །དེ་ནས་ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་བྲི། །རྣམ་པར་རྒྱལ་བའི་བུམ་པ་ལ་རིགས་དྲུག་གི་མཚན་མ་བྲི་བར་བྱའོ། །གཙོ་བོའི་བུམ་པར་སྨན་ལྔ་དང༌། འབྲུ་ལྔ་དང༌། རིན་པོ་ཆེ་ལྔ་དང༌། དྲི་ལྡས་བཀང་ལ་མགུལ་པ་ལ་ཆི་ངས་ཉིས་རིམ་དུ་བཅིངས་ལ་མེ་ཏོག་གི་ཕྲེང་བ་དང་གདུགས་དཀར་པོས་དེ་གཡོགས་པར་བྱའོ། །གཞན་དག་ཏུ་ཡང་དྲི་ཞིམ་པོའི་ཆུས་དགད་པར་བྱའོ། །ཤིང་བཟང་པོའི་ལོ་མས་ཁ་བརྒྱན་པར་བྱའོ། །ཡང་ན་བུམ་པ་བརྒྱད་དགོད་པར་བྱའོ། །གཙོ་བོའི་བུམ་པར་སྐད་ཅིག་གིས་ལྷ་ཚང་པར་བསྐྱེད་ལ་དགུག་གཞུག་དང་མཆོད་བསྟོད་དང་བཟླས་པ་བྱའོ། །ལས་ཐམས་ཅད་པའི་བུམ་པར་གཤིན་རྗེ་གཤེད་བསྐྱེད་ལ་དགུག་གཞུག་དང་མཆོད་བསྟོད་དང་བཟླས་པ་བྱའོ། །རྣམ་པར་རྒྱལ་བའི་བུམ་པར་བཞུ་བར་བྱའོ། །ལས་ཐམས་ཅད་པའི་བུམ་པར་ནི་མི་བཞུའོ། །དེ་ནས་བུམ་པ་རྣམས་རས་གཙང་མའི་སྟེང་དུ་གཞག་གོ །འདི་ནི་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་བར་ཆོད་ཞི་བར་བྱ་བ་དང་དངོས་གྲུབ་ཉེ་བར་བྱ་བའི་ཕྱིར་གཞུང་གཞན་དུ་བཤད་པའི་སྦྱིན་སྲེག་བྱའོ། །དེ་ནས་ཕྱི་རོལ་དུ་གཏོར་མ་ཆག་སུམ་གཏང་ངོ༌། །དེའི་རྗེས་ལ་སློབ་མ་ལྷག་པར་གནས་པར་བྱའོ། །ཤར་ཕྱོགས་སུ་མཎྜལ་བྱས་ནས་ཕྱག་བྱ་སྟེ། པུས་མོ་ལས་ལ་བཙུགས་ལ་ཐལ་མོ་སྦྱར་བར་བྱ་སྟེ། །དགའ་ཆེ་ཁྱོད་བདག་སྟོན་པ་ཡིན། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ།། བྱང་ཆུབ་སེམས་དཔའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །མགོན་པོ་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ཉིད་འཇུག་པར་མཛོད། །ཅེས་གསོལ་བ་གདབ་པོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ།


DTG065_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཚུར་ཐེག་པ་ཆེན་པོ་ཡི། །ཚུལ་ཆེན་སྣོད་ནི་ཁྱོད་ཡིན་ཏེ། གསང་སྔགས་སྤྱོད་པའི་ཚོལ་གྱི་མཆོག །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དང༌། དེ་དག་ཀུན་གྱི་གསང་སྔགས་ཀྱིས། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །སྐྱོབ་པ་འཇམ་པའི་རྡོ་རྗེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་ཕྱིར་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་དོ། །དེ་ནས་ཡང་སློབ་མས་འདི་སྐད་ཅེས་བརྗོད་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང༌། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། །སེམས་ཅད་ཐམས་ཅད་མགྲིན་དུ་གཉེར། །འགྲོ་ཕན་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱ། །དེ་ནས་བུའི་སྙིང་གར་རྡོ་རྗེ་བཟུང་ལ་ས་མ་ཡ་ཨ། །སུ་ར་ཏ་སྟྭཾ་བཛྲ་སྟྭ་ས་མ་ཡ་ཧོ། བཛྲ་སྟྭ་ཡ་ཐཱ་སུ་ཁཾ་ཞེས་པས་སློབ་མ་ཡེ་ཤེས་སེམས་དཔར་བསྐྱེད་དོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ། །ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བས། སྤྱི་བོ་དང་མགྲིན་པ་དང༌། ཐུགས་ཀ་རྣམས་སུ་རྡོ་རྗེ་དང་འཁོར་ལོ་དང་པདྨ་བསམ་མོ། །ཁུ་ཚུར་གཡས་པས་རྡོ་རྗེ་བཟུང་ལ་གནས་གསུམ་དུ་རེག་པར་བྱའོ། །དེ་ནས་སློབ་མ་དེ་ལ་སྤྱི་བོར་མེ་ཏོག །མདུན་དུ་བདུག་སྤོས། སྙིང་གར་བྱུག་པ། མིག་སྔར། མར་མེ་བྱིན་ལ། སོར་བཅུ་གཉིས་པའི་ཚད་ཀྱིས་སོ། །ཤིང་ཨ་ཤྭད་ཐ་དད་ཨུ་དུ་མྺཱ་ར་ལ་སོགས་པའི་རྒྱུ་ལས་བྱུང་བ། །གས་ཆག་མེད་པ་དྲང་པོ་མེ་ཏོག་གི་ཕྲེང་བ་ཅན། །ཨོཾ་ཡ་མཱ་ནྟ་ཀ་ཧཱུཾ་ཞེས་པའི་སྔགས་ཀྱིས་མངོན་པར་བཟླས་ཏེ་སྦྱིན་ནོ། །དེ་ནས་སོ་ཤིང་བཅའ་སྟེ། བ་ལང་གི་ཀོ་བ་ཙམ་གྱི་མཎྜལ་བྱུགས་ལ། ཁ་ཤར་དུ་བལྟས་ལ་དྲང་པོར་དོར་རོ། །དེ་ལ་བདག་ཉིད་ལ་རྩེ་མོ་བལྟས་ན་མཆོག་གྲུབ་ལ། །ཤར་དུ་བལྟས་ན་འབྲིང་དུ་བཤད་ལ། མཚམས་དང་བྱང་ཤར་དུ་བལྟས་ན་འཇིག་རྟེན་པའི་དངོས་གྲུབ་ཐོབ། །སོ་ཤིང་པོར་ལ་མཐུར་དུ་བལྟས་ན་འོག་གི་དངོས་གྲུབ་ཐོབ་བོ། །


DTG065_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དྲི་ཆུ་ལ་ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷེ་སརྦ་དྷ་རྨྨ་པྲ་ཀྲྀ་ཏི་པ་རི་ཤུདྡྷོ྅ཧམ། ཞེས་པས་མངོན་པར་བསྔགས་ཏེ་ཧུབ་གསུམ་བླུད་པར་བྱའོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཞེས་བྱ་བ་བཟློས་པས་ཀུ་ཤ་སྔས་སུ་སྦྱིན་ཞིང་སྔགས་དེ་ཉིད་བཟླས་པར་སྟན་དུ་ཡང་སྦྱིན་ནོ། །ཨོཾ་ཨཱཿ་ཧཱུཾ་བཟླས་པའི་སྐུད་པ་མདུད་པ་གསུམ་དང་ལྡན་པ་ཡང་དཔུང་པ་གཡོན་པ་ལ་གདགས་སོ། །དེ་བརྟན་པར་བྱ་བའི་ཕྱིར། །ཨོཾ་མཉྫུ་ཤྲཱི་ས་མ་ཡ་མ་ནུ་པཱ་ལ་ཡ། །མཉྫུ་ཤྲཱི་ཏྭེ་ནོ་པ་ཏིཥཋ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། །ཨ་བུ་ར་ཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ་སརྦ་ཀརྨྨ་སུ་ཙ་མ། ཙིཏྟཾ་ཤྲེ་ཡཿ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ། །བྷ་ག་བཱན་སརྦ་ཏ་ཐཱ་ག་ཏོ་མཉྫུ་ཤྲཱི་མཱ་མེ་མུཉྩ་བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་སྟྭ་ཨཱཿ་དེ་ནས་ཚིགས་སུ་བཅད་པ་འདིས་སྤོ་བ་བསྐྱེད་པར་བྱའོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ཡང་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་ཀྱི་ནི་ཆོས་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་དྲི་མེད་སེམས་ཅད་དོན། །མྱ་ནང་མི་འདའ་བྱེད་པར་ནུས། །གང་དག་པ་ཡི་མཆོག་འདི་ལ། །བློ་གྲོ་ཤིན་ཏུ་མི་གཡོ་བས། །དེ་དག་གིས་ནི་འཁོར་བའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་བདེ་བ་ཅན། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་བརྙེས། །གང་ཕྱིར་སངས་རྒྱས་སྲས་བཅས་པའི། །བདག་ཉིད་ཆེ་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་ནས་སྐྱེ་བཞིན་པས། །དེར་ནི་ཁྱེད་རྣམས་འདོང་བ་ནི། །ཐེག་པ་ཆེན་པོར་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་དེར་ནི་འགྲོ་བས་ན། །རང་བྱུང་སྐལ་བ་ཆེ་པོ་ལ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་བསྟན་པར་བྱའོ། །དེ་ནས་ཐལ་མོ་སྦྱར་ཏེ་ཚིག་འདི་སྐད་བརྗོད་དེ། །ཁྱད་པར་གྱི་སྡོམ་པ་འཛིན་དུ་གཞུག་གོ ། མེ་ལྡོག་པ་ཡི་དང་བསྐུར་བ། །མགོན་པོས་བདག་ལ་སྩལ་ནས་ཀྱང༌། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་འཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་བླ་ན་མེད་པ་གསུངས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །དེ་


DTG065_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྨི་ལམ་དུ་ཅི་བྱུང་བ་ནང་པར་ང་ལ་སྨྲོས་ཤིག་ཅེས་བརྗོད་ལ་གཏོང་ངོ༌། །དེ་ནས་ནང་པར་རྨི་ལམ་འཛེམ་པ་མེད་པར་བཟླས་སོ། །རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང༌། །ཞེས་པ་ལ་སོགས་པ་རྨི་ལམ་སྨྲས་ལ་ངན་པ་མཐོང་ན་སྦྱིན་སྲེག་བྱའོ། །འདི་ནི་སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་སྐྱ་རེངས་ཤར་བའི་དུས་སུ་ལྷའི་རྣལ་འབྱོར་དང་ལྡན་པའི་སྙིང་གར་མཎྜལ་གྱི་ལྷ་རྣམས་བསྡུས་ལ་དཀྱིལ་འཁོར་གྱི་ས་གཞི་དྲིས་ཉེ་བར་བྱུགས་ལ། གང་ཟག་དབང་པོ་རབ་ཀྱིས་ནི་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ལྷའི་གྲངས་དང་མཉམ་པར་བྱས་ལ། །དེའི་སྟེང་དུ་དཀྱིལ་འཁོར་གྱི་ལྷ་རྣམས་ཏིང་ངེ་འཛིན་གྱིས་བསྐྱེད་ལ། དབང་པོ་རབ་ཀྱིས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། རབ་ཏུ་གནས་པ་དང་ཤི་བ་ལ་ཕན་གདགས་པ་རྣམས་བྱའོ། །གང་ཟག་དབང་པོ་འབྲིང་གིས་ནི་བྲིས་སྐུའི་དཀྱིལ་འཁོར་མཎྜལ་དེ་ཉིད་སྟེང་དུ་བཀོད་ལ་དབང་བསྐུར་བ་ལ་སོགས་པ་བྱའོ། །གང་ཟག་དབང་པོ་ཐ་མས་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་ཉིད་དུ་བཀོད་ལ་དབང་བསྐུར་བ་ལ་སོགས་པ་བྱའོ། །གསར་པ་ལེགས་པར་བསྒྲིལ་བ་ནི། །ཁ་དོག་ལྔས་ནི་ལེགས་བསྒྱུར་ལ། །སྦྱིན་གྱིས་བརླབ་པར་བྱས་ནས་ནི། །དཀྱིལ་འཁོར་གྱི་ནི་ཐིག་གདབ་པོ། །ཞེས་གསུངས་པ་ནི། ཉི་མ་ཤར་ཁར་བདག་རྒྱན་དང་ལྡན་པར་བྱས་ལ། ཚོན་སྐུད་སྣ་ལྔའི་སྐུད་པ་བཀལ་པ་སྟོང་པ་ཉིད་ལས། ཧཱུཾ་ཏྲཾ་ཧྲཱིཿ་ཨཱཿ་ཨོཾ་ལས་འོད་ཟེར་གྱི་རིགས་ལྔའི་ཐུགས་ཀ་ནས་ཡིག་འབྲུ་ལྔ་སྤྱན་དྲངས་ཏེ་གཉིས་སུ་མེད་པར་བསྟིམ་པར་བྱས་ལ་ཡེ་ཤེས་ལྔའི་རང་བཞིན་དུ་བསམས་ལ་བསྒྲིལ་པར་བྱའོ། །ཙནྡན་ལ་སོགས་པས་བསྒོས་པའི་སྣོད་དུ་བཞག་ལ་མཆོད་པ་ལྡས་མཆོད་པར་བྱའོ། །འདི་ནི་ཐིག་སྐུད་བཀལ་བའི་རིམ་པའོ།། །།དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སྲད་བུ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། །ཛྫ་ཞེས་གྲུབ་པའི་གྲོགས་མཆོག་གི་ལག་ཏུ་གཏད་དོ། །ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པར་བྱ་ཞིང་ཅི་བདེ་བར་གདབ་པར་བྱ། །ཤར་དུ་བལྟས་ཏེ་ཐིག་དང་པོ་གདབ་པར་བྱའོ། །སློབ་དཔོན་ལྷོར་ཁ་བལྟས་ལ་ཚངས་ཐིག་གཉིས་པ་གདབ་པར་བྱ། །དེ་ནས་མེའི་ཕྱོགས་ཀྱི་


DTG065_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་གནས་ལ་ཁ་བྱང་དུ་བལྟས་ལ་ཕྱིའི་ཐིག་གདབ་པར་བྱའོ། །རླུང་གི་ཕྱོགས་སུ་འདུག་སྟེ། །ལྷོ་ཕྱོགས་སུ་བལྟས་ནས་ནུབ་ཀྱི་ཐིག་གདབ་པར་བྱའོ། །དེ་ཉིད་དུ་འདུག་སྟེ་བྱང་གི་ཐིག་གདབ་པར་བྱའོ། །ཡང་མེའི་མཚམས་སུ་འདུག་སྟེ། ལྷོ་ཕྱོགས་སུ་ཐིག་གདབ་པར་བྱའོ། །ཡང་དེ་ཉིད་དུ་འདུག་སྟེ། རླུང་གི་ཕྱོགས་ཀྱི་བར་མཚམས་སུ་བར་གྱི་ཐིག་གདབ་པར་བྱའོ། །ཡང་བདེན་བྲལ་གྱི་ཕྱོགས་སུ་གནས་ཏེ་དབང་ལྡན་གྱི་བར་མཚམས་ཀྱི་བར་དུ་ཐིག་གདབ་པར་བྱའོ། །སློབ་དཔོན་གྱིས་ཀྱང་སློབ་མའི་སྐོར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ལྟར་ཐིག་ཆེན་བརྒྱད་བཏབ་པས། །ངོས་བཞི་དཀྱིལ་འཁོར་བཞི་རུ་འགྱུར། །སོ་སོའམ་ཆ་ཆེན་བཅུ་དྲུག་ཏུ། །སོ་སོར་རྣམ་པར་དབྱེ་བར་བྱ། །ཞེས་བྱ་བ་གསུངས་པས། །ཆ་ཆེན་པོ་བཅུ་དྲུག་ལ། །ཆ་བྲན་སོ་སོར་བགོས་ལ་གདབ་པར་བྱའོ། །ཕྱོགས་རེ་རེ་ནས་ཆ་ཆེན་པོ་བརྒྱད་ཡོད་པ་ལས། །ཆ་གསུམ་ལ་ནི་ནང་གི་དཀྱིལ་འཁོར་བྱའོ། །ཆ་གཉིས་ལ་ནི་དཀྱིལ་འཁོར་བར་མའི་ཐིག་གདབ་པར་བྱའོ། །ཆ་ཆེན་པོ་གསུམ་ལ་ནི་ཕྱིའི་དཀྱིལ་འཁོར་བྱའོ། །དཀྱིལ་འཁོར་གསུམ་ཀ་ཡང་ཟུར་བཞི་པ་སྒོ་བཞི་རྟ་བབས་དང་བཅས་པ་ཏྭ་ར་ཎས་ཡོངས་སུ་བརྒྱན་པའོ། །དེ་ལྟར་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ། །དེ་ནས་སོ་སོར་རྣམ་པར་དབྱེ་བར་བྱ་སྟེ། ཞེས་གསུངས་པས་ན་ཆ་བྲན་སོ་སོར་བགོས་ལ་ཐིག་གདབ་པར་བྱའོ། །དེ་ལ་ནང་གི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ་སྟེ། ཚངས་པའི་ཐིག་གི་གཡས་གཡོན་ནས། །ཆ་ཆུང་བཅུ་གཉིས་ཡོད་པ་དེ། །གཉིས་གཉིས་སུ་ནི་དབྱེ་བར་བྱའོ། །ཚངས་པའི་ཐིག་གི་གཡས་གཡོན་ནས། །གསུམ་པ་དང་ནི་ལྔ་པ་དང༌། །བཅུ་གསུམ་པ་དང་བཅུ་དྲུག་པ། །དེ་བཞིན་བཅུ་དགུ་པ་དག་ལ། །ཆ་ལྔ་ཕྱོགས་བཞིར་བགོ་བྱས་ལ། །སྒོ་ཁྱུད་ལ་སོགས་རྣམ་ལྔ་ཡིས། །ཚོན་སྣ་ལྔ་ཡིས་ས་གཞིར་བསྒྱུར། །དེ་ནས་ཕོ་བྲང་རིམ་པ་ནི། །ཆ་བྲན་བདུན་ལས་བསྐོར་བྱས་ཏེ། །དེ་ནས་ཆ་ཆུང་གཅིག་གིས་བསྐོར། །ནང་གི་རྡོ་རྗེ་ར་བར་བཤད། །དེ་ནང་ཆ་བཞི་འཁོར་ལོ་བྱའོ། །དབུས་ཀྱི་ལྟེ་བ་ཆ་གཉིས་ཡིན། །འཁོར་ལོ་རྩིབས་བཞི་ལྟེ་བར་བྱས། །རྩིབས་བཞི་དག་དང་བཅས་པ་ནི། །གཙོ་བོ་ལྔ་དང་ཡུམ་བཞིར་གནས། །དེ་ཡི་ཕྱི་རོལ་


DTG065_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་བཞི་ལ། །བསྐོར་ཏེ་འཁོར་ལོ་རྩིབས་བཅུ་དྲུག །སེམས་དཔའ་བཅུ་དྲུག་གནས་སུ་བཤད། །ཆ་གཅིག་རྡོ་རྗེའི་ར་བར་བསྐོར། །དེ་ཡི་གྲུ་ཆང་བཞི་པོ་ལ། །སྒེག་མོ་ལ་སོགས་གནས་སུ་བཤད། །སྒོ་བཞི་དག་ཏུ་སྒོ་བ་དགོད། །ཕྱི་རོལ་ཆ་ལྔ་ཡོད་པ་ལ། །ཆ་བཞི་ནམ་མཁའ་སྟོང་པར་བྱ། །ཆ་གཉིས་ལ་ནི་རྟ་བབས་བྱ། །གདུགས་དང་འཁོར་ལོ་ཆ་རེ་ཡིན། །དཀྱིལ་འཁོར་བར་མའི་ཐིག་གདབ་པ། །ཆ་ཆེན་གཉིས་པོ་བཞི་རུ་དབྱེ། །ཆ་ཆེན་གཅིག་ལ་ལྷ་སྣམ་བྱ། །ཆ་གསུམ་བཞི་བཞིར་དབྱེ་བར་བྱ། །དེ་ལྟར་བཅུ་གཉིས་ཡོད་པ་ལ།། དང་པོ་དང་ནི་བཞི་པ་དང༌། །དེ་བཞིན་དུ་ནི་བདུན་པ་རྣམས། །ཆ་ལྔ་དག་ཏུ་བགོ་བྱས་ཏེ། །ཚོན་སྣ་ལྔ་ཡིས་ས་གཞི་བསྒྱུར། །ནམ་མཁའ་སྟོང་པ་ཆ་ཆུང་གཅིག །རྟ་བབས་ལ་ནི་ཆ་གཉིས་ཏེ། །གདུགས་དང་འཁོར་ལོ་ཆ་རེ་ཡིན། །ཕྱི་རོལ་དཀྱིལ་འཁོར་ཐིག་གདབ་པ། །ཆ་ཆེན་གསུམ་ནི་བཞི་བཞིར་དབྱེ། །ཆ་ལྔ་རིགས་ལྔའི་སྣམ་བུ་སྟེ། །ཆ་བདུན་གཉིས་གཉིས་དབྱེ་བར་བྱ། །དེ་ལྟར་བཅུ་བཞི་ཡོད་པ་ལ། །དང་པོ་དང་ནི་ལྔ་པ་དང༌། །དེ་བཞིན་དགུ་པ་ཆ་ཆུང་བགོ །ཚོན་སྣ་ལྔ་ཡིས་ས་གཞི་བསྒྱུར། །ནམ་མཁའ་སྟོང་པ་ཆ་ཆུང་གཅིག །རྟ་བབས་ལ་ནི་ཆ་གཉིས་ཏེ། །གདུགས་དང་འཁོར་ལོ་ཆ་རེ་ཡིན། །རྡོ་རྗེ་མེ་རི་ཆ་རེ་སྟེ། །དེ་ལྟར་ཕྱོགས་བཞིར་བགོ་བྱས་ལ། །རིགས་བསྡུས་དཀྱིལ་འཁོར་ཐིག་གདབ་པོ། །ང་ནི་རིགས་སོ་སོར་ཕྱེ་བའི་དཀྱིལ་འཁོར་ཐིག་གདབ་པ་ནི། །བྱང་སེམས་རྡོ་རྗེའི་དཀྱིལ་འཁོར་ནི། །རིགས་བསྡུས་དཀྱིལ་འཁོར་ནང་དང་འདྲ། །རྣམ་པར་སྣང་མཛད་དཀྱིལ་འཁོར་ནི། །གཙོ་བོ་ཆ་གསུམ་གདུང་ཆ་གཅིག །ནང་གི་ཕྱོགས་བཞིར་ཆ་དྲུག་ཡིན། །ཕྱི་ཡི་ཕྱོགས་བཞིར་ཆ་བདུད་ཏེ། །ཕྱི་ཡི་རྡོ་རྗེ་ཕྲེང་ཆ་གཅིག །མི་བསྐྱོད་པ་ཡི་དཀྱིལ་འཁོར་ནི། །ཕྱི་རུ་རྡོ་རྗེ་ཕྲེང་ཆ་གཅིག །ཤར་དུ་ཆ་བཞི་ལྷོ་བྱང་གི་ཚངས་ཐིག་ཐད་ཀར་ཆ་བཞི་སྟེ། །བོར་ནས་ནུབ་ཀྱི་ཟླ་གམ་ཚད། །ཕྱི་རོལ་ཀ་བ་ནང་གི་ཆ། །ཆ་བྲན་བཅུ་དྲུག་ཟླ་བའི་དབྱིབས། །དེ་ནས་ནང་གི་ཆ་དབྱེ་བ། །གཙོ་བོའི་ཆ་གཉིས་གདུང་ཆ་གཅིག །ལྷག་མ་ལྷ་སྣམ་བཅུ་བཞིའི་གནས། །པདྨ་གར་དབང་པོ་བྲང་ནི། །གཙོ་བོའི་ཆ་གསུམ་


DTG065_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་ཆ་གཅིག །ནང་གི་ཕྱོགས་བཞིར་ཆ་དྲུག་ཡིན། །ཕྱི་ཡི་ཕྱོགས་བཞིར་ཆ་བདུན་ཏེ། །རྡོ་རྗེ་ར་བ་གོང་དང་མཚུངས། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་དང༌། །རྟ་མཆོག་དོན་ཡོད་གྲུབ་པ་ཡི། །དཀྱིལ་འཁོར་ཐིག་ཀྱང་གོང་མ་བཞིན། །ཆ་བགོ་བ་ནི་མཐུན་པ་ཡིན། །ཞེས་བསྟན་པ་ཤེས་རབ་དང་ལྡན་པས་ཐིག་གདབ་པར་བྱའོ། །སེང་ལྡེང་གི་ཕུར་པ་ལ་བརྟོད་པའི་སྲད་བུས་ནང་གི་དཀྱིལ་འཁོར་ཕྱིའི་རྡོ་རྗེའི་ཕྲེང་བ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། །གཡས་ནས་བསྐོར་བར་བྱའོ། །དཀྱིལ་འཁོར་གྱི་ཚད་ནི་ཉིས་འགྱུར་དུ་བྱའོ། །དེ་ཡང༌། །སངས་རྒྱས་དཀྱིལ་འཁོར་ཟླུམ་པོ་སྟེ། རྡོ་རྗེ། ཅན་གྱི་ཟླ་གམ་ཡིན། །པདྨ་ལ་ཡང་པདྨ་སྟེ། །རིན་ཆེན་ལ་ཡང་རིན་ཆེན་ཉིད། །ལས་ཀྱི་རིགས་ལ་སྣ་ཚོགས་པའི། །རྡོ་རྗེ་ཉིད་ནི་ཡིན་པར་འདོད། །ཐིག་འདེབས་པའི་དུས་སུ་སྔགས་འདི་བརྗོད་ཅིང་གདབ་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་འདི་ནི་ཐིག་གདབ་པའི་ཆོ་གའོ། །དེ་ནས་ཚོན་གྱི་ལས་བཤད་དེ། །སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་དཀར་པོ་རྣམས་རིམ་པ་བཞིན་དུ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨཿ་ཨོཾ་ལས་སྟོང་པ་སྔོན་དུ་འགྲོ་བ་ལས་ཡི་གེ་ལྔ་བསྐྱེད་ལ་དེ་ནས་རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀ་ནས་ཡི་གེ་འབྲུ་ལྔ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྟིམ་མོ། །ཨོཾ་བཛྲ་ས་མ་ཡ་ཛཿ་ཙིཏྟ་ཧཱུཾ་ཞེས་པའི་སྔགས་བཟླས་པས་ཡེ་ཤེས་ལྔའི་རང་བཞིན་དུ་སྦྱང་བར་བྱའོ། །དེ་ནས་ཚོན་དགྱེ་བ་བརྩམ་པར་བྱ་སྟེ། གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས། །དབང་ལྡན་མཚམས་ནས་དགྱེ་བྱས་ལ། །ཕྱི་ནང་ཀུན་དུ་སློབ་མ་ཡིས། །ཞེས་བྱ་བ་ནི་དཀར་པོ་ནས་དྲངས་ཏེ། མཛུབ་གང་བླ་མའི་ལག་པ་གཡོན་པས་བྲིས་ནས་ངག་ཏུ་འདི་སྐད་བརྗོད་པར་བྱའོ། །ཆོས་དབྱིངས་དེ་དག་གནས་པས་ན། །སེམས་ཅན་ཁམས་ནི་རབ་གྲོལ་བྱེད། །རྒྱལ་བ་འཇམ་པའི་རྡོ་རྗེ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། ཞེས་བརྗོད་པས་ཕུར་བུ་གདོན་པར་བྱའོ། །ཤར་ཕྱོགས་སུ་ནི་སྔོན་པོ་སྟེ། །ལྷོར་ནི་སེར་པོ་ཡང་དག་ལྡན། །ནུབ་ནི་པདྨ་རཱ་ག་སྟེ། །ལྗང་གུ་བྱང་དུ་ཡིན་པར་འདོད། །དབུས་ཀྱིས་ཡི་ཆ་ཉིད་ནི། །ཤེལ་ལྡན་སྣང་བ་བླ་ན་མེད། །སྔོན་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལ་དམིགས་པ་སྟེ། །པདྨ་ཆགས་པའི་ངོ་བོ་གཞི། །དེ་བཞིན་གཤེགས་ནི་མར་ཀཏ་འདྲ། །


DTG065_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ནང་དུ་ཤེས་བྱ་སྟེ། །འདི་ནི་ཚོན་གྱི་རིམ་པར་གྲགས། །ཞེས་གསུངས་པས་ནི། །རྩེ་གཅིག་ཏུ་བྲི་བར་བྱའོ། །དེ་ལྟར་བྲིས་ལ་ལྷ་དགོད་པ་ནི་དབུས་སུ་རྣམ་པར་སྣང་མཛད་དོ། །འཁོར་ལོའི་རྩིབས་བཞི་ལ་ནི་རིགས་བཞིའོ། །གྲུ་ཆད་བཞི་ལ་ཡུམ་བཞིའོ།། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་ལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། །རྒྱལ་པོ་སེར་པོ། །ཆགས་པ་དམར་པོ། །ལེགས་པ་ལྗང་གུ། །རིན་ཆེན་སེར་པོ། །གཟི་བརྗིད་དམར་པོ། །རྒྱལ་མཚན་ནམ་མཁའི་མདོག་ཅན། །བཞད་པ་དཀར་པོ། ཆོས་དཀར་དམར། རྣོན་པོ་སྔོ་བསངས། །འཁོར་ལོ་རྒྱུ་སེར་པོ། །སྨྲ་བ་ཟངས་ཀྱི་མདོག་ཅན། །རྡོ་རྗེ་ལས་སྣ་ཚོགས་པའི་མདོག་ཅན། །རྡོ་རྗེ་སྲུང་བ་སེར་པོ། །རྡོ་རྗེ་གནོད་སྦྱིན་ནག་པོ། །རྡོ་རྗེ་ཁུ་ཚུར་སེར་ལྗང༌། ནང་གི་གྲུ་ཆད་བཞི་ལ་སྒེག་མོ་དཀར་མོ། ཕྲེང་བ་མ་སེར་མོ། གླུ་མ་དཀར་མོ། གར་མ་ལྗང་ཁུའོ། །དེ་ནས་ཕྱིའི་ལྷ་མོ་བཞི་ནི་བདུག་པ་མ་སྐུ་མདོག་དཀར་མོ། མེ་ཏོག་མ་སེར་མོ། མར་མེ་མ་དམར་སྐྱ། བྱུག་པ་མ་ལྗང་གུ་སྒོ་བཞིར་སྒོ་བ་རྣམས་དགོད་པར་བྱའོ། །དེ་ནས་དཀྱིལ་འཁོར་ཕྱི་མ་ལ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་དྲུག་ཁྱམས་སུ་དགོད་པར་བྱ་སྟེ། དེའང་ཤར་ཕྱོགས་པ་རྣམས་ནི་སྐུ་མདོག་དཀར་མོ་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། ལྷོ་ཕྱོགས་པ་རྣམས་ནི་སྐུ་མདོག་སེར་པོ་རཏྣ་བསྣམས་པའོ། །ནུབ་ཕྱོགས་པ་རྣམས་ནི་སྐུ་མདོག་དམར་པོ་པདྨ་བསྣམས་པའོ། །བྱང་ཕྱོགས་པ་རྣམས་ནི་སྐུ་མདོག་ལྗང་གུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་བསྣམས་པའོ། །དེ་ནས་སྒོ་བཞིར་སྒོ་མ་ལྕགས་ཀྱུ་མ་དཀར་མོ། ཞགས་པ་མ་སེར་མོ། ལྕགས་སྒྲོག་མ་དམར་སྐྱ། དྲིལ་བུ་མ་ལྗང་གུའོ། །དེའི་ཕྱི་རོལ་གྱི་ཁྱམས་ལ་རིམ་པ་དང་པོ་ལ་དེ་བཞིན་གཤེགས་པའི་རིགས་སྐུ་མདོག་དཀར་པོ་འཁོར་ལོ་དང་རལ་གྲི་བསྣམས་པའོ། །རིམ་པ་གཉིས་པ་ལ་རྡོ་རྗེའི་རིགས་སྔོན་པོ་རྡོ་རྗེ་དང་རལ་གྲི་བསྣམས་པའོ། །རིམ་པ་གསུམ་པ་ལ་པདྨའི་རིགས་དམར་པོ་པདྨ་དང་རལ་གྲི་བསྣམས་པའོ། །རིམ་པ་བཞི་པ་ལ་རིན་པོ་ཆེའི་རིགས་སེར་པོ་རིན་པོ་ཆེ་དང་རལ་གྲི་བསྣམས་པའོ། །རིམ་པ་ལྔ་པ་ལ་ལས་ཀྱི་རིགས་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་རལ་གྲི་བསྣམས་པ། ཐམས་ཅད་


DTG065_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གདན་པདྨ་དང་ཟླ་བ་ལ་བཞུགས་པའོ། །རིགས་སོ་སོར་ཕྱེ་བའི་ལྷ་རྣམས་ལྔ་རུ་ཕྱེ་ལ་དགོད་པར་བྱའོ། །འཁོར་ལོ་རིམ་གསུམ་ལྡན་པ་ལ། །སྣམ་བུ་མུ་ཁྱུད་རྣམས་ཀྱིས་བརྒྱན། །དཀྱིལ་འཁོར་གྱི་ནི་ཕྱི་རིམ་དུ། །ཇི་སྐད་གསུངས་པའི་རྒྱན་རྣམས་བྲི། །དེ་ནི་དཀྱིལ་འཁོར་བྲི་བའི་རིམ་པའོ། །དེ་ནས་ཕྱི་དྲོའི་དུས་སུ་ཡོ་བྱད་དང་དཀྱིལ་འཁོར་གྱི་རྒྱན་རྣམས་དགྲམ་པར་བྱ་སྟེ། མཆོད་པའི་ཡོ་བྱད་ཐམས་ཅད་དང༌། དེ་བཞིན་དུ་ཕུར་པ་དང་མདའ་དང༌། རལ་གྲི་དང༌། ཚོན་སྐུད་ཀྱི་དྲ་བ་དང༌། མེ་ལོང་ལ་སོགས་པས་དཀྱིལ་འཁོར་བརྒྱན་ལ། ཕྱོགས་དང་མཚམས་རྣམས་སུ་བརྒྱད་གཞག་པར་བྱའོ། །དྲི་ཞིམ་པའི་ཆུས་ཁྲུས་བྱས་ལ་གོས་གཙང་མ་བགོས་ལ་རྡོ་རྗེ་དང་དྲིལ་བུ་རབ་ཏུ་བསྐུལ་ཞིང་རྗེ་བཙུན་གྱི་ཡི་གེ་བརྒྱ་པ་བཟླས་ཤིང་དཀྱིལ་འཁོར་དེ་དབང་ལྡན་གྱི་མཚམས་ནས་བརྩམས་ནས་ལན་བདུན་དུ་བསྐོར་བ་བྱས་པས་ལྷག་པ་དང་མ་ཚང་བ་སྐོར་བར་འགྱུར་རོ། །དེ་ནས་བུམ་པ་རྣམས་གནས་གནས་སུ་བཞག་སྟེ། །རྣམ་པར་རྒྱལ་བའི་བུམ་པ་ནི་དབུས་སུ་གཞག་གོ །ལས་ཐམས་ཅད་པའི་བུམ་པ་ནི་བསང་གཏོར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་གཡས་ཕྱོགས་སུ་གཞག་གོ །གཞན་མ་རྣམས་ནི་མེའི་མཚམས་སུ་གཞག་གོ །སློབ་དཔོན་སྟན་ནང་ཚངས་ཅན་ལ་འདུག་ལ་དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། འཁོར་ལོ་དང་པོའི་ཏིང་ངེ་འཛིན་གྱི་བར་དུ་བསྒོམས་ལ་བཟླས་པའི་རྣལ་འབྱོར་རྫོགས་པ་དང་རས་ཟུང་དུ་སྦྱར་ལ་ལྷ་རྣམས་ལ་ཨོཾ་ཨཱཿ་ཧཱུཾཿ་བཛྲ་ཝ་སྟྲ་ཧཱུཾ་ཞེས་བྱ་བས་དབུལ་ལོ། །དེ་ནས་སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་བཞག་ལ་བདག་ཉིད་ཕྱིར་བྱུང་ལ་གཏོར་མ་འཇིག་རྟེན་པའི་འབྱུང་པོ་ལ་གཏང་ངོ༌། དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྦྱིན་སྲེག་གིས་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱས་ལ། དེ་ནས་བདག་ཉིད་འཇུག་པའི་ཆོ་ག་དང༌། སློབ་མ་འཇུག་པའི་ཆོ་ག་ཡང་ཚུལ་བཞིན་དུ་བྱའོ། །དེ་ནི་དཀྱིལ་འཁོར་བསྒྲུབ་པའི་རིམ་པའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བྱས་ལ་གནང་བ་ནོད་པར་བྱ་སྟེ། །བདག་མིང་འདི་ཞེས་བགྱི་བས་ནི། །རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་འཇུག་པར་གསོལ། །དེ་ནས་སློབ་མ་ཡོལ་བའི་ཕྱི་རོལ་དུ་བཞག་ལ་བུམ་པའི་ཆུས་བསང་གཏོར་བྱས་ལ་ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་


DTG065_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་སྔགས་བཟླས་པས། གདོང་གཡོགས་བཅིངས་ལ་མེ་ཏོག་གི་ཕྲེང་བ་བཟུང་སྟེ། དཀྱིལ་འཁོར་དུ་གཞུག་པའི་ཕྱིར། བུ་ཁྱོད་དངོས་གྲུབ་ཅི་ལ་དགའ། །ཞེས་དྲིའོ། །དེ་ནས་བུས་ཀྱང༌། སྐལ་བཟང་བདེ་མཆོག་བདག་དགའོ། །ཞེས་བརྗོད་ངོ༌། །དེ་ནས་སློབ་མ་ཐམས་ཅད་ཀྱིས། །དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཉིད་ནི་བདག་ལ་དགོངས། །བྱང་ཆུབ་སེམས་དཔའི་ལམ་བསྟན་པ། །སྐྱོབ་པ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་ཡོངས་ལ་སྐྱབས་འགྲོ་བས། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་མཛོད། །ཅེས་བརྗོད་དེ། །དེ་ནས་སློབ་དཔོན་གྱིས། བུ་ཁྱོད་ཚུར་ཤོག་ཐེག་ཆེན་གྱི། །ལམ་ཆེན་སྣོད་ནི་ཁྱོད་ཡིན་ཏེ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་པ། །འཇིག་རྟེན་སྤྱོད་པ་རྗེས་འཇུག་ཕྱིར། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་ནས་རྒྱུན་བཤགས་བྱ་སྟེ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། བྱང་ཆུབ་མཆོག་གི་སེམས་ནི་བདག་གིས་བསྐྱེད། །སེམས་ཅན་རྣམས་ནི་བདག་གིས་མགྲོན་དུ་གཉེར། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བརྗོད་དུ་གཞུག་གོ །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གཙོ་བོ་བདག་ལ་སྡོམ་པ་སྩོལ། །ཐུབ་པའི་ཉི་མ་མ་ལུས་པ། །མི་ལྡོག་པ་ཡི་དབང་བསྐུར་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དེ་ནས་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པར་བྱ་སྟེ། ཆེ་གེ་མོ་ཞེས་བྱ་བ་འདི། བྱང་ཆུབ་སེམས་ནི་ཡོངས་འཛིན་པ། །དམ་ཚིག་སྡོམ་པ་གསང་བ་ཡི། །དཀྱིལ་འཁོར་འདིར་ནི་འཇུག་པར་འཚལ། །ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོའི་རིགས་དག་ལ། །


DTG065_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །དེས་ཀྱང་འཚལ་ཞེས་བརྗོད་པར་བྱ། །ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བསྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བརྗོད་དོ། །སློབ་དཔོན་དག་ཀྱང་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་དུ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམས་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གསུངས་པར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པ་ནི་རབ་ཏུ་བཤད། །སྤང་ཞིང་ངོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་དུ་བཟླས་པར་བྱ། །གང་ཚེ་ཉམས་འགྱུར་རྣམས་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ༌། །འདོད་པ་ལོག་པར་མི་སྤྱོད་དོ། །བརྫུན་ནི་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་རྣམས་དང་། ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྲུངས། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོང་མི་སྤང༌། །རྟག་ཏུ་མྱ་ངན་འདའ་མི་བྱ། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་


DTG065_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །དེས་ཀྱང་འདི་སྐད་བརྗོད་པར་བྱ་སྟེ། །སློབ་དཔོན་འདིར་ནི་བདག་ལ་སྩོལ། །གཙོ་བོས་ཇི་སྐད་བཀའ་སྩལ་པ། །དེ་ལྟར་བདག་གིས་འཚལ་བར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །ཞེས་པ་ནས། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་དུ་བརྗོད་དོ། །གང་ཞིག་སྡོམ་པ་འཛིན་པར་མི་བྱེད་པ་དེ་ལ་ནི་སློབ་དཔོན་དུ་རྗེས་སུ་གནང་བ་དང༌། དབང་བསྐུར་བར་མི་བྱའི་འཇུག་པ་ཙམ་ཅིག་བྱེད་དུ་གཞུག་གོ །དེ་ནས་བོ་དྷི་ཙིཏྟ་ཨུ་ཏྤཱ་ད་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། །དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་ལ། །ཨོཾ་སུ་ར་ཏ་ས་མ་ཡསྟྭཾ་ཧོ་བཛྲ་སི་དྡྷི་ས་མ་ཡ་སུ་ཁཾ། དུས་འདི་ཉིད་དུ་ཁྱོད་ཉིད་ནི། །སངས་རྒྱས་རིགས་སུ་ཆུད་པས་ན། །ཚུལ་འདི་གཞན་ལ་མ་བརྗོད་ཅིག །གལ་ཏེ་སྨྲས་པར་གྱུར་ན་ནི། །འཇམ་པའི་རྡོ་རྗེ་རབ་ཁྲོས་ནས། །འགའ་ལ་སྨྲས་ན་གླད་པ་འགེམས། །དེ་ནས་ཙནྡན་དང་གུར་ཀུམ་ལ་སོགས་པའི་ཆུ་ཁྱོར་བར་བླུགས་ཏེ། འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ། །དམ་ཚིག་འདས་ན་འཚིག་པར་བྱེད། །གལ་ཏེ་གསང་སྔགས་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུ་ད་ཀ་ཋ་ཋ། དེ་ནས་འདི་སྐད་སྨྲས་ཏེ། །དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །འཇམ་པའི་རྡོ་རྗེད་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་གྱིས། །གང་ཡང་ལ་མོས་མེད་པ། །དེ་བཞིན་མོས་པར་མ་བྱས་ན། བདུད་ཀྱིས་བཅོམ་ནས་དམྱལ་བར་འགྲོ། །དེ་བས་དམ་ཚིག་ལ་གནས་ཀྱིས། །འདི་ནི་དམ་ཚིག་ཆུ་བོའི་ཆོ་གའོ། །དེ་ནས་སློབ་མ་ཡོལ་བའི་ནང་དུ་བཀུག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་འཇམ་པའི་རྡོ་རྗེ་བདག་ལ་དབབ་ཏུ་གསོལ་ཞེས་གསོལ་བ་བཏབ་ལ་སློབ་མའི་སྙིང་གར་ཨཿ་བསམས་ལ་འདི་སྐད་ཅེས་བརྗོད་དེ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། ཡེ་ཤེས་འབབ་པར་གྱུར་ཅིག་ཅེས་བརྗོད་དོ། །དེ་ནས་རྐང་པའི་


DTG065_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བ་དན་གྱིས་མཚན་པ་སྤྱི་བོར་ཨོཾ་ལས་འོད་ཟེར་སྤྲོས་པས་རྐང་པ་གཡོན་པ་གཡས་པས་མནན་ལ། ཀུན་ཏུ་དྲིལ་བུའི་སྒྲ་ཡང་དག་པར་དཀྲོལ་ཞིང་དབབ། །བཛྲ་ཨཱ་བེ་ཤ་ཨ་ཨཱཿ་ཞེས་ལན་བརྒྱ་རྩ་བརྒྱད་ལ་སོགས་པ་བརྗོད་ལ་དབབ་པོ། །ཡེ་ཤེས་བབས་པ་དང་འཕར་ན་ཏིཥྛ་བཛྲ་ཞེས་བརྟན་པར་བྱའོ། །སྐུ་གསུང་ཐུགས་ཀྱི་རྟགས་གསུམ་འབྱུང་སྟེ། སྐུ་བབས་ན་གར་དང་གར་གྱི་ལན་བྱའོ་གསུང་བབས་ན་སྔགས་སྨྲའོ། །ཐུགས་བབས་ན་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པར་བྱའོ། །འདི་ནི་ཡེ་ཤེས་དབབ་པའི་ཆོ་གའོ། །དེས་ཕེབས་པར་མ་གྱུར་ན་རྡོ་རྗེ་བསྡམས་པ་ལས་རྡོ་རྗེ་སེམས་མའི་ཕྱག་རྒྱ་དྲལ་བར་བྱ་ཞིང༌། བཛྲ་སཏྭ་ཨ་ཨ་ཨ་ཞེས་བརྗོད་པས་བདག་སུམ་བརྩེགས་པའི་ཐུགས་ཀའི་ཡིག་འབྲུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་བྱུང་སྟེ་སྡིག་སྒྲིབ་བྱ་སྒྲོ་ལ་མེ་ཕོག་པ་ལྟར་ཆོམས་ཆོམས་བསྲེགས་ཏེ་དག་པར་བསམ་ཞིང་སྒྲ་དྲག་པོ་བརྒྱ་རྩ་བརྒྱད་བཟླས་སོ། །དེས་ཀྱང་མ་ཕེབས་ན་སྡིག་པ་སྦྱོང་བའི་སྦྱིན་སྲེག་བྱ། དེས་མི་ཕེབས་པ་མི་སྲིད་དོ། །འདི་ལྟར་བདག་གིས་སློབ་མ་འདི། །དཀྱིལ་འཁོར་དུ་ནི་ལེགས་བཅུག་ནས། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །འདི་ཡི་བསོད་ནམས་ཅི་འདྲ་བ། །དཀྱིལ་འཁོར་འདིར་ནི་དེ་བཞིན་གྱུར། །ཞེས་བརྗོད་ལ་མིག་གི་སྣང་བ་དྲི་བར་བྱའོ། །དཀར་པོ་ལ་སོགས་པ་ཞི་བའི་དངོས་གྲུབ་རྣམས་སུ་ཤེས་པར་བྱའོ། །འདིར་ནི་དངོས་གྲུབ་གང་འགྲུབ་པ། །རིགས་ནི་གང་གི་སྣོད་དུ་གྱུར། །བསོད་ནམས་མཐུ་ནི་གང་ཡོད་པ། །དེ་བཞིན་དུ་ནི་འབབ་པར་འགྱུར། །པྲཏཱི་ཙྪ་བཛྲ་ཧོཿ་ཞེས་བྱ་བ་འདིས་མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་དུ་དོར་བར་བྱའོ། །དབུལ་བབས་ན་ནི་མཆོག་གི་དངོས་གྲུབ་ཐོབ་པོ། །ཞབས་ལ་བབས་ན་སྔགས་གྲུབ། སྟོད་དང་སྨད་དང་བར་དང་གསུམ་དུ་བབས་ན། དངོས་གྲུབ་རབ་འབྲིང་ཐ་མ་གསུམ་དུ་ཤེས་པར་བྱའོ། །གལ་ཏེ་རི་མོའི་ནང་དུ་མ་ལྷུང་ན་ནི་བསྐྱར་རོ། །ལན་གསུམ་བསྐྱར་ནས་ཕྱི་རོལ་དུ་སོང་ན་དངོས་གྲུབ་མེད་པར་ཤེས་པར་བྱའོ། །དེ་ནས་ཕྲེང་བ་བླང་ལ་འདི་སྐད་བརྗོད་དོ། །ཨོཾ་པྲ་ཏི་གྲྀཧྞ་ཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བརྗོད་པས་མགོ་ལ་བཅིང་ངོ༌། །དེ་ནི་ཕྲེང་བ་དོར་བའི་ཆོ་གའོ། །དེ་ནས་གདོང་གཡོགས་དགྲོལ་ཏེ། རྡོ་རྗེ་ཆགས་པ་དེང་ཁྱོད་ཀྱི། །མིག་


DTG065_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བ་ལ་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ་ཞེས་པས་སོ། །གདོང་གཡོགས་བཀྲོལ་ལ་དཀྱིལ་འཁོར་བསྟན་ཏེ། ཐར་པ་ཆེན་པོའི་གྲོད་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་ལ་ལྷུང་གྱུར་བ། །དེ་ནི་ཁྱོད་ཀྱི་འཇམ་དབྱངས་ཡིན། །ཞེས་བརྗོད་ལ། དེ་དཀྱིལ་འཁོར་བལྟ་རུ་བཅུག་ལ་སྒོ་སྲུངས་ནས་བརྩམས་ནས་གཙོ་བོའི་བར་དུ་མིང་བརྗོད་ལ་བསྟན་པར་བྱ་སྟེ་དཀྱིལ་འཁོར་ད་གཞུག་པའི་ཆོ་གའོ།། །།དེ་ནས་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་རྡོ་རྗེ་སློབ་དཔོན་ལ་རྗེས་སུ་མཐུན་པའི་ཡོན་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩོལ་བ་བཞིན། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའ་རྡོ་རྗེ་དེང་བདག་སྩོལ། །ཞེས་བརྗོད་ལ་ཕྱག་བྱའོ། །སློབ་དཔོན་གྱིས་ཀྱང་དེ་ལ་དབང་བསྐུར་བར་བྱ་བའི་ཕྱིར་སྒྲུབ་པ་པོ་དང་རྡོ་རྗེ་སློབ་དབོན་དུ་དབང་བསྐུར་བ་སྦྱིན་པ་ནི་དང་པོ་སྒྲུབ་པ་པོའི་དབང་བསྐུར་ཏེ། ཤར་ངོས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སློབ་མ་ཡི་དམ་གྱི་ལྷར་བསྐྱེད་ལ། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། སྟེང་དུ་ཡི་གེ་བྲིས་ལ་ལས་ཐམས་ཅད་པའི་བུམ་པས་དབང་བསྐུར་ལ་མཆོད་པ་ལྔས་དེ་ལ། མཆོད་ལ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དང་དུང་དང་རོལ་མོ་ལ་སོགས་པའི་སྒྲ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པས་མངོན་པར་དགའ་བར་བྱ་ཞིང༌། དང་པོར་རེ་ཞིག་ཆུའི་དབང་བསྐུར་ཏེ། བུམ་པའི་དབང་བསྐུར་བ་ནི་དཀྱིལ་འཁོར་གྱི་སྟེང་དུ་བུམ་པའི་ཆུ་རྣམས་རྣམ་རྒྱལ་གྱི་བུམ་པར་ཉུད་ཟད་རེ་བླུགས་ལ། དེ་ནས་སློབ་མའི་དབང་བསྐུར་སྦྱིན་ཏེ། ཨོཾ་མཉྫུ་ཤྲཱི་ཨ་པྷི་ཥིཉྩ་ཧཱུཾ། ཞེས་པས་དབང་བསྐུར་ཏེ་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བྱའོ། །དེ་ནས་ཅོད་པན་གྱི་དབང་བསྐུར་བར་བྱ་སྟེ། དེ་ནས་དབུ་རྒྱན་སྟོང་བ་ཉིད་སྔོན་དུ་འགྲོ་བས་བྷཱུཾ་ཨོཾ་ཧྲཱིཿ་ཨཱཿ་ཧཱུཾ་ལས་རིགས་ལྔར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱས་ལ་སློབ་མའི་མགོ་ལ་བསྐོན་ལ། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཤིཉྩ་ཞེས་པས་དབུ་རྒྱན་དང༌། དར་དཔྱངས་དང་བཅས་པས་དབང་བསྐུར་རོ། །དེ་ནས་རྡོ་རྗེ་སྟོང་པ་ཉིད་


DTG065_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་དཔག་ཏུ་མེད་པར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་བཅུག་ལ་དེ་རྡོ་རྗེར་གྱུར་པར་བསམས་ལ། རྡོ་རྗེ་རྩེ་ལྔ་པ་ཁུ་ཚུར་གཡས་བས་སྙིང་གར་བཟུང་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང༌། །ཨོཾ་བཛྲ་ཨ་དྷི་བ་དྷི་སྟྭ་ཨ་བྷི་ཥཉྩཱ་མི་ཏིཥྠ་བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་བས་ལག་པ་གཡས་པར་སྦྱིན་ནོ། །སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་ངོ༌། །དེ་ནས་དྲིལ་བུ་དོན་ཡོད་གྲུབ་པར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་བཅུག་ལ་དྲིལ་བུར་གྱུར་པར་བསམས་ལ། ལག་པ་གཡོན་པར་བྱིན་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྡྷ་རྨྨཱ་ཎཱ་ཨཱ་དྱ་ནུཏ་བནྣ་ཏྭཱཏ་ཅེས་པས་སྦྱིན་ནོ། །དྲིལ་བུའི་རང་བཞིན་བདག་པོའི་དབང་ངོ༌། །དེ་ནས་རྡོ་རྗེ་དྲིལ་བུ་སློབ་མའི་སྤྱི་བོར་བཞག་ལ་མིང་གི་དབང་རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་སྦྱིན་ནོ། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཤིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ག་ཏ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་སྔར་ལྷ་གང་ལ་བབས་པའི་ཞབས་ཀྱིས་མཚོན་པའི་མིང་སྦྱིན་ནོ། །འདི་ནི་རྟག་པའི་རང་བཞིན་མིང་གི་དབང་ངོ༌། །དེ་ནས་དེ་ལ་པཱུ་ཛ་ལྔས་མཆོད་ལ་དགའ་བ་མཉེས་པར་བྱའོ། །དེ་ནས་དེའི་རྗེས་ལ་སློབ་མས་བླ་མ་ལ་ཡོན་དབུལ་བ་ལ་སོགས་པར་བྱའོ། །དབང་བསྐུར་བ་ལྔ་པོ་དེ་དག་གིས་རྒྱུད་ལ་སོགས་པ་ཉན་པ་དང༌། བཤད་པ་དང་སྒྲུབ་པ་པོའི་སྣོད་དུ་འགྱུར་ཏེ། གོ་རིམས་བཞིན་དུ་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམས་སོ། །དབང་ལྔ་པོ་འདི་དག་ནི་རིགས་ལྔའི་དབང་ངོ༌། །ཡང་ན་དབང་འདི་ཡང་མ་རིག་བ་ལས་བཟློག་པས་ན་རིག་པའི་དབང་ངོ༌། །འདི་ནི་རིག་པའི་དབང་བསྐུར་པའི་ཆོ་གའོ།། །།དེ་ནས་སློབ་དཔོན་དུ་འོས་པའི་སློབ་མས་ཡོན་ཕུལ་ལ་གསོལ་བ་གདབ་པོ། །བདག་དང་གཞན་དོན་བྱེད་པས་ན། །མི་ལྡོག་པ་ཡི་དབང་བསྐུར་བ། །ཐུགས་རྗེའི་བདག་པོ་བདག་ལ་སྩོལ། །ཞེས་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་མ་རྣམ་པར་སྣང་མཛད་དུ་བསྐྱེད་ལ་ཤར་ངོས་སུ་དབང་སྟེགས་གྲུ་བཞི་པ་སྒོ་ནུབ་ཏུ་བསྟན་བའི་དབུས་སུ་ཚོན་སྣ་ལྔས་པདྨ་འདབ་བརྒྱད་བྲིས་ལ། དེའི་སྟེང་དུ་སེང་གེའི་ཁྲི་ལ་བཞག་ལ། དེའི་སྟེང་དུ་


DTG065_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བླ་རེ་བྲེས། གཡས་ཕྱོགས་སུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཡོངས་སུ་བཟུང་ལ། གཡོན་ཕྱོགས་སུ་རྒྱལ་མཚན་དང་བ་དང་བསྒྲེང་ལ་རྔ་པོ་ཆེ་དང༌། ཟངས་ཀྱི་དུང་དང་འབུད་དུང་ལ་སོགས་པའི་སྒྲས་ནམ་མཁའ་གང་བར་བྱས་ལ། རྡོ་རྗེ་དང་དྲིལ་བུ་དཀྲོལ་ཞིང་།ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་པོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་ཞལ་མངའ་བ། །བཀྲ་ཤིས་དེ་ཡིས་ཁྱོད་ལ་དེང་འདིར་ཞི་བྱེད་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་དུ་གྲབ་ས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་དམ་པ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་བྱ་བ་ལ་སོགས་པའི་བཀྲ་ཤིས་ཀྱི་ཀླུ་བླངས་ལ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་བསམས་ལ། རྣམ་པར་རྒྱལ་བའི་བུམ་པ་ནས་བཟུང་ལ་སྒོ་བའི་བར་དུ་བསྐུར་ལ། དེ་ནས་འཇམ་དཔལ་གྱི་སྐུ་གཟུགས་སློབ་མའི་སྤྱི་བོར་བཞག་ལ། ཨོཾ་མཉཛུ་ཤྲཱི་མ་ཧཱ་སུ་ཁ་བཛྲ་སཏྭ། ཛཿ་ཧཱུཾ་ཧོཾ་ཧོཿ་སུ་ར་ཏེ་ས་མ་ཡ་སྟྭཾ། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བྱ་བ། སློབ་མ་ལ་གནང་བ་སྤྱིན་ནོ། །དེ་ནས་དམ་ཚིག་གསུམ་གྱི་དབང་སྦྱིན་པར་བྱ་སྟེ། ཧཱུཾ་ལས་རྡོ་རྗེ་བསྒོམས་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །འཇམ་པའི་རྡོ་རྗེ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །འཇམ་པའི་རྡོ་རྗེའི་བརྟུལ་ཤུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སི་དྡྷི་བཛྲ་ས་མ་ཡ་ཏིཥཐ་ཨེ་ཥ་སྟྲྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་བྱ་བ་འདིས་སློབ་མ་ལ་གཏད་ལ། དེ་ཁོ་ན་ཉིད་འདི་བརྗོད་དོ། །ཐོག་མ་མེད་པའི་སེམས་དཔའ་ལ། །འཇམ་པའི་རྡོ་རྗེ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཐམས་ཅད་བདག །རྡོ་རྗེ་སྙིང་པོའི་བདག་པོའི་གཙོ། །བཅོམ་ལྡན་འདས་དཔལ་


DTG065_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་པོའི་སྐྱེས་བུའོ། །ཨོཾ་མ་ཧཱ་བཛྲ་ཧཱུཾ། དེ་ནས་ཨ་ལས་དྲིལ་བུ་བསྐྱེད་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བྱ་བ་འདིས་སློབ་མའི་ལག་པ་གཡོན་དུ་དྲིལ་བུ་བྱིན་ལ། སྲིད་པའི་རང་བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དག་པའི་མཆོག་ཏུ་བྱེད། །ཅེས་བྱ་བ་འདིས་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་སྟེ། ཨོཾ་བཛྲ་གྷཎྚ་ཨཱཿ་ཞེས་བཟླས་སོ། །དེ་ནས་སློབ་མའི་ལག་པ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་སྙིང་གར་བསྣོལ་ལ། །ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམས་ལ། །སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དེ་བས་དམ་ཚིག་བསྲུང་བར་གྱིས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པ་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་གྱིས། །འདི་ནི་སྐུ་ཡི་དམ་ཚིག་གོ །དེ་ནས་སློབ་མ་ལ་མཆོད་པ་ལྔས་མཆོད་ལ། དེའི་འོག་ཏུ་གསེར་གྱི་ཐུར་མ་བླངས་ལ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲི་ཞེས་བྱ་བས་མིག་ལ་བྱུགས་ཏེ་དག་པར་བྱའོ། །དེ་ནས་མེ་ལོང་བླངས་ལ་ཆོས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །རང་བཞིན་མེད་ཅིང་བདག་མེད་པ། །དེ་ལྟར་ཆོས་རྣམས་ཤེས་བྱས་ནས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་ཨཱཿ་ལས་བསྐྱེད་པའི་དྲིལ་བུ་བྱིན་ཏེ། ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་པས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བྱ་བས་དཀྲོལ་བར་བྱའོ། །དེ་ནས་མདའ་གཞུའི་དབང་བསྐུར་སྦྱིན་པར་བྱ་སྟེ། ཧོ་ཞེས་བྱ་བས་མདའ་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་


DTG065_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བྱོས་ཞེས་བྱ་སྟེ། ལོགས་བཞི་སྟེང་འོག་ཏུ་མདའ་རེ་འཕེན་དུ་གཞུག་གོ །ཡང་མེ་ལོང་གི་དབང་སྦྱིན་པར་བྱ་སྟེ། ཨོཾ་མཉྫུ་ཤྲཱི་ཞེས་བྱ་བས་མེ་ལོང་བསྟན་ལ། འཇམ་པའི་རྡོ་རྗེ་མེ་ལོང་ལྟར། །དག་ཅིང་གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་དག་རང་བཞིན་གྱིས། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །འཇམ་པའི་རྡོ་རྗེ་རང་ཉིད་གཙོ། །འདི་ཉིད་ཡིན་པར་ཤེས་པར་གྱིས། །ཨོཾ་མཉྫུ་ཤཱི་ཨཱཿ།། །།དེ་ནས་རྗེས་གནང་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་ཧི་ཏུ་ཞེས་བྱ་བས་འཁོར་ལོ་རྐང་བའི་བར་དུ་བཞག་ལ། ཨོཾ་བཛྲ་བྷཱ་ཥ་རཾ་ཞེས་བྱ་བས་ལག་པ་གཡས་སུ་དུང་བྱིན་ལ། ལག་པ་གཡོན་པར་ཨཱཿ་ཞེས་བྱ་བས་མཚན་ཡང་དག་པར་བརྗོད་པའི་པོ་ཏི་བྱིན་ལ། དྲིལ་བུ་ཡང་བྱིན་ལ་དཀྲོལ་ཞིང་།དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པས། །ཀུན་དུ་མ་ལུས་གང་བར་གྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང༌། །དོགས་པ་མེད་པའི་སེམས་ཀྱིས་ནི། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །འཇིག་རྟེན་རྣམས་ལ་རབ་ཏུ་སྒྲོལ། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་བར་འགྱུར། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་སྲུང་བར་བྱེད། །དེ་ནས་གནང་བ་སྦྱིན་པར་བྱ་སྟེ། །སོ་སོའི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་བྱས་ལ། ལོ་ཀ་ཀུན་ལ་ཁྱད་པར་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བ་དང༌། ཆོས་ཀྱི་གནས་སུ་རྡོ་རྗེ་དང༌། །རིན་ཆེན་དང་ནི་པདྨ་དང༌། །ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བྱ་བས་རྗེས་སུ་གནང་བ་སྦྱིན་ནོ། །དེ་ནས་ལུང་བསྟན་ཏེ། སློབ་དཔོན་བདག་ཉིད་ལངས་ལ། སྐྱོབ་པ་ཤཱཀྱ་སེང་གེའི་ཏིང་ངེ་འཛིན་དང་ལྡན་པར་བྱས་ལ། གཡོན་པ་ཁུ་ཚུར་སྙིང་གར་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་བཅས་ལ། ཨོཾ་ང་ཡིས་ཁྱོད་ལ་ལུང་བསྟན་ཡིན། །འཇམ་པའི་རྡོ་རྗེ་དེ་བཞིན་གཤེགས། །སྲིད་པ་ཀུན་ཏུ་དག་བས་ན། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། །ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་ཡི། །དེ་བཞིན་


DTG065_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་བྷུ་ར་བྷུ་བ་སྭཿ་ཞེས་གཟེངས་བསྟོད་དོ། །དེ་ནས་གསང་བ་བསྒྲགས་ཏེ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ་།དབུགས་དབྱུང་བའོ། །དེ་ནས་ལྷའི་སྔགས་སྦྱིན་པར་བྱ་སྟེ། སྔགས་ཀྱི་རྗེས་གནང་ངོ༌། །དེ་ནས་གདམས་པ་བསྟན་པར་བྱ་སྟེ། ཁྱོད་ཀྱིས་མཁས་པའི་གང་ཟག་ལ། །སྔགས་དང་ཕྱག་རྒྱ་མ་སྟོན་ཅིག །དེ་ཡིས་སྤྱོད་ན་སོམ་ཉི་ཟ། །གཉིས་ཀ་ངན་སོང་ཉིད་དུ་ལྷུང༌། །དེ་ནས་སློབ་མའི་སྤྱི་བོར་གདུགས་བཟུང་ལ་བསྐོར་བ་བྱས་ལ་ཐལ་མོ་སྦྱར་ཏེ། གདུགས་དང་བཅས་པ་དཀྱིལ་འཁོར་གྱི་དྲུང་གི་ས་ལ་ལུས་བཏུད་ལ། སྔགས་རྣམས་འཛིན་པར་གྱུར་པ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །དེ་ནས་གདུགས་བཞག་ལ་སློབ་མའི་སྙིང་ལ་འབབ་པའི་ཚིག་དག་བརྗོད་དེ། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་ཀྱང་འཛིན་པར་གྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་བཀུར་བར་འགྱུར། །སེམས་ཅན་ཀུན་ལ་ཐུགས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཁྱོད་ཀྱིས་ཆོས་ལ་སེར་སྣ་དང༌། །སེམས་ཅན་རྣམས་ལ་མི་ཕན་པ། །བུ་ཁྱོད་ཀྱིས་ནི་མི་བྱའོ། །དེ་ནས་སླར་ཡང་བསྟན་བྱ་སྟེ། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡིས། །དེ་རིང་སྡིག་པ་རྣམ་གྲོལ་ནས། །དེ་རིང་ཁྱོད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོང་མེད་ཅིང༌། །ནི་ཐུབ་ཚུགས་པ་ཡོང་མེད་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པ་ན། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་པའི་ཆོས་ནི་སྨད་མི་བྱ། །ནམ་ཡང་བོར་བར་ཡང་མི་རུང༌། །མི་ཤེས་པ་དང་རྨོངས་པ་ལ། །དེ་ཉིད་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་ཞིང༌། །སློབ་དཔོན་ནམ་ཡང་སྨད་མི་བྱ། །སངས་རྒྱས་ཀུན་དང་མཚུངས་པ་ཡིན། །རང་དགའ་ཡོངས་སུ་བོར་ནས་ནི། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར་བཟུང་ནས་ནི། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བས་


DTG065_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་དབྱུང་བའོ། །སློབ་མས་ཀྱང་ཕྱག་བྱས་ཏེ། གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ཁས་བླང་ངོ༌། །འདི་ནི་སློབ་དཔོན་དུ་དབང་བསྐུར་བའི་ཆོ་གའོ།། །།དེ་ནས་གསང་བའི་དབང་བསྐུར་སྦྱིན་པར་བྱ་སྟེ། སློབ་མ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་རལ་གྲི་གཡོན་པ་ན་པོ་ཏི་བསྣམས་པ་བསྐྱེད་ལ། གསེར་རམ་དངུལ་ལམ་ཉ་ཕྱིས་ཀྱི་སྣོད་དུ་ཨ་ཀ་རུ་ནག་པོ་དང༌། གླུ་རྩི་དང༌། མུ་ཏིག་དཀར་པོ་དང༌། ཙནྡན་སྨུག་པོ་དང༌། མཚལ་ཆེན་དང༌། དེ་རྣམས་ཀྱི་སྟེང་དུ་སྟོང་པ་ཆེན་པོའི་ཡི་གེ་ལྔ་དགོད་པར་བྱ་སྟེ། ཨཱཿ་ཧཱུཾ་ཨོཾ་ཧྲཱིཿ་ཨཿ་དེ་ལས་འོད་ཟེར་འཕྲོས་པས་ནམ་མཁའི་ཁམས་ནས་ཡེ་ཤེས་ཀྱི་བདུད་རྩི་དྲངས་ནས་གཉིས་སུ་མེད་པར་བསྟིམས་ལ་ཨོཾ་ཨཱཿ་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས་ལ། སྦྲང་རྩིའམ། ཀ་རའམ་བུ་རམ་ལ་རིལ་བུ་བྱས་ལ། སློབ་མའི་ལྕེ་ཐོག་ཏུ་ཚིགས་སུ་བཅད་པ་འདིས་སྦྱིན་པར་བྱའོ། །ཇི་ལྟར་འཇམ་དབྱངས་རྒྱལ་པོ་ཡིས། །བྱང་ཆུབ་སྲས་ལ་དབང་བསྐུར་བཞིན། །ཁྱོད་ལ་གསང་བའི་དབང་བསྐུར་བས། །བདུད་རྩི་ལྔ་ནི་མཉམ་པའི་སེམས། །ཉོན་མོངས་ལྔ་ནི་དག་པར་བྱེད། །ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ། །ཨོཾ་སརྦ་དྷརྨྨ་ཨ་བྷཱ་བ་སྭཱ་བྷཱ་བ་བི་ཤུདྡྷ། བཛྲ་བཛྲ་ཨ་ཨཱ་ཨཾ་ཨཿ་འདི་ནི་གསང་བའི་དབང་བསྐུར་བའི་ཆོ་གའོ། །ད་ནི་ངེས་པའི་དབང་བསྐུར་བར་བྱ་སྟེ། འདི་ཁྱོད་གཟུགས་བཟང་སྟོན་པ་ཡིས། །དམ་པའི་བདེ་བ་མྱོང་བར་འགྱུར། །རིག་པའི་རྣལ་འབྱོར་སྔོམ་པ་ཡིས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །རྨོངས་པ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བྱ་བ་སྦྱིན་པར་བྱའོ། །དགེ་སློང་དང་མ་ནིང་དང༌། རྒན་པོ་ལ་ནི་ལུས་ཀྱི་གནས་བཞི་རུ་འཁོར་ལོ་བཞི་བསྒོམས་ལ། རྐང་བའི་གནས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། སུམ་མདོའི་གནས་སུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འོད་ཟེར་དང་བཅས་པས་མཚན་པའོ། །རླུང་གི་བ་དན་གྱིས་མེ་སྤར་མེ་ལྕེ་གྱེན་དུ་འབར་བའི་འོད་ཀྱིས་རྩ་དབུ་མ་ན་ཡར་ཡུ་ཤེས་ཀྱི་མེ་འབར་བས་སྤྱི་བོ་བདེ་བ་ཆེན་པོ་ལ་རེག་པས། ཐིག་ལེ་བཅུ་དྲུག་


DTG065_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་འཁོར་ལོ་རུ་བབས། མགྲིན་པ་ནས་སྙིང་གར་འདབ་བརྒྱད་དུ་བབས། སྙིང་ག་ནས་ལྟོ་བར་ཐིག་ལེ་བཞི་རུ་བབས་ནས། ལུས་མཐའ་དག་ཐིག་ལེ་བྱང་ཆུབ་སེམས་ཀྱིས་གང་ནས་སློབ་མའི་ལུས་ལ་བདེ་གསལ་གྱི་རྣམ་པར་ཤེས་པ་སྤྲོས་བ་དང་བྲལ་བ་བདེ་བ་ཐམས་ཅད་ཀྱིས་ལུས་གང་བར་བསམ་མོ། །དེ་ནས་ཚིགས་སུ་བཅད་པ་འདི་བརྗོད་པར་བྱའོ། །ས་མཆོག་བཅུ་གཉིས་འཐོབ་པར་འགྱུར། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འཁོར་ལོ་བཞི་པོ་མཉམ་པའི་རོས། །སྲིད་པའི་རོ་ནི་དག་པར་བྱེད། །དེ་བས་ཁྱོད་ཀྱིས་འདི་དང་ནི། །ནམ་ཡང་བྲལ་བར་མི་བྱའོ། །ཨོཾ་བཛྲ་སྠི་ཏོ་ཧྲ་དི་ཛྙཱ་ན་མཱུ་རྟི་ར་ཧཾ་བུདྡྷོ་བུ་དྡྷཱ་ནཱཾ་ཏྲྱ་དྷྭ་བརྟཱི་ནཱཾ་ཨོཾ་ཨཱཿ་ཧཱུཾ། འདི་ནི་ངེས་པའི་དབང་བསྐུར་བའི་ཆོ་གའོ། །དེ་ལྟར་དབང་རྣམ་པ་གསུམ་རིམ་གྱིས་བསྐུར་བས། །སློབ་དཔོན་གྱི་དབང་གིས་ནི་རྡོས་པ་དང་བཅས་པའི་ལུས་ཤེལ་སྒོང་ལྟར་དག་པར་འགྱུར་རོ། །གསང་བའི་དབང་གིས་ནི་དྲི་མ་དང་བཅས་པའི་ངག་ཚངས་པའི་དབྱངས་ལྟ་བུར་འགྱུར་རོ། །ངེས་པའི་དབང་གིས་ནི་རྟོག་པ་དང་བཅས་པའི་སེམས་མར་མེ་ལྟ་བུ་འགྱུར་རོ། །དེ་ནས་སློབ་མ་རྣམས་ཀྱིས་སློབ་དཔོན་ལ་མཆོད་པས་མཆོད་ཅིང་ཡོན་དབུལ་བར་བྱའོ། །དངོས་གྲུབ་དམ་པ་མནོས་པ་ཡི། །བླ་མ་གང་བཞེད་དབུལ་བར་བྱ། །དེས་ནི་བསོད་ནམས་ཚོགས་སུ་འགྱུར། །དེ་ལས་དངོས་གྲུབ་ཆེན་པོ་འབྱུང༌། །དེ་ནས་བཟའ་བ་དང༌། བཏུང་བ་དང༌། བདག་དང་གཞན་གྱི་བདེ་བ་ལ་ལོངས་སྤྱོད་དོ། །དེའི་རྗེས་ལ་ལྷ་རྣམས་ལ་མཆོད་པ་དང༌། བསྟོད་པ་དང་བཟོད་པར་གསོལ་བ་དང༌། འདོད་པའི་དོན་ལ་གསོལ་པ་གདབ་པ་དང༌། དཀྱིལ་འཁོར་བསྡུས་ལ་རིམ་པའི་ཏིང་ངེ་འཛིན་ལ་འཇུག་པ་དང༌། སྨོན་ལམ་གདབ་པ་དང༌། ཡི་གེ་བརྒྱ་པས་དག་པར་བྱ་བ་དང༌། དགེ་བའི་རྩ་བ་བསྔོ་བར་བྱའོ། །དེ་ནས་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱཾ་བཛྲ་དྷ་རཱ་ཛྙཱ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་ཕུར་བུ་བཏོན་ལ་འོ་མས་བཀྲུའོ། །ཨ་ཀཱ་རོ་མ་ཁཾ་སརྦ་དྷརྨྨ་ནཱཾ་ཨ་དྱཱ་ནུཏཔནྣ་ཏྭཱ་ཏ་ཅེས་ཚོན་རྩི་བསྡུས་ལ། གར་དང་སིལ་སྙན་ལྔན་བྱས་ལ། །ཆུ་ཀླུང་ཆེན་པོར་བསྐྱལ་བར་བྱ། །སྡིག་པས་མི་གོས་ཡ་ག་མེད། །དེའི་རྗེས་ལ་དཀྱིལ་འཁོར་ལ་བའི་རྣམ་ལྔས་བྱུག་གོ །ཡོ་བྱད་རྫས་རྣམས་ཐམས་ཅད་ནི། །སློབ་


DTG065_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཉིད་ཀྱིས་སྤྱད་པར་བྱ། །བདག་རང་ཡོད་པར་མི་འདོད་ན། །དཀོན་མཆོག་གསུམ་ལ་དབུལ་བར་བྱ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱམས་པ་ཆེན་པོ་བསྒོམ་པར་བྱ། །འདི་ནི་དབང་བསྐུར་བའི་ཆོ་གའོ། །སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ནི། །ཟིན་མ་ཐག་ཏུ་རབ་གནས་བྱ། །ཞེས་གསུངས་པས་ན་རབ་ཏུ་གནས་པའི་ཆོ་ག་མྱུར་དུ་བྱས་ན་བཀྲ་ཤིས་པས་རབ་ཏུ་གནས་པའི་ཆོ་ག་བྱའོ། །དེ་ལ་སྐུ་རབ་ཏུ་གནས་པ་དང༌། གསུང་རབ་ཏུ་གནས་པ་དང༌། ཐུགས་རབ་ཏུ་གནས་པ་དང༌། གསུམ་མོ། །དེ་ལ་སྐུ་རབ་ཏུ་གནས་པར་བྱ་བ་ནི་མཆོད་རྟེན་དང་གཙུག་ལག་ཁང་དང༌། རས་རིས་དང༌། ལུགས་མ་དང༌། འབུར་དུ་བཏོད་པ་ལ་སོགས་ཏེ། སྐུའི་རིགས་སུ་གཏོགས་པ་རྣམས་སོ། །གསུང་རབ་ཏུ་གནས་པ་ནི་གླེགས་བམ་དང༌། དྲིལ་བུ་དང་རྔ་དང་དུང་དང་ཆ་ལང་དང༌། ཕྲེང་བ་དང་ཌ་མ་རུ་ལ་སོགས་པ་མཆོད་པའི་སྒྲའི་བྱེ་བྲག་གཎྜི་ལ་སོགས་པ་རྣམས་སོ། །ཐུགས་རབ་ཏུ་གནས་པ་ནི་རྡོ་རྗེ་དང༌། ཕུར་པ་དང༌། རིན་པོ་ཆེ་དང༌། རལ་གྲི་དང་བེ་ཅོན་ལ་སོགས་པའོ། །དེ་ལ་རབ་གནས་བྱེད་པའི་སློབ་དཔོན་གྱིས་གཟའ་སྐར་བཟང་པོ་ལ་གནས་ཡིད་དུ་འོང་བར་བླ་རེ་བྲེས་ལ་སྤོས་ཆུས་ཆག་ཆག་བཏབ་པ་དང༌། མེ་ཏོག་གི་སིལ་མ་བཀྲམ་པ་དང༌། བསྙེན་པ་རྫོགས་པར་བྱས་ལ་སའི་ཆོ་ག་དང༌། ཐིག་གདབ་ཅིང་གསོལ་བ་གདབ་པ་ལ་སོགས་པ་བྱས་ལ། ཚོན་གྱི་ལས་ལ་སོགས་པས་དཀྱིལ་འཁོར་རྫོགས་པར་བྲིས་ལ། རང་ལྷའི་ང་རྒྱལ་དང་ལྡན་པས། །སྐུ་གཟུགས་བལྟ་བར་བྱ་སྟེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བའི་རྣམ་ལྔས་མཎྜལ་བྱས་ཏེ། མཎྜལ་དེའི་སྟེང་དུ་རས་དཀར་པོ་བཏིང་ལ། དེའི་སྟེང་དུ་རབ་གནས་བྱེད་པའི་རྟེན་ལུགས་སྐུ་དང་པོ་ཏི་ལ་སོགས་པའི་རབ་གནས་བྱ་བར་འོས་པ་རྣམས་བཞུགས་སུ་གསོལ་ལོ། །སྐུ་གཟུགས་ལ་དང་པོ་ན་བཟའ་སེར་པོ་གསོལ་ལ་ཡུངས་ཀར་ཁུ་ཚུར་གཡས་གཡོན་གཉིས་ཀྱིས་ལེན་གསུམ་བསྐོར་ཏེ། ཁམ་ཕོར་གྱི་མེ་བླུགས་ཤིང་སྔགས་འདིས་བསྲེག་པར་བྱའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། དེ་ལྟར་མེའི་ཤིས་པ་ལན་གསུམ་གྱི་བར་དུ་བྱའོ། །དེ་ནས་ཏིལ་


DTG065_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

མར་དཱུར་བའི་པིར་གྱིས་སྐུ་ལ་བྱུག་པར་བྱའོ། །རི་མོ་ལ་སོགས་པ་ནི་མེ་ལོང་གི་གཟུགས་བརྙན་ལ་བྱུག་གོ །ཏིལ་མར་བསྐུ་བའི་སྔགས་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། དེ་ནས་བུམ་པ་ཆུ་དང་རིན་པོ་ཆེ་ལྔ་དང་འབྲུ་ལྔ་དང༌། སྨན་ལྔ་དང་ལྡན་ཞིང་དྲི་ཞིམ་པོའི་ཆུས་ཡོངས་སུ་གང་བའོ།། མགུལ་པ་རས་བཟང་པོས་དཀྲིས་ལ། ཁ་རྒྱན་བཟང་པོ་དང་ལྡན་པར་བྱས་ལ་དབང་བསྐུར་ཞིང་བཀྲུ་བར་བྱའོ། །ཨོཾ་བི་ཤུདྡྷ་བཛྲོད་ཀ་ཧཱུཾ། ཞེས་བྱ་བའི་ཞབས་ལ་རང་རང་གི་སྙིང་པོ་གང་ཡིན་པའི་སྔགས་བཟླས་པར་བྱའོ། །ཚིགས་བཅད་འདི་དག་བརྗོད་པར་བྱའོ། །ཇི་ལྟར་བལྟམས་བཙམ་གྱིས་ནི། ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ལུགས་མ་ཁྲུས་ནི་བྱ་བར་གསུངས། །རི་མོ་མེ་ལོང་དག་ལ་བཀྲུ། །རས་དཀར་དག་གིས་སྐུ་ཕྱིས་ལ། །མཎྜལ་སྟེང་དུ་གཞག་པར་བྱ། །གསང་སྔགས་འདི་ཡིས་དབང་བསྐུར་བྱ། ཨོཾཿ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨཱཿ། དེ་ནས་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱས་ལ། གཉིས་སུ་མེད་པར་བསྟིམ་མོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མཆོག་དང་ལྡན་པའི་སྐུར་བསམས་ལ། དབུ་ལ་ཡི་གེ་ཨོཾ། །ཞལ་ལ་ཧྲཱིཿ། ཐུགས་ཀར་ཧཱུཾ་དགོད། །ཡང་ན་ལྷ་གང་དང་གང་ཡིན་པ་དེའི་ས་བོན་ཐུགས་ཀར་དགོད་པར་བྱའོ། །དེའི་རྗེས་ལ་མཆོད་པ་རྣམ་པ་ལྔ་དང་བསྟོད་པ་བྱའོ། །དེ་ནས་ལག་པ་གཡས་པར་སྤོས་སྣོད་ཐོགས་ལ་གཡོན་པར་དྲིལ་བུ་དཀྲོལ་ཞིང་བུས་མོས་ལ་བཙུགས་ཏེ། འདི་སྐད་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་རྡོ་རྗེ་ཆེ་གེ་མོ། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེའི་བདག་ཉིད་ཀྱི། །རབ་གནས་བདག་གིས་བགྱི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །བཀའ་དྲིན་དག་ནི་མཛད་པར་འོས། །འགྲོ་བའི་སྡུག་བསྔལ་ཞི་མཛད་པའི། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚོགས་བཅས་དང༌། །གསང་སྔགས་ལྷ་རྣམས་ཐམས་ཅད་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །སངས་རྒྱས་བསྟན་པ་བསྲུང་མཛད་དང༌། །རིག་འཛིན་རྡོ་རྗེ་མིང་ཅན་རྣམས། །ཆེག་མོ་དག་རྡོ་


DTG065_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཅན། །རིག་པའི་རྒྱལ་པོ་འདི་ལ་ནི། །ཇི་ལྟར་གུས་པའི་མཆོད་པ་དང༌། །འགྲོ་བའི་དོན་ཕྱིར་རབ་གནས་བགྱིད། །སློབ་མས་མཆོད་དང་བདག་ལ་ནི། །ཁྱེད་ཀྱི་ཐུགས་རྗེས་ངེས་བཟུང་སྟེ། །རབ་གནས་འདི་ལ་བྱིན་རླབས་མཛོད། །ཅེས་བྱ་བ་འདིས་ལྷ་ལ་སྙན་གསན་དབབ་པོ། །དེ་སྐད་ཅེས་བརྗོད་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱོན་ནས་བྱིན་གྱིས་རློབ་པར་བསམ་མོ། །འདི་ནི་ལྷག་པར་གནས་པའི་ཆོ་གའོ། །ཡང་ན་བསྙེན་པ་རྫོགས་པ་དང་སའི་ཆོ་ག་ཟིན་པར་བྱས་ལ། དེ་ནས་ལྷག་པར་གནས་པའི་ཆོ་ག་བྱས་ཏེ། དེ་ནས་ཕྱི་དེའི་དུས་སུ་ཐིག་གི་ཆོ་ག་ལ་སོགས་པ་དང༌། དཀྱིལ་འཁོར་སྒྲུབ་པ་རྫོགས་ནས་རབ་གནས་བྱའོ། །ལྷག་པར་གནས་པའི་ཆོ་ག་རྫོགས་པའི་རྗེས་ལ། །རབ་གནས་བྱེད་པའི་སློབ་དཔོན་དེ་བཟའ་བ་དང་བཏུང་བ་ལ་སོགས་པས་ཁམས་རྟས་པར་བྱས་ལ། །དྲི་བཟང་པོའི་ཆུས་ཁྲུས་བྱས་ལ་དཀྱིལ་འཁོར་སྒྲུབ་པའི་ཆོ་གས་ཡོངས་སུ་རྫོགས་པར་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གཏོར་མ་ཡང་བཏང་ལ་རབ་ཏུ་གནས་པའི་ཆོ་ག་བྱས་ཏེ། ལྷག་པར་གནས་པའི་རྟེན་སྐུ་གཟུགས་ལ་སོགས་པ་མཎྜལ་གྱི་སྟེང་ན་ལྷ་མོ་དེ་དཀྱིལ་འཁོར་གྱི་དབུས་སུ་བཞག་ལ་ལུགས་མ་ལ་སོགས་པ་རྣམས་སྔོན་དུ་བདག་མེད་པར་བསྒོམས་ཏེ། སྐད་ཅིག་ཙམ་གྱིས་རང་རང་གི་ལྷ་བསྐྱེད་ལ། དེ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། མདུན་གྱི་ནམ་མཁར་བྱོན་པ་ལ་མཆོད་ཡོན་དང༌། ཞལ་བསིལ་དང་འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། མཉམ་མེད་མི་གཡོས་བསྟོད་པ་བྱས་ལ། །ཛཿ་ཧཱུཾ་བཾ་ཧོཿ། ཞེས་པས་གཉིས་སུ་མེད་པར་བསྟིམས་ལ། ཕྱག་རྒྱ་བཞིས་རྒྱས་གདབ་པ་དང༌། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་དབུ་བརྒྱན་ལ། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་རབ་གནས་ཀྱི་ལྷ་དེའི་སྔགས་མང་དུ་བཟླས་སོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་གཞག་གོ །གང་ལྷག་པར་བྱས་པ་རྣམས་དེ་ལྟར་བྱའོ། །དེ་ནས་གསེར་ལས་བྱས་པའི་ཐུར་མས་སྤྱན་དབྱེ་བར་བྱ་སྟེ། ཨོཾ་བཛྲ་ཙཀྵུ་ས་མནྟ་ཙཀྴུ་བི་ཤོ་དྷ་ནེ་སྭཱ་ཧཱ། དེ་ནས་སྦྱིན་སྲེག་གིས་མཉེས་ཤིང་བསོད་ནམས་སྤེལ་བར་བྱ་སྟེ། ལྷ་ཁང་དང་མཆོད་


DTG065_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ་སོགས་པ་ནི་ཡི་གེ་བྷྲཱུཾ་ལས་སྐད་ཅིག་མ་ཙམ་གྱིས་རྣམ་པར་སྣང་མཛད་དུ་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པའི་ཆོ་ག་བྱས་ལ། དེ་ཡོངས་སུ་གྱུར་པ་ལས་མཆོད་རྟེན་གྱི་གཟུགས་སུ་བསྒོམས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཞལ་ཡས་ཁང་དུ་བསམས་ལ། མགོན་པོ་སྲས་དང་བཅས་པ་དང༌། །གསང་སྔགས་དང་རིག་པའི་ལྷ་ཐམས་ཅད་སྤྱན་དྲངས་ཏེ་བཅུག་ལ། མཆོད་པའི་ཡོ་བྱད་རྣམས་ཀྱིས་ཡང་དག་པར་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་བེ་ཤ་ཡེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲཱིཿ་བྷྲཱུཾ་ཏྲཱཾ་ཧྲཱིཿ་ཧེ་ཞེས་བྱ་བས་རབ་ཏུ་གནས་པར་བྱའོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་བསམ་མོ། །གླེགས་བམ་ལ་སོགས་པ་གསུང་རབ་ཏུ་གནས་པ་ནི་པོ་ཏི་ལ་སོགས་པ་མི་དམིགས་པར་བསམས་ལ། ཡི་གེ་ཨཱཿ་ལས་འོད་དཔག་ཏུ་མེད་པར་བསམ་ལ། ཡེ་ཤེས་སེམས་དཔའ་གཞུག་པའི་ཆོ་ག་རྫོགས་པར་བྱས་ལ། དེ་ཡོངས་སུ་གྱུར་པ་ལས་གླེགས་བམ་གསུང་ཡིག་འབྲུར་བསྒོམ་མོ། །གསུང་གི་བྱེ་བྲག་གཞན་ནི་རང་རང་གི་ངོ་བོར་གྱུར་པར་བསམ་མོ། །དེ་ལ་མཆོད་པའི་ཡོ་བྱད་དེ་དག་གིས་ཡང་དག་པར་མཆོད་ལ། ཨོཾ་ཧཱུཾ་ཧྲཱིཿ་ཞེས་བྱ་བས་རབ་ཏུ་གནས་པར་བྱའོ། །དེ་ནས་ཕྱོགས་བཅུན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པར་བསམ་མོ། །རྡོ་རྗེ་ལ་སོགས་པའི་རབ་ཏུ་གནས་པ་ནི། །རྡོ་རྗེ་ལ་སོགས་པ་མི་དམིགས་པར་བསྒོམས་ལ། ཡི་གེ་ཧཱུཾ་ལས་མི་བསྐྱོད་པར་བསམས་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་ལ་སོགས་པ་བྱས་ལ། དེ་ཡོངས་སུ་གྱུར་པ་ལས་ཐུགས་ཕྱག་མཚན་དུ་བསྒོམས་ལ། དེ་ལས་མཆོད་པའི་ཡོ་བྱད་ཀྱིས་མཆོད་ལ། ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བས་རབ་ཏུ་གནས་པར་བྱའོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་བསམ་མོ། །དེ་ལ་སིལ་སྙན་དང་རོལ་མོ་ལ་སོགས་པས་མཆོད་དོ། །འབྱོར་པ་ཆུང་བ་རྣམས་ཀྱི་དོན་དུ་དཀྱིལ་འཁོར་དང་ལྷག་པར་གནས་པ་མེད་པར་ཉི་མ་གཅིག་ལ་རབ་གནས་རྫོགས་པར་བྱེད་པར་འདོད་ན་བདག་ཉིད་རང་གི་ལྷག་པའི་ལྷར་བསྒོམས་ལ། ཁྲུས་ལ་སོགས་པ་སྡར་བཞིན་དུ་ཀུན་རྫོགས་པར་བྱའོ། །མཆོད་པའི་ཡོ་


DTG065_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་རྣམས་བཤམས་ཏེ། བདག་མེད་པའི་བསམ་གཏན་སྔོན་དུ་འགྲོ་བས་ལུགས་མ་ལ་སོགས་པ་སྐད་ཅིག་ཙམ་གྱིས་ལྷར་བསྒོམས་ལ་ཡེ་ཤེས་སེམས་དཔའ་བསྟིམས་ལ། རྒྱས་གདབ་པ་དང་དབང་བསྐུར་བ་བྱས་ལ་མཆོད་པ་དང་བསྟོད་པ་བྱས་ཏེ། དེ་ཉིད་ཀྱི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་པ་གདབ་ཅིང་རྟེན་འབྲེལ་གྱི་སྙིང་པོས་བྱིན་གྱིས་བརླབ་པར་བྱའོ། །འདི་ནི་རབ་ཏུ་གནས་པའི་ཆོ་གའོ།། །། ཤི་བའི་དོན་དུ་གསུངས་པ་ཡི། །རོ་སྤྱོད་དཀྱིལ་འཁོར་ཆོ་ག་ནི། །ཤི་བའི་རོ་ལ་འབད་བྱས་ན། །རྣམ་པར་གྲོལ་བར་ཐེ་ཚོམ་མེད། །དེ་ལ་དང་པོ་རྣལ་འབྱོར་པས། །སྙིང་རྗེ་ཆེན་པོ་དང་ལྡན་པ། །རྟོག་པའི་དྲི་མས་མ་གོས་པ། །སེམས་དཔའ་དང་ནི་ལྡན་པ་ཡིས། །གོང་བཞིན་ཚེ་འཕོས་དོན་དུ་ནི། །རོ་ཡི་སྦྱིན་སྲེག་དཀྱིལ་འཁོར་ནི། །བྱས་ན་བདེ་འགྲོར་ངེས་པར་སྐྱེ། །རྒྱུ་དེའི་རི་མ་གྱིས་བླ་མེད་པའི། །རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་པའམ་བུད་མེད་ལ་སོགས་པ། །གང་ཡང་རུང་བ་ཤི་བའི་ལུས། །དཀྱིལ་འཁོར་བཅུག་སྟེ་དབང་བསྐུར་ན། །སེམས་ཅན་དམྱལ་བར་སྐྱེས་ན་ཡང༌། །དེ་མ་ཐག་ཏུ་ཐར་ནས་ནི། །ལྷ་ཡི་ནང་དུ་སྐྱེ་འགྱུར་ན། །སྡིག་པ་ཆུང་ངུ་བྱས་པ་རྣམས། །ལྟ་སྨོས་ཀྱང་ནི་ཅི་དགོས་པ། །དེ་ནས་སྔོན་དུ་བསྙེན་པ་བྱས་ནས། །དབེན་པའི་གནས་སུ་རོ་བཞག་ལ། །རོ་དེ་ལ་སྲོག་གཅོད་པའི་རོ་ལངས་ཀྱི་བགེགས་ཞུགས་ནས་འོང་བས། །དེ་བསྐྲད་པར་བྱ་བའི་ཕྱིར་བདག་ཉིད་ཁོར་བོ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས། །མིག་གཉིས་སུ་མ་དང་ཊ་ལས་ཉི་མ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་བསམས་ལ། སྟད་སྟབས་དང་བཅས་པས་བགེགས་བསྐྲད་པར་བྱའོ། །དེ་ནས་བུམ་པ་མགུལ་ཆིངས་ཁ་རྒྱན་སྔོན་པོ་དང་ལྡན་པའི་སྤོས་ཆུས་བཀྲུ་བར་བྱ་སྟེ། བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེར་བསྐྱེད་ལ། ན་མོ་བྷ་ག་བ་ཏེ་སརྦ་དུ་རྒ་ཏི་པ་རི་ཤོ་དྷ་ནི་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། །ཨརྷ་ཏེ་སྨྱ་ཀྶཾ་སཾ་བུདྡྷཱ་ཡ། ཏ་དྱ་ཐཱ། ཨོཾ་ཤོདྡྷ་ནེ་ཤོདྡྷ་ནེ། སརྦ་པཱ་པཾ་བི་ཤོདྡྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བཀུ་བར་བྱའོ། །དེ་


DTG065_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ག་པུར་ལ་སོགས་པའི་དྲིས་བྱུགས་ལ། མེ་ཏོག་གི་ཕྲེང་བས་བརྒྱན་ལ། ལག་པ་ཐལ་མོ་སྙིང་གར་སྦྱར་ལ། རང་གི་ཡི་དམ་གྱི་ལྷར་བསྐྱེད་དོ། །ཡི་དམ་གྱི་ལྷ་མེད་པ་རྣམས་ནི། །སྤྱི་བོའི་ཨའི་འཕྲོ་འདུས་དག་པར་བྱས་ལ། སྐད་ཅིག་ཙམ་གྱིས་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསྐྱེད་ལ། དེའི་དབང་པོ་ཡོངས་སུ་དག་པར་བྱ་བའི་ཕྱིར་རོའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ་སྙིང་གར་ཧཱུཾ་གྲོ་ག་ལ་བྲིས་ལ་བག་ཟན་གྱིས་བསྐུས་ལ་གླན་པར་བྱའོ། །རས་དཀར་པོ་གཙང་མ་ག་པུར་གྱི་ཆུས་བཀྲུས་པས་རོ་གཡོགས་ལ། ཤིང་ལེབ་ཀྱི་སྟེང་དུ་བཞག་ལ་རོའི་སྙིང་ག་ན་གཟུངས་ཐག་གིས་བཏགས་ལ། བདག་ཉིད་ལྷའི་དཀྱིལ་འཁོར་དུ་བསྐྱེད་ལ། གཟུངས་ཐག་ནས་བཟུང་ལ་བཟླས་པ་བྱའོ། །བཟླས་པ་བྱེད་པའི་དུས་སུ་དེའི་ཤེས་པ་ཨའམ་མར་མེའི་རྣམ་པ་ལྟ་བུ་བཀུག་ཅིང་ཤེས་པ་དེ་ཕུང་པོ་ལ་བསྟིམ་མོ། །དེ་ནས་སྙིང་གའི་འོད་ཟེར་གྱི་ཁམས་གསུམ་གྱི་སྡིག་པ་སྦྱང་ངོ༌། །སྐབས་སུ་ཙནྡན་ནམ། ག་པུར་གྱི་ཆུས་བྱུག །བཟླས་པས་སྐྱོ་ན། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །སྡིག་པ་ཐམས་ཅད་སྦྱང་མཛད་པ། །འདྲེན་པའི་སྟོབས་ལྡན་ཐམས་ཅད་མཁྱེན། །ཐུགས་རྗེ་ཆེན་པོར་བྱིན་རླབས་ཀྱིས། །ཚེ་འདས་འདི་ལ་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ལ། སྤྱོད་ལམ་གྱི་རྣལ་འབྱོར་བྱའོ། །དེ་ལྟར་བསྙེན་པ་འབུམ་ཕྲག་གཅིག་གམ། འབུམ་ཕྲག་གསུམ་མམ། འབུམ་ཕྲག་བརྒྱ་ལ་སོགས་པ་བཟླས་པར་བྱས་ལ། དེ་ནས་ཞི་བའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཏིལ་གྱིས་རོ་ལ་བསྐོར་ཅིང་སྦྱིན་སྲེག་བྱའོ། །དེའི་དུས་སུ་སྦྱིན་པ་དང་གཏོར་མ་དང༌། དགེ་འདུན་ལ་སྟོན་མོ་ལ་སོགས་པ་བྱའོ། །སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་བྱ་བའི་གནས་ནི་གཙུག་ལག་ཁང་དང༌། སྐྱེད་མོས་ཚལ་དང༌། ལྷ་ཁང་དང༌། ཀུན་དགའ་རབ་དང༌། རང་གི་གནས་སམ་གང་ཡང་རུང་བ་རཱུ་བའི་ཆོ་ག་དང༌། ཐིག་དང་ཚོན་གྱི་ཆོ་ག་ལ་སོགས་པས་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་བུམ་པ་དགྲམ་པ་དང༌། མཆོད་པའི་ཡོ་བྱད་ཐམས་ཅད་རྫོགས་པར་བཤམས་ལ། དཀྱིལ་འཁོར་སྒྲུབ་པའི་ཆོ་ག་གཞུང་བ་ཞིན་དུ་བྱས་ཏེ། མཆོད་པ་དང་བསྟོད་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་དཀྱིལ་འཁོར་


DTG065_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱོགས་བཞིར་གཏོར་མ་བཞི་བཏང་ལ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བའི་རྣམ་ལྡས་མཎྜལ་བྱས་ལ་དེའི་སྟེང་དུ་རོ་བཞག་སྟེ། སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཚུལ་དུ་རོ་དེ་དཀྱིལ་འཁོར་དུ་གཞག་པར་བྱའོ། །གསོལ་བ་གདབ་པ་དང༌། བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡེ་ཤེས་དབབ་པ་དང༌། དཀྱིལ་འཁོར་དུ་མེ་ཏོག་དོར་ཏེ། གདོང་གཡོགས་དཀྲོལ་བ་དང༌། དཀྱིལ་འཁོར་དུ་བཅུག་ལ་ལྷ་ངོ་བསྟན་པ་དང༌། རིག་པའི་དབང་དང་གསང་བའི་དབང་བསྐུར་བ་ལ་སོགས་པ་སྟེ་དབང་རྣམས་རྫོགས་པར་བསྐུར་བར་བྱའོ། །དེ་ནས་ཆོ་ག་འདི་བརྩམ་པར་བྱའོ། །དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རོའི་སྙིང་གར་བསྡུས་ལ། རོ་དེ་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། ལྷའི་སྲས་པོ་བཞིན་དུ་རྒྱན་དང་གདུགས་དང་རྒྱལ་མཚན་ལ་སོགས་པ་དང༌། རོལ་མོ་ལ་སོགས་ཀྱིས་མཆོད་པར་བྱའོ། །དེ་ནས་སྤྲོ་བ་བསྐྱེད་པར་བྱ་བ་ནི་ཚིག་འདི་ཆེད་དུ་བརྗོད་པར་བྱ་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གིས་གསོན་པའང་འབྲས་བུ་བཅས། །དམ་ཚིག་ལྷ་དང་མཉམ་པར་ནི། །བདག་ཉིད་གྱུར་པར་ཐེ་ཚོམ་མེད། །བྱང་ཆུབ་སེམས་དང་སེམས་གཅིག་པས། །ཕྱིར་མི་ལྡོག་པར་བདག་གྱུར་ཏེ། དེ་བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །འདིར་ནི་བདག་ཉིད་དམ་པ་སྟེ། །མཆོག་སྦྱིན་འདི་ནི་བླ་ན་མེད། །ཕྱོགས་བཅུའི་སངས་རྒྱས་སྤྱན་འདྲེན་པས། །དེང་འདིར་འདུས་པའི་མཆོག་ཡིན་ནོ། །དེ་ནས་ཕྱག་བྱས་སྤོས་སྣོད་ཐོགས་ལ། སྤྱན་འདྲེན་ཚིག་འདི་བརྗོད་པར་བྱ། །ཀྱེ། དབང་ནི་ངེས་ཏེ་བླ་ན་མེད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །ཤི་ལ་ཕན་གདགས་དོན་ཆེད་དུ། །གནས་འདིར་སངས་རྒྱས་ཀུན་གཤེགས་ཏེ། །འདི་ལ་དབང་ནི་སྩལ་དུ་གསོལ། །ཞེས་བྱ་བས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་ཞག་གཉིས་པ་མན་ཆོད་ན་བདག་ཉིད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ནི། །དང་པོ་སྦྱོར་བ་ནས་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱི་བར་བསྒོམས་ལ་མཆོད་པ་དང་བསྟོད་པ་རྫོགས་པ་དང༌། དེའི་རྗེས་ལ་གསང་སྔགས་ཀྱི་བཟླས་པ་འདི་བྱའོ། །ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ། བྷ་ག་པཱན་ཛྙཱ་ན་མཱུ་རྟྟི་ཝཱ་གཱི་ཤྭ་ར་མ་ཧཱ་ཝཱ་ཙ་སརྦ་


DTG065_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ། དེ་ནས་བཟླས་པ་རྫོགས་པ་དང་ཚིགས་སུ་བཅད་པ་འདི་བརྗོད་པར་བྱ་སྟེ། ཤི་ལ་ཕན་གདགས་དོན་བྱེད་དུ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་དུ་བརྗོད་དེ་དེ་ནས་བསྟོད་པ་རྫོགས་པ་དང༌། བདག་གི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་བདག་ལ་བསྡུས་ཏེ། རོའི་མིག་གཉིས་ལ་ཨ་རེ་བསམས་ལ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲང་ལ། མདུན་གྱི་ནམ་མཁའ་ལ་བྱོན་པར་བསམ་ལ། བུམ་པ་ཟླ་བཱི་མདོག་ལྟ་བུས་རོ་ལ་དབང་བསྐུར་བར་བསམ་མོ། །དེ་ནས་རྣལ་འབྱོར་པ་བདག་གིས་ཀྱང་རྣམ་པར་རྒྱལ་བའི་བུམ་པས་དབང་བསྐུར་ཞིང་བཀྲུ་བར་བྱའོ། །དེ་ནས་བསྲུང་བའི་སྔགས་ནི་ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷཿ་སརྦ་དྷརྨྨ་པྲ་ཀྲྀ་ཏི་པ་རི་ཤུདྡྷོ྅ཧཾ། ཞེས་པས་བཀྲུ་ཞིང་དབང་བསྐུར་བར་བྱའོ། །དེ་ནས་ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་བྱ་བས་རོ་དེ་ལ་བར་དུ་གཅོད་པའི་བགེགས་བསྐྲད་ལ། ཨོཾ་ཨཱཿ་ཧཱུཾ་ཞེས་བྱ་བས་རོའི་ལུས་ངག་ཡིད་གསུམ་གྱི་གནས་གསུམ་དུ་བྱིན་གྱིས་བརླབས་ལ་བསྲུང་བ་བྱས་ལ་གཞག་གོ །དེ་ནས་ལྷོ་ཕྱོགས་སུ་དཀྱིལ་འཁོར་གྱི་རོ་ལ་བསྐོར་ཞིང་སྦྱིན་སྲེག་བྱས་ལ་སྡིག་པ་སྦྱང་ངོ༌། །དེ་ལྟར་ཞག་བདུན་ནམ་ལྔའམ། གསུམ་གྱི་བར་དུ་བྱའོ། །དེ་ནི་རོའི་དཀྱིལ་འཁོར་ཆེན་པོར་གཞག་ཅིང་དབང་བསྐུར་བའི་ཆོ་ག་སྟེ་དེ་ནི་གནས་པའི་ཆོ་གའོ། །ཤི་བ་སྟ་གོན་ལ་གནས་པའི་ཏིང་ངེ་འཛིན་ཏོ། །དུར་ཁྲོད་འཇིགས་པ་སྤངས་པའི་སར། །རོ་ཡི་སྦྱིན་སྲེག་བྱ་བ་ནི། །རྣལ་འབྱོར་ཏིང་འཛིན་ལྡན་པ་ཡིས། །ས་ཡི་ཆོ་ག་གཞུང་བཞིན་བྱ། །གོང་དུ་ཆོ་ག་རྫོགས་པ་ནས། །སྟ་གོན་ཆོ་ག་བྱ་མི་དགོས། །དེ་ནས་སྟེགས་བུ་རྒྱར་ཁྲུ་ཕྱེད་དང་ཉི་ཤུ་རྩ་བཞི་པ་དཔངས་སུ་ཁྲུ་གང་བརྩིགས་ལ་བའི་རྣམ་ལྔས་བྱུགས་ལ་དེའི་དབུས་སུ་ཐབ་ཁུང་རྒྱར་ཁྲུ་བཞི་པ་ཟབས་སུ་ཁྲུ་དོ་པ་ཁུང་བུ་བྲུས་ལ། དེའི་ཁ་ཁྱེར་ལ་ཞིང་དུ་སོར་བརྒྱད་པ། །འཕང་དུ་སོར་བཞི་དང་ལྡན་པར་བྱའོ། །ས་གཞི་དེ་ཐམས་ཅད་ཙནྡན་དཀར་པོའི་ཆུ་དང་ས་དཀར་གྱི་ཆུས་བྱུགས་ལ། ཐབ་ཁུང་གི་ནང་དུ་པདྨ་འདབ་མ་བརྒྱད་པའི་བྲིའོ། །དེའི་ཁ་ཁྱེར་ལ་ཕྱོགས་བཞིར་རྡོ་རྗེ་ཕྲེང་བ་བྲི། །མཚམས་བཞིར་འཁོར་ལོ་རྩིབས་བཞི་བྲི། །དེའི་མཐའ་མར་ཀ་པ་བཞི་བཙུགས་ལ།


DTG065_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་སོ་ཕག་ལས་སྲེག་ཁང་མཆོད་རྟེན་དང་འདྲ་བ་བརྩིག་པར་བྱ་སྟེ། སྐར་ཁུང་བཞི་དང་ལྡན་པར་བྱའོ། །དམངས་ཐ་མལ་པ་ལ་ནི་བང་རིམ་མེད་པ་བྱའོ། །བློན་པོ་དང་རྒྱལ་པོ་ལ་ནི་བང་རིམ་གཅིག་པ་བྱའོ། དགེ་བསྙེན་ལ་ནི་བར་རིམ་གཉིས་པ་བྱའོ། །དགེ་སློང་ལ་ནི་བར་རིམ་གསུམ་པ་བྱའོ། །རྡོ་རྗེ་འཛིན་པ་ལ་ནི་བར་རིམ་བཞི་པ་བྱའོ། །དེའི་བུམ་པའི་ནང་དུ་རོ་བཞག་ལ། ཙནྡན་དང་ཤུག་པ་ལ་སོགས་པའི་བུད་ཤིང་ལ་སོགས་པ་གཞག་གོ །ཚེ་འདས་པའི་དོན་དུ་ཕྱོགས་བཞིའི་འཁོར་ལོས་སྒྱུར་བའི་སྦྱིན་སྲེག་བཞི་ཡང་བྱ་སྟེ། དཀྱིལ་འཁོར་དེའི་ཤར་ཕྱོགས་སུ་ཞི་བའི་ཐབ་ཁུང་བྱའོ།། ལྷོར་རྒྱས་པའི་ཐབ་ཁུང་བྱའོ། །ནུབ་དུ་དབང་གི་ཐབ་ཁུང་བྱའོ། །བྱང་དུ་མངོན་སྤྱོད་ཀྱི་ཐབ་ཁུང་བྲི་བར་བྱའོ། །དེ་ནས་སྦྱིན་སྲེག་གི་རྫས་མར་དང༌། ཏིལ་དང་མེ་ཏོག་དཀར་པོ་དང༌། ཙནྡན་གྱི་ཕྱེ་མ་དང༌། ཡུངས་ཀར་དང༌། འོ་ཐུག་དང་འབྲས་ཆན་དང༌། མངར་གསུམ་གྱི་རུལ་བུ་དང༌། དཀར་གསུམ་དང་དེ་རྣམས་ག་པུར་གྱི་ཆུས་བྱུགས་ལ། གཡས་ཕྱོགས་སུ་གཞག་པར་བྱའོ། །ཡམ་ཤིང་ཙནྡན་ལ་སོགས་པས་བྱས་ལ། དེ་ཡང་སོར་ཉི་ཤུ་རྩ་བཞི་བྱས་ལ་དེའི་རྩ་བ་ཟླུམ་པོར་བྱས་ཏེ་རྩེ་མོ་རལ་གྲི་ལྟ་བུར་བྱས་ལ། གཡོན་ཕྱོགས་སུ་གཞག་པར་བྱའོ། །མདུན་དུ་ནི་མཆོད་པའི་ཡོ་བྱད་རྣམས་བཤམ་མོ། །དེ་ནས་སྔགས་པ་ཆས་གོས་དང་ལྡན་པས་ཤིན་ཏུ་བསྒྱིངས་པའི་རྒྱན་དང་ལྡན་པར་བྱས་ལ། དཀྱིལ་འཁོར་དེའི་ཕྱོགས་བཞིར་གཏོར་མ་བཏང་ལ། དེའི་རྗེས་ལ་བདག་ཉིད་གནས་སུ་འདུག་ལ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས་བསྲུང་བའི་འཁོར་ལོ་བྱའོ། །དེའི་རྗེས་ལ་མཆོད་པ་རྣམས་བྱིན་གྱིས་བརླབས་ལ་སྲེག་རྫས་དང་ཡམ་ཤིང་ལ་ནི། ཨོཾ་ཨཱཿ་ཧཱུཾ་ཞེས་བྱིན་གྱིས་བརླབ་པོ། །དེ་ནས་རླུང་ཡབ་ཀྱིས་མེ་སྤར་ལ། ཨོཾ་ཨགན་ཡེ་རཾ་རཾ་ཛྲ་ལ་རཾ་སྭཱ་ཧཱ། ཞེས་བརྗོད་ལ། མར་ཁུ་གཟར་བུ་གསུམ་མེའི་ནང་དུ་བླུགས་སོ། །དེ་ནས་ཡེ་ཤེས་ཀྱི་སྲེག་ཁང་ཆེན་པོར་ཉོན་མོངས་པའི་དྲི་མ་དང་བག་ཆགས་ཀྱི་དྲི་མ་བསྲེག་པར་བྱ་བ་དང༌། ངན་སོང་རྣམ་པར་གསུམ་གྱི་རྒྱུད་སྦྱང་བར་བྱ་བའི་ཕྱིར་རྣལ་འབྱོར་པ་སྙིང་རྗེ་ཆེན་པོ་དང་ལྡན་པས་ཡེ་ཤེས་ཀྱི་མེ་སྤར་བ་ནི། གསོན་ཅིག་དགོངས་ཤིག་


DTG065_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྤར་རོ། །ཉོན་མོངས་ལྔ་ཡི་བུད་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྤར་རོ། །འབྱུང་བ་ལྔ་ཡི་བུད་ཤིང་ལ། །རྣམ་ཐར་བཞི་ཡི་མེ་སྤར་རོ། །ཞེས་བྱ་བས་མེ་སྤར་ལ། །དེ་ནས་མེ་དེའི་ནང་དུ་དང་པོར་བསྒོམ་པར་བྱ་བ་ནི་ཡི་གེ་ཨ་ལས་ཟླ་བ་བསྒོམས་ལ། དེའི་སྟེང་དུ་ཨ་དཀར་པོ་བསམ་མོ། །ཨ་དེ་ལས་འོད་འཕྲོས་པས་གདུག་པ་ཐམས་ཅད་བཏུལ་ནས་སླར་འདུས་ནས་འོད་དུ་ཞུ་བ་ལས། །ཐབས་དང་ཤེས་རབ་རང་བཞིན་གྱི་མེ་ལྷ་ཁ་དོག་དཀར་པོ་ལ་ཤིན་ཏུ་རིད་པའི་བྲང་རུས་ཅན་དབུ་ལ་ཡེ་ཤེས་སེམས་དཔས་བརྒྱན་པར་བསྒོམ་མོ། །དེ་ལྟར་བསྒོམས་ནས་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ་བ་ནི། ཚུར་བྱོན་ཚུར་གཤེགས་མེ་ལྷའི་ཚོགས། །དྲང་སྲོང་བྲམ་ཟེ་སྤྱན་གསུམ་པ། །སྒེག་བླུགས་ཞལ་ཟས་བཞེས་ནས་ཀྱང༌། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཞེས་བརྗོད་ལ། ཨེ་ཧྱེ་གི་ཨགྣ་ཡེ་ཛཿ་ཧཱུཾ་བཾ་ཧོཿ། །ཞེས་སྤྱན་དྲངས་ལ། གཉིས་སུ་མེད་པར་བསྟིམས་ལ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པོ། །མེ་ལྷ་དེ་ལ་མར་གྱི་དགང་བླུགས་བདུན་དབུལ་བར་བྱ་སྟེ། ན་མཿ་ས་མནྟ་བྷཱུ་ཏ་ནཱུཾ། ཨགྣ་ཡེ་སྭཱ་ཧཱ། ཧ་བྱ་ཀ་བྱཱ་ཏི་བྱ་ཤཱནྟིཾ་ཀུ་ར་ཝེ་སྭཱ་ཧཱ། ཞེས་མར་གྱི་དགང་བླུགས་ཕུལ་ལ་མེ་ལྷའི་བསྟོད་པ་བྱ་སྟེ། འཇིག་རྟེན་དབང་ཕྱུག་ཚངས་པ་མཆོག་གི་སྲས། །མེ་ལྷའི་རྒྱལ་པོ་རིགས་ལྔ་དབང་བསྐུར་བ། །ཡེ་ཤེས་མཆོག་ཉིད་ཉོན་མོངས་ཐམས་ཅད་བསྲེག །འཛིན་མཛད་མེ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་བྱ་སྟེ། དེ་ནས་མེ་ལྷའི་ཐུགས་ཀ་རུ། །ཨ་ལས་བསྐྱེད་པའི་ཟླ་སྟེངས་སུ། །ཡི་གེ་བྷཱུཾ་ལས་ཡོངས་བསྐྱེད་པའི། །ཤིན་ཏུ་ལེགས་པའི་གཞལ་ཡས་ཁང༌། །གོང་དུ་བསྟན་དང་མཐུན་པ་ལས། །ཤིན་ཏུ་ལེགས་པའི་སྒོ་བཞི་པ། །དྲ་བའི་སྒོ་ནི་ཤར་ཕྱོགས་ཏེ། །དེ་ནས་གང་ཤི་དེ་ཉིད་ཀྱི། །རྣམ་ཤེས་མཚན་གྱི་སྔགས་སུ་གྱུར། །དེ་ཡི་ཡིག་འབྲུ་རྣམས་སུ་གྱུར། །ཡིག་འབྲུ་ལས་ནི་ལྷར་བསྐྱེད་ལ། །དེ་ཡི་ཡེ་ཤེས་སེམས་དཔའ་ཡང༌། །གོང་བཞིན་བསྡུ་དང་དགུག་གཞུག་བྱ། །དེ་ནས་མཆོད་པའི་བྱེ་བྲག་རྣམས་དང༌། བསྟོད་པས་ཡང་དག་པར་མཆོད་ལ། །སྲེག་རྫས་དབུལ་བར་བྱ་སྟེ། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཧ་ར་


DTG065_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ར། ཨོཾ་ཧཱུཾ་ཧྲཱིཿ་བྷ་ག་བཱན་ཛྙཱ་ན་རཱུ་རྟི་བཱ་གཱི་ཤྭར་མ་ཧཱ་ཝཱ་ཙ་སརྦ་དྡྷརྨྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ་སརྦ་པཱ་པཾ་ཆེ་གེ་མོའི་སྒྲིབ་པ་ཤཱ་ནྟིཾ་ཀུ་ར་ཝེ་སྭཱ་ཧཱ། ཞེས་བྱ་བས་སྦྱིན་སྲེག་གི་རྫ་ཐམས་ཅད་ལན་བརྒྱ་རྩ་བརྒྱད་ཀྱི་བར་དུ་དབུལ་བར་བྱའོ། །སྲེག་རྫས་ཐམས་ཅད་བདུད་རྩིར་བྱིན་གྱིས་བརླབས་ཤིང་དབུལ་བར་བྱའོ། །བར་བར་དུ་མིང་འདི་ཞེས་བྱ་བའི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་དང༌། བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་བཛྲ་ཆེ་གེ་མོ་ཤཱནྟིཾ་ཀུ་ར་ཝེ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏི་ལ་བསྲེག་གོ །ཡང་ན་སྦྱིན་སྲེག་གི་རྫས་རྣམས་ལ་སྦྱིན་སྲེག་གི་ཆོ་ག་རིམ་པ་གཉིས་པའི་ཡེ་ཤེས་བརྟག་གནས་དང་མཐུན་པ་རུ། སྲེག་རྫས་རྣམས་ལ་རང་རང་གི་མིང་དང་བཅས་པ་རྣམས་དབུལ་ལོ། །སྦྱིན་སྲེག་རྫོགས་པ་དང་བསྟོད་པ་བྱ་སྟེ། ཤི་ལ་ཕན་གདགས་དོན་ཆེད་དུ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། ལ་སོགས་པས་བསྟོད་ལ། །རྗེས་ལ་ལམ་བསྟན་པ་བྱ་བ་ནི། །ཚོགས་གཉིས་བསགས་པའི་གང་ཟག་དེ། །དཀྱིལ་འཁོར་ལྷ་ནི་རྟག་བསྒོམས་ནས། །དཀྱིལ་འཁོར་ལྷ་དང་མཉམ་བྱས་ཏེ། །དེ་ནས་རིམ་བཞིན་བསྡུས་ནས་ནི། །གཙོ་བོའི་ཐུགས་ཀར་ཨ་ལ་ཐིམ། །ཡི་གེ་ཨ་ཡི་ངོ་བོར་བསྡུ། །ཨ་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པས། །ངན་སོང་གསུམ་དང་མི་ཁོམ་བརྒྱད། །འགྲོ་བ་དྲུག་པོ་རྣམ་སྦྱངས་ནས། །ཀུན་ཀྱང་བདེ་གཤེགས་སྐུ་རུ་བསྒྱུར། །ཡང་ཡང་དབྱིངས་ཀྱི་དང་དུ་ཐིམ། །ཐམས་ཅད་ནམ་མཁའ་འདྲ་བར་བསྒོམ། །ཏིང་འཛིན་ཆེན་པོའི་བྱིན་བརླབས་ཀྱིས། །སངས་རྒྱས་ས་ནི་འདི་ཉིད་དེ། །སྲིད་པ་བར་དོ་འདི་ཉིད་ཡིན། །ཁྱོད་ཀྱི་ལམ་ནི་མཐར་ཕྱིན་ཤོག །ཕུང་པོ་ལྔ་ནི་སངས་རྒྱས་ཉིད། །ཉོན་མོངས་ལྡན་ནི་ཡེ་ཤེས་ལྔ། །འབྱུང་བ་ལྔ་ནི་རྣམ་ཐར་བཞི། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །སངས་རྒྱས་ས་ནི་རྣམ་པར་དག །འཁོར་བ་བྱ་བའི་མིང་ཡང་མེད། །ཅེས་ལམ་བསྟན་ནོ། །དེ་ནས་མོས་ལམ་གདབ་པ་ནི། །ཚེ་འདས་པའི་སྒྲིབ་པ་རྣམ་པར་དག་ནས་ཚོགས་གཉིས་རྫོགས་ཏེ། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག །འདི་ནི་ལམ་བསྟན་པའི་རིམ་པའོ། །


DTG065_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མེ་ལྷ་ལ་རྫས་ཀྱི་ལྷག་མ་ཅི་ཡོད་པ་བསོགས་ལ། དེས་མེ་ལྷ་ལ་སྦྱིན་སྲེག་བྱ་སྟེ། རྫས་རྣམས་བདུད་རྩིར་བྱིན་གྱིས་བརླབས་ལ། བརྒྱ་རྩ་བརྒྱད་ཀྱི་བར་དུ་དབུལ་བར་བྱའོ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལཱ་ཡ་སརྦ་བྷ་སྨི་ཀུ་རུ་སརྦ་པཱ་པཾ་ཆེ་གེ་མོ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་སྲེག་རྫས་ཐམས་ཅད་སྤྱིའི་སྔགས་འདིས་དབུལ་བར་བྱའོ། །དེ་ནས་མེ་ལྷ་ལ་བསྟོད་པ་བྱ་སྟེ། ཚངས་པ་འཇིག་རྟེན་མགོན་སྐྱོང་བ། །གཟི་བརྗིད་ལྡན་པ་མེ་ཡི་ལྷ། །འབར་བཅས་སྐུ་ནི་རྒྱན་གྱིས་བཞུགས། །རྔམ་བརྗིད་རྒྱན་ལྡན་ལས་ལ་དབང༌། །སྲེག་རྫ་ཕུལ་བས་ལས་ཀྱང་འགྲུབ། །ཞི་ལ་སོགས་པའི་ལྷ་དཔལ་དེས། །ཇི་ལྟར་འདོད་པའི་དོན་གྲུབ་པ། །གཟི་བརྗིད་རྒྱན་ལྡན་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། །དེ་དག་རྫོགས་པ་དང་བཟོད་པར་གསོལ་ལ་གཤེགས་སུ་གསོལ་ལོ། །དེ་ནས་མེ་ཏོག་ལག་ཏུ་ཐོགས་ལ་ཡི་གེ་བརྒྱ་པ་ལན་བདུན་བཟླས་ལ་སྲེག་ཁང་དུ་གཏོར་བར་བྱའོ། །ཚེ་འདས་པའི་སྡིག་པ་བཅོམ་པའི་རྟགས་ནི་མེ་ལྕེ་སྟང་དུ་དྲང་པོར་འབར་བ་དང༌། དུ་བ་ལ་སོགས་པ་ནག་ནོག་མེད་པ་དང༌། ཟླུམ་ཞིང་ཕྱོགས་གཞན་དུ་མི་འབྲོ་བ་དང༌། མེ་མདངས་གསལ་བ་དང༌། སྒྲ་ཆུང་བས་འབར་བ་དང༌། ཡང་མེ་ལྷའི་གཟུགས་སྲེག་ཁང་དུ་སྟོན་པ་དང༌། རྟགས་དེ་ནི་ཚེ་འདས་པ་ངན་སོང་གི་གནས་ནས་གྲོལ་བའི་རྟགས་ཡིན་ནོ། །ཚེ་འདས་པའི་དོན་དུ་ཕྱོགས་བཞི་རིགས་བཟིའི་འཁོར་ལོས་སྒྱུར་བའི་སྦྱིན་སྲེག་ཇི་ལྟ་བ་བཞིན་དུ་བྱ་བ་ནི། །དེ་ཉིད་ཀྱི་ཚེ་དང་ལོངས་སྤྱོད་རྒྱས་པར་བྱ་བ་དང༌། ནད་ལ་སོགས་པའི་དགོན་ཞི་བར་བྱ་བ་དང༌། ལྷ་ལ་སོགས་པའི་འཇིག་རྟེན་གསུམ་དབང་དུ་གྱུར་པར་བྱ་བ་དང༌། དགྲ་དང་མ་རུངས་པ་གཞོམ་པའི་དོན་དུའོ། །དེ་ནས་ཚོགས་བདག་ཅིང་དགེ་བའི་དོན་ལ་སྦྱར་བར་བྱ་སྟེ། རུས་པ་ཐལ་བར་བསྡུས་ནས་ཀྱང༌། །མཆོད་རྟེན་ལ་སོགས་ལས་བྱས་ཏེ། གསོད་ནམས་བསགས་ཤིང་སྨོན་ལམ་གདབ། །འདི་ནི་ཚོགས་བསགས་རིམ་པའོ། །འབྱོར་པ་ཆུད་པ་རྣམས་ཀྱིས་ནི་ཞག་བདུན་གྱི་ནང་དུ་ཐམས་ཅད་རྫོགས་པར་བྱའོ། །འདི་ནི་རོ་སྲེག་བའི་ཆོ་གའོ།། །།འཇམ་དཔལ་དཀྱིལ་འཁོར་ཆོ་ག་ནི། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐུན་མོང་མ་ཡིན་ཁྱད་འཕགས་པའི། །གསང་བར་འོས་པའི་ཆོ་ག་སྟེ། །འདི་བྱས་པ་ཡི་བསོད་ནམས་ཀྱིས། །


DTG065_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་འཇིག་རྟེན་ཐམས་ཅད་ཀྱིས། །དྲི་མེད་ཡེ་ཤེས་ཐོབ་ནས་ཀྱང༌། །གཟུགས་སྐུས་འགྲོ་བའི་དོན་བྱེད་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ། སློབ་དཔོན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་ཞེས་བྱ་བ། གཞན་ཡང་སྐྱེ་བ་གཅིག་ལ་མཚན་ལྔ་ཐོབ་པའི་སློབ་དཔོན་དེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།ཕྱིས་སློབ་དཔོན་འཕགས་པ་མཆོག་གིས་ཀྱང་ཞུས་ནས་གཏན་ལ་ཕབ་སྟེ་འགྱུར་ཕྱི་མ་ཡང་ཡིན་ནོ།།


previousའཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་ཞེས་བྱ་བ། བྱང་ཆུབ་མཆོག།next